Terdzo-CHI-045: Difference between revisions

From Rinchen Terdzö
m (Text replacement - " {{Header }}" to " {{Header}}")
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
Line 48: Line 48:
ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡཻ། ངོ་མཚར་ཐུགས་བསྐྱེད་དམ་བཅའི་གོ་བགོས་ནས། །མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་རླབས་པོ་ཆེ། །སྲས་བཅས་རྒྱལ་བ་ཀུན་ལས་རྨད་བྱུང་བ། །རྗེ་བཙུན་འཕགས་མས་བྱང་ཆུབ་བར་དུ་སྐྱོངས། །དེ་ཡི་རྒྱུད་བཟང་རྒྱ་མཚོ་ལས། །ཡང་ཟབ་དགོངས་པའི་ཏི་ལ་ཀ །ཁ་ཚང་དོན་འདྲིལ་ཆོས་སྡེའི་བཅུད། །ཚེ་གཅིག་མཆོག་སྦྱོར་ཁྲིད་རིམ་དབྱེ། །དེ་ལ་དང་པོ་ཁྲིད་ཚུལ་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་སྨྲོས་ན། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྒྱུད་དང་མན་ངག་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་འདིར་བྱོན་པའི་ནང་ནས། འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་སྤྲུལ་པའི་སྐུར་བསྟན་པ་ཨོ་རྒྱན་པདྨཱཀ་རས་གངས་ཅན་ལྗོངས་ཀྱི་མངའ་བདག་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་རྗེ་བཙུན་སྒྲོལ་མའི་གདམས་སྐོར་རྒྱས་བསྡུས་ཅི་རིགས་པ་བསྩལ་ཅིང་། ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་གཏེར་ཁ་སྣ་ཚོགས་པར་སྦས་པའི་ནང་ཚན་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྐོར་ལ་རིམ་པ་གསུམ་དུ་བཞུགས་པའི་དང་པོ། སྒྲོལ་མའི་ཐུགས་ཏིག་གི་སྐོར་རྣམས་ཤངས་ཟབ་བུ་ལུང་དུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་སྐལ་དུ་བཞུགས་པ་རྟེན་འབྲེལ་གྱི་དབང་ལས་དངོས་སུ་འདོན་པར་མ་མཛད་ཀྱང་དེའི་རྩ་བ་རྡོ་རྗེའི་ཚིག་རྐང་རིམ་པ་གསུམ་པ་དང་། འཆི་མེད་འཕགས་མའི་སྙིང་ཏིག་གི་སྒྲུབ་སྐོར་ངོ་མཚར་ཅན་དགོངས་པའི་གཏེར་ལས་ཕྱུང་པ་དང་། འབྲིང་པོ་ཉེར་མཁོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་བྱོན་ཅིང་། ཡང་ཟབ་སྙིང་པོའི་བཅུད་མཆོག་སྒྲོལ་མ་ཟབ་ཏིག་གི་ཆོས་སྡེ་འདི་ནི། སྙིགས་མའི་དུས་ཀྱི་མཐའ་འདིར་རྩོད་པ་དང་བྲལ་ཞིང་ཡོངས་སུ་གྲགས་པ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་དེ་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གསུང་གི་གནས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ཏུ་བཞུགས་པའི་སྐབས་སུ། ཐོ་རངས་ཤིག་ལ་རྗེ་བཙུན་སྒྲོལ་མས་ཞལ་མངོན་དུ་བསྟན་ནས་ལེགས་སོ་ལེགས་སོ་ལེགས་སོ་ཞེས་ལན་གསུམ་གསུངས་ཤིང་བྱིན་གྱིས་བརླབས་པའི་རྐྱེན་ལ་བརྟེན་ནས། ཟབ་ཅིང་འདྲིལ་བའི་ཆོས་སྡེ་འདི་ཉིད་དགོངས་པའི་ཀློང་ནས་རང་བརྡོལ་བའི་ཚུལ་གྱིས་གཏན་ལ་ཕབ་སྟེ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སྨིན་གྲོལ་བདུད་རྩི་ཆིག་བརྒྱུད་ཚུལ་དུ་བསྩལ། དེ་ནས་བགྲང་བྱ་གསུམ་ལྷག་པའི་འོག་ཏུ་རྗེ་བླ་མ་རིན་པོ་ཆེ་ཐམས་ཅད་མཁྱེན་གཟིགས་ཉིད་ནས་ཁོ་བོ་ལ་བརྩེ་བས་གཟིགས་ཏེ་བཀའ་དྲིན་དུ་བསྩལ་བ་ལགས་སོ། །ལོ་རྒྱུས་དེ་ལྡན་གྱི་གདམས་ངག་ལ་རྩ་བ་དབང་། ཕྱི་ནང་གསང་བའི་སྒྲུབ་ཐབས། མཆོག་གི་ལས་སྦྱོར། བཀའ་སྲུང་གི་སྐོར་རྣམས་སུ་བཞུགས་པ་ལས། འདིར་མཆོག་གི་ཕྲིན་ལས་གཉིས་ལས་ཚེ་གཅིག་གིས་བཅོམ་ལྡན་འདས་མའི་གོ་འཕང་མངོན་དུ་བྱེད་པ་ལེགས་སོ་གསུམ་གྱི་དོན་ཁྲིད་ཁྱད་པར་ཅན་བགྱི་བ་སྟེ། དེའང་གཞུང་ལས། དེ་ཡི་དོན་ཁྲིད་རིམ་པ་ནི༔ ལེགས་སོ་གསུམ་གྱི་མན་ངག་སྟེ༔ ལེགས་སོ་ལེགས་སོ་ལེགས་སོ་ཞེས༔ རྡོ་རྗེ་མི་ཤིགས་ནཱ་དའི་རྒྱུད༔ བརྗོད་མེད་བརྗོད་པ་ཀུན་གྱི་གཞི༔ གདུལ་བྱའི་བསམ་པ་བཞིན་དུ་སྣང༔ ཞེས་གསུངས་སོ། །དེ་ལྟ་བུའི་ཁྲིད་འཆད་པ་ལ་དོན་གསུམ། ཐོག་མར་དགེ་བ་ལམ་སྟེགས་ཀྱི་ཁྲིད། བར་དུ་དགེ་བ་ལམ་གྱི་རྩ་བའི་ཁྲིད། ཐ་མར་དགེ་བ་ལམ་དངོས་གཞི་རྗེས་རིམ་གྱི་ཁྲིད་དང་བཅས་པའོ། །དང་པོ་ནི། མངོན་མཐོ་ལྷ་མི་དང་ངེས་ལེགས་ཉན་རང་གི་ཐེག་པ་རྣམས་དང་རྗེས་སུ་འབྲེལ་བ་དད་པ་དང་ངེས་འབྱུང་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆུང་འབྲིང་གི་ལམ་འཆད་པ་སྟེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་དངོས་སོ། །དང་པོ་ནི། བསམ་གཏན་གྱི་ཚེར་མས་དབེན་པའི་གནས་སུ་སྒོ་གསུམ་འཁྲུལ་པའི་བྱ་བ་ཐམས་ཅད་བཏང་། སྟན་བདེ་བར་སྐྱིལ་མོ་ཀྲུང་གིས་འདུག །ལུས་དྲང་པོར་བསྲང་། རླུང་རོ་ལན་གསུམ་འབུད། སེམས་མི་གཡེང་བར་དྲན་པ་མངོན་དུ་བཞག་སྟེ། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྗེ་བཙུན་སྒྲོལ་མ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་སྐུར་གསལ་བཏབ། མོས་གུས་དྲག་ཏུ་བསྐྱེད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་བླ་མ་དམ་པ་དང་རྗེ་བཙུན་སྒྲོལ་མ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་བསྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ། མཐར་བླ་མ་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་དུ་བཞུགས་པར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་དགེ་བ་བསྔོ། འདི་ནི་འོག་གི་སྒོམ་རིམ་ཐུན་མོང་བ་ཐམས་ཅད་ཀྱི་སྔོན་དུ་ཚར་རེ་འགྲོ་དགོས་སོ། །གཉིས་པ་ཁྲིད་དངོས་ལའང་གཉིས། སྐྱེས་བུ་ཆུང་ངུ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་རིམ་པ་ལ་བསླབ་པའོ། །དང་པོ་ལ་ལྔ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ངན་སོང་གི་སྡུག་བསྔལ། ལས་རྒྱུ་འབྲས་ལ་བསམ་པ། སྐྱབས་སུ་འགྲོ་བའོ། །དང་པོ་ནི། ཐུན་གྱི་སྔོན་འགྲོ་གོང་བཞིན་བྱས་ལ། དེ་རྗེས་གནས་ལུས་ལོངས་སྤྱོད་ཐམས་ཅད་ལ་གཞིག་འབྲེལ་བཏང་སྟེ། ཕྱི་མ་ཐམས་ཅད་ཀྱི་དམིགས་པའི་གཞི། བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་ནམ་ཡང་རྙེད་པ་ཤིན་ཏུ་དཀའ། འདི་ཆུད་ཟོས་སུ་མི་གཏང་། ཆོས་ལ་ཁེལ་བ་ཞིག་ངེས་པར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམ། དེའང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་རྙེད་པར་དཀའ་བ་ལགས་སོ། །ཞེས་གསུངས་ཏེ། མིའི་ལུས་རྟེན་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། ངོ་བོ་མི་ཁོམས་པ་བརྒྱད་ལས་ལོག་པའི་དལ་བ་བརྒྱད་ཐོབ། ཁྱད་ཆོས་འབྱོར་པ་བཅུ་དང་ལྡན་པ་འདི་འདྲ་རྙེད་པ་ཤིན་ཏུ་དཀའ་སྟེ། དེ་ལ་མི་ཁོམས་པ་བརྒྱད་ནི། ཚ་གྲང་གི་སྡུག་བསྔལ་བར་མཚམས་མེད་པར་མྱོང་བའི་དམྱལ་བ། བཀྲེས་སྐོམ་གྱིས་རྟག་ཏུ་སེམས་ཚིག་པ་ཡི་དྭགས། ཤིན་ཏུ་གླེན་ཅིང་ལྐུགས་པ་དུད་འགྲོ །འདོད་ཡོན་དང་ཏིང་ངེ་འཛིན་གྱི་གཡེང་བས་ཆོས་ལ་འབད་མི་ཁོམས་པ་ལྷ་ཚེ་རིང་པོ། མི་ཡིན་དུ་ཟིན་ཀྱང་མཐའ་འཁོབ་ཀྱི་ཡུལ་དུ་དུད་འགྲོའི་འདུ་ཤེས་ཅན་དུ་སྐྱེས་པ་ཀླ་ཀློ། དགེ་སྡིག་དང་མཐོ་རིས་ཐར་པའི་རྒྱུ་འབྲས་ལ་ཡིད་མི་ཆེས་པ་ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་སྐྱེས་པ། དབང་པོ་མ་ཚང་བ་གླེན་ལྐུགས་སུ་གྱུར་ནས་ལེགས་ཉེས་མི་གོ་བ་ལྐུགས་པ་རྣམས་སུ་མ་སྐྱེས་པས་དལ་བ་བརྒྱད་དང་ལྡན། སྤྱིར་མི་ལུས་ཐོབ། སྒོས་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་པས་ཅི་བསླབ་ཤེས་སུ་རུང་། ལྟ་བ་ལོག་པ་དང་མཚམས་མེད་སོགས་མ་བྱས་པས་ལས་ཀྱི་མཐའ་མ་ལོག །དཀར་པོའི་ཆོས་ཀྱི་གནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བཅས་རང་འབྱོར་ལྔ་ཚང་། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་དམ་པའི་ཆོས་གསུངས། དེའི་བསྟན་པའང་མ་ནུབ་པར་གནས། དེ་ལ་འཇུག་པའང་མང་། ཆོས་བྱེད་རྣམས་ལ་གཞན་དག་སྙིང་བརྩེ་བས་མཐུན་རྐྱེན་སྦྱིན་པ་སོགས་ཡོད་པས་གཞན་འབྱོར་ལྔ་ཚང་བས། མི་ལུས་རིན་ཆེན་ཞེས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་འདི་རྙེད་པའི་དུས་སུ་ཆུད་ཟོས་སུ་མི་གཏང་བར་ཆོས་ལ་ཅིས་ཀྱང་འབད་སྙམ་དུ་བསམ། གྲངས་ལ་བསམ་ནས་རྙེད་དཀའ་བ་ནི། དམྱལ་བ་ས་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ཁ་བ་བུ་ཡུག་ཙམ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་ལ་ཆང་གི་སྦང་མ་ཙམ། ཁ་འཐོར་བ་ས་གཞི་བར་སྣང་རི་ཀླུང་ཁེངས་པ་ཙམ། མཐོ་རིས་ཀྱི་འགྲོ་བ་སེན་མོའི་སྟེང་གི་རྡུལ་ཙམ། དེ་བས་ཀྱང་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པ། ཡང་སྒོས་ཆོས་བྱེད་པའི་མི་ལུས་ཉིན་སྐར་དང་འདྲ། དེའི་རྒྱུ་མཚན་སེམས་ཅན་གྱི་ནང་ན་སྡིག་པ་སྤྱོད་པ་ཤ་སྟག་ལས་དགེ་བ་བྱེད་པ་དཀོན། དེའི་ནང་ནས་མི་ལུས་ཐོབ་པའི་རྒྱུ་ཚུལ་ཁྲིམས་སྲུང་ཐུབ་པ་དཀོན་པས་ཐོབ་དཀའ་བའི་དཔེ། རྒྱ་མཚོ་ཆེར་གཡེང་སོགས་ཀྱི་ལུང་དང་ཡང་སྦྱར། རྙེད་པ་དོན་ཆེ་བ་བསམ་པ་ནི། མི་ལུས་འདི་ལ་བརྟེན་ནས་ཚེ་རབས་ཀུན་ཏུ་འཁོར་བའི་བདེ་སྐྱིད། ཐར་པའི་གོ་འཕང་། བླ་ན་མེད་པ་སངས་རྒྱས་ཀྱི་འབྲས་བུ་ཡང་བསྒྲུབ་ནུས། ཕྱིས་ནས་འདི་འདྲའི་དལ་འབྱོར་མི་ཐོབ་པས་ཚེ་འདིའི་བདེ་སྐྱིད་བྱ་བྱེད་རྨི་ལམ་དང་འདྲ་བ་འདི་རྣམས་བློས་བཏང་ནས་ཆོས་ལ་འབད་དགོས་ཏེ། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་པའི་དུས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །གཉིས་པ་མི་རྟག་པ་བསམ་པ་ལ། ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་པས། སྤྱིར་འདུས་བྱས་ཐམས་ཅད་འཇིག་པའི་མཐའ་བཞི་ལས་མ་འདས་པས་མི་རྟག །སྒོས་འགྲོ་བའི་ཚེ་སྲོག་ཆུའི་ཆུ་བུར་དང་འདྲ་སྟེ་ནམ་ཡལ་ཆ་མེད། མི་ལུས་ཐོབ་ཀྱང་ངེས་པར་འཆི་སྟེ་སྔར་མ་ཤི་ནས་ལུས་པ་གཅིག་ཀྱང་མེད། ལུས་འདུས་བྱས་ཡིན་པས་ཀྱང་རྟག་བརྟན་མེད། ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བ་ལ་ཇེ་ཉེར་སོང་བ་ཡིན་ཏེ་རྩལ་པོ་ཆེས་མདའ་འཕངས་པའམ། རི་གཟར་གྱི་ངོས་ནས་ཆུ་འབབ་པའམ། གསོད་སར་ཁྲིད་པའི་སྲོག་ཆགས་དང་འདྲ་སྟེ། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་བོར་ཞིང་འཆི་དང་ཉེ། །ཞེས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། འགྲོ་བ་གཞན་དང་གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པས་སྐྱེས་མ་ཐག་ནས་འཆི་བ་སོགས་མང་། ལུས་མི་གཙང་བའི་རྫས་འདུས་པ་མ་གཏོགས་སྙིང་པོ་གཅིག་ཀྱང་མེད། ཕྱིའི་རྐྱེན་མེ་ཆུ་གཡང་ས་གཅན་གཟན་ལ་སོགས་པ། ནང་ལུས་ལ་ནད་དང་གདོན་གྱི་རིགས། འཚོ་བའི་རྐྱེན་ཟས་སྨན་ལོགས་པ་སོགས་འཆི་རྐྱེན་ཤིན་ཏུ་མང་ཞིང་ནམ་འོང་ངེས་པ་མེད་དེ། ཀླུ་སྒྲུབ་ཞབས་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་སོ། །འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པ་བསམ་པ་ནི། འཆི་བའི་དུས་སུ་ནོར་རྫས་ཇི་ཙམ་ཡོད་ཀྱང་ཁབ་གཅིག་ཁྱེར་དབང་མེད། གཉེན་གྲོགས་འཁོར་གཡོག་ཇི་ཙམ་ཡོད་ཀྱང་བྲན་གྱི་ཐ་མ་ཙམ་ཁྲིད་དབང་མེད། རང་གི་ལུས་ཀྱང་ཤུལ་དུ་བསྐྱུར། སེམས་དགེ་སྡིག་གི་ལས་ཀྱི་རྗེས་སུ་འབྲངས་ནས་འགྲོ་དགོས་ཏེ། ཆོས་ལྡན་རབ་འབྱོར་གྱིས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་སོ། །དེས་ན་འཆི་བ་ལ་གཞན་ཅིས་ཀྱང་ཕན་པ་མེད། འཆི་ཁ་ཕན་ཆད་སྐྱེ་བ་ཐམས་ཅད་དུ་ཕན་ངེས་པ་དམ་པའི་ཆོས་ཁོ་ན་ཡིན་པས་དེ་རིང་ཉིད་ནས་དམ་པའི་ཆོས་ལ་འབད་སྙམ་དུ་བསམ་མོ། །གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། འཆི་བ་ཁོ་ནས་མི་ཆོག །སྐྱེ་བ་དབང་མེད་དུ་ལེན་དགོས། གར་སྐྱེ་རང་དབང་མེད། ལས་དགེ་སྡིག་གིས་མཐོ་རིས་ངན་སོང་དུ་འཕེན། ད་ལྟ་དགེ་བ་བསྒྲུབ་མི་ནུས། སྒོ་གསུམ་སྡིག་པའི་ལས་ཁོ་ན་སྤྱད་པས་ངན་སོང་གསུམ་དུ་སྐྱེ། དེར་སྐྱེས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཚེ་ཚད་རིང་བས་ཐར་པའི་དུས་མེད། དེ་ལ་དམྱལ་བ་ནི། ཚ་དམྱལ་གྱི་གནས་ལྕགས་བསྲེགས་ཀྱི་ས་གཞི་ལ་མེ་ཤིན་ཏུ་ཚ་བ་འབར་བ། ཆུ་དང་མཚོ་རྣམས་ཟངས་ཞུན་ཁྲོ་ཆུ་འགྱུར་བྱེད་ཀྱི་ཆུ་ཅན། ཤིང་རྣམས་ལྕགས་བསྲེགས་སོགས་ལས་གྲུབ་པ། ལས་ཀྱི་གཤིན་རྗེ་དང་སྲིན་པོ་གདུག་པའི་བྱ་སྦྲུལ་གཅན་གཟན་དུ་མས་གང་བ་ལ། ཡང་སོས་ནས་མནར་མེད་ཀྱི་བར་བརྒྱད་པོ་རྣམས་སྔ་མའི་སྡུག་བསྔལ་གྱི་སྟེང་ཕྱི་མའི་སྡུག་བསྔལ་ལྷག་པོར་ཡོད་པ། གྲང་དམྱལ་གྱི་གནས་ས་གཞི་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་རླུང་དང་བུ་ཡུག་འདྲེས་པས་རྟག་ཏུ་ཁྱབ་པས་གྲང་ངད་བཟོད་གླགས་མེད་པ། ཆུ་བུར་ཅན་ནས་པདྨ་ལྟར་ཆེར་གས་པའི་བར་བརྒྱད་པོ་གོང་མ་ལས་འོག་མ་བདུན་འགྱུར་གྱིས་གྲང་བ། ཚེ་ཚད་ཤིན་ཏུ་རིང་བ། ཚ་དམྱལ་བརྒྱད་པོའི་ཕྱོགས་བཞིར་ཉེ་འཁོར་བ་བཞི་ནི། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། ཤལ་མ་ལིའི་སྡོང་པོ་རྣམས་དང་། ཉི་ཚེ་བའི་དམྱལ་བ་ས་འོག་ས་སྟེང་ངེས་མེད་དུ་ལུས་ཀྱི་རྣམ་པ་དང་སྡུག་བསྔལ་མྱོང་ཚུལ་མ་ངེས་པ་དཔག་ཏུ་མེད་པ་ཡོད་པའི་ཚུལ་ལ་བསམ། ཡི་དྭགས་ས་འོག་གཤིན་རྗེའི་ཡུལ་དང་། ཁ་འཐོར་ས་འོག་ས་སྟེང་བར་སྣང་ཐམས་ཅད་ཁྱབ་པར་གནས། དེ་དག་གི་རིགས་མདོ་སྡེ་དྲན་པ་ཉེར་བཞག་ལས་སུམ་ཅུ་རྩ་དྲུག་ཏུ་གསུངས་ཀྱང་བསྡུ་ན་གསུམ་སྟེ། ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་བ་དང་། ཆུ་ཀླུང་ལ་སོགས་པའི་འགྲམ་དུ་ཕྱིན་ཀྱང་དེ་མ་ཐག་སྐམ་པའོ། །སྐྱེས་བུ་གོ་མཚོན་ཐོགས་པས་སྲུང་བར་མཐོང་བ་སོགས་ཀྱིས་ལོ་གྲངས་མང་པོར་ཟས་སྐོམ་ཡེ་མི་རྙེད་པས་རྟག་ཏུ་བཀྲེས་པས་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱེད་པའི་མཐུ་མེད་པ་སྟེ། བཤེས་སྤྲིང་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར་རོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱས་པ་དེ་ཉིད་ཁོང་པའི་ནང་དུ་མེ་ལྕེར་གྱུར་ནས་ཚིག་པ་དང་། ཁ་ཅིག་ཕྱི་ས་དང་གཅིན་འཐུང་ཞིང་རང་གི་ཤ་བཅད་ཅིང་ཟ་བའོ། །དེ་ཐམས་ཅད་རྟག་ཏུ་བཀྲེས་སྐོམ་བཟོད་གླགས་མེད་པས་ཚོལ་འགྲོས་ཀྱིས་ཐང་ཆད། གོས་དང་བྲལ་བས་ཚད་པས་ཚིག་ཅིང་གྲང་བས་སྦྲེབས་པ་སོགས་སྡུག་བསྔལ་དོས་དྲགས། ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོའི་ནང་ན་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡོད་པ་རྣམས་བརྟེན་པའི་གནས་མེད། རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་གིས་གཅིག་ཟ་བ། རྟག་ཏུ་འཇིགས་སྐྲག་གིས་བདེ་བ་མེད། ཁ་འཐོར་བ་མི་ཡུལ་ན་གནས་པ་འདི་རྣམས་ཏེ། མིས་བདག་ཏུ་མ་བཟུང་བ་རྣམས་ནི་རྟག་ཏུ་དགྲ་བྱུང་དོགས་ཀྱིས་སེམས་ལ་བདེ་བ་མེད། བདག་ཏུ་བཟུང་བ་རྣམས་ནི། ཞོན་པ་དང་། ཁུར་བཀལ་བ་སོགས་བཀོལ་སྤྱོད་དང་། ཤ་ལྤགས་ཀྱི་ཆེད་དུ་གསོད་པས་སྡུག་བསྔལ་བ། གཙོ་བོ་དུད་འགྲོ་རྣམས་གླེན་ཞིང་ལྐུགས་པས་གསོན་བཞིན་དུ་གཅིག་གིས་གཅིག་ཟ་བས་རྟག་ཏུ་འཇིགས་སྐྲག་གིས་གནས་དགོས་པས། སྡུག་བསྔལ་དེ་ལྟ་བུ་རྣམས་རང་གིས་མྱོང་དགོས་ན་བཟོད་པའི་ཐབས་མེད་པས་དམ་པའི་ཆོས་ཁོ་ན་བསྒྲུབ་པའི་ཞེ་དམ་བཅའ་འོ། །བཞི་པ་ལས་འབྲས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པ་ལྟར། བདེ་སྡུག་ཐམས་ཅད་ལས་བསགས་པ་ཁོ་ན་ལས་བྱུང་བ་སྟེ། དགེ་བའི་ལས་བསགས་པ་ལས་འབྲས་བུ་བདེ་བ་མྱོང་། མི་དགེ་བའི་ལས་བསགས་པས་འབྲས་བུ་སྡུག་བསྔལ་ཁོ་ན་མྱོང་། ས་བོན་གང་བཏབ་པའི་ལོ་ཏོག་སོ་སོར་སྨིན་པ་དང་འདྲ། དགེ་སྡིག་གང་ཡིན་ཡང་རྒྱུ་ལས་བསགས་པའི་དུས་ཆུང་ངུ་ལས་མེད་ཀྱང་རིམ་པར་བརྒྱ་འགྱུར་སྟོང་འགྱུར་འཕེལ་བས་འབྲས་བུ་རྣམ་སྨིན་ཤིན་ཏུ་ཆེ། ལས་དཀར་ནག་ཆེ་ཆུང་གང་བྱས་ཀྱང་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་མི་ཟ། རང་གིས་བྱས་པའི་ལས་དཀར་ནག་གང་ཡིན་ཡང་རང་ཉིད་ལ་སྨིན་ཅིང་མ་བྱས་པའི་ལས་དང་མི་འཕྲད་པའི་ཚུལ་ལ་ནན་དུ་བསམ་ཏེ་དགེ་སྡིག་ལ་བླང་དོར་བྱ། དེ་ལ་མི་དགེ་བའི་ལས་གཙོར་བསྡུས་པ་བཅུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སྒོ་ནས་སེམས་ཅན་ཆེ་ཆུང་གང་རུང་གི་སྲོག་གཅོད་པ་དང་། མཐུ་དང་འཇབ་བུ་དང་གཡོ་སྒྱུས་མ་བྱིན་པར་ལེན་པ་དང་། རིགས་དང་བདག་པོ་དང་ཆོས་ཀྱིས་བསྲུངས་པ་ལ་འདོད་ལོག་སྤྱོད་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ། ཕ་མ་དང་ཆེན་པོ་དང་ཆུང་ངུ་ལ་བརྫུན་སྨྲ་བ། བཙན་ཕྲ་གཞོགས་ཕྲ་ལྐོག་ཏུ་སྨྲ་བའི་ཕྲ་མ། དངོས་དང་གཞོགས་དང་བརྒྱུད་དེ་སྨྲ་བའི་ཚིག་རྩུབ། ལོག་པ་དང་འཇིག་རྟེན་པ་དང་བདེན་པའི་ངག་ཀྱལ་པ་སྟེ་ངག་གི་བཞི། བདག་དང་གཞན་དང་གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས། ཞེ་སྡང་ཕྲག་དོག་འཁོན་འཛིན་ལས་བྱུང་བའི་གནོད་སེམས། ལས་འབྲས་དང་བདེན་པ་དང་དཀོན་མཆོག་ལ་ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་རྣམས་སྤྱོད་པས་སོ་སོར་རྣམ་སྨིན་དང་རྒྱུ་མཐུན་དང་དབང་གི་འབྲས་བུ་མྱོང་། དེའང་ཉོན་མོངས་ཞེ་སྡང་གི་དབང་གིས། གྲངས་མང་པོ། ཡུལ་ཆེན་པོ་བརྟེན་ནས་སྤྱད་པས་དམྱལ་བ། འདོད་ཆགས་དང་འབྲིང་པོ་ལས་ཡི་དྭགས། གཏི་མུག་དང་ཆུང་ངུས་དུད་འགྲོར་སྐྱེ་བས་འདི་རྣམས་སྡུག་བསྔལ་གྱི་རྩ་བ་ཡིན་པར་བསམ་སྟེ་སྔར་བྱས་སྦྱོང་བའི་ཐབས་ལ་འབད། ཕྱིན་ཆད་མི་བྱེད་པའི་དམ་བཅའ། དེ་ལས་ལྡོག་པ་སྲོག་གཅོད་སྤོང་བ། རྫུན་མི་སྨྲ་བ་སོགས་བཅུ་ནི་དགེ་བ་བཅུ་ཡིན་ལ། འཇུག་པའི་ལས་གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ། བདེན་པ་སྨྲ་བ། མི་མཛའ་བ་བསྡུམ་པ། ཞི་དེས་འཇམ་པོ་སྨྲ་བ། དོན་དང་ལྡན་པ་ཁོ་ན་སྨྲ་བ། ཆགས་པ་ཆུང་ཞིང་ཆོག་ཤེས་པ། བྱམས་པས་ཕན་སེམས་བསྐྱེད་པ། ལས་འབྲས་སོགས་ལ་ཡིད་ཆེས་པས་དད་པ་རྣམ་གསུམ་སྐྱེད་པ་སྟེ་འབྲས་བུ་རྒྱུ་མཐུན་སོགས་གསུམ་གོང་ལས་ལྡོག་པ་མྱོང་། དགེ་བ་བཅུ་ཆེར་སྤྱད་པས་ལྷ། འབྲིང་པོས་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་མི་དགེ་བ་དང་འདྲེས་པས་ལྷ་མིན་དུ་སྐྱེ། དགེ་བ་བཅུ་ནི་འདི་ཕྱི་ཀུན་ཏུ་བདེ་ལེགས་ཀྱི་རྒྱུ་ཡིན་པས་དུས་རྟག་ཏུ་དགེ་བ་འབའ་ཞིག་བསྒྲུབ་པར་བགྱིའོ་སྙམ་དུ་བསམ་མོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། དེ་ལྟར་ངན་སོང་གི་སྡུག་བསྔལ་བཟོད་པའི་ཐབས་མེད་པས་གནས་ངན་དེར་མི་སྐྱེ་བའི་སྐྱབས་གནས་ཞིག་མི་ཚོལ་ཀ་མེད་དུ་སོང་། འཁོར་བ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ནི་རང་སྡུག་བསྔལ་དེ་ལས་ཐར་པ་ཞིག་དགོས་པས་ཚངས་པ་བརྒྱ་བྱིན་ལྟ་བུ་འཇིག་རྟེན་པའི་ཆེན་པོ་སུས་ཀྱང་སྐྱོབ་མི་ཐུབ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཅེས་གསུངས་པས་ཡུལ་དཀོན་མཆོག་གསུམ་ལ་བརྟེན་དགོས། དེ་ལའང་གསུམ་སྟེ། མདུན་ན་བཞུགས་པའི་སྐྱབས་ཡུལ་ནི། སྐུ་གསུང་ཐུགས་རྟེན་དང་དགེ་འདུན་ཏེ་དམིགས་པའི་རྟེན་ཙམ་མོ། །མངོན་པར་རྟོགས་པའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ལུང་དང་རྟོགས་པའི་དམ་ཆོས། འཕགས་པའི་དགེ་འདུན་གསུམ་སྟེ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུ་བའོ། །དེ་ཁོ་ན་ཉིད་ཀྱི་ཡུལ་ནི་སངས་རྒྱས་ཉག་གཅིག་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཅེས་སོ། །སྐབས་འདིར་སྐྱབས་གནས་ཐམས་ཅད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་འདུ་སྟེ་དེ་ཉིད་ངོ་བོ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ལ། རྣམ་པ་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པའོ། །དེས་ན་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་ཏེ་མངོན་སུམ་བཞུགས་པའི་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་འོག་ཏུ་བདག་དང་འགྲོ་བ་ཐམས་ཅད་ཚུད། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་རྟག་ཏུ་སྐྱོབ་པར་བསམ་ལ་མོས་གུས་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ནི། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་བརྒྱ་སྟོང་ཅི་ནུས་སུ་བརྗོད། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་ལ་དགེ་བ་བསྔོ། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཟིན་ནས་སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་རྣམས་ལ་སློབ་ཚུལ་སྤྱི་ལྟར་བྱས་པས་ཁྱད་པར་ཅན་གྱི་ཕན་ཡོན་བརྒྱད་འཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་མོ། །གཉིས་པ་སྐྱེས་བུ་འབྲིང་པོ་དང་ཐུན་མོང་བའི་རིམ་པ་སྦྱོང་བ་ལ་གཉིས། འཁོར་བའི་རྒྱུ་འབྲས་དང་། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལའང་གཉིས། འབྲས་བུ་སྡུག་བསྔལ་དང་། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ནི། བདག་ངན་སོང་ལས་ཐར་ནས་མཐོ་རིས་སུ་སྐྱེས་ན་ཆོག་གམ་སྙམ་ན་དེར་ཡང་བདེ་བ་མེད་དེ། མིར་སྐྱེས་པ་རྣམས་སྡུག་བསྔལ་བརྒྱད་ཀྱིས་མནར་བ་སྟེ། དང་པོ་སྐྱེ་བའི་སྡུག་བསྔལ་ནི། མའི་མངལ་དུ་གནས་དུས་མངལ་གནས་དེ་དོག་ཅིང་འཁུམ་པ་དང་མུན་ནག་དང་དྲི་ངན་པའི་སྡུག་བསྔལ་གསུམ་རྟག་ཏུ་འོང་། མ་འགྲེང་པའི་ཚེ་རིས་མནན་པ་ལྟ་བུ། ལྟོགས་པའི་ཚེ་གཡང་ལ་དཔྱངས་པ་ལྟ་བུ། བཟའ་བཏུང་དྲོ་གྲང་ལས་ཚ་གྲང་གི་སྡུག་བསྔལ་མྱོང་། མངལ་ནས་བཙས་པའི་ཚེ་འཇུར་མིག་ནས་དྲངས་པ་ལྟ་བུ། འཇམ་པོས་དཀྲིས་ཀྱང་ཚེར་དོང་དུ་བསྐྱུར་བ་ལྟ་བུ། ལག་གིས་བླངས་པས་བྱེའུ་ཁྲས་ཁྱེར་བ་ཙམ་གྱི་སྡུག་བསྔལ་ཡོད། སྤྱིར་མི་བཟོད་པའི་ཚོར་བ་དང་བཅས་ཏེ་སྐྱེ་དགོས་པས་སྐྱེ་བ་སྡུག་བསྔལ་དང་ལྡན། ཉོན་མོངས་སྐྱེད་འཕེལ་གྱི་ས་བོན་ཟུག་པས་གནས་ངན་ལེན་དང་ལྡན། རྒ་ན་འཆི་སོགས་འབྱུང་བའི་ཁུངས་སུ་གྱུར་པས་སྡུག་བསྔལ་གྱི་གནས་སུ་གྱུར། ཕྱིས་རྐྱེན་དང་འཕྲད་པས་ཉོན་མོངས་ལྡངས་ཏེ་ལས་གསོག་པའི་གཞིར་བྱུང་བས་ཉོན་མོངས་ཀྱི་གནས་སུ་གྱུར། རྒྱུན་སྐད་ཅིག་སྐད་ཅིག་གིས་འགྱུར་བས་དབང་མེད་དུ་འཇིག་པ་སྟེ་སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །གཉིས་པ་རྒས་པའི་ཚེ་ན། ཤ་མདོག་ལེགས་པོ་སྔོ་ཧམ་དང་སྐྲ་དཀར་པོར་སོང་ནས་ཁ་དོག་ཉམས། སོ་བུད། ལུས་པོ་རྒུར། རྐང་ལག་འཁྱོགས། ཤ་ལྤགས་སྐམ་ནས་དབྱིབས་ཉམས། ལང་འདུག་འགྲོ་སྡོད་མི་ནུས་པས་མཐུ་སྟོབས་ཉམས། མིག་མི་གསལ་རྣ་བ་འོན་པ་སོགས་དབང་པོ་ཉམས། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་ལོངས་སྤྱོད་ཉམས་པ་བཅས་སྡུག་བསྔལ་ལྔ་དང་ལྡན། གསུམ་པ་ན་བའི་ཚེ། ཟུག་རྔུའི་ཚོར་བས་ཡིད་མི་བདེ། ཤ་ཞུ་པགས་པ་སྐམ་ནས་ལུས་ཀྱི་རང་བཞིན་འགྱུར། ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད། མི་འདོད་པ་སྨན་དཔྱད་རྩུབ་མོ་སོགས་བརྟེན་དགོས། སྲོག་གི་དབང་པོ་འབྲལ་བར་ཉེ་བས་སྐྲག་ཅིང་འཚེར་བ་སྟེ་སྡུག་བསྔལ་ལྔ་དང་ལྡན། བཞི་པ་འཆི་བའི་སྐབས་སུ། ལོངས་སྤྱོད་གཉེན་གྲོགས། འཁོར་གཡོག་ཕུན་སུམ་ཚོགས་པ་རྣམས་དང་བྲལ། གཅེས་པའི་ལུས་ཀྱང་བོར། ཡིད་མ་བདེ་བའི་ཚོར་བ་དྲག་པོ་སྤྱད་པས་སྡུག་བསྔལ་ལྔ་དང་ལྡན་པའོ། །གཞན་ཡང་ཡོད་པ་སྐྱོང་གིས་མི་ལོང་བ་ནི། ལོངས་སྤྱོད་མངའ་ཐང་སྙན་གྲགས་ཟས་ནོར་རྟ་ཕྱུགས་ལ་སོགས་པ་ཡོད་ན་དེ་རྣམས་གསག་པ་དང་སྲུང་བ་དང་སྤེལ་བ་ལ་འབད་པ་དུ་མས་ཉིན་མཚན་དུ་བརྩོན་དགོས་ཤིང་། གྱོང་གོད་ཅུང་ཟད་རེ་བྱུང་ནའང་ཡིད་མི་བདེ་ཆེན་པོས་མནར་བས་སྡུག་བསྔལ། མེད་པ་ཚོལ་བས་མི་རྙེད་པ་ནི། ལོངས་སྤྱོད་ཟས་ནོར་སོགས་ཀྱི་དོན་དུ་བཀྲེས་སྐོམ་ངལ་དུབ་དང་། ལུས་སྲོག་ལའང་མ་བལྟས་པར་འབད་ཀྱང་ལྟོ་གོས་ཙམ་ལེགས་པར་མ་འཁྱོངས་པས་སྡུག་བསྔལ། མི་འདོད་པ་དང་འཕྲད་པ་ནི། བཙན་པོ་དང་། མཁོན་ཡོད་པ་དང་། ཇག་རྐུན། གཅན་གཟན་སོགས་ཀྱི་གནོད་པ་གློ་བུར་ནམ་འོང་ཆ་མེད་པ་དང་། རྒྱལ་པོའི་མངའ་འབངས། ཕྱུག་པོའི་འཁོར་གཡོག་ལྟ་བུ་མི་འདོད་མི་ཁྱག་བཞིན་དུ་ལས་དེ་བྱེད་དགོས་པས་སྡུག་བསྔལ། འདོད་པ་དང་བྲལ་བ་ནི། ཕ་མ་སྤུན་ཟླ་གྲོགས་འཁོར་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་བའམ། མངའ་ཐང་ལོངས་སྤྱོད་ཉམས། ནོར་རྫས་སྟོར་བརླག་དང་རྟ་ཕྱུགས་ཤི་གོད་སོགས་ཡིད་ལ་ཆགས་པ་རྣམས་དང་བྲལ་བས་སེམས་ལ་མྱ་ངན་ཆེན་པོ་སྐྱེ་སྟེ་སྡུག་བསྔལ་བའོ། །ལྷ་མིན་རྣམས་ཀྱང་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་ཆེ་བས་གཞན་དང་འཐབ་རྩོད་ཁོ་ནས་དུས་འདའ། ཁྱད་པར་ལྷ་དང་འཐབ་པའི་ཚེ། ལྷ་མིན་བསོད་ནམས་ཆུང་བས་གཡུལ་ཕམ་སྟེ་གསོད་རྡུང་ཡང་མྱོང་། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་མོས། ལྷ་རྣམས་ཀྱང་གནས་སྐབས་བདེ་བ་ལ་རྣམ་གཡེང་ཁོ་ནས་དུས་འདའ་ཞིང་ཆོས་སྒྲུབ་པའི་བློ་མི་སྐྱེ། ཚེ་ཚད་རིང་པོ་རྣམས་ཀྱང་སྐད་ཅིག་གཅིག་ཙམ་སྡོད་པའི་སྣང་བ་ལས་མེད་པར་འཆི་བའི་ལྟས་ལུས་ཀྱི་འོད་ཉམས། ཡིད་སྐྱོ་བས་སྟན་ལ་སྡོད་སྙིང་མི་འདོད། མེ་ཏོག་གི་རྒྱན་རྙིང་། གོས་ལ་དྲི་མ་ཆགས། ལུས་ལ་རྔུལ་འབྱུང་བའི་ཚེ་གྲོགས་གཞན་རྣམས་ཀྱིས་ཀྱང་སྤངས་ནས་བྱེར། ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བ་སོགས་མཐོང་ནས་ཡུན་རིང་པོར་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བའོ། །མདོར་ན་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་བདེ་བ་ཅུང་ཟད་ཀྱང་མེད་དེ། གུ་རུ་རིན་པོ་ཆེའི་ཞལ་ནས། འཁོར་བ་འདི་ན་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཅེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཚོར་བ་བཏང་སྙོམས་དང་ལྡན་པ་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་འཁོར་བ་ཐམས་ཅད་ལ་དེས་མ་ཁྱབ་པ་མེད། ངན་སོང་གསུམ་དང་མཐོ་རིས་ཀྱི་ནད་གདོན་ལ་སོགས་པའི་ཚོར་བ་སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ། བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་ལྷ་མིའི་བདེ་སྐྱིད་སོགས་ཚོར་བ་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཡིན་པས་སྡུག་བསྔལ་གསུམ་པོ་དེ་ལས་ཅིས་ཀྱང་ཐར་བར་འདོད་པའི་བློ་སྐྱེད། གཞན་ཡང་འཁོར་བ་འདི་ལ། མཐོ་དམན་བདེ་སྡུག་དགྲ་གཉེན་ཕ་བུ་གནས་ལུས་ལོངས་སྤྱོད་ངེས་པ་མེད་པར་འགྲོ་བ་དང་། འདོད་ཡོན་སྤྱད་པས་མི་ངོམས་ཤིང་། སྡུག་བསྔལ་མྱོང་བས་ཡི་མུག་པས་ངོམས་མི་ཤེས་པ་དང་། ལུས་ཡང་ནས་ཡང་དུ་འདོར་དགོས་པ་དང་། ཉིང་མཚམས་ཡང་ཡང་སྦྱོར་དགོས་པ་དང་། བདེ་སྡུག་མཐོ་དམན་འབྱོར་རྒུད་སྣ་ཚོགས་སུ་འགྱུར་བ་དང་། གཅིག་པུར་གྲོགས་མེད་པ་སྐྱེ་རྒ་ན་འཆི་བར་དོའི་སྡུག་བསྔལ་མྱོང་དགོས་པ་བཅས་སྡུག་བསྔལ་དྲུག་གིས་མནར་བའི་འཁོར་བ་ལ་མེའི་འོབས་དང་ཤ་བཙོན་གྱི་དོང་ལྟ་བུར་མཐོང་བས། འདི་ལས་ཅི་ནས་ཀྱང་ཐར་བར་བྱ་སྙམ་དུ་བསམ་མོ། །གཉིས་པ་རྒྱུ་ཀུན་འབྱུང་བ་བསམ་པ་ནི། སྡུག་བསྔལ་ཅན་གྱི་འཁོར་བ་དེ་རྒྱུ་མེད་རྐྱེན་མེད་པས་རང་བཞིན་བྱུང་བ་མ་ཡིན། དེ་ཐམས་ཅད་ལས་བསགས་པ་ལས་བྱུང་། ལས་ཐམས་ཅད་ཉོན་མོངས་པའི་ཀུན་སློང་ལས་བྱུང་། ཉོན་མོངས་པ་ལ་རྩ་ཉོན་དྲུག་དང་ཀུན་ཏུ་སྦྱོར་བ་དགུ་སོགས་རབ་དབྱེ་མང་ཡང་ཀུན་གྱི་རྩ་བ་དུག་གསུམ་དུ་འདུ། ཐམས་ཅད་ཀྱི་རྩ་བ་ནི་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས་ཏེ་ཕུང་པོ་ལ་ཞེན་ནས་བདག་དང་། བདག་གཅེས་པར་འཛིན་པས་འཁོར་བའི་རྒྱུར་སོང་། བདག་འཛིན་ལ་བརྟེན་ནས་ལྟ་བ་ངན་པ་ཐམས་ཅད་བྱུང་སྟེ་རང་གི་ལུས་སེམས་སོགས་ནང་སེམས་ཅན་དང་ཕྱི་ཉེར་སྤྱོད་ལ་ཞེན་པས་འདོད་ཆགས་བྱུང་། དེ་ལ་བརྟེན་ནས་ང་རྒྱལ་ཕྲག་དོག་སེར་སྣ་རྣམས་བྱུང་། རང་ངམ་རང་ཕྱོགས་ལ་གནོད་ཅིང་འཚེ་བ་ལ་ཁོང་ཁྲོ་བའི་ཞེ་སྡང་དང་དེའི་རྣམ་འགྱུར་གནོད་སེམས་ཁྲོ་འཚིག་ལ་སོགས་པ་བྱུང་། དེ་རྣམས་ཀྱིས་ལས་བསགས་པས་བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་འགྲོ། བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས། མི་གཡོ་བའི་ཟག་བཅས་ཀྱི་བསམ་གཏན་གྱིས་གཟུགས་དང་གཟུགས་མེད་དུ་འཕེན་པས། རང་གཞན་ཐམས་ཅད་འཁོར་བར་འཁྱམས་བྱེད་ཀྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཅི་ནས་ཀྱང་སྤང་བར་བྱའོ་སྙམ་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ལ་བརྟག་གཞིག་བྱས་ཏེ་བསྒོམ་མོ། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི། འཁོར་བ་སྤངས་ནས་དོན་དུ་གཉེར་བ་ནི་ཐར་པ་ཡིན་ལ། དེ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ་བདག་མེད་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། དེའི་རྒྱུ་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་པར་དག་པ་དགོས་པས། ད་ནི་འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། ཚུལ་ཁྲིམས་བསྲུང་། ཏིང་ངེ་འཛིན་བསྒོམ། ཤེས་རབ་བསྐྱེད་ནས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པའི་དོན་རྟོགས་པར་བྱའོ་སྙམ་དུ་བསམ། དེ་དག་སྐྱེས་བུ་འབྲིང་གི་ཉམས་ལེན་ཏེ་སྔོན་འགྲོའི་ཆོས་རྣམས་གྲུབ་བོ། ༈ །གཉིས་པ་བར་དུ་དགེ་བ་ཐེག་པ་ཆེན་པོ་དང་རྗེས་སུ་འབྲེལ་པ་ལྷག་བསམ་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆེན་པོའི་ལམ་འཆད་པ་སྟེ། འདི་ལ་གཉིས། བསམ་པའི་འཇུག་སྒོ་ལ་བསླབ་པ་དང་། དེ་ཉིད་མཐའ་རྒྱས་སུ་བྱེད་པའོ། །དང་པོ་ནི། འཁོར་བའི་ཉེས་དམིགས་རྣམས་ཤེས་ནས་སྤང་། ཐར་པ་མྱང་འདས་ཐོབ་དགོས་པ་ལ་འཐོབ་བྱ་མྱང་འདས་ཀྱི་བྱང་ཆུབ་དེ་ལ་ཉན་རང་གཉིས་རྫོགས་པའི་སངས་རྒྱས་དང་གསུམ་དུ་ཡོད་པ་ལས། རང་དོན་སྤང་རྟོགས་ཡོངས་སུ་རྫོགས་ཤིང་གཞན་དོན་ཕྲིན་ལས་ལ་ཐོག་པ་མེད་པ་ཐར་པ་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པས། ཇི་ལྟར་བྱས་ན་བདག་སངས་རྒྱས་འཐོབ་པར་འགྱུར་སྙམ་དུ་ཡང་ཡང་བསམ། གཉིས་པ་དེ་ཉིད་མཐའ་རྒྱས་སུ་བྱེད་པ་ལ་གཉིས། རྒྱུ་འབྲས་ཀྱི་འབྲེལ་བསམ་པ། དེའི་དོན་བསམ་པའོ། །དང་པོ་ནི། བདག་སངས་རྒྱས་ཐོབ་དགོས་པ་ལ་དེའི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། དེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ། དེའི་རྒྱུར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་པར་འདུག །ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན། རེ་རེ་ནས་དྲིན་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་ན་ཅི་མ་རུང། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་བདག་གིས་སངས་རྒྱས་འཐོབ་པར་བྱ། ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་བསམ། གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ་གསུམ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དང་པོ་ནི། ཐོག་མར་རྩ་བའི་མ་དེ་མདུན་ན་ཡོད་པ་དམིགས། འདིས་བདག་དང་པོ་ལུས་བསྐྱེད། བདག་གི་ཕྱིར་དུ་དཀའ་བ་དུ་མ་སྤྱད། བདག་ལ་གཅེས་པའི་སྲོག་ཀྱང་བྱིན། མཐར་གཏན་ཚིག་གཅིག་སློབ་པ་ནས་བཟུང་འཇིག་རྟེན་གྱི་བྱ་བ་ཡོངས་སུ་རྫོགས་པ་བསྟན་ནས་རང་ལས་ཀྱང་གཅེས་པའི་བྱམས་པས་བསྐྱངས། ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཆེ། མ་འདི་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་། སྐྱེ་བ་འདི་ཁོ་ནར་མ་ཟད་སྐྱེ་བ་གཞན་དཔག་ཏུ་མེད་པ་ལ་མ་བྱས། བྱས་རེས་ཀྱིས་ད་ལྟ་བཞིན་དུ་ཕན་བཏགས། ལན་རེ་ཕ་དང་གཉེན་གྲོགས་མཛའ་བཤེས་སུ་གྱུར་ནས་ཕན་བཏགས་པ་ལའང་ཚད་མེད་སྙམ་དུ་མ་དེ་སྙིང་དུ་སྡུག་ཅིང་ཕན་པ་དང་བདེ་བར་འདོད་པའི་བྱམས་པའི་སེམས་གཤའ་མ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེ་ལ་སྐྱེས་ནས་ཉེ་དུ་སོགས་སྐྱེ་སླ་བ་ཉུང་ངུ་དང་། དེ་ནས་ཡུལ་མི། རིམ་པར་རྒྱ་ཇེ་ཆེ་ལ་བཏང་སྟེ་སྟོང་གསུམ་དང་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རྩ་བའི་མ་བཞིན་བྱམས་པའི་སེམས་མ་སྐྱེས་བར་དུ་བསྒོམ། མ་འདི་རྣམས་བདེ་ཞིང་སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་དགོད་ནུས་པར་གྱུར་ཅིག་སྙམ་དུ་ཡང་ཡང་བསམ། རིན་ཆེན་ཕྲེང་བ་ལས། བྱམས་པ་བསྒོམ་པའི་ཕན་ཡོན་ཆེན་པོ་བརྒྱད་ཐོབ་པར་གསུངས་ཤིང་། རྫིའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེར་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཉེ། །ཞེས་མདོར་བསྡུས་ཏེ་བསྟན་ཏོ། །གཉིས་པ་སྙིང་རྗེ་བསྒོམ་པ་ནི། དེ་ལྟ་བུའི་དྲིན་ཅན་གྱི་མ་རྒན་སེམས་ཅན་འདི་རྣམས་ལུས་སེམས་ལ་བདེ་བ་འདོད་པ་མཚུངས་ཀྱང་མྱོང་བ་སྡུག་བསྔལ་ཁོ་ན་མྱོང་། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། མཐོ་རིས་ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། འགའ་ཞིག་སྡིག་པའི་ལས་ཚབས་པོ་ཆེ་བསགས་པས་དབུགས་འགག་མ་ཐག་ཏུ་དམྱལ་བར་སྐྱེ་དགོས་པ་རྣམས་ཤིན་ཏུ་སྙིང་རྗེ་སྙམ་དུ་བསྒོམ། དེའང་ཐོག་མར་རང་གི་རྩ་བའི་མ་ལ་སྦྱར་ནས་བསྒོམ་སྟེ། མ་དེ་ས་ཕྱོགས་འདིར་མེར་བསྲེགས་པའམ། འཁྱགས་ནས་འཁེངས་པའམ། གཞན་དག་གིས་གཅོད་ཅིང་གཏུབས་ན་ཤིན་ཏུ་སྙིང་རྗེ། དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་དྲིན་ཅན་ཁོ་ན་ཡིན་པས་སྙིང་རྗེ་བསྒོམ། དེས་འགྲེས་ཏེ། མ་དེ་བཀྲེས་སྐོམ་དང་ན་ཚས་གཟིར་བ་ལ་དམིགས་ནས་ཡི་དྭགས། མ་རྒས་འཁོག་ལ་མི་ནུས་བཞིན་དུ་གཞན་དག་གིས་བརྡེག་འཚོགས་བཀོལ་སྤྱོད་བྱས་པ་ལ་དམིགས་ནས་དུད་འགྲོ །མ་དེ་མིག་མི་གསལ། གཡང་ས་ཆེན་པོ་ནས་ཟོན་མི་ཤེས་པར་ལྷུང་ལ་ཁད་དུ་འགྲོ །ལྷུངས་ནས་ཐར་དུས་མེད་པའི་སྡུག་བསྔལ་མྱོང་བ་ལ་དཔེར་བྱས་ནས་མཐོ་རིས་གསུམ་གྱི་འགྲོ་བ་རྣམས་ལ་སྙིང་རྗེ་ཤས་མི་བཟོད་པ་བསྒོམ། དེ་དག་ཀྱང་རིམ་པར་རྒྱ་བསྐྱེད་ལུགས་བྱམས་པ་དང་མཚུངས་ཤིང་། སྙིང་རྗེ་བཅོས་མིན་དུ་སྐྱེ་ཙ་ན། མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་པར་བྱ་སྙམ་དུ་བསམ། སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་བསམ་ལ་ངག་ཏུའང་བརྗོད། སྤྱན་རས་གཟིགས་ཀྱི་རྟོགས་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོ་འོ། །ཞེས་གསུངས་པས་མཚོན་ཕན་ཡོན་ཚད་མེད་དོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་མ་སྐྱེས་པ་བསྐྱེད་ནས། སྐྱེས་པ་གོང་དུ་སྤེལ་ཞིང་རང་དོན་ཡིད་བྱེད་སྤོང་བའི་ཉམས་ལེན་གྱི་གཙོ་བོ་བདག་གཞན་མཉམ་པ་དང་བརྗེ་བའི་སེམས་ཀྱིས་བདེ་སྡུག་བཏང་ལེན་ལ་བསླབ་དགོས་ཏེ། ཞི་བ་ལྷས། བདག་དང་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས། དེ་ལ་ཐོག་མར་རང་ཉིད་བདེ་བར་འདོད། སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་དེ་དང་འདྲ་བས་འདོད་པ་མཉམ། བདག་གཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཡིན་པས་མཉམ་པ་ལས་ཀྱང་ལྷག །མ་རྒན་སེམས་ཅན་རྣམས་ཀྱིས་མི་འདོད་པའི་སྡུག་བསྔལ་རང་ལ་ལེན། འདོད་པའི་བདེ་བ་དེ་རྣམས་ལ་ཕར་བཏང་བའི་འདུན་པས། དབུགས་ཕར་གཏོང་བ་དང་མཉམ་དུ། བདག་གིས་ཐོག་མ་མེད་པ་ནས་བསགས་པའི་དགེ་བ་དང་བདེ་བ་ཅི་ཡོད་པ་ཐམས་ཅད་དཀར་ལམ་གྱིས་ཕར་སོང་ནས་སེམས་ཅན་རེ་རེ་བཞིན་ཆ་རེ་ཐོབ་པས་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། དབུགས་ཚུར་རྔུབ་པའི་ཚེ། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་ཉོན་སྡིག་སྒྲིབ་འབྲས་བུ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་རང་ལ་ཐིམ་པས། དེ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་མོས་ལ། ངག་ཏུའང་བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ཅེས་སྙིང་ཐག་པ་ནས་བརྗོད་ཅིང་བློ་སྦྱང་བར་བྱའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ། འཇུག་པ་ཕར་ཕྱིན་དྲུག་ལ་བསླབ་པའོ། །དང་པོ་ནི། ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་རྟག་ཏུ་ལྡན། སྡུག་བསྔལ་དང་གཏན་དུ་བྲལ་བ་ལ་རྫོགས་པའི་སངས་རྒྱས་འཐོབ་དགོས་པར་འདུག །དེ་ཐོབ་པར་བྱེད་པ་ལ་དང་པོ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ཐོབ་ནས་སེམས་ཅན་གཅིག་ཀྱང་མ་ལུས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་སེམས་བསྐྱེད་པ་ནི་བྱང་ཆུབ་ཏུ་སྨོན་པ་ཡིན། དེས་རང་གཞན་གྱི་དོན་གཉིས་བསྒྲུབ་པ་དང་། ཉེས་པ་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་འདུ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཅེས་གསུངས། སྨོན་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་དགོས་པས་རྩ་བ་སེམས་ཅན་བློས་མི་སྤོང་བ་དང་། ནག་པོའི་ཆོས་བཞི་སྤང་། དཀར་པོའི་ཆོས་བཞི་ལ་བསླབ་ཅིང་ཉིན་མཚན་དུ་ཚོགས་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་བརྩོན་པ་བསྐྱེད་དོ། །དེ་ལ་སེམས་ཅན་བློས་སྤངས་པ་ལ། བདག་གིས་སངས་རྒྱས་ཐོབ་མི་ནུས་སོ་སྙམ་ནས་ཐེག་ཆེན་གྱི་ཆོས་ལ་བློ་ལོག་ནས་རང་དོན་ཡིད་བྱེད་ལ་གནས་པ་ནི་སངས་རྒྱས་ཀྱི་རྒྱུ་རྩ་བ་ནས་སྤངས་པས་ཉེས་པ་ཤིན་ཏུ་ལྕི་ལ། སེམས་ཅན་གཅིག་གམ་གཉིས་ལ་ཁོང་ཁྲོ་བས་ཁྱོད་འདྲ་བ་དང་མི་འཕྲད་པར་ཤོག །ཁྱོད་ལ་ཕན་མི་གདགས་སོ་སྙམ་པ་སོགས་དང་། དུད་འགྲོ་ཁྱི་རྐུན། བྱི་བ་ཤིག་སྲོ་ཡན་ཆད་ལ་རྡེག་རྡུང་གནོད་སེམས་བྱེད་པའང་དེའི་ཁོང་དུ་གཏོགས་པ་ཡིན། ནག་པོའི་ཆོས་བཞི་ནི། བླ་མ་སྦྱིན་གནས་མཆོད་འོས་བསླུ་བ་དང་པོ་སྟེ་རྫུན་ལབ་ནས་མགོ་བསྐོར་བཏང་བ་ཡིན། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་གཉིས་པ་སྟེ་སྡིག་པ་བྱས་པ་ལ་འགྱོད་དགོས་ཀྱང་དགེ་བ་བྱས་པ་ལ་འགྱོད་པ་སྐྱེད་པ་ཡིན། སེམས་བསྐྱེད་པའི་གང་ཟག་ལ་མི་སྙན་པ་བརྗོད་པ་གསུམ་པ་སྟེ་སེམས་བསྐྱེད་ཚིག་ཙམ་བཏོན་མྱོང་བ་ཡན་ཆད་ལ་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་བཞི་པ་སྟེ་རང་དོན་བསྒྲུབ་པའི་ཕྱིར་གཞན་ལ་ཁྲམ་དང་གཡོ་སྒྱུས་མགོ་སྐོར་དང་ཐ་ན་བྲེ་སྲང་ཚུན་ལ་དྲང་པོ་མི་བྱེད་པ་ཡིན། དེ་རྣམས་ཉེས་པ་ཤིན་ཏུ་ཆེ་བས་དེ་ལས་ལྡོག་པའི་དཀར་པོའི་ཆོས་བཞི་ལ་བསླབ་དགོས་ཏེ། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་དགེ་བ་ལ་འགོད་ཅིང་ཁྱད་པར་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་དགེ་རྩ་ལ་འགོད་པ་དང་། སེམས་བསྐྱེད་བྱས་ཚད་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་ནས་ཡོན་ཏན་བརྗོད་པ་དང་། སེམས་ཅན་གང་ལའང་གཡོ་སྒྱུ་མེད་པའི་དྲང་པོ་དང་། གཞན་དོན་ཉིད་རང་གི་ཁུར་དུ་ཁྱེར་བའི་ལྷག་བསམ་ལ་གནས་པར་བྱ་དགོས་སོ། །བསོད་ནམས་ཀྱི་ཚོགས་སྒོ་གསུམ་གྱི་དགེ་བའི་སྤྱོད་པ་ཇི་ལྟར་ནུས་པ་དང་། ཡེ་ཤེས་ཀྱི་ཚོགས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བློ་ཡིས་གང་ལྕོགས་བྱ་བ་ལའང་བསླབ་པར་བྱའོ། །གཉིས་པ་འཇུག་པ་སེམས་བསྐྱེད་ལ་གཉིས། འཇུག་སེམས་སྤྱིར་སྒོམ་པ། བྱེ་བྲག་བསླབ་པ་ལ་སློབ་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་འཐོབ་པར་འདོད་པ་ཙམ་གྱིས་མི་ཆོག་ཐོབ་བྱེད་ཀྱི་རྒྱུ་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས། སྤྱོད་པ་དེ་ཉིད་ཤིན་ཏུ་རྒྱ་ཆེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་བགྱིའོ་སྙམ་པས་བསྡུ་དངོས་བཞི་ལ་གནས་པ་ནི། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་པ་ཡི་གྲོས་ཀྱང་གདབ། །ཅེས་སོགས་སྦྱིན་སོགས་ཕར་ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གིས་བཤད། ལག་ལེན་བྱེད་དུ་འཇུག་པ་དེ་ཕྱིན་དྲུག་ཀྱང་ཡིན་ལ་བསྡུ་དངོས་ཀྱང་ཡིན་པས། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བགྱི། དེའང་ཕྱི་དུས་སུ་མ་ཡིན་པར་ད་ལྟ་ཉིད་ནས་ལག་ཏུ་བླང་བར་བྱའོ། །སྙམ་པའི་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་འཕྲལ་རང་དུ་ཐེབ་པར་བྱའོ། །སེམས་བསྐྱེད་དེའང་ཐོག་མར་སློབ་དཔོན་ནམ་རྟེན་ལས་ལེན་པའམ། རང་སྟོབས་ཀྱི་དམིགས་པས་ལེན་པ་གཉིས་ལས་སྐབས་འདིར་ཕྱི་མ་ལྟར་ན། མདུན་གྱི་ནམ་མཁར་བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས། ངག་ཏུ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་ལན་མང་དུ་བརྗོད། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པས་ཀུན་རྫོབ་ལ་དོན་དམ་གྱི་རྒྱས་ཐེབ་པར་འགྱུར་རོ། །གཉིས་པ་བསླབ་བྱ་ལ་སློབ་པ་ལ་གཉིས། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཇུག་པའི་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་དགོས། བསླབ་བྱ་ཐམས་ཅད་ལྷག་པའི་བསླབ་པ་རྣམ་པ་གསུམ་དུ་འདུ་སྟེ། བྱང་ཆུབ་ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེན་འགྱུར། །ཅེས་གསུངས་པ་ལྟར། ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གསུམ་ལ་སློབ་དགོས། དེའང་ཚུལ་ཁྲིམས་བསླབ་པ་ནི་ཕྱིན་དྲུག་གི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཡིན་ལ། བསམ་གཏན་སེམས་ཀྱི་བསླབ་པ། ཤེས་རབ་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་དེ་ཐམས་ཅད་ཀྱི་གྲོགས་ཡིན་སྟེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར་རོ། །ཕར་ཕྱིན་དྲུག་པོ་འདི་ལ་སངས་རྒྱས་ཐོབ་པའི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པ་ཡིན་ཏེ། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དེའང་དོན་དུ་གཉེར་བྱ་མངོན་མཐོ་ངེས་ལེགས་གཉིས་སུ་ངེས་ཤིང་དེའི་རྒྱུ་ཕར་ཕྱིན་དྲུག་ལ་ཚང་བ་སྟེ། མངོན་མཐོའི་དོན་དུ་ལོངས་སྤྱོད་ཀྱི་སྦྱིན་པ། ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པ། ངེས་ལེགས་ཀྱི་དོན་དུ་ཡོན་ཏན་འཕེལ་བའི་རྒྱུ་བརྩོན་འགྲུས། ཞི་གནས་ཀྱི་རྒྱུ་བསམ་གཏན། ལྷག་མཐོང་གི་རྒྱུ་ཤེས་རབ་སྟེ། དེ་རྣམས་ཀྱང་འཇུག་སླ་བ་དང་རགས་པ་རྣམས་སྔ་མ་དང་། འཇུག་དཀའ་བ་དང་ཕྲ་བ་རྣམས་རིམ་གྱིས་བསྟན་པ་ཡིན་པས། བདག་གིས་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ནས་སངས་རྒྱས་བསྒྲུབ་པའི་དོན་དུ་ཕྱིན་དྲུག་བྱ་སླ་བ་དང་དཀའ་བ་ལ་རིམ་གྱིས་འཇུག་པར་བགྱིའོ་སྙམ་དུ་དམ་བཅའ། དེ་དག་བསྡུ་ན་ཚོགས་རྣམ་པ་གཉིས་སུའང་འདུ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། གཞན་གསུམ་ཚོགས་གཉིས་ཀར་གཏོགས། ཕར་ཕྱིན་རེ་རེ་ལའང་རང་རང་གི་མི་མཐུན་ཕྱོགས་ཉམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་། འདོད་པ་རྫོགས་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱེད་པའི་མཚན་ཉིད་བཞི་བཞི་དང་ལྡན་པ་ཡིན་ལ། སྦྱིན་པ་ལ་སོགས་པ་ལྔ་པོའང་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཟབ་མོས་མ་ཟིན་ན་སངས་རྒྱས་ཀྱི་རྒྱུར་མི་འགྲོ་ལ། ཤེས་རབ་རྣམ་པར་དག་པས་ཟིན་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་འཐོབ་པར་ནུས་མ་ཡིན། །ཅེས་གསུངས་པས་སྦྱིན་སོགས་གང་སྤྱད་ཀྱང་སྔོན་དངོས་རྗེས་ཀྱི་དམ་པ་གསུམ་དང་། ཁྱད་པར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ཤེས་རབ་དྲི་མ་མེད་པས་ཟིན་པར་བྱ་ཞིང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚོགས་གཉིས་ཀྱིས་བསྡུས་པའི་ཕར་ཕྱིན་མཚན་ཉིད་བཞི་ལྡན་འཁོར་གསུམ་དམིགས་པ་མེད་པའི་ངང་ནས་སྒྱུ་མ་ལྟ་བུར་རྒྱུན་མི་འཆད་པར་སྤྱད་པར་བགྱིའོ་སྙམ་པས་དེ་ལྟར་ཉམས་སུ་བླང་ངོ་། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཕར་ཕྱིན་དང་པོ་བཞི་མདོར་བསྡུས་ཏེ་བསྟན། བསམ་གཏན་དང་ཤེས་རབ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པ་ལ་གསུམ་ལས། ཟང་ཟིང་གི་སྦྱིན་པ་ནི། ཟས་གོས་ནོར་རྫས་མཁོ་བའི་ཡོ་བྱད་འབྱོར་བས་གང་ལྕོགས་རྣམས་ཞིང་བསམ་པ་དངོས་པོ་ཐབས་བཅས་མ་དག་པ་བཞི་སྤངས་ཏེ་རྣམ་པར་དག་ཅིང་བསམ་སྦྱོར་ཕུན་སུམ་ཚོགས་པས་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་ནི། གཞན་དག་ནད་དུག་མཚོན་ཆ་མེ་ཆུ་གཅན་གཟན་ལམ་འཕྲང་བཙོན་ལ་སོགས་པ་ལས་བསྐྱབ་པ་དང་། ཆོས་ཀྱི་སྦྱིན་པ་ནི། ཆོས་བཤད་པའི་ནུས་པ་ཡོད་ན་ཆོས་འདོད་པ་རྣམས་ལ་རྙེད་བཀུར་དང་ཁེ་གྲགས་ལ་མི་ལྟ་བར་ཐར་པ་སྒྲུབ་པའི་ཆོས་བཤད། མི་ནུས་ན་མི་དང་མི་མ་ཡིན་པ་ལ་བཤད་པར་མོས་ཏེ་རྒྱལ་བའི་གསུང་རབ་བསྒྲག་པ་རྣམས་སོ། །ཚུལ་ཁྲིམས་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། མི་དགེ་བ་བཅུ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། སོ་ཐར་རིས་བདུན། བྱང་སྡོམ་ལུགས་གཉིས། སྔགས་རྩ་བ་དང་ཡན་ལག་གི་དམ་ཚིག་སོགས་བཅས་པའི་ཁ་ན་མ་ཐོ་བ་རང་གི་ཁས་བླངས་གང་ཡིན་པ་རྣམས་དང་མ་འགལ་བར་བྱ་བ་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། སྒོ་གསུམ་དང་འབྲེལ་བའི་དགེ་བའི་བྱ་བ་ཆེ་ཕྲ་ཐམས་ཅད་ཅི་ནུས་སུ་བསྒྲུབ་པ་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་ས་ལས་རྣམ་པ་བཅུ་གཅིག་ཏུ་གསུངས་པ་མདོར་བསྡུ་ན་ལྷག་བསམ་བཟང་པོས་དངོས་དང་བརྒྱུད་ནས་སེམས་ཅན་རྣམས་བདེ་དང་དགེ་བ་ལ་དགོད་པའོ། །བཟོད་པ་ལ་གསུམ་ལས། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་སུའང་རུང་བས་རང་ལ་བརྡེག་བརྡུང་འཕྲོག་བཅོམ་ཚིག་ངན་རྩོད་པ་སོགས་བྱེད་པ་ལ་ཁོང་མི་ཁྲོ་བར་སླར་བྱམས་པ་བསྒོམ་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་ཚོལ་བ་དང་ཆོས་སྒྲུབ་པའི་ཚེ་ཚ་གྲང་ལྟོག་སྐོམ་ངལ་དུབ་ཐང་ཆད་ཇི་ཙམ་བྱུང་ཡང་ཅུང་ཟད་ཙམ་བག་མི་འཁུམས་པར་བསྲན་བསྐྱེད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། རྒྱལ་བ་སྲས་བཅས་ཀྱི་ཐུགས་བསྐྱེད་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། སྟོང་ཉིད་ཀྱི་གནས་ལུགས། ཐབས་ཟབ་མོ་ཐོས་ན་མི་སྐྲག་མི་དངངས་པར་སླར་ཡང་དང་བ་བསྐྱེད་པའོ། །བརྩོན་འགྲུས་གསུམ་ལས། གོ་ཆའི་བརྩོན་འགྲུས་ནི། དགེ་བ་ཆུང་ངུ་ལ་འདི་ལྟ་བུ་མི་དགོས་སྙམ་པའི་ཁྱད་གསོད་དང་། ཆེན་པོ་ལ་འདི་ཙམ་མི་ནུས་སྙམ་པའི་ཞུམ་པ་མེད་པར་དགེ་བར་གཏོགས་སོ་ཅོག་སྒྲུབ་པའི་སྤྲོ་སེམས་དང་། སྦྱོར་བའི་བརྩོན་འགྲུས་ནི། ཆོས་དང་དགེ་བ་སྒྲུབ་པའི་ཚེ་ལེ་ལོ་རྣམ་གཡེང་དབང་དུ་མི་གཏོང་བར་དེ་ཉིད་རྒྱུན་བསྲིང་བ་དང་། སླར་མི་ལྡོག་པའི་བརྩོན་འགྲུས་ནི། ཕན་ཡོན་དྲོད་རྟགས་འཕྲལ་དུ་མ་བྱུང་ནའང་སྒྱིད་ལུགས་དང་ཞུམ་པ་མི་བྱ་བར་དེའི་འབྲས་བུ་མཐར་མ་ཕྱིན་བར་དུ་བརྩོན་པ་སྟེ། དེ་རྣམས་ལས་སྐབས་སུ་བབ་པའི་ཉམས་ལེན་ཅི་ལྕོགས་སུ་བྱ་བར་དམ་བཅའོ། །གཉིས་པ་བསམ་གཏན་བཤད་པ་ལ་གཉིས། བསམ་གཏན་སྐྱེ་བའི་རྒྱུ། བསམ་གཏན་དངོས་སོ། །དང་པོ་ནི། བསམ་གཏན་དང་ཞི་གནས་ངོ་བོ་གཅིག་ཡིན་ལ་དེའི་རྒྱུ་ཚོགས་བརྟེན་པ་ལ། ལུས་འདུ་འཛིས་དབེན་པ་དང་། སེམས་རྣམ་པར་རྟོག་པས་དབེན་པར་བྱ་དགོས། དེ་ལ་འདུ་འཛི་ནི། བུ་སྨད་གཉེན་འཁོར་སོགས་སེམས་ཅན། ཟས་ནོར་སོགས་རྙེད་བཀུར། བསྟོད་བསྔགས་སོགས་སྙན་གྲགས་ལ་ཆགས་ཞེན་གྱིས་གཡེང་བ་རྣམས་ཡིན་ཞིང་དེ་ལ་ཉེས་པ་ཉི་ཤུ་ཡོད་པ་མདོ་ལས་གསུངས། ཁྱད་པར་སེམས་གནས་སུ་མི་སྟེར་བའོ། །འདུ་འཛི་དང་བྲལ་བ་ནི་དབེན་པ་སྟེ། རྣམ་གཡེང་ཐམས་ཅད་སྤངས་ནས་གཅིག་པུར་དགོན་པར་གནས་ན་མྱུར་དུ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་བས་དེ་ལྟར་བྱ། དབེན་པར་སྡོད་ཀྱང་ལུས་དང་ངག་གིས་མི་དགེ་བ་ལ་སྤྱད་པ་དང་། ལུང་མ་བསྟན་གྱི་བྱ་བས་རྣམ་པར་གཡེང་བ་ཐམས་ཅད་སྤང་དགོས་ཤིང་། སེམས་ཀྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་དང་། འཇིག་རྟེན་གྱི་བྱ་བྱེད་འཁྲུལ་པའི་རྗེས་སུ་འབྲང་བའི་རྟོག་པ་ཕྲ་རགས་ཐམས་ཅད་ཀྱང་སྤངས་ནས་གཡེང་བ་མེད་པའི་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །གཉིས་པ་བསམ་གཏན་དངོས་ལ་གསུམ། དང་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་བསྒྲུབ་པ་སྟེ། སྐབས་དོན་གྱི་ཉམས་ལེན་འདིའི་དབང་དུ་བྱས་ན་ལུས་གནད་དང་སེམས་གནད་གཉིས་ལས། ལུས་གནད་བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་ལྟེ་འོག་ཏུ་མཉམ་པར་གཞག །རྒལ་ཚིགས་དྲང་པོར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱངས། ལྕེ་ཡ་རྐན་ལ་སྦྱར། མགྲིན་པས་ཨོལ་མདུད་ནོན་པར་དགུག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁར་གདང་ཟུམ་མཉམ་པར་བཞག་པ་ནི་རྣམ་སྣང་གི་ཆོས་བདུན་ཞེས་བྱ་བ་ཡིན་ལ། དེ་ཉིད་ཧ་ཅང་བསྡམ་མ་དྲགས་པ་དང་ལྷོད་མ་དྲགས་པའི་རན་པར་བཅའོ། །སེམས་གནད་ལ་རྟེན་ཅན་ལ་བསླབ་པ་དང་། རྟེན་མེད་ལ་བསླབ་པ་གཉིས་ཀྱི་དང་པོ་ནི། མདུན་དུ་འཕགས་མ་སྒྲོལ་མའི་སྐུ་བརྙན་བྲིས་འབུར་གང་ཡིན་བཟོ་ལེགས་ཚད་ལྡན་བཀྲམ་པ་ལ་སེམས་འཛིན་པའམ། ཡང་ན་དམིགས་པས་ཀྱང་རུང་སྟེ། གང་ལྟར་ལུས་གནད་བཅའ། རླུང་རོ་ལན་གསུམ་བསལ། རང་གི་མདུན་གྱི་བར་སྣང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་མར་གད་ཀྱི་སྙིང་པོ་ལྟ་བུ་གསལ་ཞིང་དྭངས་ལ་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཤིང་། གཡོན་པ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པའི་མེ་ཏོག་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་ཕྱེད་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུ་འོད་འབར་བས་མཚན་ཅིང་ཕྱེད་ཐུར་དུ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་རྣམས་ཀྱིས་སྤྲས་པ། ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པས་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པར་གསལ་བཏབ། དེ་ལ་སེམས་འཛིན་གྱི་རྟེན་ཙམ་བྱ་བ་ལས་གསལ་མི་གསལ་དང་། གནས་མི་གནས་སོགས་ཀྱི་རེ་དོགས་འགྱུ་དྲན་ཐམས་ཅད་རྦད་ཀྱིས་བཅད། མ་ཡེངས་ཙམ་གྱི་དྲན་པའི་བྱ་ར་བཀོད། བྱིང་རྒོད་མཉམ་ན་ཐུགས་ཀར་སེམས་གཏད་ལྟ་སྟངས་མཉམ་པར་གཞག །བྱིང་རྨུགས་འཐིབ་གསུམ་བྱུང་ན་སྨིན་མཚམས་མཛོད་སྤུར་སེམས་གཏད་ལ་ལྟ་སྟངས་གྱེན་དུ་གཏོད། འཕྲོ་རྒོད་ཆེ་ན་ལྟེ་བར་ཐིག་ལེ་སྔོན་པོ་ལ་སེམས་བཟུང་ལྟ་སྟངས་ཐུར་དུ་ཕབ། ཐམས་ཅད་ལ་ཡིད་མིག་རླུང་གསུམ་ཆིག་དྲིལ་མདུང་ཚུགས་སུ་གཏད་ཅིང་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་རྩེ་གཅིག་པའི་སེམས་གཞན་དུ་མི་གཡེང་བར་ཡུན་ཐུང་ལ་གྲངས་མང་བ་བྱ། ཡེངས་ན་དེ་མ་ཐག་ཏུ་དྲན་པས་བཟུང་ལ་རང་མལ་དུ་བཞག །དེ་ལྟར་ཡང་ནས་ཡང་དུ་གསལ་གདབ་ལ་སེམས་བཟུང་། ཟིན་པ་ན་མ་ཡེངས་ཙམ་གྱི་ངང་རང་བབས་སུ་གློད་ལ་ཅི་གནས་སུ་བསྐྱང་། ཐུན་མཐར་མདུན་དུ་སྒོམ་པའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མ་རྗེ་བཙུན་མའི་ཐུགས་དང་རང་སེམས་དབྱེར་མེད་རོ་མཉམ་དུ་གྱུར་པར་མོས་ལ་མཉམ་པར་བཞག་གོ །གཉིས་པ་རྟེན་མེད་ལ་བསླབ་པ་ནི། ལུས་གནད་བཅའ། རླུང་རོ་བསལ། སེམས་དུས་གསུམ་སྤྲོས་པའི་རྟོག་པ་བཅད་དེ། སྔར་བྱུང་བ་དང་བྱས་ཟིན་པ་རྣམས་རྗེས་མི་བཅད། མ་འོངས་པར་འདི་བྱ་འདི་བྱེད་འདི་འབྱུང་གི་སྔུན་མི་བསུ། ད་ལྟ་བའི་ཤེས་པ་ལ་བཟོ་བཅོས་དགག་སྒྲུབ་གང་ཡང་མི་བྱེད་པར་མ་ཡེངས་ཙམ་གྱི་ངང་རིག་པ་དྭངས་སེང་ངེར་བཞག །བྱིང་རྒོད་བྱུང་ན་ལྟ་སྟངས་སོགས་གོང་གིས་འགྲེ །གསལ་དྭངས་ལྷན་ནེར་གནས་པའི་ཚེ་འཕྲོ་བཅད་ལ་སླར་མཉམ་པར་གཞག་པ་ཡང་ཡང་བྱ་ཞིང་སྒོམ་གྱིས་སྣ་མི་སུན་པར་བྱ། མིག་ཡུལ་གཟུགས། རྣ་བར་སྒྲ་སོགས་ཚོགས་དྲུག་གི་རྟོག་པ་ཤར་ནའང་དེ་ཀའི་ཐོག་ཏུ་སེམས་འཛིན་གྱི་རྟེན་བྱས་ལ་གཞག །འཕྲོ་རྒོད་ཆེ་བས་སུན་པར་བྱུང་ན་ནང་དུ་བཀུག་ནས་གཅུན་པ་ལྟར་མི་བྱེད་པར་གང་འགྱུས་འགྱུ་རུ་བཅུག་ནས་དེ་ཐོག་བསྐྱང་། ཐོག་མར་གྲིམ་ལྷོད་སྤེལ། གོམས་ནས་གྲིམ་དྲགས་པ་དང་ལྷོད་དྲགས་པའི་སྐྱོན་དང་བྲལ་བས་རན་པར་བསྐྱངས་པ་ལས་གནས་ཉམས་གསུམ་པོ་རིམ་གྱིས་འཆར་བར་འགྱུར་ཏེ། དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཆུ་བོ་དལ་འབབ་ལྟ་བུ། གསུམ་པ་རྒྱ་མཚོ་མི་གཡོ་བ་ལྟ་བུ་རྣམས་རིམ་པར་འཆར། དེ་ལྟར་ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེས་ན་ཏིང་ངེ་འཛིན་དང་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །གཉིས་པ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི། རྣམ་པར་ཐར་པ་དང་། ཟིལ་གནོན་དང་། ཟད་པར་གྱི་སྐྱེ་མཆེད་དང་། མངོན་ཤེས་སོགས་སྒྲུབ་པར་བྱེད་པ་རྣམས་ཡིན་ལ། གསུམ་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནི། ཏིང་ངེ་འཛིན་དང་མངོན་ཤེས་ལ་བརྟེན་ནས་གཞན་ལ་ཕན་གདགས་པ་སྟེ། གཉིས་ཀའང་སྔར་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་ལས་འབྱུང་བའོ། །གསུམ་པ་ཤེས་རབ་ཉམས་སུ་ལེན་པ་ལ། ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ལ་དེའི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལས་འབྱུང་སྟེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །དེ་ལ་སྤྱིར་བསམ་པ་དང་སྦྱོར་བ་གཉིས་སུ་ཡོད་པའི། དང་པོ་ལ་གསུམ། གནས་ལུགས་སྟོང་པ་ཉིད་རྟོགས་པ་དོན་དམ་ཤེས་པའི་ཤེས་རབ། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པ་ཀུན་རྫོབ་ཤེས་པའི་ཤེས་རབ། བསྡུ་དངོས་བཞིའི་སྒོ་ནས་འགྲོ་དོན་བྱེད་ཤེས་པ་གཞན་དོན་ཤེས་པའི་ཤེས་རབ་རྣམས་སུ་ཡོད་ཅིང་། སྦྱོར་བ་ལའང་གསུམ། གང་ཟག་བདག་མེད། ཆོས་ཀྱི་བདག་མེད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སོགས་གཞུང་ཆེན་པོ་རྣམས་ཀྱི་དགོངས་པ་སྟེ་གཙོ་བོ་ལྟ་བ་གཏན་ལ་འབེབ་པར་བྱེད་པ་ཤེས་པར་བྱ་བའི་ཤེས་རབ་ཡིན་པས་ས་བཅད་ཙམ་ལས་མ་སྤྲོས། འདིར་བསྒོམ་པར་བྱ་བའི་ཤེས་རབ་ལྷག་མཐོང་གི་ཡེ་ཤེས་སྐྱེད་པ་ནི་ཉམས་སུ་ལེན་བྱ་དངོས་ཡིན་ལ། དེའང་གཞུང་རྩ་བ་ལས་ཇོ་བོ་རྗེའི་ལམ་རིམ་དང་མཐུན་པར་དཔྱད་པ་སྔོན་འགྲོས་མཉམ་པར་འཇོག་པར་བསྟན་པ་ལྟར་འཆད་པ་ལ་གཉིས། དཔྱད་པས་གཏན་ལ་དབབ་པ་དང་། གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དང་པོ་ལ་གསུམ། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པའོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོགས་པ་ཡིན། །ཞེས་དང་། ཕལ་པོ་ཆེ་ལས། ཀྱེ། རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། སྦྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ལྕེ་དེ་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ལས་མཐའ་ཡས་པར་གསུངས་པ་ལྟར། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞི་ལས་གྲུབ་པ་རྣམས་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་བ་རྣམ་པ་བཞིས་བསྡུས་པ་ཐམས་ཅད་ཀྱང་རང་གི་སེམས་འཁྲུལ་པའི་སྣང་བ་ཕྱི་རོལ་དུ་ཤར་པ་མ་གཏོགས། དོན་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔེར་ན། རྨི་ལམ་དུ་རི་རབ་ཁང་ཁྱིམ་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པའི་གཟུགས་དང་། བདེ་ཞིང་སྐྱིད་པ། མི་བདེ་སྡུག་བསྔལ། འཇིགས་ཤིང་སྐྲག་པ་ལ་སོགས་ཇི་ཙམ་རྨིས་ཀྱང་ཉིང་འཁྲུལ་གྱི་སྣང་བ་འབའ་ཞིག་པ་ལས་གཅིག་ཀྱང་མི་བདེན། མི་བདེན་བཞིན་དུ་རྨི་ལམ་ཉིད་རྨི་ལམ་ཡིན་པར་མ་ཤེས་པས་བདེ་སྡུག་སྐྲག་སྔངས་ལ་སོགས་པ་མྱོང་བ་བཞིན་དུ། ད་ལྟའི་སྣང་བ་འདི་རྣམས་ཀྱང་མི་བདེན་བཞིན་དུ་འཁྲུལ་ངོར་བྱ་བ་བྱེད་པ་ཡིན་ལ། འདི་རྣམས་འཁྲུལ་སྣང་རྫུན་པར་ཤེས་ན་ཀུན་རྫོབ་འཁྲུལ་པའི་ཕུག་རྡིབ་ཅིང་སྣང་བ་ཉིད་སེམས་སུ་ཤེས་པར་འགྱུར་བས་ནན་ཏན་དུ་བརྟག་པར་བྱའོ། །གཉིས་པ་ནང་འཛིན་སེམས་ལ་དཔྱད་པ་ནི། ཡུལ་སྣང་ཐམས་ཅད་སེམས་ཡིན་ན། ནང་འཛིན་བྱེད་ཀྱི་སེམས་དེ་ཉིད་བདེན་པར་གྲུབ་བམ་སྙམ་ན་དེའང་བདེན་དངོས་སུ་གྲུབ་པ་མེད་དེ། སེམས་ཀྱི་རྒྱུན་སྐད་ཅིག་དང་དུ་མར་གྲུབ་པ་དང་། སུས་ཀྱང་མཐོང་བ་མེད་པ་དང་། ཡུལ་མེད་པས་སེམས་མ་གྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ལ་ཡང་མི་དམིགས་སོ། །འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། བརྟེན་པ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་ཏེ། སེམས་ཞེས་བྱ་བ་དོན་ལ་རྣམ་རྟོག་ཝལ་གྱིས་ཤར་ནས་སང་གིས་ཡལ་སྙམ་བྱེད་པ་འདི་མ་གཏོགས་ཅིའང་མེད་དོ། །དཔེར་ན་བར་སྣང་ལས་སྤྲིན་ལྡང་བ་ན་ནམ་མཁའ་སྟོང་པའི་ངང་ལས་སྤྲིན་ཐོལ་གྱིས་ཤར། འདིར་སོང་མེད་པར་སྟོང་པའི་ངང་དུ་ཡལ་བ་བཞིན་གནས་ལུགས་སྟོང་པའི་ངང་ལས་རྣམ་རྟོག་གི་འགྱུ་བ་ཤར། འགྱུར་བ་དེ་ཉིད་སྟོང་པའི་ངང་དུ་རང་ཡལ་དུ་སོང་བ་ལ་སྐྱེ་འགགས་གྲངས་སུ་བཏབ་པས་ཐམས་ཅད་འཁྲུལ། སྟོང་པ་ཅིའང་མེད་པ་ལ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མས་ངའམ་བདག་ཏུ་འཛིན་པ་ལ་གང་ཟག་གི་བདག་བྱུང་ཞིང་། བདག་དེ་ཉིད་གནས་ཚུལ་ལ་ཅུང་ཟད་ཙམ་ཡང་གྲུབ་པ་མེད་པར་གདིང་ནས་རྟོགས་ཤིང་ཐག་ཆོད་ན་གང་ཟག་གི་བདག་མེད་རྟོགས་པ་ཡིན་ལ། སྔ་མས་ཆོས་ཀྱི་བདག་མེད་དོན་གྱིས་གཏན་ལ་ཕབ་པ་ཡིན་ནོ། །གསུམ་པ་སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པ་ནི། བདག་གཉིས་སུ་བཏགས་པ་ཙམ་ལས་ཅིར་ཡང་གྲུབ་པ་མེད་པས་སེམས་ཀྱི་རང་བཞིན་ཡང་སྟོང་པ་ཅིའང་མེད་པའོ་སྙམ་ནའང་མ་ཡིན་ཏེ། གཟུང་འཛིན་གཉིས་པོ་སྔར་དངོས་པོར་ཡོད་པ་ལ་ཕྱིས་མེད་པ་ཞིག་ཡིན་ན་དངོས་མེད་དུ་གདགས་སུ་རུང་ཡང་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པས་དངོས་པོར་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ལང་ཀར་གཤེགས་པ་ལས། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་དངོས་སུ་གཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བར་སྤྱོད། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཅེས་སོགས་གསུངས་པ་ལྟར། རང་སེམས་ཀྱི་ངོ་བོ་ལ་ལེགས་པར་དཔྱད་པས་ཡོད་པ་མ་ཡིན་ཏེ་གཟུགས་དབྱིབས་ཁ་དོག་དངོས་པོ་མཚན་མ་གང་དུའང་མ་གྲུབ། མེད་པ་མ་ཡིན་ཏེ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འཆར་བའི་གཞི་གསལ་རིག་ཙམ་རྒྱུན་ཆད་མེད། དེ་ལྟ་ན་སེམས་དུ་མར་ཡོད་དམ་སྙམ་ན་དུ་མར་ཡང་མ་གྲུབ་སྟེ་འཆར་སྒོ་ཐམས་ཅད་སྟོང་ཉིད་དུ་རོ་མཉམ། གཅིག་པུའང་མ་ཡིན་ཏེ་ཚོགས་དྲུག་གི་སྣང་བ་གསལ་ལམ་མེར་འཆར་དུ་རུང་བས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཅན་དུ་ཤེས་པར་བྱའོ། །དོན་གཉིས་པ་གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པ་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་མདོར་བསྡུས་པ་སྔོན་དུ་སོང་ནས་གནས་ལུགས་ལ་ངེས་པ་རྙེད་པ་དེའི་སྟེང་དུ་མཉམ་པར་འཇོག་པའི་ཚུལ་ནི། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ཏེ། ལུས་གནད་ཆོས་བདུན་དང་ལྡན་པས། རླུང་རོ་བསལ། སྔར་གྱི་གནས་པ་བདེ་གསལ་མི་རྟོག་པའི་མཚན་ཉིད་ཅན་དེའི་སྟེང་དུ་ཡོད་མེད་བླང་དོར་ཡིན་མིན་ལ་སོགས་པའི་འཛིན་སྟངས་ཐམས་ཅད་ཕྲལ། གང་ལའང་མི་རྟོག །ཅིར་ཡང་མི་སེམས། སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་བློ་ཡིས་བཟོ་བཅོས་མ་བྱས་པའི་རང་བབ་ནམ་མཁའ་དྭངས་པ་ལྟ་བུའི་ངང་བསྐྱངས་ཏེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མི་རྟོག་ཅིར་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ནི་གདམས་ངག་རྣམས་ལས་ལྷག་མཐོང་གི་ཁྲིད་རིམ་དུ་གྲགས་པ་སྟེ། མཉམ་གཞག་གི་སྐབས་སུ་སྒོམ་རྒྱུ་ཅིའང་མེད་པ་ལ་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་བ་རང་སོར་བཞག་པ་ལ་རྒྱུན་བསྐྱང། རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཡིད་ཆེས་པར་བལྟ། གནས་ལུགས་སྟོང་པ་ཉིད་མ་རྟོགས་པར་བདག་འཛིན་འཁྲུལ་པའི་དབང་གིས་འཁོར་བར་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་བའི་ཕ་མ་སེམས་ཅན་རྣམས་ལ། སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལམ་ལ་བསླབ་པས་རིམ་གྱིས་གནས་ལུགས་རྟོགས་པའི་གདིང་ཐོབ་སྟེ། དོན་དམ་པའི་རྗེ་བཙུན་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་ཞལ་མཇལ་བར་འགྱུར་རོ། །དེ་དག་གིས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་གྲུབ་བོ། ༈ །གསུམ་པ་ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་གསང་བ་བླ་ན་མེད་པའི་ཉམས་ལེན་གང་ཟག་དབང་པོ་རབ་ཀྱི་ལམ་འཆད་པ་ལ་གསུམ། ཕྱི་བྱ་སྤྱོད་དང་མཐུན་པར་ཚོགས་གསག་བསྙེན་པའི་ཚུལ། ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་པའི་ཚུལ། གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ལམ་རིམ་དངོས་སོ། །དང་པོ་ནི། འདིར་ཐེག་པ་རིམ་པ་དགུར་རིམ་འཇུག་གི་དབང་དུ་བྱས་ཏེ་གོང་དུ་བཤད་པའི་ཐུན་མོང་གི་ཐེག་པ་གཉིས་ཀྱིས་ལམ་གྱི་སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ཤིང་། དངོས་གཞི་ཐེག་པ་ཆེན་པོ་སྟོང་པ་ཉིད་ཀྱི་ལྟ་སྒོམ་གྱིས་ལམ་གྱི་རྩ་བ་ཚུགས་ནས། དེ་དག་ལས་ཁྱད་པར་འཕགས་པའི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་འཇུག་པ་ནི། དོན་ཆེན་པོ་དང་ལྡན་པ་སྟེ། འདུས་པ་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་སོ། །དེ་ལ་འདིར་ཀྲི་ཡོག་གཉིས་དང་ཚུལ་མཐུན་པའི་ཕྱི་ནང་གི་སྒྲུབ་ཐབས་ནི་ཡན་ལག་ཙམ་ཡིན་ལ། ལམ་གྱི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཡིན་ཞིང་དེའི་ལམ་མཐའ་དག་རིམ་པ་གཉིས་སུ་འདུ་བ་ཡིན་ཏེ། འདུས་པ་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་འོ། །ཞེས་གསུངས། དེའང་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྦྱོང་བ་ལ་ཐོག་མར་བསྐྱེད་རིམ་དང་། རླུང་སེམས་མི་ཤིགས་པའི་ཐིག་ལེར་བཅིངས་ཏེ་བདེ་སྟོང་ཟུང་འཇུག་གི་མཆོག་སྒྲུབ་པའི་ཕྱིར་རྫོགས་པའི་རིམ་པ་ལ་འཇུག་དགོས་པས། འདིར་ཡང་སྟོང་ཉིད་སྐྱེ་བ་མེད་པ་དེའི་ངང་ལས་རོལ་པའི་སྣང་ཆ་འགག་མེད་དཀྱིལ་འཁོར་རྣམ་པ་གསུམ་གྱི་ཏིང་ངེ་འཛིན་ལ་འཇུག་པར་གསུངས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ལམ་རིམ་དངོས་ནི། གནས་གཙང་མར་རྗེ་བཙུན་མའི་སྐུ་བརྙན་བྲིས་འབུར་གང་རུང་བཤམས་པའི་མདུན། མཆོད་པའི་མཎྜལ་དང་ཆུ་གཉིས་ཉེར་སྤྱོད་སོགས་གཙང་ཞིང་དག་པའི་མཆོད་པ་ཅི་འབྱོར་བཤམས། རང་ཉིད་ཡན་ལག་ལྔ་ཁྲུས་བྱ། བཟའ་བ་མ་ཡིན་པ་ཤ་ཆང་སྒོག་ཙོང་སྤང་། ཟས་དཀར་གསུམ་ལ་བརྟེན་པ་སོགས་གཙང་སྦྲའི་སྤྱོད་ལམ་ལ་གནས་པས། འཁོར་བ་ལ་ངེས་འབྱུང་དང་སེམས་ཅན་ལ་སྙིང་རྗེའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། རྒྱས་པར་སྤྲོ་ན་མཎྜལ་བཞི་པའི་ཆོ་ག་གཞན་ནས་འབྱུང་བ་དང་མཐུན་པར་བྱ། གཞུང་འདིའི་དངོས་བསྟན་མདོར་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གསལ་བའི་ཐུགས་ཀར་ཟླ་སྟེང་ཏཱཾ་ཡིག་ལྗང་གུ་ལས་འཕྲོས་པའི་འོད་ཟེར་གྱིས། གཡུ་ལོ་བཀོད་པ་སོགས་དག་པའི་ཞིང་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྣམ་འཕྲུལ་ཉི་ཤུ་རྩ་གཅིག་གིས་བསྐོར་བ་དང་། རབ་འབྱམས་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པར་བསམ་ལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། མཎྜལ་རྒྱས་བསྡུས་གང་ལྕོགས་ཕུལ། ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བརྗོད། སླར་འཕགས་མ་གཙོ་འཁོར་རྣམས་ཀྱི་ཕྱག་གཡས་པ་སྐྱབས་སྦྱིན་མཛད་པའི་འོག་ཏུ་རང་དང་བསྲུང་བྱ་རྣམས་ཚུད་ནས་འཇིགས་པ་ཐམས་ཅད་ལས་བསྐྱབ་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་གསུམ་བརྗོད། སླར་ཡང་གཙོ་འཁོར་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། རང་དང་བསྲུང་བྱ་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་བདུན་བརྗོད། མདུན་མཁར་བཞུགས་པའི་རྗེ་བཙུན་མ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ལྷ་དང་བདག་དབྱེར་མེད་དུ་བྱིན་གྱིས་བརླབ་པར་མོས་ལ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་བྱ། མཐར་ལྷ་དང་རང་སེམས་དབྱེར་མི་ཕྱེད་པ་ཆོས་ཉིད་གཉུག་མའི་རང་བབ་ལ་མཉམ་པར་གཞག །བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་ཞག་གསུམ་བདུན་ལ་སོགས་པར་ཡང་ནས་ཡང་དུ་འབད་པས་ཕྱི་ནང་གི་བར་ཆད་ཞི་བ་དང་། ཇི་ལྟར་སྨོན་པའི་ལེགས་ཚོགས་མཐའ་དག་འགྲུབ་པར་འགྱུར་ཏེ་ཕྱི་སྒྲུབ་བསྙེན་པའི་རིམ་པས་ཚོགས་གསག་པའོ། །གཉིས་པ་ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་ཚུལ་ནི། གཤོམ་གྱི་བཀོད་པ་དང་། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད། རྣམ་པར་དག་པའི་ཀུན་སློང་རྣམས་གོང་དང་མཚུངས་པས། སྐྱབས་སེམས་ཚོགས་གསོག་གི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ནི། སྐབས་འདིར་སྲུང་བའི་འཁོར་ལོ་སྒོམ་པ་ཙམ་ལ་བྱ་སྟེ། དེའང་ཤཱུནྱ་ཏཱའི་སྔགས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་སྦྱང་། དེའི་ངང་ལས་རང་སེམས་ཀྱི་གདངས་རྩལ་ཏཱཾ་ཡིག་ལྗང་གུ་ནམ་མཁའ་ལ་སྐར་ཆེན་ལྟར་ལྷག་གིས་ཤར་བ་ལས་ཧཱུྃ་གི་སྒྲ་གདངས་ཆེར་གྲགས་པས། སངས་རྒྱས་བྱང་ཆུབ་ཀྱི་ཁམས་སད་ཅིང་བརྟན་པར་བྱས། བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་འོད་ཟེར་གྱི་སྤྲིན་ཆེན་པོ་ལས་རྡོ་རྗེའི་ཆར་དབབ་པས་འོག་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། བར་མཚམས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་མོས་གཏམས་པ་ལ་བསྐལ་པའི་རླུང་ཡང་རྒྱུ་མི་ནུས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་བརྟན་པར་གྱུར་པར་བསྒོམ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། དེའི་དབུས་སུ་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ནམ་མཁའི་ཏཱཾ་ཡིག་བབས། ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ཁམས་སྦྱོང་བ་སོགས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་ཡོངས་སུ་རྫོགས་ཤིང་མཚན་དཔེའི་གཟི་བྱིན་འབར་བ། སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བའི་ཐུགས་ཀར་ཏཱཾ་ཡིག་ལྗང་གུས་མཚན་པར་གསལ་གདབ། ཏཱཾ་ལས་ཏཱཾ་ཡིག་བརྒྱད་ཕྱོགས་བཞི་དང་མཚམས་ཀྱི་པད་འདབ་རྣམས་སུ་སྤྲོས། དེ་རྣམས་ལས་འོད་ཟེར་འཕྲོས་པས། སེམས་ཅན་རྣམས་ཀྱི་གནས་སྐབས་ཕྱིའི་འཇིགས་པ་བརྒྱད་དང་མཐར་ཐུག་ནང་གི་འཇིགས་པ་བརྒྱད་ཉོན་མོངས་པའི་ཚོགས་ཞི་བར་བྱས་ནས་འཕགས་མའི་གོ་འཕང་ལ་བཀོད། ཚུར་འདུས་པ་ལས་ཤར་གྱི་འདབ་མར་སེང་གེའི་འཇིགས་པ་སྐྱོབ་པའི་སྒྲོལ་མ་ནས་བརྩམ་སྟེ་གཡས་སྐོར་གྱིས་འཇིགས་བརྒྱད་སྐྱོབ་པའི་སྒྲོལ་མ་རྣམས་དང་། གྲུ་ཆད་བཞིའི་ནང་མ་ལ་སྒེག་མོ་ཕྲེང་བ་གླུ་མ་གར་མ་བཞི། ཕྱི་མ་ལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་བཞི། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ལྷ་མོ་བཞི་རྣམས་རང་རང་གི་ཉམས་འགྱུར་རྒྱན་ཆ་ལུགས་ཕྱག་མཚན་རྣམས་ཡོངས་སུ་རྫོགས་པ་ཟབ་གསལ་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་གསལ་གདབ་པ་ནི་བརྟེན་པ་ལྷ་བསྒོམ་པའོ། །དེ་ལྟ་བུའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་གསལ་ཞིང་འོད་ཟེར་འབར་བས་རྒྱས་བཏབ་པར་བསྒོམ། གསུམ་པ་ལས་རྒྱལ་མཆོག་ནི། ཐམས་ཅད་ཀྱི་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ་སྤྱན་འདྲེན་གྱི་སྔགས་ཚིག་དང་། ཕྱག་རྒྱ་བཞིའི་སྔགས་རྒྱས་དབྱེར་མེད་དུ་བྱ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས། བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་བསམ། རང་ལས་སྤྲུལ་པའི་ལྷ་མོ་ནམ་མཁའ་གང་བ་ཐམས་ཅད་ཀྱིས་ཕྱག་འཚལ། སྒེག་སོགས་བརྒྱད་ཀྱིས་མཆོད་པ་ཕུལ། བསྟོད་པའི་རྒྱལ་པོ་སྙན་པའི་དབྱངས་ཀྱིས་གླུར་བླངས་ནས་བསྟོད་ཅིང་ལྷ་མོ་རྣམས་སླར་རང་ལ་ཐིམ་པར་བསམ་ལ། ཇི་སྲིད་མི་སྐྱོའི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རེ་རེ་ནས་གསལ་གདབ་ལ་ལྷར་སྣང་གི་ཏིང་ངེ་འཛིན་བརྟན་པོར་བསྒྲུབ་པར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་གྲུབ་ནས་བཟླས་པ་ལ་འཇུག་པ་ན། གཙོ་མོའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར་ཡི་གེ་བཅུ་པའི་སྔགས་ཕྲེང་མརྒད་ཞུན་མའི་མདངས་ཅན་གཡས་སྐོར་གསལ་ཞིང་འཚེར་ལ་འོད་ཟེར་འབར་བ་གསལ་བཏབ། དེ་ལ་སེམས་ཟིན་ནས་བཟླས་པ་བྱས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྐུ་དང་སྔགས་ཕྲེང་འོད་ཟེར་གྱི་ཚོགས་ནམ་མཁའི་ཁམས་གང་བ་འཕྲོས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས་འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལ་མངའ་དབང་བརྙེས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་ཐོབ་པར་བསམ་ལ་ཡི་གེ་བཅུ་པ་བཟླས་པའི་སྐྱོན་དང་བྲལ་བ་རྒྱུན་མི་འཆད་པར་བཟླས། ཡིད་གཞན་དུ་མ་ཡེངས་པར་ལྷ་སྔགས་འོད་ཟེར་གྱི་སྤྲོ་བསྡུ་རྣམས་ལ་སེམས་རྩེ་གཅིག་ཏུ་འཛིན། དེ་ཐམས་ཅད་ཀྱང་རང་སེམས་སྟོང་ཉིད་ཀྱི་རང་རྩལ་ལས་ཤར་ཀྱང་བདེན་དངོས་སུ་གྲུབ་པ་མེད་པའི་གསལ་སྟོང་ཟུང་འཇུག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བ་དང་མ་བྲལ་བ་བྱ། རྩ་བའི་བསྙེན་པ་གྲུབ་ནས་ལས་སྔགས་བཟླ་བའི་ཚེ། གཙོ་མོའི་ཐུགས་ལས་འོད་ཟེར་འཕྲོས་འཁོར་གྱི་སྒྲོལ་མ་བརྒྱད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སོ་སོའི་སྐུ་ལས་རང་འདྲ་བའི་སྐུ་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གཞན་རྣམས་ལ་བར་དུ་གཅོད་པའི་མེ་ཆུ་ལ་སོགས་པ་ཕྱིའི་འཇིགས་པ་དང་། དུག་ལྔ་དང་སེར་སྣ་ཐེ་ཚོམ་ལོག་ལྟ་སོགས་ནང་ཉོན་མོངས་ཀྱི་འཇིགས་པའི་ཚོགས་མ་ལུས་པ་བསལ། གནས་སྐབས་མཐར་ཐུག་གི་འདོད་དོན་ཡིད་བཞིན་དུ་འགྲུབ་པར་བསམ། བཟླས་པའི་གྲངས་རྩ་སྔགས་འབུམ་ཕྲག་བཅུ་དང་ལས་སྔགས་ཁྲི་ཕྲག་བཞི་ཡིན་ལ། དུས་ཀྱི་དབང་དུ་བྱས་ན། གཞུང་ལས། བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ བར་ཆད་ཞི་ཞིང་ལེགས་ཚོགས་རྒྱས༔ རྩེ་གཅིག་ཉམས་བླངས་ཟབ་གསལ་གཉིས༔ དབྱེར་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ཅེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ལྟར་རོ། །བཟླས་པ་གྲུབ་པའི་ཐུན་མཐར་མཆོད་བསྟོད་བྱ། སྔགས་དམིགས་ཙམ་མམ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་གནས་སྐབས་མཐར་ཐུག་གི་འཇིགས་པ་ཐམས་ཅད་བསལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་བར་མཛད་དུ་གསོལ། ཞེས་པས་དངོས་གྲུབ་བླང་། ནོངས་པ་བཟོད་གསོལ་བྱ་ཞིང་ཡེ་ཤེས་པ་གཤེགས། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་གྱི་ངང་དུ་བསྡུ། སླར་ཡང་འཕགས་མའི་སྐུ་སྒྱུ་མ་ལྟ་བུར་ལྡངས་ལ་བསྔོ་སྨོན་དང་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་གྲངས་དུས་གང་རུང་གི་བཟླས་པ་ཐེམས་ནས་མདུན་བསྐྱེད་སྒྲུབ་མཆོད་སྤྲོ་ན། དཀྱིལ་འཁོར་མཆོད་པའི་རིགས་རྒྱས་པར་བཤམས། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་མདུན་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲངས་པ་སོགས་བདག་བསྐྱེད་ཇི་ལྟ་བ་ལ། མཆོད་བསྟོད་རྒྱས་པར་བྱ། བཟླས་པ་ཇི་ཙམ་འགྲུབ་པས་ཐུགས་རྒྱུད་བསྐུལ། བདག་ཉིད་འཇུག་ཅིང་དབང་བླངས་ལ་རྗེས་ཆོག་གི་རིམ་པ་རྣམས་བྱ་སྟེ་འདི་ལ་དུས་གྲངས་ཀྱི་ཚད་ངེས་པ་མེད་དོ། །དེ་དག་གིས་ནང་ལྟར་རྒྱུད་ལ་ཡེ་ཤེས་པའི་བྱིན་དབབ་ཅིང་སྒྲུབ་པའི་རིམ་པ་གྲུབ་བོ། །གསུམ་པ་གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པ་ལ་གཉིས། ཁྱད་པར་གྱི་སྔོན་འགྲོ །དངོས་གཞི་རྣལ་འབྱོར་གྱི་རིམ་པའོ། །དང་པོ་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་སྔར་ལམ་རིམ་སྐབས་སུ་བཤད་པ་ལྟར་བྱ། སྡིག་སྒྲིབ་སྦྱོང་བྱེད་དོན་ཡོད་རྡོ་རྗེའི་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་སྟེང༔ བླ་མ་དོན་ཡོད་གྲུབ་པ་ལྗང༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ རང་འདྲའི་སྒྲོལ་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ མཚན་དཔེའི་གཟི་འབར་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བདུད་རྩིའི་རྒྱུན་བབས་པ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་སྐྱེས་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱ་པྲ་ཛྙཱ་དྷྲིཀ྄་ཏཱཾ་བཛྲ་རཱ་ཏི་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་འབུམ་ཕྲག་ལ་སོགས་པ་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་འཇོག་པའི་ཚེ། མགོན་པོ་བདག་ནི་སོགས་བཤགས་སྡོམ་སྤྱི་ལྟར་བྱས་པས་སྡིག་ལྟུང་དག་པའི་གནང་བ་བསྩལ། བླ་མ་དོན་ཡོད་གྲུབ་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་གཞག །དེ་ནས་བླ་མའི་རྣལ་འབྱོར་ལ་བསྟེན་ནས་ཚོགས་གསག་ཅིང་བྱིན་རླབས་ཞུ་བ་ལ་རྟེན་བསྐྱེད་པ་ནི། ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ པད་དཀར་ཟླ་བ་རྒྱས་པའི་དབུས༔ བླ་མ་རྗེ་བཙུན་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རང་བཞིན་ཡོངས་གྲུབ་ངང་དུ་གསལ༔ ཞེས་པས་གསལ་བཏབ། མཆོད་པའི་མཎྜལ་ལག་ཏུ་བླངས་ལ་ཚོམ་བུ་བདུན་མའམ་སོ་བདུན་མ་སོགས་བཀོད་ཅིང་འབུལ་བའི་ལག་ལེན་སྤྱི་ལྟར་བྱ་བ་དང། ཨོཾ་ཨཱཿཧཱུྃ། ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པས་གྲངས་ཅི་ནུས་སུ་འབུལ། གསོལ་བ་འདེབས་པ་ནི་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ། ཀྱེ་ཀྱེ་བླ་མ་རྗེ་བཙུན་མར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཏཱ་རེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཅི་ནུས་བརྗོད་ལ་མཐར་དབང་བཞི་ལེན་པ་ནི། བླ་མ་རྗེ་བཙུན་སྒྲོལ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དབང་བཞི་བླངས་པའི་མཐར། སླར་ཡང་མོས་གུས་དྲག་ཏུ་བྱས་པས་བླ་མ་རྗེ་བཙུན་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་རོ་མཉམ་དུ་གྱུར་པར་མོས་ལ་སེམས་རང་བབས་ཀྱི་ངོ་བོ་བསྐྱང་ལ་འོད་གསལ་གཉུག་མའི་ངང་དུ་ཅི་གནས་སུ་མཉམ་པར་གཞག །དེ་དག་ནི་ཁྱད་པར་གྱི་སྔོན་དུ་འགྲོ་བའོ། །གཉིས་པ་གསང་བ་སྒྲུབ་པ་ཆེན་པོའི་ལམ་རིམ་དངོས་འཆད་པ་ལ་བཞི། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པའོ། །དང་པོ་ལ་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་གསུམ་ཡོད་པའི། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ནི། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའོ་སྙམ་དུ་བསྒོམས་པ་ནི་དེ་བཞིན་ཉིད་སྟོང་པ་ཆེན་པོའོ། །གནས་ལུགས་དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ཐམས་ཅད་གཞི་མེད་པ་ལས་ཀུན་བརྟགས་ཀྱི་འཁྲུལ་པ་གློ་བུར་དུ་བྱུང་ནས་འཁོར་བའི་གནས་སུ་སྡུག་བསྔལ་མི་བཟོད་པ་མྱོང་བ་སྙིང་རེ་རྗེ་སྙམ་པ་ནི་སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའོ། །སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཏཱཾ་ལྗང་གུ་འོད་འབར་བ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཤར་བ་བཞིན། སྐད་ཅིག་གིས་བཀྲ་ལམ་མེར་གསལ་བ་ནི་ཐམས་ཅད་སྐྱེད་བྱེད་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ནས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཏཱཾ་ཡིག་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་རྣམས་བྱུང་བས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱང་། ཏཱཾ་ཡིག་གི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པའི་སྲུང་འཁོར་ནང་དུ་ཏཱཾ་ལས་བྷྲཱུྃ་ཡིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་བཀོད་བྱང་ཆུབ་ཕྱོགས་ཆོས་ཀྱི་བརྡ་དོན་རྟགས་སུ་སྣང་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབུས་ཀྱི་ཟེའུ་འབྲུ་དང་ཕྱོགས་བཞིའི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། སྒོ་བཞི་ལ་པདྨ་དང་ཉི་མའི་གདན་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་རྒྱུ་ཡི་ས་བོན་ཏཱཾ་ཡིག་ཞུགས། ཡོངས་སུ་གྱུར་པ་ལས་ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བསལ་ནས་སྒྲོལ་མའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ །ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཀྱིས་སྒེག་པ། དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང་ལྷག་མ་སིལ་བུར་འཕྱང་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱི་བར་ན་ཨུཏྤལ་སྔོན་པོའི་སྡོང་བུ་བསྣམས་པའི་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་འགྱིང་བག་གི་ཚུལ་དུ་བཞུགས་པའི་པང་དུ། རང་འོད་ཀྱི་ཡབ་རྡོ་རྗེ་རྟ་མཆོག་ཅུང་ཟད་ཁྲོས་ཤིང་ཆགས་པའི་ཉམས་ཅན་རལ་གྲི་དང་དྲིལ་བུ་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་ཞིང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པར་གསལ་བཏབ། དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡི་གེ་ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ་རྣམས་ཕྱོགས་བཞིའི་གདན་སྟེང་འཕྲོས། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང་ག་ཞི་བའི་ཉམས་ཅན། གཡོན་ཨུཏྤལ་སྔོན་པོ་རྡོ་རྗེས་མཚན་པ་བསྣམས་པ། ལྷོར་རིན་ཆེན་སྒྲོལ་མ་གསེར་མདོག་སྒེག་པའི་ཉམས་ཅན། གཡོན་ཨུཏྤལ་སེར་པོ་རིན་པོ་ཆེས་མཚན་པ་བསྣམས་པ། ནུབ་ཏུ་པདྨའི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན། གཡོན་ཨུཏྤལ་དམར་པོ་ལྕགས་ཀྱུས་མཚན་པ་བསྣམས་པ། བྱང་དུ་ལས་ཀྱི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན། གཡོན་ཨུཏྤལ་ནག་པོ་རལ་གྲིས་མཚན་པ་བསྣམས་པ། གཞི་ཀ་ཕྱག་གཡས་མཆོག་སྦྱིན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་ཕྱེད་སྐྱིལ་གྱིས་བཞུགས་པ། སླར་ཡང་སྦྱོར་མཚམས་བྱང་སེམས་ལས་ཡིག་འབྲུ་ཛཿཧཱུྃ་བཾ་ཧོཿབཞི་འཕྲོས་པ་ལས་ཤར་སྒོར་ལྕགས་ཀྱུ་སྒྲོལ་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་སྒྲོལ་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་ལྕགས་སྒྲོག་སྒྲོལ་མ་དམར་མོ་གཡས་ལྕགས་སྒྲོག །བྱང་སྒོར་དྲིལ་བུ་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ། གཡོན་རྣམས་ཨུཏྤལ་བསྣམས་པ། ཞི་འཛུམ་ཁྲོས་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གྱིས་གར་སྟབས་ཅན། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་པའི་ངོ་བོར་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་གསལ་གདབ་པའི་རིམ་པའོ། །དེ་ལྟར་སྦྱང་གཞི་ཐ་མལ་གྱི་སྣོད་དང་བཅུད་དུ་སྣང་བ་ལ་སྦྱོང་བྱེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆ་ཚང་བ་བསྒོམས་པས་སྣང་ཞེན་ལྷ་རུ་དག་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་ཐིངས་པར་འགྱུར་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་དེ་དག་ཀྱང་གསལ་བརྟན་དག་གསུམ་གྱི་མཚན་ཉིད་ཚང་བས་ལེགས་པར་བསྒྲུབ་པར་བྱ་དགོས་ཏེ། དེ་ལ་རྣམ་པ་གསལ་བ་ནི། ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐུན་བཞི་ལ་སོགས་པར་བསྒོམ་ཞིང་སྒྲུབ་ཐབས་དང་སྦྲེལ་བའི་ཚེ་སྦྱོར་བ་ཚོགས་གསག་ནས་གཟུང་། དངོས་གཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བསྟིམ། ཕྱག་མཆོད་བསྟོད་པས་བསྐྱེད་པ་རྣམས་ཚིག་རྐྱང་དུ་མ་སོང་བར་རེ་རེ་བཞིན་གསལ་སྣང་འདོན། སླར་གཙོ་མོའི་དབུ་ནས་གདན་གྱི་བར་མས་རིམ་དང་། གདན་ནས་དབུའི་བར་ཡས་རིམ་དུ་ཞལ་ཕྱག་ཁ་དོག་རྒྱན་ཆ་ལུགས་ཉམས་འགྱུར་རེ་རེ་བཞིན་གསལ་འདེབས། མཐར་སྐུ་ཡོངས་རྫོགས་གཅིག་ཅར་དུ་གསལ་འདེབས་ཤིང་སེམས་གཟུང་། དེ་ལ་གསལ་སྣང་སྐྱེས་ནས་འཁོར་རྣམས་རེ་རེ་བཞིན་གསལ་འདེབས། དེ་ནས་ཕྱི་རོལ་གཞལ་ཡས་ཁང་ཁོར་ཡུག་རྡོར་རྭ་མེ་རིའི་བར་དུ་གསལ་འདེབས། རེས་ཕྱི་རོལ་ནས་གཞལ་ཡས་ཁང་། འཁོར་གྱི་ལྷ། གཙོ་མོའི་བར་དུ་ནང་ལ་རིམ་གྱིས་གསལ་གདབ། གང་ལའང་སེམས་བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མི་བཏང་བར་བསྒོམ་བྱ་ལ་རྩེ་གཅིག་བར་མ་ཆད་པར་ཐོག་མར་ཡུན་ཐུང་ལ་གྲངས་མང་བ་དང་། རིམ་པར་ཡུན་ཇེ་རིང་ཐུན་རེའི་མགོ་མཇུག་འཁྱོངས་ནུས་པར་བྱས་ཏེ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་དུ་མ་གཅིག་ཅར་དུ་གསལ་བ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་བཀྲ་ལམ་མེར་འཆར་བ་ལ་བསླབ་བོ། །ང་རྒྱལ་བརྟན་པ་ནི། རྟེན་བརྟེན་པ་གང་ལའང་རྣམ་པ་གསལ་བཏབ་པའི་འོག་ཏུ་འབྲས་དུས་ཀྱི་དེ་དང་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་བསྐྱེད་ནས་གསལ་སྣང་དང་ང་རྒྱལ་གཉིས་ཡ་བྲལ་དུ་མ་སོང་བ་རང་བཞིན་རོ་མཉམ་དུ་སྐྱེ་བར་བྱ། དེའང་ཐ་མལ་གྱི་ངར་འཛིན་ཕུང་ཁམས་མིང་ལ་སོགས་པའི་རྟོག་པ་སྤངས་ནས་ལྷ་སྐུའི་རྣམ་པ་གསལ་རུང་མི་གསལ་རུང་། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་རྗེ་བཙུན་དམ་ཚིག་སྒྲོལ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་རང་ལ་ཡེ་ནས་ཡོད་པས་དེ་ཉིད་དངོས་ཡིན་ནོ་སྙམ་པ་དང་། རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་ངའོ་སྙམ་པ་བཅོས་མིན་དུ་མ་སྐྱེས་བར་བསྒོམས་ནས་ཐ་མལ་གྱི་ཞེན་པ་འགོག་ནུས་པར་བྱའོ། །རྣམ་དག་དྲན་པ་ལ། རྟགས་ཀྱི་དག་པ་དང་། དོན་གྱི་དག་པ་དྲན་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པས་ཕྱག་གཉིས་པ། ཞི་བའི་མཐའ་ལ་མི་གནས་པས་ཞབས་གཡས་བརྐྱང་ཞིང་སྲིད་པ་ལས་འདས་པས་གཡོན་བསྐུམ་པ། བྱ་བ་གྲུབ་པའི་ཡེ་ཤེས་རིགས་ཀྱི་གཙོ་མོར་བཞེངས་པས་སྐུ་མདོག་ལྗང་གུ། འགྲོ་ལ་རྗེས་སུ་བརྩེ་བས་ཞི་འཛུམ་ཆགས་པའི་ཉམས་ཅན། སྒྲུབ་ལ་དངོས་གྲུབ་སྟེར་བས་ཕྱག་གཡས་མཆོག་སྦྱིན་དང་། འགྲོ་ལ་མི་འཇིགས་སྦྱིན་པས་གཡོན་སྐྱབས་སྦྱིན་མཛད་པ། ཕྲིན་ལས་ཐོགས་པ་མེད་པས་ཨུཏྤལ་སྔོན་པོ་བསྣམས་པ། དགེ་བའི་ཆོས་ཡོངས་སུ་རྫོགས་ཤིང་གཞན་དག་རྗེས་སུ་འཛིན་པས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་ཤིང་ལྷག་མ་ཐུར་དུ་འཕྱངས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བས་དར་གྱི་སྟོད་གཡོགས་སྨད་དཀྲིས། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས་རིན་པོ་ཆེ་དང་། ཕ་རོལ་ཕྱིན་དྲུག་རྫོགས་པས་རུས་པའི་རྒྱན་གྱིས་སྤྲས་པ། ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྣང་ཆ་ཟུང་དུ་འཇུག་པས་རང་འོད་ཀྱི་ཡབ་རྡོ་རྗེ་རྟའི་རྒྱལ་པོ་དང་མཉམ་པར་སྦྱོར་བ། ཡེ་ཤེས་རྣམ་པ་བཞིའི་རང་གཟུགས་འཁོར་གྱི་ལྷ་མོ་བཞི། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་སྒོ་མ་བཞི་རྣམས་དང་། གཞལ་ཡས་ཁང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལ་སོགས་པའི་བརྡ་དོན་རྟགས་ཀྱི་རྣམ་པར་ཤར་བ། མཚན་མའི་རྟོག་པས་མི་ཕྱེད་པའི་རྡོ་རྗེའི་རྭ་བ། རྣམ་རྟོག་གི་བག་ཆགས་གཞོམ་པའི་མེ་ཕུང་གིས་བསྐོར་བ་སོགས་སོ་སོ་ནས་དྲན་པས་རང་རྒྱུད་པར་འཛིན་པའི་ཞེན་པ་བཟློག་པར་བྱའོ། །འདིར་ལས་དང་པོ་པ་སེམས་རྣལ་དུ་མི་གནས་པས་དེ་ཙམ་མི་ནུས་ན་ལྷའི་གསལ་སྣང་ཐེབས་ནས། འདི་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐུགས་རྗེའི་མཛད་ཕྲིན་རྨད་དུ་བྱུང་བ་རྣམས། མཚོན་བྱེད་བརྡ་དང་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་གུས་སྦྱངས་པས་ལས་བྱང་མོས་སློབ་ཀྱི་དག་དྲན་རྗེས་སུ་མཐུན་པར་འགྱུར་རོ། །གཉིས་པ་དོན་གྱི་དག་པ་དྲན་པ་ནི། དེ་ལྟར་བསྒོམས་པའི་དཀྱིལ་འཁོར་པ་དེ་དག་གདོས་བཅས་ཨ་འཐས་སུ་ནམ་ཡང་མི་བསྒོམ་པ་མ་ཟད་ཐ་མལ་རང་སྣང་ཙམ་གྱི་ཞེན་པས་ཀྱང་མི་འཆིང་བར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པ། སེམས་ཉིད་སྟོང་པ་ལྷ་སྐུའི་རྣམ་པར་ཤར། ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་པར་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་ཤེས་དགོས་ཏེ། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་དོན་ལྟར་ཤེས་པར་བྱའོ། །དེ་ལྟར་གསལ་བརྟན་དག་གསུམ་གྱིས་བསྒྲུབས་པའི་བསྐྱེད་རིམ་ལ་ཡུན་རིང་དུ་གོམས་པས་ཡུལ་གསུམ་ལ་གསལ་སྣང་རིམ་པར་ཐོབ་ནས། མཐར་གསལ་བའི་ཚད་བཞི་དང་བརྟན་པའི་ཚད་བཞི་གྱད་དུ་གྱུར་ཏེ་ཐ་མལ་གྱི་སྣང་ཞེན་འགོག་ནུས་པའི་གསལ་བ་རབ་ཀྱི་མཐར་སོན་པ་ན་བསྐྱེད་རིམ་ཚད་དུ་ཕྱིན་པའོ། །གཉིས་པ་བཟླས་པའི་རྣལ་འབྱོར་ནི། གསུང་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་པས་རྒྱུ་སྔགས་བསྒྲུབས་པས་འབྲས་བུ་ཡེ་ཤེས་ཀྱི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་ཡིན་པ་དང་། ཇི་སྐད་དུ། བསྐྱེད་རིམ་མེ་དང་འདྲ་བ་ལ༔ བཟླས་བརྗོད་རླུང་དང་འདྲ་བས་བསྐུལ༔ ཅེས་པ་ལྟར་བསྒོམས་པའི་ནུས་པ་མྱུར་དུ་འབྱིན་པར་བྱེད་པ་བཟླས་པའི་རིམ་པ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཟླས་པའོ། །དང་པོ་སྒྲིབ་པ་སྦྱོང་བྱེད་སྐུའི་བཟླས་པའི་བསྒོམ་བྱའི་ཏིང་འཛིན་ནི། རང་ཉིད་དམ་ཚིག་སྒྲོལ་མའི་ཐུགས་ཀར་ཡེ་ཤེས་སེམས་མ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཞབས་གར་སྟབས་པད་ཉི་ལ་འགྱིང་བ། དེའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཏིང་འཛིན་སེམས་དཔའ་ཏཱཾ་ཡིག་ལྗང་གུ །དེའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ་རྣམས་དྭངས་པའི་ཤེལ་ལ་ཉི་ཟེར་ཕོག་པ་ལྟར་ཤིན་ཏུ་གསལ་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཁྲ་གསལ་གྱིས་ཁྱབ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མུན་ཁང་ལ་ཉི་མ་ཤར་བ་ལྟར་སྐད་ཅིག་གིས་བྱང་བར་མོས་ལ་སྐུའི་བཟླས་པ་བྱ། གཉིས་པ་བྱིན་རླབས་འབེབ་བྱེད་གསུང་གི་བཟླས་པ་ལ་དམིགས་པའི་གཞི་སྔར་ལྟར་ལས། བཟླ་བྱའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་པར་བྱས། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཆོག་ཐུན་མོང་གི་དངོས་གྲུབ། ཡེ་ཤེས་རྣམ་པ་ལྔའི་དབྱིག་ཐམས་ཅད་འོད་དང་ཐིག་ལེའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ལ་གསུང་གི་བཟླས་པ་བྱ། གསུམ་པ་བདེ་ཆེན་སྐུལ་བྱེད་ཐུགས་ཀྱི་བཟླས་པ་ནི། ཐུགས་སྲོག་ཏཱཾ་ཡིག་གི་ནཱ་ད་ལས་སྔགས་ཀྱི་ཕྲེང་བ་བར་མ་ཆད་པ་བྱུང་། གཙོ་མོའི་ཞལ་ནས་ཡབ་ཀྱི་ཞལ་དུ་སོང་། གསང་བའི་རྡོ་རྗེ་ནས་ཡུམ་གྱི་མཁར་བརྒྱུད། ཐུགས་སྲོག་ལ་ཐིམ། དེ་ལྟ་བུ་མགལ་མེའི་འཁོར་ལོ་བཞིན་བར་མ་ཆད་པར་འཁོར་བས་ཡབ་ཡུམ་གཉིས་ཀྱི་རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བསམ་ལ་ཐུགས་ཀྱི་སྔགས་བཟླ། སྔགས་དེ་གསུམ་གྱི་གྲངས་ཚད་ནི་འབུམ་ཕྲག་རེ་ཡིན་པར་བཤད། བཞི་པ་དཀྱིལ་འཁོར་ཡོངས་རྫོགས་ཡོན་ཏན་གྱི་བཟླས་པ་ནི། ས་བོན་ལ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་དང་། རང་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་པ། གསུང་ལས་སྔགས་ཀྱི་ཕྲེང་བ། ཐུགས་ལས་ཕྱག་མཚན། འོད་ཟེར་སྣ་ལྔའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་ནམ་མཁའི་ཁམས་གང་བ་འཕྲོས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ་བླ་ན་མེད་པའི་མཆོད་པར་གྱུར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བྱས། ཐམས་ཅད་ཚུར་འདུས་རང་ལ་ཐིམ་པར་དམིགས་ལ་ཡོན་ཏན་སྔགས་བཟླ་སྟེ་གྲངས་ཚད་འབུམ་ཕྲག་བཞིའོ། །ལྔ་པ་ཕྲིན་ལས་མཐའ་རུ་དབྱུང་བའི་བཟླས་པ་ནི། གོང་མ་རྣམས་ཚད་དུ་འཁྱོལ་ནས། ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་ཁ་ལྟེ་བའི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་སེར་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀུན་ནས་ཁྱབ། སེམས་ཅན་རྣམས་ཀྱི་སྒོ་གསུམ་ལ་འཚེ་བའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་བསམ་ལ་གཟུངས་ཀྱི་རིག་པ་ཁྲི་ཕྲག་བཞི་བཟླ། ཐུན་མཐར་མཆོད་ཅིང་བསྟོད་པའི་རྒྱུད་ཀྱི་རྒྱལ་པོས་གཞི་བསྟོད་བྱའོ། །གསུམ་པ་རྫོགས་པའི་རྣལ་འབྱོར་ནི། བསྐྱེད་པའི་རིམ་པས་རྟག་པ་ཅན་དུ་ཞེན་པའི་མཐའ་བསལ་བའི་ཕྱིར་ཐུན་མཇུག་རྣམས་སུ་སྟོང་ཉིད་དུ་བསྡུ་བར་བྱ་སྟེ། གཙོ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་དག་པའི་འཁོར་ལོར་གྱུར། དེ་ཐམས་ཅད་འདུས་ནས་མེ་རི་རྡོར་རྭ་གཞལ་ཡས་ཁང་ལ་རིམ་གྱིས་བསྡུ། གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་མོ་ལ་ཐིམ། ཡབ་ཀྱང་ཡུམ་ལ་ཐིམ། དེའང་དབུ་ཞབས་ནས་རིམ་གྱིས་འདུས་ཏེ་ཐུགས་སྲོག་ཏཱཾ་ལ་ཐིམ། དེ་ཉིད་གྱེན་རྫོགས་སུ་རིམ་གྱིས་ཡལ་ནས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཟུང་། དེ་ཉིད་མི་དམིགས་པར་བསམ་ལ་འོད་གསལ་བའི་དབྱིངས་སུ་མཉམ་པར་གཞག །སླར་དེ་ལས་སྐད་ཅིག་གིས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་འཁོར་ལོ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་ལ་དགེ་བ་བསྔོ་འོ། །གཉིས་པ་རྗེས་སུ་རྣལ་འབྱོར་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལས་འགྱུར་བ་མེད། །དེ་གོམས་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཅེས་གསུངས་པའི་དོན། ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་བརྟན་པར་བྱེད་པ་སྟེང་འོག་གི་སྣ་རྩེའི་ཕྲ་ཐིག་ལས་ཀྱང་ཟབ་པ་འདིར་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་སེམས་འཛིན་པ་སྟོན་ཏེ། རིམ་པ་དང་པོ་བསྐྱེད་པའི་གསལ་སྣང་མཐར་ཕྱིན་ནས་འདི་ལ་འཇུག་པ་ན། ལུས་གནད་རྐང་པ་རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་བཞག །སྒལ་ཚིག་བསྲང་བ་སོགས་གཞན་སྤྱི་ལྟར་བྱས་ལ་དབང་པོ་ལྔའི་བྱེད་ལས་བཅིངས། སེམས་གནད་སྙིང་གའི་དབུས་སུ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་འོད་ཀྱི་གོང་བུ་གསལ་ཞིང་འཚེར་བ་ཡུངས་འབྲུ་འམ་སྲན་མ་ཙམ་གསལ་བཏབ་པ་ལ་སེམས་ཧྲིལ་གྱིས་གཏད། རྣམ་རྟོག་གང་ལའང་མི་འཕྲོ་བར་དམིགས་པ་དེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་ཟིན་པས་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱང་རིམ་གྱིས་འཆར་བར་འགྱུར། དེ་ལ་གོམས་པ་བརྟན་ནས་སྙིང་གའི་ཐིག་ལེའི་རྣམ་པ་ཡིད་ལ་མི་བྱེད་པར། སེམས་ཉིད་གཤིས་ཀྱི་གནས་ལུགས་རང་བབས་གཉུག་མའི་ངང་དུ་སྤང་བླང་རེ་དོགས་སྤྲོ་བསྡུ་ལ་སོགས་པའི་ཡིད་བྱེད་ཐམས་ཅད་དང་བྲལ་བར་ཅི་གནས་སུ་བཞག་ལ་རྒྱུན་བསྐྱང་ངོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ལ་གཉིས། དངོས་དང་བོགས་འདོན་ནོ། །དང་པོ་ནི། གོང་གི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་ཡེ་ཤེས་ཅུང་ཟད་སྐྱེས་པ་ན། ཐོག་མར་རླུང་སྦྱང་བར་བྱ་སྟེ། ལུས་གནད་ཆོས་བདུན་བཅའ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ། སྣ་བུག་གཉིས་ནས་རླུང་ཕྱིར་འགྲོ་བ་དང་། ནང་དུ་ཞུགས་པ་དང་། ཁོང་པར་གནས་པ་གསུམ་ལ་ཆེད་དུ་རྩོལ་བ་མ་ཡིན་པའི་རང་བབས་ཀྱི་རྒྱུ་བ་ལ་སེམས་གཏད་ཅིང་ནང་དུ་རང་བཞིན་གྱིས་གནས་ཡུན་རིང་བ་དང་། རྒྱུ་བ་གསལ་བ་སོགས་རྟགས་མ་བྱུང་གི་བར་དུ་བགྲང་སྟེ་རྡོ་རྗེའི་བཟླས་པས་རླུང་ལམ་ལེགས་པར་འབྱངས་པར་བྱ། དེ་ནས་རང་ཉིད་གཙོ་མོར་གསལ་བའི་སྟོང་རའི་ནང་དུ་རྩའི་གཙོ་མོ་གསུམ་དང་སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་རྣམས་དང་བཅས་པ་སྤྱི་ལྟར་གསལ་གདབ་ལ་རླུང་རོ་དགུ་ཕྲུགས་འབུད། སྟེང་རླུང་རྔུབ། འོག་རླུང་འཐེན། ལྟེ་བར་ཁ་སྦྱར་བའི་བུམ་ཅན་གཟུང་། སྣ་རྩེའི་ཐད་ཀྱི་སོར་བཅུ་དྲུག་པའི་ནམ་མཁའ་ནས་འོད་ཟེར་ལྔའི་རྣམ་པའི་རླུང་ཚུར་བྱུང་། སྣ་བུག་གཡས་གཡོན་གཉིས་ནས་རོ་རྐྱང་བརྒྱུད་དེ་སོང་། ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་ཏེ་ཡལ་བར་བསམ། དབུ་མའི་ནམ་མཁར་སེམས་གཏད། མཚམས་སུ་གཞིལ་བ་དང་མི་ཐུབ་པ་ན་སང་གིས་འབུད་ཅིང་འཕང་བ་སྟེ་སྦྱོར་བ་བཞི་ལྡན་གྱི་རླུང་བུམ་ཅན་རབ་ཀྱི་ཚད་དུ་ཕྱིན་པ་སྦྱང་ངོ་། །དེ་དག་གིས་སྔོན་འགྲོ་རྩ་རླུང་ལས་སུ་རུང་བར་བྱས་ནས་དངོས་གཞི་ཕོ་ཉའི་ལམ་ཉམས་སུ་ལེན་པ་ཁོ་ན་གསུངས་ཀྱང་། འདི་ལ་ཐོག་མར་རང་ལུས་ཐབས་ལྡན་ལེགས་པར་འབྱངས་དགོས་པ་དང་། དེང་སང་གང་ཟག་སྤྱི་ཁྱབ་རྣམས་ཀྱིས་གཞན་ལུས་ཉམས་སུ་མི་ལོན་པས་རང་ལུས་ལ་བརྟེན་པའི་ཐབས་ལམ་མདོར་བསྡུས་པ་ནི། རང་ཉིད་དོན་གྲུབ་རྡོ་རྗེ་རྟའི་རྒྱལ་པོ་དང་མདུན་དུ་ཡིད་ཆགས་སུ་རུང་བའི་བུ་མོ་དམ་ཚིག་སྒྲོལ་མར་གསལ་བཏབ། འདོད་ཆགས་ཀྱི་སྒྱུ་རྩལ་རྣམས་བྱས་པར་བསམ་ལ་ཆགས་པ་སྐྱེས་པ་ན། རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་ཅིང་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་བཞི་པ་ཟེའུ་འབྲུ་ཨཱཿས་མཚན་པ་གསལ། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་ལ་སེམས་ཅན་ཐམས་ཅད་ཀྱང་འགྱུར་མེད་བདེ་ཆེན་རྡོ་རྗེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་གཡོ་བ་དགའ་བ། མགྲིན་པར་བབས་པ་མཆོག་དགའ། སྙིང་གར་ཁྱད་པར་གྱི་དགའ་བ། ལྟེ་བར་དགའ་བྲལ་རྣམས་རེ་རེ་བཞིན་བདེ་བའི་རང་ངོ་ལ་བལྟས་ཏེ་མཉམ་པར་གཞག་བཞིན་དལ་བུས་དབབ། ལས་དང་པོས་འཁོར་ལོ་སྔ་མ་རྣམས་ནས་གྱེན་དུ་ལྡོག་ཅིང་བདེ་བ་ཡལ་ན་སླར་དབབ་པ་སོགས་བྱ། གོམ་པ་བརྟན་ནས་རྡོ་རྗེ་ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང་། རླུང་གི་གནད་དང་དམིགས་པ་འཕྲུལ་འཁོར་གྱི་སྟོབས་ཀྱིས་ཐིག་ལེ་ཕྱིར་མི་འཕོ་བར་བཟུང་ཞིང་གྱེན་དུ་རིམ་པར་ལྡོག་ལ་མས་བརྟན་གྱི་དགའ་བ་བཞི་ངོས་གཟུང་། སེང་གེ་རྣམ་རོལ་ལ་སོགས་པས་ཐིག་ལེ་ལུས་ཐམས་ཅད་ལ་ཁྱབ་པར་བཀྲམ་ཞིང་ཟག་མེད་ཡེ་ཤེས་ཆེན་པོའི་རང་ངོར་བསྐྱལ་ཏེ་བདེ་སྟོང་ཟུང་འཇུག་གི་ཏིང་འཛིན་ལ་དབང་ཐོབ་པར་བྱའོ། །དེ་ལྟར་རང་ལུས་ལ་གོམས་པ་བརྟན་པའི་རྣལ་འབྱོར་པས་གཞན་ལུས་ཕོ་ཉའི་ལམ་ཉམས་སུ་ལེན་པ་ན། མཚན་ལྡན་གྱི་རིག་མ་བརྟག་འགུགས་སྒྲུབ་ནས་དྲང་ངེས་ལམ་གྱིས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། དངོས་གཞིའི་ཉམས་ལེན་གྱི་རིམ་པ་རང་ལུས་ཐབས་ལྡན་གྱིས་མཚོན་ནས་ཉམས་སུ་བླངས་པས་གྲུབ་བོ། །གཉིས་པ་དེ་ལ་བོགས་འདོན་པ་ནི། བདེ་དྲོད་མི་རྟོག་པའི་ཡེ་ཤེས་གསུམ་པོ་ཟུང་དུ་འཇུག་པའི་ལམ་ལ་བསླབས་པས་འབྲས་བུ་སྐུ་གསུམ་ཟུང་འཇུག་འགྲུབ་པ་རྒྱུད་ཀྱི་དགོངས་པ་ཡིན་པས། ཐབས་ལམ་སྔ་མ་ལ་བདེ་བ་སྐྱེས་ཀྱང་དྲོད་མ་སྐྱེས་ན་གཏུམ་མོའི་རྣལ་འབྱོར་ལ་བརྟེན་དགོས་ཏེ། ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བའི་ལྟེ་འོག་རོ་རྐྱང་གི་འདུས་མདོ་ཙཎྜ་ལཱི་མེའི་རང་བཞིན་ཐིག་ལེའི་རྣམ་པ་ཅན་ཤིན་ཏུ་དམར་བ་ལ་སེམས་གཏད། རླུང་བུམ་ཅན་བཟུང་བས་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟར་མེའི་ཐིག་ལེ་ཤིན་ཏུ་ཚ་ཞིང་མེ་ལྕེ་ཕྲ་མོ་སྤུ་ཉག་ལྟ་བུ་གྱེན་དུ་བྱུང་བས་ལྟེ་བའི་འཁོར་ལོ་དྲོས་པ་ལ་སེམས་གཏད། དྲོད་ཀྱི་སྣེ་རྙེད་པ་དང་དམིགས་པ་བྱང་རིམ་གྱིས་མེ་ལྕེ་ཇེ་རིང་ཇེ་སྦོམ་དུ་འབར་ནས་སྤྱི་བོ་མན་ཆད་དྲོས། མཐར་ལུས་ཐམས་ཅད་ལ་ཁྱབ་པས་ཕྱི་ནང་ཐམས་ཅད་མེའི་ཚ་ངད་ཀྱིས་ཁྱབ་ནས་དྲོ་འུ་རེ་ཡོད་པར་བསྒོམ། འདི་དག་གི་སྐབས་སུ་ལུས་སྦྱོང་གི་འཕྲུལ་འཁོར་གྱི་རིམ་པའང་ཅི་རིགས་པར་བྱའོ། །བཞི་པ་རྣལ་འབྱོར་ཆེན་པོ་ལ་བརྟེན་ནས་མི་རྟོག་པ་ལ་བོགས་འདོན་པ་ནི། སྙིང་གའི་དབུ་མའི་ནང་དུ་ཏཱཾ་ཡིག་ལྗང་གུ་འོད་འབར་བ་གསལ་གདབ། རླུང་ཕྱིར་འགྲོ་བའི་ཚེ་ཨོཾ་གྱི་སྒྲ་གདངས་སྣང་སྲིད་གང་བར་སྤྲོས་པས་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ལ་ཕོག །ནང་དུ་རྔུབ་པའི་ཚེ་ཧཱུྃ་གི་སྒྲ་གདངས་ཀྱིས་དེ་དག་འུབ་ཀྱིས་བསྡུས་ཏེ་སྣ་བུག་གཉིས་ནས་བརྒྱུད་ཏཱཾ་ཡིག་མི་ཤིགས་པའི་ཐིག་ལེར་ཐིམ་པར་བསམ་ལ་སེམས་གཏད་དེ་རླུང་ཁ་སྦྱོར་དུ་གཟུང་ཞིང་བརྟན་པར་བྱ་བ་ལ། ཡང་ནས་ཡང་དུ་བསླབས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མཐའ་དབུས་མེད་པར་རང་ཤུགས་ཀྱིས་སྐྱེས་པ་ན། རླུང་སྦྱོར་དང་དམིགས་པ་སོགས་རྩོལ་བཅས་ཀྱི་སྤྲོས་པ་རྦད་ཀྱིས་བཅད་ལ། གདོད་མ་ནས་རང་བྱུང་གི་རིག་པ་སྤྲོས་པའི་མཐའ་ལས་འདས་ཤིང་རང་བཞིན་གྱིས་འོད་གསལ་བ། གསུམ་བྲལ་བཞི་ཆ་བཅོས་མིན་གྱི་ཤེས་པ་སྐད་ཅིག་མའི་ངོ་བོ་ངོས་ཟིན་པས་གནས་ལུགས་རང་ཚོ་ཐུབ་པར་བྱས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཆོས་ཅན་གྱི་སྣང་བ་ཟད་སར་བསྐྱལ་ཏེ་གདོད་མའི་གྲོལ་གཞིར་ལ་བཟླའོ། །དེ་དག་ནི་གསང་སྔགས་ཐབས་ཀྱིས་ཆེ་བ་དབང་བཞིའི་ལམ་མཆོག་ཡོངས་སུ་རྫོགས་པའི་ཁྲིད་རིམ་ཚེ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་ནུས་པ་གཞན་ལས་ཁྱད་པར་འཕགས་པ་ཡིན་པས། དད་བརྩོན་དམ་ཚིག་དང་ལྡན་པའི་གང་ཟག་སྐལ་པ་ཅན་དག་གིས་ཉམས་ལེན་ལ་འབད་ན། མཚོན་བྱེད་དཔེའི་ཡེ་ཤེས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ལྷན་སྐྱེས་བདེ་བ་ཆེན་པོ་དུས་རིང་པོར་མི་ཐོགས་པར་མངོན་དུ་གྱུར་ཏེ། ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བ་མི་ཤིགས་དྭངས་མ་གསུམ་ལྡན་རྡོ་རྗེ་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བར་གསུངས་སོ། །ཡེ་ཤེས་ཀློང་ཆེན་དགོངས་མཛོད་ནོར་བུའི་སྒྲོམ། །སྐལ་བཟང་གདུལ་བྱའི་དཔྱིད་དུ་ཕྱེས་པ་ལས། །སྔོན་མེད་ཟབ་ཁྲིད་ཡིད་བཞིན་དབང་གི་རྒྱལ། །ལྷག་བསམ་རྒྱལ་མཚན་རྩེ་མོར་བཀོད་འདིར་ལྟོས། །གཏེར་ཆེན་བླ་མ་ཟུང་གི་དགོངས་པ་སྐོང་། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་ཕྲིན་ལས་རྒྱས། །ཟབ་ཆོས་འདི་ལ་ཉམས་ལེན་མཐར་ཕྱིན་ཏེ། །གྲུབ་གཉིས་གྲུབ་པས་འཇིག་རྟེན་ཀུན་ཁྱབ་ཤོག །ཟབ་ཆོས་འདིའི་སྨིན་གྲོལ་ཡོངས་རྫོགས། འཕགས་མ་དངོས་དང་རྣམ་དབྱེར་མེད་པའི་སྐུ་རྟེན་བཅས་རྗེ་བླ་མ་ཐམས་ཅད་མཁྱེན་པ་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་ཏེ་གསལ་བྱེད་ཀྱི་ཡིག་ཆ་རྣམས་སྤེལ་འོས་པར་བཀས་གནང་ནས་རིང་དུ་འདས་ཀྱང་། ཟབ་ཁྲིད་ཀྱི་རྩ་བ་མདོ་རྒྱུད་གཉིས་འདུས་ཚིག་དོན་ཤིན་ཏུ་སྒྲོམ་ཆེ་བའི་དབང་གིས་རྒྱས་པར་བཀྲོལ་ན་ཡིག་ཚོགས་ཧ་ཅང་ཆེ། ཤིན་ཏུ་བསྡུས་ཀྱང་ཕན་ཐོགས་པར་དཀའ་བས་རིམ་པར་འགྱངས། སླད་མར་རང་ལོ་དོན་བརྒྱད་པར་བླ་མའི་བཀའ་རྗེས་སུ་བསྒྲུབ་པའི་དགོས་པ་ལ་བསམ་སྟེ། གཏེར་གཞུང་རྩ་བའི་ས་བཅད་ཚང་ཙམ་པའི་དབང་དུ་བྱས་ནས་རྒྱས་བསྡུས་འཚམ་པར་ཀུ་སཱ་ལི་རྒན་པོ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 23:20, 28 December 2017

དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། ལེགས་སོ་གསུམ་གྱི་དོན་ཁྲིད་གསལ་བར་བཀོད་པ་གྲུབ་གཉིས་ཐིག་ལེ་

dgongs gter sgrol ma'i zab tig las/_legs so gsum gyi don khrid gsal bar bkod pa grub gnyis thig le

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ (Dgongs gter sgrol ma'i zab tig)
Volume 36 (ཆི) / Pages 775-848 / Folios 1a1 to 37b3

[edit]

༄༅། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། ལེགས་སོ་གསུམ་གྱི་དོན་ཁྲིད་གསལ་བར་བཀོད་པ་གྲུབ་གཉིས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡཻ། ངོ་མཚར་ཐུགས་བསྐྱེད་དམ་བཅའི་གོ་བགོས་ནས། །མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་རླབས་པོ་ཆེ། །སྲས་བཅས་རྒྱལ་བ་ཀུན་ལས་རྨད་བྱུང་བ། །རྗེ་བཙུན་འཕགས་མས་བྱང་ཆུབ་བར་དུ་སྐྱོངས། །དེ་ཡི་རྒྱུད་བཟང་རྒྱ་མཚོ་ལས། །ཡང་ཟབ་དགོངས་པའི་ཏི་ལ་ཀ །ཁ་ཚང་དོན་འདྲིལ་ཆོས་སྡེའི་བཅུད། །ཚེ་གཅིག་མཆོག་སྦྱོར་ཁྲིད་རིམ་དབྱེ། །དེ་ལ་དང་པོ་ཁྲིད་ཚུལ་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་སྨྲོས་ན། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྒྱུད་དང་མན་ངག་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་འདིར་བྱོན་པའི་ནང་ནས། འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་སྤྲུལ་པའི་སྐུར་བསྟན་པ་ཨོ་རྒྱན་པདྨཱཀ་རས་གངས་ཅན་ལྗོངས་ཀྱི་མངའ་བདག་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་རྗེ་བཙུན་སྒྲོལ་མའི་གདམས་སྐོར་རྒྱས་བསྡུས་ཅི་རིགས་པ་བསྩལ་ཅིང་། ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་གཏེར་ཁ་སྣ་ཚོགས་པར་སྦས་པའི་ནང་ཚན་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྐོར་ལ་རིམ་པ་གསུམ་དུ་བཞུགས་པའི་དང་པོ། སྒྲོལ་མའི་ཐུགས་ཏིག་གི་སྐོར་རྣམས་ཤངས་ཟབ་བུ་ལུང་དུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་སྐལ་དུ་བཞུགས་པ་རྟེན་འབྲེལ་གྱི་དབང་ལས་དངོས་སུ་འདོན་པར་མ་མཛད་ཀྱང་དེའི་རྩ་བ་རྡོ་རྗེའི་ཚིག་རྐང་རིམ་པ་གསུམ་པ་དང་། འཆི་མེད་འཕགས་མའི་སྙིང་ཏིག་གི་སྒྲུབ་སྐོར་ངོ་མཚར་ཅན་དགོངས་པའི་གཏེར་ལས་ཕྱུང་པ་དང་། འབྲིང་པོ་ཉེར་མཁོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་བྱོན་ཅིང་། ཡང་ཟབ་སྙིང་པོའི་བཅུད་མཆོག་སྒྲོལ་མ་ཟབ་ཏིག་གི་ཆོས་སྡེ་འདི་ནི། སྙིགས་མའི་དུས་ཀྱི་མཐའ་འདིར་རྩོད་པ་དང་བྲལ་ཞིང་ཡོངས་སུ་གྲགས་པ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་དེ་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གསུང་གི་གནས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ཏུ་བཞུགས་པའི་སྐབས་སུ། ཐོ་རངས་ཤིག་ལ་རྗེ་བཙུན་སྒྲོལ་མས་ཞལ་མངོན་དུ་བསྟན་ནས་ལེགས་སོ་ལེགས་སོ་ལེགས་སོ་ཞེས་ལན་གསུམ་གསུངས་ཤིང་བྱིན་གྱིས་བརླབས་པའི་རྐྱེན་ལ་བརྟེན་ནས། ཟབ་ཅིང་འདྲིལ་བའི་ཆོས་སྡེ་འདི་ཉིད་དགོངས་པའི་ཀློང་ནས་རང་བརྡོལ་བའི་ཚུལ་གྱིས་གཏན་ལ་ཕབ་སྟེ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སྨིན་གྲོལ་བདུད་རྩི་ཆིག་བརྒྱུད་ཚུལ་དུ་བསྩལ། དེ་ནས་བགྲང་བྱ་གསུམ་ལྷག་པའི་འོག་ཏུ་རྗེ་བླ་མ་རིན་པོ་ཆེ་ཐམས་ཅད་མཁྱེན་གཟིགས་ཉིད་ནས་ཁོ་བོ་ལ་བརྩེ་བས་གཟིགས་ཏེ་བཀའ་དྲིན་དུ་བསྩལ་བ་ལགས་སོ། །ལོ་རྒྱུས་དེ་ལྡན་གྱི་གདམས་ངག་ལ་རྩ་བ་དབང་། ཕྱི་ནང་གསང་བའི་སྒྲུབ་ཐབས། མཆོག་གི་ལས་སྦྱོར། བཀའ་སྲུང་གི་སྐོར་རྣམས་སུ་བཞུགས་པ་ལས། འདིར་མཆོག་གི་ཕྲིན་ལས་གཉིས་ལས་ཚེ་གཅིག་གིས་བཅོམ་ལྡན་འདས་མའི་གོ་འཕང་མངོན་དུ་བྱེད་པ་ལེགས་སོ་གསུམ་གྱི་དོན་ཁྲིད་ཁྱད་པར་ཅན་བགྱི་བ་སྟེ། དེའང་གཞུང་ལས། དེ་ཡི་དོན་ཁྲིད་རིམ་པ་ནི༔ ལེགས་སོ་གསུམ་གྱི་མན་ངག་སྟེ༔ ལེགས་སོ་ལེགས་སོ་ལེགས་སོ་ཞེས༔ རྡོ་རྗེ་མི་ཤིགས་ནཱ་དའི་རྒྱུད༔ བརྗོད་མེད་བརྗོད་པ་ཀུན་གྱི་གཞི༔ གདུལ་བྱའི་བསམ་པ་བཞིན་དུ་སྣང༔ ཞེས་གསུངས་སོ། །དེ་ལྟ་བུའི་ཁྲིད་འཆད་པ་ལ་དོན་གསུམ། ཐོག་མར་དགེ་བ་ལམ་སྟེགས་ཀྱི་ཁྲིད། བར་དུ་དགེ་བ་ལམ་གྱི་རྩ་བའི་ཁྲིད། ཐ་མར་དགེ་བ་ལམ་དངོས་གཞི་རྗེས་རིམ་གྱི་ཁྲིད་དང་བཅས་པའོ། །དང་པོ་ནི། མངོན་མཐོ་ལྷ་མི་དང་ངེས་ལེགས་ཉན་རང་གི་ཐེག་པ་རྣམས་དང་རྗེས་སུ་འབྲེལ་བ་དད་པ་དང་ངེས་འབྱུང་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆུང་འབྲིང་གི་ལམ་འཆད་པ་སྟེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་དངོས་སོ། །དང་པོ་ནི། བསམ་གཏན་གྱི་ཚེར་མས་དབེན་པའི་གནས་སུ་སྒོ་གསུམ་འཁྲུལ་པའི་བྱ་བ་ཐམས་ཅད་བཏང་། སྟན་བདེ་བར་སྐྱིལ་མོ་ཀྲུང་གིས་འདུག །ལུས་དྲང་པོར་བསྲང་། རླུང་རོ་ལན་གསུམ་འབུད། སེམས་མི་གཡེང་བར་དྲན་པ་མངོན་དུ་བཞག་སྟེ། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྗེ་བཙུན་སྒྲོལ་མ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་སྐུར་གསལ་བཏབ། མོས་གུས་དྲག་ཏུ་བསྐྱེད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་བླ་མ་དམ་པ་དང་རྗེ་བཙུན་སྒྲོལ་མ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་བསྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ། མཐར་བླ་མ་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་དུ་བཞུགས་པར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་དགེ་བ་བསྔོ། འདི་ནི་འོག་གི་སྒོམ་རིམ་ཐུན་མོང་བ་ཐམས་ཅད་ཀྱི་སྔོན་དུ་ཚར་རེ་འགྲོ་དགོས་སོ། །གཉིས་པ་ཁྲིད་དངོས་ལའང་གཉིས། སྐྱེས་བུ་ཆུང་ངུ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་རིམ་པ་ལ་བསླབ་པའོ། །དང་པོ་ལ་ལྔ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ངན་སོང་གི་སྡུག་བསྔལ། ལས་རྒྱུ་འབྲས་ལ་བསམ་པ། སྐྱབས་སུ་འགྲོ་བའོ། །དང་པོ་ནི། ཐུན་གྱི་སྔོན་འགྲོ་གོང་བཞིན་བྱས་ལ། དེ་རྗེས་གནས་ལུས་ལོངས་སྤྱོད་ཐམས་ཅད་ལ་གཞིག་འབྲེལ་བཏང་སྟེ། ཕྱི་མ་ཐམས་ཅད་ཀྱི་དམིགས་པའི་གཞི། བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་ནམ་ཡང་རྙེད་པ་ཤིན་ཏུ་དཀའ། འདི་ཆུད་ཟོས་སུ་མི་གཏང་། ཆོས་ལ་ཁེལ་བ་ཞིག་ངེས་པར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམ། དེའང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་རྙེད་པར་དཀའ་བ་ལགས་སོ། །ཞེས་གསུངས་ཏེ། མིའི་ལུས་རྟེན་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། ངོ་བོ་མི་ཁོམས་པ་བརྒྱད་ལས་ལོག་པའི་དལ་བ་བརྒྱད་ཐོབ། ཁྱད་ཆོས་འབྱོར་པ་བཅུ་དང་ལྡན་པ་འདི་འདྲ་རྙེད་པ་ཤིན་ཏུ་དཀའ་སྟེ། དེ་ལ་མི་ཁོམས་པ་བརྒྱད་ནི། ཚ་གྲང་གི་སྡུག་བསྔལ་བར་མཚམས་མེད་པར་མྱོང་བའི་དམྱལ་བ། བཀྲེས་སྐོམ་གྱིས་རྟག་ཏུ་སེམས་ཚིག་པ་ཡི་དྭགས། ཤིན་ཏུ་གླེན་ཅིང་ལྐུགས་པ་དུད་འགྲོ །འདོད་ཡོན་དང་ཏིང་ངེ་འཛིན་གྱི་གཡེང་བས་ཆོས་ལ་འབད་མི་ཁོམས་པ་ལྷ་ཚེ་རིང་པོ། མི་ཡིན་དུ་ཟིན་ཀྱང་མཐའ་འཁོབ་ཀྱི་ཡུལ་དུ་དུད་འགྲོའི་འདུ་ཤེས་ཅན་དུ་སྐྱེས་པ་ཀླ་ཀློ། དགེ་སྡིག་དང་མཐོ་རིས་ཐར་པའི་རྒྱུ་འབྲས་ལ་ཡིད་མི་ཆེས་པ་ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་སྐྱེས་པ། དབང་པོ་མ་ཚང་བ་གླེན་ལྐུགས་སུ་གྱུར་ནས་ལེགས་ཉེས་མི་གོ་བ་ལྐུགས་པ་རྣམས་སུ་མ་སྐྱེས་པས་དལ་བ་བརྒྱད་དང་ལྡན། སྤྱིར་མི་ལུས་ཐོབ། སྒོས་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་པས་ཅི་བསླབ་ཤེས་སུ་རུང་། ལྟ་བ་ལོག་པ་དང་མཚམས་མེད་སོགས་མ་བྱས་པས་ལས་ཀྱི་མཐའ་མ་ལོག །དཀར་པོའི་ཆོས་ཀྱི་གནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བཅས་རང་འབྱོར་ལྔ་ཚང་། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་དམ་པའི་ཆོས་གསུངས། དེའི་བསྟན་པའང་མ་ནུབ་པར་གནས། དེ་ལ་འཇུག་པའང་མང་། ཆོས་བྱེད་རྣམས་ལ་གཞན་དག་སྙིང་བརྩེ་བས་མཐུན་རྐྱེན་སྦྱིན་པ་སོགས་ཡོད་པས་གཞན་འབྱོར་ལྔ་ཚང་བས། མི་ལུས་རིན་ཆེན་ཞེས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་འདི་རྙེད་པའི་དུས་སུ་ཆུད་ཟོས་སུ་མི་གཏང་བར་ཆོས་ལ་ཅིས་ཀྱང་འབད་སྙམ་དུ་བསམ། གྲངས་ལ་བསམ་ནས་རྙེད་དཀའ་བ་ནི། དམྱལ་བ་ས་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ཁ་བ་བུ་ཡུག་ཙམ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་ལ་ཆང་གི་སྦང་མ་ཙམ། ཁ་འཐོར་བ་ས་གཞི་བར་སྣང་རི་ཀླུང་ཁེངས་པ་ཙམ། མཐོ་རིས་ཀྱི་འགྲོ་བ་སེན་མོའི་སྟེང་གི་རྡུལ་ཙམ། དེ་བས་ཀྱང་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པ། ཡང་སྒོས་ཆོས་བྱེད་པའི་མི་ལུས་ཉིན་སྐར་དང་འདྲ། དེའི་རྒྱུ་མཚན་སེམས་ཅན་གྱི་ནང་ན་སྡིག་པ་སྤྱོད་པ་ཤ་སྟག་ལས་དགེ་བ་བྱེད་པ་དཀོན། དེའི་ནང་ནས་མི་ལུས་ཐོབ་པའི་རྒྱུ་ཚུལ་ཁྲིམས་སྲུང་ཐུབ་པ་དཀོན་པས་ཐོབ་དཀའ་བའི་དཔེ། རྒྱ་མཚོ་ཆེར་གཡེང་སོགས་ཀྱི་ལུང་དང་ཡང་སྦྱར། རྙེད་པ་དོན་ཆེ་བ་བསམ་པ་ནི། མི་ལུས་འདི་ལ་བརྟེན་ནས་ཚེ་རབས་ཀུན་ཏུ་འཁོར་བའི་བདེ་སྐྱིད། ཐར་པའི་གོ་འཕང་། བླ་ན་མེད་པ་སངས་རྒྱས་ཀྱི་འབྲས་བུ་ཡང་བསྒྲུབ་ནུས། ཕྱིས་ནས་འདི་འདྲའི་དལ་འབྱོར་མི་ཐོབ་པས་ཚེ་འདིའི་བདེ་སྐྱིད་བྱ་བྱེད་རྨི་ལམ་དང་འདྲ་བ་འདི་རྣམས་བློས་བཏང་ནས་ཆོས་ལ་འབད་དགོས་ཏེ། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་པའི་དུས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །གཉིས་པ་མི་རྟག་པ་བསམ་པ་ལ། ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་པས། སྤྱིར་འདུས་བྱས་ཐམས་ཅད་འཇིག་པའི་མཐའ་བཞི་ལས་མ་འདས་པས་མི་རྟག །སྒོས་འགྲོ་བའི་ཚེ་སྲོག་ཆུའི་ཆུ་བུར་དང་འདྲ་སྟེ་ནམ་ཡལ་ཆ་མེད། མི་ལུས་ཐོབ་ཀྱང་ངེས་པར་འཆི་སྟེ་སྔར་མ་ཤི་ནས་ལུས་པ་གཅིག་ཀྱང་མེད། ལུས་འདུས་བྱས་ཡིན་པས་ཀྱང་རྟག་བརྟན་མེད། ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བ་ལ་ཇེ་ཉེར་སོང་བ་ཡིན་ཏེ་རྩལ་པོ་ཆེས་མདའ་འཕངས་པའམ། རི་གཟར་གྱི་ངོས་ནས་ཆུ་འབབ་པའམ། གསོད་སར་ཁྲིད་པའི་སྲོག་ཆགས་དང་འདྲ་སྟེ། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་བོར་ཞིང་འཆི་དང་ཉེ། །ཞེས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། འགྲོ་བ་གཞན་དང་གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པས་སྐྱེས་མ་ཐག་ནས་འཆི་བ་སོགས་མང་། ལུས་མི་གཙང་བའི་རྫས་འདུས་པ་མ་གཏོགས་སྙིང་པོ་གཅིག་ཀྱང་མེད། ཕྱིའི་རྐྱེན་མེ་ཆུ་གཡང་ས་གཅན་གཟན་ལ་སོགས་པ། ནང་ལུས་ལ་ནད་དང་གདོན་གྱི་རིགས། འཚོ་བའི་རྐྱེན་ཟས་སྨན་ལོགས་པ་སོགས་འཆི་རྐྱེན་ཤིན་ཏུ་མང་ཞིང་ནམ་འོང་ངེས་པ་མེད་དེ། ཀླུ་སྒྲུབ་ཞབས་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་སོ། །འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པ་བསམ་པ་ནི། འཆི་བའི་དུས་སུ་ནོར་རྫས་ཇི་ཙམ་ཡོད་ཀྱང་ཁབ་གཅིག་ཁྱེར་དབང་མེད། གཉེན་གྲོགས་འཁོར་གཡོག་ཇི་ཙམ་ཡོད་ཀྱང་བྲན་གྱི་ཐ་མ་ཙམ་ཁྲིད་དབང་མེད། རང་གི་ལུས་ཀྱང་ཤུལ་དུ་བསྐྱུར། སེམས་དགེ་སྡིག་གི་ལས་ཀྱི་རྗེས་སུ་འབྲངས་ནས་འགྲོ་དགོས་ཏེ། ཆོས་ལྡན་རབ་འབྱོར་གྱིས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་སོ། །དེས་ན་འཆི་བ་ལ་གཞན་ཅིས་ཀྱང་ཕན་པ་མེད། འཆི་ཁ་ཕན་ཆད་སྐྱེ་བ་ཐམས་ཅད་དུ་ཕན་ངེས་པ་དམ་པའི་ཆོས་ཁོ་ན་ཡིན་པས་དེ་རིང་ཉིད་ནས་དམ་པའི་ཆོས་ལ་འབད་སྙམ་དུ་བསམ་མོ། །གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། འཆི་བ་ཁོ་ནས་མི་ཆོག །སྐྱེ་བ་དབང་མེད་དུ་ལེན་དགོས། གར་སྐྱེ་རང་དབང་མེད། ལས་དགེ་སྡིག་གིས་མཐོ་རིས་ངན་སོང་དུ་འཕེན། ད་ལྟ་དགེ་བ་བསྒྲུབ་མི་ནུས། སྒོ་གསུམ་སྡིག་པའི་ལས་ཁོ་ན་སྤྱད་པས་ངན་སོང་གསུམ་དུ་སྐྱེ། དེར་སྐྱེས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཚེ་ཚད་རིང་བས་ཐར་པའི་དུས་མེད། དེ་ལ་དམྱལ་བ་ནི། ཚ་དམྱལ་གྱི་གནས་ལྕགས་བསྲེགས་ཀྱི་ས་གཞི་ལ་མེ་ཤིན་ཏུ་ཚ་བ་འབར་བ། ཆུ་དང་མཚོ་རྣམས་ཟངས་ཞུན་ཁྲོ་ཆུ་འགྱུར་བྱེད་ཀྱི་ཆུ་ཅན། ཤིང་རྣམས་ལྕགས་བསྲེགས་སོགས་ལས་གྲུབ་པ། ལས་ཀྱི་གཤིན་རྗེ་དང་སྲིན་པོ་གདུག་པའི་བྱ་སྦྲུལ་གཅན་གཟན་དུ་མས་གང་བ་ལ། ཡང་སོས་ནས་མནར་མེད་ཀྱི་བར་བརྒྱད་པོ་རྣམས་སྔ་མའི་སྡུག་བསྔལ་གྱི་སྟེང་ཕྱི་མའི་སྡུག་བསྔལ་ལྷག་པོར་ཡོད་པ། གྲང་དམྱལ་གྱི་གནས་ས་གཞི་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་རླུང་དང་བུ་ཡུག་འདྲེས་པས་རྟག་ཏུ་ཁྱབ་པས་གྲང་ངད་བཟོད་གླགས་མེད་པ། ཆུ་བུར་ཅན་ནས་པདྨ་ལྟར་ཆེར་གས་པའི་བར་བརྒྱད་པོ་གོང་མ་ལས་འོག་མ་བདུན་འགྱུར་གྱིས་གྲང་བ། ཚེ་ཚད་ཤིན་ཏུ་རིང་བ། ཚ་དམྱལ་བརྒྱད་པོའི་ཕྱོགས་བཞིར་ཉེ་འཁོར་བ་བཞི་ནི། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། ཤལ་མ་ལིའི་སྡོང་པོ་རྣམས་དང་། ཉི་ཚེ་བའི་དམྱལ་བ་ས་འོག་ས་སྟེང་ངེས་མེད་དུ་ལུས་ཀྱི་རྣམ་པ་དང་སྡུག་བསྔལ་མྱོང་ཚུལ་མ་ངེས་པ་དཔག་ཏུ་མེད་པ་ཡོད་པའི་ཚུལ་ལ་བསམ། ཡི་དྭགས་ས་འོག་གཤིན་རྗེའི་ཡུལ་དང་། ཁ་འཐོར་ས་འོག་ས་སྟེང་བར་སྣང་ཐམས་ཅད་ཁྱབ་པར་གནས། དེ་དག་གི་རིགས་མདོ་སྡེ་དྲན་པ་ཉེར་བཞག་ལས་སུམ་ཅུ་རྩ་དྲུག་ཏུ་གསུངས་ཀྱང་བསྡུ་ན་གསུམ་སྟེ། ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་བ་དང་། ཆུ་ཀླུང་ལ་སོགས་པའི་འགྲམ་དུ་ཕྱིན་ཀྱང་དེ་མ་ཐག་སྐམ་པའོ། །སྐྱེས་བུ་གོ་མཚོན་ཐོགས་པས་སྲུང་བར་མཐོང་བ་སོགས་ཀྱིས་ལོ་གྲངས་མང་པོར་ཟས་སྐོམ་ཡེ་མི་རྙེད་པས་རྟག་ཏུ་བཀྲེས་པས་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱེད་པའི་མཐུ་མེད་པ་སྟེ། བཤེས་སྤྲིང་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར་རོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱས་པ་དེ་ཉིད་ཁོང་པའི་ནང་དུ་མེ་ལྕེར་གྱུར་ནས་ཚིག་པ་དང་། ཁ་ཅིག་ཕྱི་ས་དང་གཅིན་འཐུང་ཞིང་རང་གི་ཤ་བཅད་ཅིང་ཟ་བའོ། །དེ་ཐམས་ཅད་རྟག་ཏུ་བཀྲེས་སྐོམ་བཟོད་གླགས་མེད་པས་ཚོལ་འགྲོས་ཀྱིས་ཐང་ཆད། གོས་དང་བྲལ་བས་ཚད་པས་ཚིག་ཅིང་གྲང་བས་སྦྲེབས་པ་སོགས་སྡུག་བསྔལ་དོས་དྲགས། ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོའི་ནང་ན་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡོད་པ་རྣམས་བརྟེན་པའི་གནས་མེད། རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་གིས་གཅིག་ཟ་བ། རྟག་ཏུ་འཇིགས་སྐྲག་གིས་བདེ་བ་མེད། ཁ་འཐོར་བ་མི་ཡུལ་ན་གནས་པ་འདི་རྣམས་ཏེ། མིས་བདག་ཏུ་མ་བཟུང་བ་རྣམས་ནི་རྟག་ཏུ་དགྲ་བྱུང་དོགས་ཀྱིས་སེམས་ལ་བདེ་བ་མེད། བདག་ཏུ་བཟུང་བ་རྣམས་ནི། ཞོན་པ་དང་། ཁུར་བཀལ་བ་སོགས་བཀོལ་སྤྱོད་དང་། ཤ་ལྤགས་ཀྱི་ཆེད་དུ་གསོད་པས་སྡུག་བསྔལ་བ། གཙོ་བོ་དུད་འགྲོ་རྣམས་གླེན་ཞིང་ལྐུགས་པས་གསོན་བཞིན་དུ་གཅིག་གིས་གཅིག་ཟ་བས་རྟག་ཏུ་འཇིགས་སྐྲག་གིས་གནས་དགོས་པས། སྡུག་བསྔལ་དེ་ལྟ་བུ་རྣམས་རང་གིས་མྱོང་དགོས་ན་བཟོད་པའི་ཐབས་མེད་པས་དམ་པའི་ཆོས་ཁོ་ན་བསྒྲུབ་པའི་ཞེ་དམ་བཅའ་འོ། །བཞི་པ་ལས་འབྲས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པ་ལྟར། བདེ་སྡུག་ཐམས་ཅད་ལས་བསགས་པ་ཁོ་ན་ལས་བྱུང་བ་སྟེ། དགེ་བའི་ལས་བསགས་པ་ལས་འབྲས་བུ་བདེ་བ་མྱོང་། མི་དགེ་བའི་ལས་བསགས་པས་འབྲས་བུ་སྡུག་བསྔལ་ཁོ་ན་མྱོང་། ས་བོན་གང་བཏབ་པའི་ལོ་ཏོག་སོ་སོར་སྨིན་པ་དང་འདྲ། དགེ་སྡིག་གང་ཡིན་ཡང་རྒྱུ་ལས་བསགས་པའི་དུས་ཆུང་ངུ་ལས་མེད་ཀྱང་རིམ་པར་བརྒྱ་འགྱུར་སྟོང་འགྱུར་འཕེལ་བས་འབྲས་བུ་རྣམ་སྨིན་ཤིན་ཏུ་ཆེ། ལས་དཀར་ནག་ཆེ་ཆུང་གང་བྱས་ཀྱང་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་མི་ཟ། རང་གིས་བྱས་པའི་ལས་དཀར་ནག་གང་ཡིན་ཡང་རང་ཉིད་ལ་སྨིན་ཅིང་མ་བྱས་པའི་ལས་དང་མི་འཕྲད་པའི་ཚུལ་ལ་ནན་དུ་བསམ་ཏེ་དགེ་སྡིག་ལ་བླང་དོར་བྱ། དེ་ལ་མི་དགེ་བའི་ལས་གཙོར་བསྡུས་པ་བཅུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སྒོ་ནས་སེམས་ཅན་ཆེ་ཆུང་གང་རུང་གི་སྲོག་གཅོད་པ་དང་། མཐུ་དང་འཇབ་བུ་དང་གཡོ་སྒྱུས་མ་བྱིན་པར་ལེན་པ་དང་། རིགས་དང་བདག་པོ་དང་ཆོས་ཀྱིས་བསྲུངས་པ་ལ་འདོད་ལོག་སྤྱོད་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ། ཕ་མ་དང་ཆེན་པོ་དང་ཆུང་ངུ་ལ་བརྫུན་སྨྲ་བ། བཙན་ཕྲ་གཞོགས་ཕྲ་ལྐོག་ཏུ་སྨྲ་བའི་ཕྲ་མ། དངོས་དང་གཞོགས་དང་བརྒྱུད་དེ་སྨྲ་བའི་ཚིག་རྩུབ། ལོག་པ་དང་འཇིག་རྟེན་པ་དང་བདེན་པའི་ངག་ཀྱལ་པ་སྟེ་ངག་གི་བཞི། བདག་དང་གཞན་དང་གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས། ཞེ་སྡང་ཕྲག་དོག་འཁོན་འཛིན་ལས་བྱུང་བའི་གནོད་སེམས། ལས་འབྲས་དང་བདེན་པ་དང་དཀོན་མཆོག་ལ་ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་རྣམས་སྤྱོད་པས་སོ་སོར་རྣམ་སྨིན་དང་རྒྱུ་མཐུན་དང་དབང་གི་འབྲས་བུ་མྱོང་། དེའང་ཉོན་མོངས་ཞེ་སྡང་གི་དབང་གིས། གྲངས་མང་པོ། ཡུལ་ཆེན་པོ་བརྟེན་ནས་སྤྱད་པས་དམྱལ་བ། འདོད་ཆགས་དང་འབྲིང་པོ་ལས་ཡི་དྭགས། གཏི་མུག་དང་ཆུང་ངུས་དུད་འགྲོར་སྐྱེ་བས་འདི་རྣམས་སྡུག་བསྔལ་གྱི་རྩ་བ་ཡིན་པར་བསམ་སྟེ་སྔར་བྱས་སྦྱོང་བའི་ཐབས་ལ་འབད། ཕྱིན་ཆད་མི་བྱེད་པའི་དམ་བཅའ། དེ་ལས་ལྡོག་པ་སྲོག་གཅོད་སྤོང་བ། རྫུན་མི་སྨྲ་བ་སོགས་བཅུ་ནི་དགེ་བ་བཅུ་ཡིན་ལ། འཇུག་པའི་ལས་གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ། བདེན་པ་སྨྲ་བ། མི་མཛའ་བ་བསྡུམ་པ། ཞི་དེས་འཇམ་པོ་སྨྲ་བ། དོན་དང་ལྡན་པ་ཁོ་ན་སྨྲ་བ། ཆགས་པ་ཆུང་ཞིང་ཆོག་ཤེས་པ། བྱམས་པས་ཕན་སེམས་བསྐྱེད་པ། ལས་འབྲས་སོགས་ལ་ཡིད་ཆེས་པས་དད་པ་རྣམ་གསུམ་སྐྱེད་པ་སྟེ་འབྲས་བུ་རྒྱུ་མཐུན་སོགས་གསུམ་གོང་ལས་ལྡོག་པ་མྱོང་། དགེ་བ་བཅུ་ཆེར་སྤྱད་པས་ལྷ། འབྲིང་པོས་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་མི་དགེ་བ་དང་འདྲེས་པས་ལྷ་མིན་དུ་སྐྱེ། དགེ་བ་བཅུ་ནི་འདི་ཕྱི་ཀུན་ཏུ་བདེ་ལེགས་ཀྱི་རྒྱུ་ཡིན་པས་དུས་རྟག་ཏུ་དགེ་བ་འབའ་ཞིག་བསྒྲུབ་པར་བགྱིའོ་སྙམ་དུ་བསམ་མོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། དེ་ལྟར་ངན་སོང་གི་སྡུག་བསྔལ་བཟོད་པའི་ཐབས་མེད་པས་གནས་ངན་དེར་མི་སྐྱེ་བའི་སྐྱབས་གནས་ཞིག་མི་ཚོལ་ཀ་མེད་དུ་སོང་། འཁོར་བ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ནི་རང་སྡུག་བསྔལ་དེ་ལས་ཐར་པ་ཞིག་དགོས་པས་ཚངས་པ་བརྒྱ་བྱིན་ལྟ་བུ་འཇིག་རྟེན་པའི་ཆེན་པོ་སུས་ཀྱང་སྐྱོབ་མི་ཐུབ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཅེས་གསུངས་པས་ཡུལ་དཀོན་མཆོག་གསུམ་ལ་བརྟེན་དགོས། དེ་ལའང་གསུམ་སྟེ། མདུན་ན་བཞུགས་པའི་སྐྱབས་ཡུལ་ནི། སྐུ་གསུང་ཐུགས་རྟེན་དང་དགེ་འདུན་ཏེ་དམིགས་པའི་རྟེན་ཙམ་མོ། །མངོན་པར་རྟོགས་པའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ལུང་དང་རྟོགས་པའི་དམ་ཆོས། འཕགས་པའི་དགེ་འདུན་གསུམ་སྟེ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུ་བའོ། །དེ་ཁོ་ན་ཉིད་ཀྱི་ཡུལ་ནི་སངས་རྒྱས་ཉག་གཅིག་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཅེས་སོ། །སྐབས་འདིར་སྐྱབས་གནས་ཐམས་ཅད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་འདུ་སྟེ་དེ་ཉིད་ངོ་བོ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ལ། རྣམ་པ་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པའོ། །དེས་ན་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་ཏེ་མངོན་སུམ་བཞུགས་པའི་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་འོག་ཏུ་བདག་དང་འགྲོ་བ་ཐམས་ཅད་ཚུད། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་རྟག་ཏུ་སྐྱོབ་པར་བསམ་ལ་མོས་གུས་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ནི། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་བརྒྱ་སྟོང་ཅི་ནུས་སུ་བརྗོད། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་ལ་དགེ་བ་བསྔོ། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཟིན་ནས་སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་རྣམས་ལ་སློབ་ཚུལ་སྤྱི་ལྟར་བྱས་པས་ཁྱད་པར་ཅན་གྱི་ཕན་ཡོན་བརྒྱད་འཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་མོ། །གཉིས་པ་སྐྱེས་བུ་འབྲིང་པོ་དང་ཐུན་མོང་བའི་རིམ་པ་སྦྱོང་བ་ལ་གཉིས། འཁོར་བའི་རྒྱུ་འབྲས་དང་། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལའང་གཉིས། འབྲས་བུ་སྡུག་བསྔལ་དང་། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ནི། བདག་ངན་སོང་ལས་ཐར་ནས་མཐོ་རིས་སུ་སྐྱེས་ན་ཆོག་གམ་སྙམ་ན་དེར་ཡང་བདེ་བ་མེད་དེ། མིར་སྐྱེས་པ་རྣམས་སྡུག་བསྔལ་བརྒྱད་ཀྱིས་མནར་བ་སྟེ། དང་པོ་སྐྱེ་བའི་སྡུག་བསྔལ་ནི། མའི་མངལ་དུ་གནས་དུས་མངལ་གནས་དེ་དོག་ཅིང་འཁུམ་པ་དང་མུན་ནག་དང་དྲི་ངན་པའི་སྡུག་བསྔལ་གསུམ་རྟག་ཏུ་འོང་། མ་འགྲེང་པའི་ཚེ་རིས་མནན་པ་ལྟ་བུ། ལྟོགས་པའི་ཚེ་གཡང་ལ་དཔྱངས་པ་ལྟ་བུ། བཟའ་བཏུང་དྲོ་གྲང་ལས་ཚ་གྲང་གི་སྡུག་བསྔལ་མྱོང་། མངལ་ནས་བཙས་པའི་ཚེ་འཇུར་མིག་ནས་དྲངས་པ་ལྟ་བུ། འཇམ་པོས་དཀྲིས་ཀྱང་ཚེར་དོང་དུ་བསྐྱུར་བ་ལྟ་བུ། ལག་གིས་བླངས་པས་བྱེའུ་ཁྲས་ཁྱེར་བ་ཙམ་གྱི་སྡུག་བསྔལ་ཡོད། སྤྱིར་མི་བཟོད་པའི་ཚོར་བ་དང་བཅས་ཏེ་སྐྱེ་དགོས་པས་སྐྱེ་བ་སྡུག་བསྔལ་དང་ལྡན། ཉོན་མོངས་སྐྱེད་འཕེལ་གྱི་ས་བོན་ཟུག་པས་གནས་ངན་ལེན་དང་ལྡན། རྒ་ན་འཆི་སོགས་འབྱུང་བའི་ཁུངས་སུ་གྱུར་པས་སྡུག་བསྔལ་གྱི་གནས་སུ་གྱུར། ཕྱིས་རྐྱེན་དང་འཕྲད་པས་ཉོན་མོངས་ལྡངས་ཏེ་ལས་གསོག་པའི་གཞིར་བྱུང་བས་ཉོན་མོངས་ཀྱི་གནས་སུ་གྱུར། རྒྱུན་སྐད་ཅིག་སྐད་ཅིག་གིས་འགྱུར་བས་དབང་མེད་དུ་འཇིག་པ་སྟེ་སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །གཉིས་པ་རྒས་པའི་ཚེ་ན། ཤ་མདོག་ལེགས་པོ་སྔོ་ཧམ་དང་སྐྲ་དཀར་པོར་སོང་ནས་ཁ་དོག་ཉམས། སོ་བུད། ལུས་པོ་རྒུར། རྐང་ལག་འཁྱོགས། ཤ་ལྤགས་སྐམ་ནས་དབྱིབས་ཉམས། ལང་འདུག་འགྲོ་སྡོད་མི་ནུས་པས་མཐུ་སྟོབས་ཉམས། མིག་མི་གསལ་རྣ་བ་འོན་པ་སོགས་དབང་པོ་ཉམས། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་ལོངས་སྤྱོད་ཉམས་པ་བཅས་སྡུག་བསྔལ་ལྔ་དང་ལྡན། གསུམ་པ་ན་བའི་ཚེ། ཟུག་རྔུའི་ཚོར་བས་ཡིད་མི་བདེ། ཤ་ཞུ་པགས་པ་སྐམ་ནས་ལུས་ཀྱི་རང་བཞིན་འགྱུར། ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད། མི་འདོད་པ་སྨན་དཔྱད་རྩུབ་མོ་སོགས་བརྟེན་དགོས། སྲོག་གི་དབང་པོ་འབྲལ་བར་ཉེ་བས་སྐྲག་ཅིང་འཚེར་བ་སྟེ་སྡུག་བསྔལ་ལྔ་དང་ལྡན། བཞི་པ་འཆི་བའི་སྐབས་སུ། ལོངས་སྤྱོད་གཉེན་གྲོགས། འཁོར་གཡོག་ཕུན་སུམ་ཚོགས་པ་རྣམས་དང་བྲལ། གཅེས་པའི་ལུས་ཀྱང་བོར། ཡིད་མ་བདེ་བའི་ཚོར་བ་དྲག་པོ་སྤྱད་པས་སྡུག་བསྔལ་ལྔ་དང་ལྡན་པའོ། །གཞན་ཡང་ཡོད་པ་སྐྱོང་གིས་མི་ལོང་བ་ནི། ལོངས་སྤྱོད་མངའ་ཐང་སྙན་གྲགས་ཟས་ནོར་རྟ་ཕྱུགས་ལ་སོགས་པ་ཡོད་ན་དེ་རྣམས་གསག་པ་དང་སྲུང་བ་དང་སྤེལ་བ་ལ་འབད་པ་དུ་མས་ཉིན་མཚན་དུ་བརྩོན་དགོས་ཤིང་། གྱོང་གོད་ཅུང་ཟད་རེ་བྱུང་ནའང་ཡིད་མི་བདེ་ཆེན་པོས་མནར་བས་སྡུག་བསྔལ། མེད་པ་ཚོལ་བས་མི་རྙེད་པ་ནི། ལོངས་སྤྱོད་ཟས་ནོར་སོགས་ཀྱི་དོན་དུ་བཀྲེས་སྐོམ་ངལ་དུབ་དང་། ལུས་སྲོག་ལའང་མ་བལྟས་པར་འབད་ཀྱང་ལྟོ་གོས་ཙམ་ལེགས་པར་མ་འཁྱོངས་པས་སྡུག་བསྔལ། མི་འདོད་པ་དང་འཕྲད་པ་ནི། བཙན་པོ་དང་། མཁོན་ཡོད་པ་དང་། ཇག་རྐུན། གཅན་གཟན་སོགས་ཀྱི་གནོད་པ་གློ་བུར་ནམ་འོང་ཆ་མེད་པ་དང་། རྒྱལ་པོའི་མངའ་འབངས། ཕྱུག་པོའི་འཁོར་གཡོག་ལྟ་བུ་མི་འདོད་མི་ཁྱག་བཞིན་དུ་ལས་དེ་བྱེད་དགོས་པས་སྡུག་བསྔལ། འདོད་པ་དང་བྲལ་བ་ནི། ཕ་མ་སྤུན་ཟླ་གྲོགས་འཁོར་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་བའམ། མངའ་ཐང་ལོངས་སྤྱོད་ཉམས། ནོར་རྫས་སྟོར་བརླག་དང་རྟ་ཕྱུགས་ཤི་གོད་སོགས་ཡིད་ལ་ཆགས་པ་རྣམས་དང་བྲལ་བས་སེམས་ལ་མྱ་ངན་ཆེན་པོ་སྐྱེ་སྟེ་སྡུག་བསྔལ་བའོ། །ལྷ་མིན་རྣམས་ཀྱང་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་ཆེ་བས་གཞན་དང་འཐབ་རྩོད་ཁོ་ནས་དུས་འདའ། ཁྱད་པར་ལྷ་དང་འཐབ་པའི་ཚེ། ལྷ་མིན་བསོད་ནམས་ཆུང་བས་གཡུལ་ཕམ་སྟེ་གསོད་རྡུང་ཡང་མྱོང་། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་མོས། ལྷ་རྣམས་ཀྱང་གནས་སྐབས་བདེ་བ་ལ་རྣམ་གཡེང་ཁོ་ནས་དུས་འདའ་ཞིང་ཆོས་སྒྲུབ་པའི་བློ་མི་སྐྱེ། ཚེ་ཚད་རིང་པོ་རྣམས་ཀྱང་སྐད་ཅིག་གཅིག་ཙམ་སྡོད་པའི་སྣང་བ་ལས་མེད་པར་འཆི་བའི་ལྟས་ལུས་ཀྱི་འོད་ཉམས། ཡིད་སྐྱོ་བས་སྟན་ལ་སྡོད་སྙིང་མི་འདོད། མེ་ཏོག་གི་རྒྱན་རྙིང་། གོས་ལ་དྲི་མ་ཆགས། ལུས་ལ་རྔུལ་འབྱུང་བའི་ཚེ་གྲོགས་གཞན་རྣམས་ཀྱིས་ཀྱང་སྤངས་ནས་བྱེར། ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བ་སོགས་མཐོང་ནས་ཡུན་རིང་པོར་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བའོ། །མདོར་ན་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་བདེ་བ་ཅུང་ཟད་ཀྱང་མེད་དེ། གུ་རུ་རིན་པོ་ཆེའི་ཞལ་ནས། འཁོར་བ་འདི་ན་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཅེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཚོར་བ་བཏང་སྙོམས་དང་ལྡན་པ་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་འཁོར་བ་ཐམས་ཅད་ལ་དེས་མ་ཁྱབ་པ་མེད། ངན་སོང་གསུམ་དང་མཐོ་རིས་ཀྱི་ནད་གདོན་ལ་སོགས་པའི་ཚོར་བ་སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ། བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་ལྷ་མིའི་བདེ་སྐྱིད་སོགས་ཚོར་བ་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཡིན་པས་སྡུག་བསྔལ་གསུམ་པོ་དེ་ལས་ཅིས་ཀྱང་ཐར་བར་འདོད་པའི་བློ་སྐྱེད། གཞན་ཡང་འཁོར་བ་འདི་ལ། མཐོ་དམན་བདེ་སྡུག་དགྲ་གཉེན་ཕ་བུ་གནས་ལུས་ལོངས་སྤྱོད་ངེས་པ་མེད་པར་འགྲོ་བ་དང་། འདོད་ཡོན་སྤྱད་པས་མི་ངོམས་ཤིང་། སྡུག་བསྔལ་མྱོང་བས་ཡི་མུག་པས་ངོམས་མི་ཤེས་པ་དང་། ལུས་ཡང་ནས་ཡང་དུ་འདོར་དགོས་པ་དང་། ཉིང་མཚམས་ཡང་ཡང་སྦྱོར་དགོས་པ་དང་། བདེ་སྡུག་མཐོ་དམན་འབྱོར་རྒུད་སྣ་ཚོགས་སུ་འགྱུར་བ་དང་། གཅིག་པུར་གྲོགས་མེད་པ་སྐྱེ་རྒ་ན་འཆི་བར་དོའི་སྡུག་བསྔལ་མྱོང་དགོས་པ་བཅས་སྡུག་བསྔལ་དྲུག་གིས་མནར་བའི་འཁོར་བ་ལ་མེའི་འོབས་དང་ཤ་བཙོན་གྱི་དོང་ལྟ་བུར་མཐོང་བས། འདི་ལས་ཅི་ནས་ཀྱང་ཐར་བར་བྱ་སྙམ་དུ་བསམ་མོ། །གཉིས་པ་རྒྱུ་ཀུན་འབྱུང་བ་བསམ་པ་ནི། སྡུག་བསྔལ་ཅན་གྱི་འཁོར་བ་དེ་རྒྱུ་མེད་རྐྱེན་མེད་པས་རང་བཞིན་བྱུང་བ་མ་ཡིན། དེ་ཐམས་ཅད་ལས་བསགས་པ་ལས་བྱུང་། ལས་ཐམས་ཅད་ཉོན་མོངས་པའི་ཀུན་སློང་ལས་བྱུང་། ཉོན་མོངས་པ་ལ་རྩ་ཉོན་དྲུག་དང་ཀུན་ཏུ་སྦྱོར་བ་དགུ་སོགས་རབ་དབྱེ་མང་ཡང་ཀུན་གྱི་རྩ་བ་དུག་གསུམ་དུ་འདུ། ཐམས་ཅད་ཀྱི་རྩ་བ་ནི་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས་ཏེ་ཕུང་པོ་ལ་ཞེན་ནས་བདག་དང་། བདག་གཅེས་པར་འཛིན་པས་འཁོར་བའི་རྒྱུར་སོང་། བདག་འཛིན་ལ་བརྟེན་ནས་ལྟ་བ་ངན་པ་ཐམས་ཅད་བྱུང་སྟེ་རང་གི་ལུས་སེམས་སོགས་ནང་སེམས་ཅན་དང་ཕྱི་ཉེར་སྤྱོད་ལ་ཞེན་པས་འདོད་ཆགས་བྱུང་། དེ་ལ་བརྟེན་ནས་ང་རྒྱལ་ཕྲག་དོག་སེར་སྣ་རྣམས་བྱུང་། རང་ངམ་རང་ཕྱོགས་ལ་གནོད་ཅིང་འཚེ་བ་ལ་ཁོང་ཁྲོ་བའི་ཞེ་སྡང་དང་དེའི་རྣམ་འགྱུར་གནོད་སེམས་ཁྲོ་འཚིག་ལ་སོགས་པ་བྱུང་། དེ་རྣམས་ཀྱིས་ལས་བསགས་པས་བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་འགྲོ། བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས། མི་གཡོ་བའི་ཟག་བཅས་ཀྱི་བསམ་གཏན་གྱིས་གཟུགས་དང་གཟུགས་མེད་དུ་འཕེན་པས། རང་གཞན་ཐམས་ཅད་འཁོར་བར་འཁྱམས་བྱེད་ཀྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཅི་ནས་ཀྱང་སྤང་བར་བྱའོ་སྙམ་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ལ་བརྟག་གཞིག་བྱས་ཏེ་བསྒོམ་མོ། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི། འཁོར་བ་སྤངས་ནས་དོན་དུ་གཉེར་བ་ནི་ཐར་པ་ཡིན་ལ། དེ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ་བདག་མེད་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། དེའི་རྒྱུ་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་པར་དག་པ་དགོས་པས། ད་ནི་འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། ཚུལ་ཁྲིམས་བསྲུང་། ཏིང་ངེ་འཛིན་བསྒོམ། ཤེས་རབ་བསྐྱེད་ནས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པའི་དོན་རྟོགས་པར་བྱའོ་སྙམ་དུ་བསམ། དེ་དག་སྐྱེས་བུ་འབྲིང་གི་ཉམས་ལེན་ཏེ་སྔོན་འགྲོའི་ཆོས་རྣམས་གྲུབ་བོ། ༈ །གཉིས་པ་བར་དུ་དགེ་བ་ཐེག་པ་ཆེན་པོ་དང་རྗེས་སུ་འབྲེལ་པ་ལྷག་བསམ་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆེན་པོའི་ལམ་འཆད་པ་སྟེ། འདི་ལ་གཉིས། བསམ་པའི་འཇུག་སྒོ་ལ་བསླབ་པ་དང་། དེ་ཉིད་མཐའ་རྒྱས་སུ་བྱེད་པའོ། །དང་པོ་ནི། འཁོར་བའི་ཉེས་དམིགས་རྣམས་ཤེས་ནས་སྤང་། ཐར་པ་མྱང་འདས་ཐོབ་དགོས་པ་ལ་འཐོབ་བྱ་མྱང་འདས་ཀྱི་བྱང་ཆུབ་དེ་ལ་ཉན་རང་གཉིས་རྫོགས་པའི་སངས་རྒྱས་དང་གསུམ་དུ་ཡོད་པ་ལས། རང་དོན་སྤང་རྟོགས་ཡོངས་སུ་རྫོགས་ཤིང་གཞན་དོན་ཕྲིན་ལས་ལ་ཐོག་པ་མེད་པ་ཐར་པ་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པས། ཇི་ལྟར་བྱས་ན་བདག་སངས་རྒྱས་འཐོབ་པར་འགྱུར་སྙམ་དུ་ཡང་ཡང་བསམ། གཉིས་པ་དེ་ཉིད་མཐའ་རྒྱས་སུ་བྱེད་པ་ལ་གཉིས། རྒྱུ་འབྲས་ཀྱི་འབྲེལ་བསམ་པ། དེའི་དོན་བསམ་པའོ། །དང་པོ་ནི། བདག་སངས་རྒྱས་ཐོབ་དགོས་པ་ལ་དེའི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། དེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ། དེའི་རྒྱུར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་པར་འདུག །ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན། རེ་རེ་ནས་དྲིན་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་ན་ཅི་མ་རུང། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་བདག་གིས་སངས་རྒྱས་འཐོབ་པར་བྱ། ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་བསམ། གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ་གསུམ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དང་པོ་ནི། ཐོག་མར་རྩ་བའི་མ་དེ་མདུན་ན་ཡོད་པ་དམིགས། འདིས་བདག་དང་པོ་ལུས་བསྐྱེད། བདག་གི་ཕྱིར་དུ་དཀའ་བ་དུ་མ་སྤྱད། བདག་ལ་གཅེས་པའི་སྲོག་ཀྱང་བྱིན། མཐར་གཏན་ཚིག་གཅིག་སློབ་པ་ནས་བཟུང་འཇིག་རྟེན་གྱི་བྱ་བ་ཡོངས་སུ་རྫོགས་པ་བསྟན་ནས་རང་ལས་ཀྱང་གཅེས་པའི་བྱམས་པས་བསྐྱངས། ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཆེ། མ་འདི་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་། སྐྱེ་བ་འདི་ཁོ་ནར་མ་ཟད་སྐྱེ་བ་གཞན་དཔག་ཏུ་མེད་པ་ལ་མ་བྱས། བྱས་རེས་ཀྱིས་ད་ལྟ་བཞིན་དུ་ཕན་བཏགས། ལན་རེ་ཕ་དང་གཉེན་གྲོགས་མཛའ་བཤེས་སུ་གྱུར་ནས་ཕན་བཏགས་པ་ལའང་ཚད་མེད་སྙམ་དུ་མ་དེ་སྙིང་དུ་སྡུག་ཅིང་ཕན་པ་དང་བདེ་བར་འདོད་པའི་བྱམས་པའི་སེམས་གཤའ་མ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེ་ལ་སྐྱེས་ནས་ཉེ་དུ་སོགས་སྐྱེ་སླ་བ་ཉུང་ངུ་དང་། དེ་ནས་ཡུལ་མི། རིམ་པར་རྒྱ་ཇེ་ཆེ་ལ་བཏང་སྟེ་སྟོང་གསུམ་དང་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རྩ་བའི་མ་བཞིན་བྱམས་པའི་སེམས་མ་སྐྱེས་བར་དུ་བསྒོམ། མ་འདི་རྣམས་བདེ་ཞིང་སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་དགོད་ནུས་པར་གྱུར་ཅིག་སྙམ་དུ་ཡང་ཡང་བསམ། རིན་ཆེན་ཕྲེང་བ་ལས། བྱམས་པ་བསྒོམ་པའི་ཕན་ཡོན་ཆེན་པོ་བརྒྱད་ཐོབ་པར་གསུངས་ཤིང་། རྫིའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེར་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཉེ། །ཞེས་མདོར་བསྡུས་ཏེ་བསྟན་ཏོ། །གཉིས་པ་སྙིང་རྗེ་བསྒོམ་པ་ནི། དེ་ལྟ་བུའི་དྲིན་ཅན་གྱི་མ་རྒན་སེམས་ཅན་འདི་རྣམས་ལུས་སེམས་ལ་བདེ་བ་འདོད་པ་མཚུངས་ཀྱང་མྱོང་བ་སྡུག་བསྔལ་ཁོ་ན་མྱོང་། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། མཐོ་རིས་ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། འགའ་ཞིག་སྡིག་པའི་ལས་ཚབས་པོ་ཆེ་བསགས་པས་དབུགས་འགག་མ་ཐག་ཏུ་དམྱལ་བར་སྐྱེ་དགོས་པ་རྣམས་ཤིན་ཏུ་སྙིང་རྗེ་སྙམ་དུ་བསྒོམ། དེའང་ཐོག་མར་རང་གི་རྩ་བའི་མ་ལ་སྦྱར་ནས་བསྒོམ་སྟེ། མ་དེ་ས་ཕྱོགས་འདིར་མེར་བསྲེགས་པའམ། འཁྱགས་ནས་འཁེངས་པའམ། གཞན་དག་གིས་གཅོད་ཅིང་གཏུབས་ན་ཤིན་ཏུ་སྙིང་རྗེ། དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་དྲིན་ཅན་ཁོ་ན་ཡིན་པས་སྙིང་རྗེ་བསྒོམ། དེས་འགྲེས་ཏེ། མ་དེ་བཀྲེས་སྐོམ་དང་ན་ཚས་གཟིར་བ་ལ་དམིགས་ནས་ཡི་དྭགས། མ་རྒས་འཁོག་ལ་མི་ནུས་བཞིན་དུ་གཞན་དག་གིས་བརྡེག་འཚོགས་བཀོལ་སྤྱོད་བྱས་པ་ལ་དམིགས་ནས་དུད་འགྲོ །མ་དེ་མིག་མི་གསལ། གཡང་ས་ཆེན་པོ་ནས་ཟོན་མི་ཤེས་པར་ལྷུང་ལ་ཁད་དུ་འགྲོ །ལྷུངས་ནས་ཐར་དུས་མེད་པའི་སྡུག་བསྔལ་མྱོང་བ་ལ་དཔེར་བྱས་ནས་མཐོ་རིས་གསུམ་གྱི་འགྲོ་བ་རྣམས་ལ་སྙིང་རྗེ་ཤས་མི་བཟོད་པ་བསྒོམ། དེ་དག་ཀྱང་རིམ་པར་རྒྱ་བསྐྱེད་ལུགས་བྱམས་པ་དང་མཚུངས་ཤིང་། སྙིང་རྗེ་བཅོས་མིན་དུ་སྐྱེ་ཙ་ན། མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་པར་བྱ་སྙམ་དུ་བསམ། སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་བསམ་ལ་ངག་ཏུའང་བརྗོད། སྤྱན་རས་གཟིགས་ཀྱི་རྟོགས་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོ་འོ། །ཞེས་གསུངས་པས་མཚོན་ཕན་ཡོན་ཚད་མེད་དོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་མ་སྐྱེས་པ་བསྐྱེད་ནས། སྐྱེས་པ་གོང་དུ་སྤེལ་ཞིང་རང་དོན་ཡིད་བྱེད་སྤོང་བའི་ཉམས་ལེན་གྱི་གཙོ་བོ་བདག་གཞན་མཉམ་པ་དང་བརྗེ་བའི་སེམས་ཀྱིས་བདེ་སྡུག་བཏང་ལེན་ལ་བསླབ་དགོས་ཏེ། ཞི་བ་ལྷས། བདག་དང་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས། དེ་ལ་ཐོག་མར་རང་ཉིད་བདེ་བར་འདོད། སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་དེ་དང་འདྲ་བས་འདོད་པ་མཉམ། བདག་གཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཡིན་པས་མཉམ་པ་ལས་ཀྱང་ལྷག །མ་རྒན་སེམས་ཅན་རྣམས་ཀྱིས་མི་འདོད་པའི་སྡུག་བསྔལ་རང་ལ་ལེན། འདོད་པའི་བདེ་བ་དེ་རྣམས་ལ་ཕར་བཏང་བའི་འདུན་པས། དབུགས་ཕར་གཏོང་བ་དང་མཉམ་དུ། བདག་གིས་ཐོག་མ་མེད་པ་ནས་བསགས་པའི་དགེ་བ་དང་བདེ་བ་ཅི་ཡོད་པ་ཐམས་ཅད་དཀར་ལམ་གྱིས་ཕར་སོང་ནས་སེམས་ཅན་རེ་རེ་བཞིན་ཆ་རེ་ཐོབ་པས་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། དབུགས་ཚུར་རྔུབ་པའི་ཚེ། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་ཉོན་སྡིག་སྒྲིབ་འབྲས་བུ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་རང་ལ་ཐིམ་པས། དེ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་མོས་ལ། ངག་ཏུའང་བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ཅེས་སྙིང་ཐག་པ་ནས་བརྗོད་ཅིང་བློ་སྦྱང་བར་བྱའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ། འཇུག་པ་ཕར་ཕྱིན་དྲུག་ལ་བསླབ་པའོ། །དང་པོ་ནི། ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་རྟག་ཏུ་ལྡན། སྡུག་བསྔལ་དང་གཏན་དུ་བྲལ་བ་ལ་རྫོགས་པའི་སངས་རྒྱས་འཐོབ་དགོས་པར་འདུག །དེ་ཐོབ་པར་བྱེད་པ་ལ་དང་པོ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ཐོབ་ནས་སེམས་ཅན་གཅིག་ཀྱང་མ་ལུས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་སེམས་བསྐྱེད་པ་ནི་བྱང་ཆུབ་ཏུ་སྨོན་པ་ཡིན། དེས་རང་གཞན་གྱི་དོན་གཉིས་བསྒྲུབ་པ་དང་། ཉེས་པ་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་འདུ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཅེས་གསུངས། སྨོན་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་དགོས་པས་རྩ་བ་སེམས་ཅན་བློས་མི་སྤོང་བ་དང་། ནག་པོའི་ཆོས་བཞི་སྤང་། དཀར་པོའི་ཆོས་བཞི་ལ་བསླབ་ཅིང་ཉིན་མཚན་དུ་ཚོགས་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་བརྩོན་པ་བསྐྱེད་དོ། །དེ་ལ་སེམས་ཅན་བློས་སྤངས་པ་ལ། བདག་གིས་སངས་རྒྱས་ཐོབ་མི་ནུས་སོ་སྙམ་ནས་ཐེག་ཆེན་གྱི་ཆོས་ལ་བློ་ལོག་ནས་རང་དོན་ཡིད་བྱེད་ལ་གནས་པ་ནི་སངས་རྒྱས་ཀྱི་རྒྱུ་རྩ་བ་ནས་སྤངས་པས་ཉེས་པ་ཤིན་ཏུ་ལྕི་ལ། སེམས་ཅན་གཅིག་གམ་གཉིས་ལ་ཁོང་ཁྲོ་བས་ཁྱོད་འདྲ་བ་དང་མི་འཕྲད་པར་ཤོག །ཁྱོད་ལ་ཕན་མི་གདགས་སོ་སྙམ་པ་སོགས་དང་། དུད་འགྲོ་ཁྱི་རྐུན། བྱི་བ་ཤིག་སྲོ་ཡན་ཆད་ལ་རྡེག་རྡུང་གནོད་སེམས་བྱེད་པའང་དེའི་ཁོང་དུ་གཏོགས་པ་ཡིན། ནག་པོའི་ཆོས་བཞི་ནི། བླ་མ་སྦྱིན་གནས་མཆོད་འོས་བསླུ་བ་དང་པོ་སྟེ་རྫུན་ལབ་ནས་མགོ་བསྐོར་བཏང་བ་ཡིན། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་གཉིས་པ་སྟེ་སྡིག་པ་བྱས་པ་ལ་འགྱོད་དགོས་ཀྱང་དགེ་བ་བྱས་པ་ལ་འགྱོད་པ་སྐྱེད་པ་ཡིན། སེམས་བསྐྱེད་པའི་གང་ཟག་ལ་མི་སྙན་པ་བརྗོད་པ་གསུམ་པ་སྟེ་སེམས་བསྐྱེད་ཚིག་ཙམ་བཏོན་མྱོང་བ་ཡན་ཆད་ལ་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་བཞི་པ་སྟེ་རང་དོན་བསྒྲུབ་པའི་ཕྱིར་གཞན་ལ་ཁྲམ་དང་གཡོ་སྒྱུས་མགོ་སྐོར་དང་ཐ་ན་བྲེ་སྲང་ཚུན་ལ་དྲང་པོ་མི་བྱེད་པ་ཡིན། དེ་རྣམས་ཉེས་པ་ཤིན་ཏུ་ཆེ་བས་དེ་ལས་ལྡོག་པའི་དཀར་པོའི་ཆོས་བཞི་ལ་བསླབ་དགོས་ཏེ། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་དགེ་བ་ལ་འགོད་ཅིང་ཁྱད་པར་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་དགེ་རྩ་ལ་འགོད་པ་དང་། སེམས་བསྐྱེད་བྱས་ཚད་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་ནས་ཡོན་ཏན་བརྗོད་པ་དང་། སེམས་ཅན་གང་ལའང་གཡོ་སྒྱུ་མེད་པའི་དྲང་པོ་དང་། གཞན་དོན་ཉིད་རང་གི་ཁུར་དུ་ཁྱེར་བའི་ལྷག་བསམ་ལ་གནས་པར་བྱ་དགོས་སོ། །བསོད་ནམས་ཀྱི་ཚོགས་སྒོ་གསུམ་གྱི་དགེ་བའི་སྤྱོད་པ་ཇི་ལྟར་ནུས་པ་དང་། ཡེ་ཤེས་ཀྱི་ཚོགས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བློ་ཡིས་གང་ལྕོགས་བྱ་བ་ལའང་བསླབ་པར་བྱའོ། །གཉིས་པ་འཇུག་པ་སེམས་བསྐྱེད་ལ་གཉིས། འཇུག་སེམས་སྤྱིར་སྒོམ་པ། བྱེ་བྲག་བསླབ་པ་ལ་སློབ་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་འཐོབ་པར་འདོད་པ་ཙམ་གྱིས་མི་ཆོག་ཐོབ་བྱེད་ཀྱི་རྒྱུ་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས། སྤྱོད་པ་དེ་ཉིད་ཤིན་ཏུ་རྒྱ་ཆེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་བགྱིའོ་སྙམ་པས་བསྡུ་དངོས་བཞི་ལ་གནས་པ་ནི། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་པ་ཡི་གྲོས་ཀྱང་གདབ། །ཅེས་སོགས་སྦྱིན་སོགས་ཕར་ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གིས་བཤད། ལག་ལེན་བྱེད་དུ་འཇུག་པ་དེ་ཕྱིན་དྲུག་ཀྱང་ཡིན་ལ་བསྡུ་དངོས་ཀྱང་ཡིན་པས། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བགྱི། དེའང་ཕྱི་དུས་སུ་མ་ཡིན་པར་ད་ལྟ་ཉིད་ནས་ལག་ཏུ་བླང་བར་བྱའོ། །སྙམ་པའི་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་འཕྲལ་རང་དུ་ཐེབ་པར་བྱའོ། །སེམས་བསྐྱེད་དེའང་ཐོག་མར་སློབ་དཔོན་ནམ་རྟེན་ལས་ལེན་པའམ། རང་སྟོབས་ཀྱི་དམིགས་པས་ལེན་པ་གཉིས་ལས་སྐབས་འདིར་ཕྱི་མ་ལྟར་ན། མདུན་གྱི་ནམ་མཁར་བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས། ངག་ཏུ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་ལན་མང་དུ་བརྗོད། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པས་ཀུན་རྫོབ་ལ་དོན་དམ་གྱི་རྒྱས་ཐེབ་པར་འགྱུར་རོ། །གཉིས་པ་བསླབ་བྱ་ལ་སློབ་པ་ལ་གཉིས། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཇུག་པའི་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་དགོས། བསླབ་བྱ་ཐམས་ཅད་ལྷག་པའི་བསླབ་པ་རྣམ་པ་གསུམ་དུ་འདུ་སྟེ། བྱང་ཆུབ་ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེན་འགྱུར། །ཅེས་གསུངས་པ་ལྟར། ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གསུམ་ལ་སློབ་དགོས། དེའང་ཚུལ་ཁྲིམས་བསླབ་པ་ནི་ཕྱིན་དྲུག་གི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཡིན་ལ། བསམ་གཏན་སེམས་ཀྱི་བསླབ་པ། ཤེས་རབ་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་དེ་ཐམས་ཅད་ཀྱི་གྲོགས་ཡིན་སྟེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར་རོ། །ཕར་ཕྱིན་དྲུག་པོ་འདི་ལ་སངས་རྒྱས་ཐོབ་པའི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པ་ཡིན་ཏེ། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དེའང་དོན་དུ་གཉེར་བྱ་མངོན་མཐོ་ངེས་ལེགས་གཉིས་སུ་ངེས་ཤིང་དེའི་རྒྱུ་ཕར་ཕྱིན་དྲུག་ལ་ཚང་བ་སྟེ། མངོན་མཐོའི་དོན་དུ་ལོངས་སྤྱོད་ཀྱི་སྦྱིན་པ། ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པ། ངེས་ལེགས་ཀྱི་དོན་དུ་ཡོན་ཏན་འཕེལ་བའི་རྒྱུ་བརྩོན་འགྲུས། ཞི་གནས་ཀྱི་རྒྱུ་བསམ་གཏན། ལྷག་མཐོང་གི་རྒྱུ་ཤེས་རབ་སྟེ། དེ་རྣམས་ཀྱང་འཇུག་སླ་བ་དང་རགས་པ་རྣམས་སྔ་མ་དང་། འཇུག་དཀའ་བ་དང་ཕྲ་བ་རྣམས་རིམ་གྱིས་བསྟན་པ་ཡིན་པས། བདག་གིས་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ནས་སངས་རྒྱས་བསྒྲུབ་པའི་དོན་དུ་ཕྱིན་དྲུག་བྱ་སླ་བ་དང་དཀའ་བ་ལ་རིམ་གྱིས་འཇུག་པར་བགྱིའོ་སྙམ་དུ་དམ་བཅའ། དེ་དག་བསྡུ་ན་ཚོགས་རྣམ་པ་གཉིས་སུའང་འདུ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། གཞན་གསུམ་ཚོགས་གཉིས་ཀར་གཏོགས། ཕར་ཕྱིན་རེ་རེ་ལའང་རང་རང་གི་མི་མཐུན་ཕྱོགས་ཉམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་། འདོད་པ་རྫོགས་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱེད་པའི་མཚན་ཉིད་བཞི་བཞི་དང་ལྡན་པ་ཡིན་ལ། སྦྱིན་པ་ལ་སོགས་པ་ལྔ་པོའང་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཟབ་མོས་མ་ཟིན་ན་སངས་རྒྱས་ཀྱི་རྒྱུར་མི་འགྲོ་ལ། ཤེས་རབ་རྣམ་པར་དག་པས་ཟིན་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་འཐོབ་པར་ནུས་མ་ཡིན། །ཅེས་གསུངས་པས་སྦྱིན་སོགས་གང་སྤྱད་ཀྱང་སྔོན་དངོས་རྗེས་ཀྱི་དམ་པ་གསུམ་དང་། ཁྱད་པར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ཤེས་རབ་དྲི་མ་མེད་པས་ཟིན་པར་བྱ་ཞིང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚོགས་གཉིས་ཀྱིས་བསྡུས་པའི་ཕར་ཕྱིན་མཚན་ཉིད་བཞི་ལྡན་འཁོར་གསུམ་དམིགས་པ་མེད་པའི་ངང་ནས་སྒྱུ་མ་ལྟ་བུར་རྒྱུན་མི་འཆད་པར་སྤྱད་པར་བགྱིའོ་སྙམ་པས་དེ་ལྟར་ཉམས་སུ་བླང་ངོ་། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཕར་ཕྱིན་དང་པོ་བཞི་མདོར་བསྡུས་ཏེ་བསྟན། བསམ་གཏན་དང་ཤེས་རབ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པ་ལ་གསུམ་ལས། ཟང་ཟིང་གི་སྦྱིན་པ་ནི། ཟས་གོས་ནོར་རྫས་མཁོ་བའི་ཡོ་བྱད་འབྱོར་བས་གང་ལྕོགས་རྣམས་ཞིང་བསམ་པ་དངོས་པོ་ཐབས་བཅས་མ་དག་པ་བཞི་སྤངས་ཏེ་རྣམ་པར་དག་ཅིང་བསམ་སྦྱོར་ཕུན་སུམ་ཚོགས་པས་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་ནི། གཞན་དག་ནད་དུག་མཚོན་ཆ་མེ་ཆུ་གཅན་གཟན་ལམ་འཕྲང་བཙོན་ལ་སོགས་པ་ལས་བསྐྱབ་པ་དང་། ཆོས་ཀྱི་སྦྱིན་པ་ནི། ཆོས་བཤད་པའི་ནུས་པ་ཡོད་ན་ཆོས་འདོད་པ་རྣམས་ལ་རྙེད་བཀུར་དང་ཁེ་གྲགས་ལ་མི་ལྟ་བར་ཐར་པ་སྒྲུབ་པའི་ཆོས་བཤད། མི་ནུས་ན་མི་དང་མི་མ་ཡིན་པ་ལ་བཤད་པར་མོས་ཏེ་རྒྱལ་བའི་གསུང་རབ་བསྒྲག་པ་རྣམས་སོ། །ཚུལ་ཁྲིམས་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། མི་དགེ་བ་བཅུ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། སོ་ཐར་རིས་བདུན། བྱང་སྡོམ་ལུགས་གཉིས། སྔགས་རྩ་བ་དང་ཡན་ལག་གི་དམ་ཚིག་སོགས་བཅས་པའི་ཁ་ན་མ་ཐོ་བ་རང་གི་ཁས་བླངས་གང་ཡིན་པ་རྣམས་དང་མ་འགལ་བར་བྱ་བ་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། སྒོ་གསུམ་དང་འབྲེལ་བའི་དགེ་བའི་བྱ་བ་ཆེ་ཕྲ་ཐམས་ཅད་ཅི་ནུས་སུ་བསྒྲུབ་པ་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་ས་ལས་རྣམ་པ་བཅུ་གཅིག་ཏུ་གསུངས་པ་མདོར་བསྡུ་ན་ལྷག་བསམ་བཟང་པོས་དངོས་དང་བརྒྱུད་ནས་སེམས་ཅན་རྣམས་བདེ་དང་དགེ་བ་ལ་དགོད་པའོ། །བཟོད་པ་ལ་གསུམ་ལས། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་སུའང་རུང་བས་རང་ལ་བརྡེག་བརྡུང་འཕྲོག་བཅོམ་ཚིག་ངན་རྩོད་པ་སོགས་བྱེད་པ་ལ་ཁོང་མི་ཁྲོ་བར་སླར་བྱམས་པ་བསྒོམ་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་ཚོལ་བ་དང་ཆོས་སྒྲུབ་པའི་ཚེ་ཚ་གྲང་ལྟོག་སྐོམ་ངལ་དུབ་ཐང་ཆད་ཇི་ཙམ་བྱུང་ཡང་ཅུང་ཟད་ཙམ་བག་མི་འཁུམས་པར་བསྲན་བསྐྱེད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། རྒྱལ་བ་སྲས་བཅས་ཀྱི་ཐུགས་བསྐྱེད་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། སྟོང་ཉིད་ཀྱི་གནས་ལུགས། ཐབས་ཟབ་མོ་ཐོས་ན་མི་སྐྲག་མི་དངངས་པར་སླར་ཡང་དང་བ་བསྐྱེད་པའོ། །བརྩོན་འགྲུས་གསུམ་ལས། གོ་ཆའི་བརྩོན་འགྲུས་ནི། དགེ་བ་ཆུང་ངུ་ལ་འདི་ལྟ་བུ་མི་དགོས་སྙམ་པའི་ཁྱད་གསོད་དང་། ཆེན་པོ་ལ་འདི་ཙམ་མི་ནུས་སྙམ་པའི་ཞུམ་པ་མེད་པར་དགེ་བར་གཏོགས་སོ་ཅོག་སྒྲུབ་པའི་སྤྲོ་སེམས་དང་། སྦྱོར་བའི་བརྩོན་འགྲུས་ནི། ཆོས་དང་དགེ་བ་སྒྲུབ་པའི་ཚེ་ལེ་ལོ་རྣམ་གཡེང་དབང་དུ་མི་གཏོང་བར་དེ་ཉིད་རྒྱུན་བསྲིང་བ་དང་། སླར་མི་ལྡོག་པའི་བརྩོན་འགྲུས་ནི། ཕན་ཡོན་དྲོད་རྟགས་འཕྲལ་དུ་མ་བྱུང་ནའང་སྒྱིད་ལུགས་དང་ཞུམ་པ་མི་བྱ་བར་དེའི་འབྲས་བུ་མཐར་མ་ཕྱིན་བར་དུ་བརྩོན་པ་སྟེ། དེ་རྣམས་ལས་སྐབས་སུ་བབ་པའི་ཉམས་ལེན་ཅི་ལྕོགས་སུ་བྱ་བར་དམ་བཅའོ། །གཉིས་པ་བསམ་གཏན་བཤད་པ་ལ་གཉིས། བསམ་གཏན་སྐྱེ་བའི་རྒྱུ། བསམ་གཏན་དངོས་སོ། །དང་པོ་ནི། བསམ་གཏན་དང་ཞི་གནས་ངོ་བོ་གཅིག་ཡིན་ལ་དེའི་རྒྱུ་ཚོགས་བརྟེན་པ་ལ། ལུས་འདུ་འཛིས་དབེན་པ་དང་། སེམས་རྣམ་པར་རྟོག་པས་དབེན་པར་བྱ་དགོས། དེ་ལ་འདུ་འཛི་ནི། བུ་སྨད་གཉེན་འཁོར་སོགས་སེམས་ཅན། ཟས་ནོར་སོགས་རྙེད་བཀུར། བསྟོད་བསྔགས་སོགས་སྙན་གྲགས་ལ་ཆགས་ཞེན་གྱིས་གཡེང་བ་རྣམས་ཡིན་ཞིང་དེ་ལ་ཉེས་པ་ཉི་ཤུ་ཡོད་པ་མདོ་ལས་གསུངས། ཁྱད་པར་སེམས་གནས་སུ་མི་སྟེར་བའོ། །འདུ་འཛི་དང་བྲལ་བ་ནི་དབེན་པ་སྟེ། རྣམ་གཡེང་ཐམས་ཅད་སྤངས་ནས་གཅིག་པུར་དགོན་པར་གནས་ན་མྱུར་དུ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་བས་དེ་ལྟར་བྱ། དབེན་པར་སྡོད་ཀྱང་ལུས་དང་ངག་གིས་མི་དགེ་བ་ལ་སྤྱད་པ་དང་། ལུང་མ་བསྟན་གྱི་བྱ་བས་རྣམ་པར་གཡེང་བ་ཐམས་ཅད་སྤང་དགོས་ཤིང་། སེམས་ཀྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་དང་། འཇིག་རྟེན་གྱི་བྱ་བྱེད་འཁྲུལ་པའི་རྗེས་སུ་འབྲང་བའི་རྟོག་པ་ཕྲ་རགས་ཐམས་ཅད་ཀྱང་སྤངས་ནས་གཡེང་བ་མེད་པའི་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །གཉིས་པ་བསམ་གཏན་དངོས་ལ་གསུམ། དང་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་བསྒྲུབ་པ་སྟེ། སྐབས་དོན་གྱི་ཉམས་ལེན་འདིའི་དབང་དུ་བྱས་ན་ལུས་གནད་དང་སེམས་གནད་གཉིས་ལས། ལུས་གནད་བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་ལྟེ་འོག་ཏུ་མཉམ་པར་གཞག །རྒལ་ཚིགས་དྲང་པོར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱངས། ལྕེ་ཡ་རྐན་ལ་སྦྱར། མགྲིན་པས་ཨོལ་མདུད་ནོན་པར་དགུག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁར་གདང་ཟུམ་མཉམ་པར་བཞག་པ་ནི་རྣམ་སྣང་གི་ཆོས་བདུན་ཞེས་བྱ་བ་ཡིན་ལ། དེ་ཉིད་ཧ་ཅང་བསྡམ་མ་དྲགས་པ་དང་ལྷོད་མ་དྲགས་པའི་རན་པར་བཅའོ། །སེམས་གནད་ལ་རྟེན་ཅན་ལ་བསླབ་པ་དང་། རྟེན་མེད་ལ་བསླབ་པ་གཉིས་ཀྱི་དང་པོ་ནི། མདུན་དུ་འཕགས་མ་སྒྲོལ་མའི་སྐུ་བརྙན་བྲིས་འབུར་གང་ཡིན་བཟོ་ལེགས་ཚད་ལྡན་བཀྲམ་པ་ལ་སེམས་འཛིན་པའམ། ཡང་ན་དམིགས་པས་ཀྱང་རུང་སྟེ། གང་ལྟར་ལུས་གནད་བཅའ། རླུང་རོ་ལན་གསུམ་བསལ། རང་གི་མདུན་གྱི་བར་སྣང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་མར་གད་ཀྱི་སྙིང་པོ་ལྟ་བུ་གསལ་ཞིང་དྭངས་ལ་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཤིང་། གཡོན་པ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པའི་མེ་ཏོག་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་ཕྱེད་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུ་འོད་འབར་བས་མཚན་ཅིང་ཕྱེད་ཐུར་དུ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་རྣམས་ཀྱིས་སྤྲས་པ། ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པས་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པར་གསལ་བཏབ། དེ་ལ་སེམས་འཛིན་གྱི་རྟེན་ཙམ་བྱ་བ་ལས་གསལ་མི་གསལ་དང་། གནས་མི་གནས་སོགས་ཀྱི་རེ་དོགས་འགྱུ་དྲན་ཐམས་ཅད་རྦད་ཀྱིས་བཅད། མ་ཡེངས་ཙམ་གྱི་དྲན་པའི་བྱ་ར་བཀོད། བྱིང་རྒོད་མཉམ་ན་ཐུགས་ཀར་སེམས་གཏད་ལྟ་སྟངས་མཉམ་པར་གཞག །བྱིང་རྨུགས་འཐིབ་གསུམ་བྱུང་ན་སྨིན་མཚམས་མཛོད་སྤུར་སེམས་གཏད་ལ་ལྟ་སྟངས་གྱེན་དུ་གཏོད། འཕྲོ་རྒོད་ཆེ་ན་ལྟེ་བར་ཐིག་ལེ་སྔོན་པོ་ལ་སེམས་བཟུང་ལྟ་སྟངས་ཐུར་དུ་ཕབ། ཐམས་ཅད་ལ་ཡིད་མིག་རླུང་གསུམ་ཆིག་དྲིལ་མདུང་ཚུགས་སུ་གཏད་ཅིང་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་རྩེ་གཅིག་པའི་སེམས་གཞན་དུ་མི་གཡེང་བར་ཡུན་ཐུང་ལ་གྲངས་མང་བ་བྱ། ཡེངས་ན་དེ་མ་ཐག་ཏུ་དྲན་པས་བཟུང་ལ་རང་མལ་དུ་བཞག །དེ་ལྟར་ཡང་ནས་ཡང་དུ་གསལ་གདབ་ལ་སེམས་བཟུང་། ཟིན་པ་ན་མ་ཡེངས་ཙམ་གྱི་ངང་རང་བབས་སུ་གློད་ལ་ཅི་གནས་སུ་བསྐྱང་། ཐུན་མཐར་མདུན་དུ་སྒོམ་པའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མ་རྗེ་བཙུན་མའི་ཐུགས་དང་རང་སེམས་དབྱེར་མེད་རོ་མཉམ་དུ་གྱུར་པར་མོས་ལ་མཉམ་པར་བཞག་གོ །གཉིས་པ་རྟེན་མེད་ལ་བསླབ་པ་ནི། ལུས་གནད་བཅའ། རླུང་རོ་བསལ། སེམས་དུས་གསུམ་སྤྲོས་པའི་རྟོག་པ་བཅད་དེ། སྔར་བྱུང་བ་དང་བྱས་ཟིན་པ་རྣམས་རྗེས་མི་བཅད། མ་འོངས་པར་འདི་བྱ་འདི་བྱེད་འདི་འབྱུང་གི་སྔུན་མི་བསུ། ད་ལྟ་བའི་ཤེས་པ་ལ་བཟོ་བཅོས་དགག་སྒྲུབ་གང་ཡང་མི་བྱེད་པར་མ་ཡེངས་ཙམ་གྱི་ངང་རིག་པ་དྭངས་སེང་ངེར་བཞག །བྱིང་རྒོད་བྱུང་ན་ལྟ་སྟངས་སོགས་གོང་གིས་འགྲེ །གསལ་དྭངས་ལྷན་ནེར་གནས་པའི་ཚེ་འཕྲོ་བཅད་ལ་སླར་མཉམ་པར་གཞག་པ་ཡང་ཡང་བྱ་ཞིང་སྒོམ་གྱིས་སྣ་མི་སུན་པར་བྱ། མིག་ཡུལ་གཟུགས། རྣ་བར་སྒྲ་སོགས་ཚོགས་དྲུག་གི་རྟོག་པ་ཤར་ནའང་དེ་ཀའི་ཐོག་ཏུ་སེམས་འཛིན་གྱི་རྟེན་བྱས་ལ་གཞག །འཕྲོ་རྒོད་ཆེ་བས་སུན་པར་བྱུང་ན་ནང་དུ་བཀུག་ནས་གཅུན་པ་ལྟར་མི་བྱེད་པར་གང་འགྱུས་འགྱུ་རུ་བཅུག་ནས་དེ་ཐོག་བསྐྱང་། ཐོག་མར་གྲིམ་ལྷོད་སྤེལ། གོམས་ནས་གྲིམ་དྲགས་པ་དང་ལྷོད་དྲགས་པའི་སྐྱོན་དང་བྲལ་བས་རན་པར་བསྐྱངས་པ་ལས་གནས་ཉམས་གསུམ་པོ་རིམ་གྱིས་འཆར་བར་འགྱུར་ཏེ། དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཆུ་བོ་དལ་འབབ་ལྟ་བུ། གསུམ་པ་རྒྱ་མཚོ་མི་གཡོ་བ་ལྟ་བུ་རྣམས་རིམ་པར་འཆར། དེ་ལྟར་ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེས་ན་ཏིང་ངེ་འཛིན་དང་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །གཉིས་པ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི། རྣམ་པར་ཐར་པ་དང་། ཟིལ་གནོན་དང་། ཟད་པར་གྱི་སྐྱེ་མཆེད་དང་། མངོན་ཤེས་སོགས་སྒྲུབ་པར་བྱེད་པ་རྣམས་ཡིན་ལ། གསུམ་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནི། ཏིང་ངེ་འཛིན་དང་མངོན་ཤེས་ལ་བརྟེན་ནས་གཞན་ལ་ཕན་གདགས་པ་སྟེ། གཉིས་ཀའང་སྔར་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་ལས་འབྱུང་བའོ། །གསུམ་པ་ཤེས་རབ་ཉམས་སུ་ལེན་པ་ལ། ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ལ་དེའི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལས་འབྱུང་སྟེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །དེ་ལ་སྤྱིར་བསམ་པ་དང་སྦྱོར་བ་གཉིས་སུ་ཡོད་པའི། དང་པོ་ལ་གསུམ། གནས་ལུགས་སྟོང་པ་ཉིད་རྟོགས་པ་དོན་དམ་ཤེས་པའི་ཤེས་རབ། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པ་ཀུན་རྫོབ་ཤེས་པའི་ཤེས་རབ། བསྡུ་དངོས་བཞིའི་སྒོ་ནས་འགྲོ་དོན་བྱེད་ཤེས་པ་གཞན་དོན་ཤེས་པའི་ཤེས་རབ་རྣམས་སུ་ཡོད་ཅིང་། སྦྱོར་བ་ལའང་གསུམ། གང་ཟག་བདག་མེད། ཆོས་ཀྱི་བདག་མེད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སོགས་གཞུང་ཆེན་པོ་རྣམས་ཀྱི་དགོངས་པ་སྟེ་གཙོ་བོ་ལྟ་བ་གཏན་ལ་འབེབ་པར་བྱེད་པ་ཤེས་པར་བྱ་བའི་ཤེས་རབ་ཡིན་པས་ས་བཅད་ཙམ་ལས་མ་སྤྲོས། འདིར་བསྒོམ་པར་བྱ་བའི་ཤེས་རབ་ལྷག་མཐོང་གི་ཡེ་ཤེས་སྐྱེད་པ་ནི་ཉམས་སུ་ལེན་བྱ་དངོས་ཡིན་ལ། དེའང་གཞུང་རྩ་བ་ལས་ཇོ་བོ་རྗེའི་ལམ་རིམ་དང་མཐུན་པར་དཔྱད་པ་སྔོན་འགྲོས་མཉམ་པར་འཇོག་པར་བསྟན་པ་ལྟར་འཆད་པ་ལ་གཉིས། དཔྱད་པས་གཏན་ལ་དབབ་པ་དང་། གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དང་པོ་ལ་གསུམ། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པའོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོགས་པ་ཡིན། །ཞེས་དང་། ཕལ་པོ་ཆེ་ལས། ཀྱེ། རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། སྦྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ལྕེ་དེ་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ལས་མཐའ་ཡས་པར་གསུངས་པ་ལྟར། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞི་ལས་གྲུབ་པ་རྣམས་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་བ་རྣམ་པ་བཞིས་བསྡུས་པ་ཐམས་ཅད་ཀྱང་རང་གི་སེམས་འཁྲུལ་པའི་སྣང་བ་ཕྱི་རོལ་དུ་ཤར་པ་མ་གཏོགས། དོན་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔེར་ན། རྨི་ལམ་དུ་རི་རབ་ཁང་ཁྱིམ་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པའི་གཟུགས་དང་། བདེ་ཞིང་སྐྱིད་པ། མི་བདེ་སྡུག་བསྔལ། འཇིགས་ཤིང་སྐྲག་པ་ལ་སོགས་ཇི་ཙམ་རྨིས་ཀྱང་ཉིང་འཁྲུལ་གྱི་སྣང་བ་འབའ་ཞིག་པ་ལས་གཅིག་ཀྱང་མི་བདེན། མི་བདེན་བཞིན་དུ་རྨི་ལམ་ཉིད་རྨི་ལམ་ཡིན་པར་མ་ཤེས་པས་བདེ་སྡུག་སྐྲག་སྔངས་ལ་སོགས་པ་མྱོང་བ་བཞིན་དུ། ད་ལྟའི་སྣང་བ་འདི་རྣམས་ཀྱང་མི་བདེན་བཞིན་དུ་འཁྲུལ་ངོར་བྱ་བ་བྱེད་པ་ཡིན་ལ། འདི་རྣམས་འཁྲུལ་སྣང་རྫུན་པར་ཤེས་ན་ཀུན་རྫོབ་འཁྲུལ་པའི་ཕུག་རྡིབ་ཅིང་སྣང་བ་ཉིད་སེམས་སུ་ཤེས་པར་འགྱུར་བས་ནན་ཏན་དུ་བརྟག་པར་བྱའོ། །གཉིས་པ་ནང་འཛིན་སེམས་ལ་དཔྱད་པ་ནི། ཡུལ་སྣང་ཐམས་ཅད་སེམས་ཡིན་ན། ནང་འཛིན་བྱེད་ཀྱི་སེམས་དེ་ཉིད་བདེན་པར་གྲུབ་བམ་སྙམ་ན་དེའང་བདེན་དངོས་སུ་གྲུབ་པ་མེད་དེ། སེམས་ཀྱི་རྒྱུན་སྐད་ཅིག་དང་དུ་མར་གྲུབ་པ་དང་། སུས་ཀྱང་མཐོང་བ་མེད་པ་དང་། ཡུལ་མེད་པས་སེམས་མ་གྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ལ་ཡང་མི་དམིགས་སོ། །འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། བརྟེན་པ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་ཏེ། སེམས་ཞེས་བྱ་བ་དོན་ལ་རྣམ་རྟོག་ཝལ་གྱིས་ཤར་ནས་སང་གིས་ཡལ་སྙམ་བྱེད་པ་འདི་མ་གཏོགས་ཅིའང་མེད་དོ། །དཔེར་ན་བར་སྣང་ལས་སྤྲིན་ལྡང་བ་ན་ནམ་མཁའ་སྟོང་པའི་ངང་ལས་སྤྲིན་ཐོལ་གྱིས་ཤར། འདིར་སོང་མེད་པར་སྟོང་པའི་ངང་དུ་ཡལ་བ་བཞིན་གནས་ལུགས་སྟོང་པའི་ངང་ལས་རྣམ་རྟོག་གི་འགྱུ་བ་ཤར། འགྱུར་བ་དེ་ཉིད་སྟོང་པའི་ངང་དུ་རང་ཡལ་དུ་སོང་བ་ལ་སྐྱེ་འགགས་གྲངས་སུ་བཏབ་པས་ཐམས་ཅད་འཁྲུལ། སྟོང་པ་ཅིའང་མེད་པ་ལ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མས་ངའམ་བདག་ཏུ་འཛིན་པ་ལ་གང་ཟག་གི་བདག་བྱུང་ཞིང་། བདག་དེ་ཉིད་གནས་ཚུལ་ལ་ཅུང་ཟད་ཙམ་ཡང་གྲུབ་པ་མེད་པར་གདིང་ནས་རྟོགས་ཤིང་ཐག་ཆོད་ན་གང་ཟག་གི་བདག་མེད་རྟོགས་པ་ཡིན་ལ། སྔ་མས་ཆོས་ཀྱི་བདག་མེད་དོན་གྱིས་གཏན་ལ་ཕབ་པ་ཡིན་ནོ། །གསུམ་པ་སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པ་ནི། བདག་གཉིས་སུ་བཏགས་པ་ཙམ་ལས་ཅིར་ཡང་གྲུབ་པ་མེད་པས་སེམས་ཀྱི་རང་བཞིན་ཡང་སྟོང་པ་ཅིའང་མེད་པའོ་སྙམ་ནའང་མ་ཡིན་ཏེ། གཟུང་འཛིན་གཉིས་པོ་སྔར་དངོས་པོར་ཡོད་པ་ལ་ཕྱིས་མེད་པ་ཞིག་ཡིན་ན་དངོས་མེད་དུ་གདགས་སུ་རུང་ཡང་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པས་དངོས་པོར་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ལང་ཀར་གཤེགས་པ་ལས། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་དངོས་སུ་གཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བར་སྤྱོད། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཅེས་སོགས་གསུངས་པ་ལྟར། རང་སེམས་ཀྱི་ངོ་བོ་ལ་ལེགས་པར་དཔྱད་པས་ཡོད་པ་མ་ཡིན་ཏེ་གཟུགས་དབྱིབས་ཁ་དོག་དངོས་པོ་མཚན་མ་གང་དུའང་མ་གྲུབ། མེད་པ་མ་ཡིན་ཏེ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འཆར་བའི་གཞི་གསལ་རིག་ཙམ་རྒྱུན་ཆད་མེད། དེ་ལྟ་ན་སེམས་དུ་མར་ཡོད་དམ་སྙམ་ན་དུ་མར་ཡང་མ་གྲུབ་སྟེ་འཆར་སྒོ་ཐམས་ཅད་སྟོང་ཉིད་དུ་རོ་མཉམ། གཅིག་པུའང་མ་ཡིན་ཏེ་ཚོགས་དྲུག་གི་སྣང་བ་གསལ་ལམ་མེར་འཆར་དུ་རུང་བས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཅན་དུ་ཤེས་པར་བྱའོ། །དོན་གཉིས་པ་གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པ་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་མདོར་བསྡུས་པ་སྔོན་དུ་སོང་ནས་གནས་ལུགས་ལ་ངེས་པ་རྙེད་པ་དེའི་སྟེང་དུ་མཉམ་པར་འཇོག་པའི་ཚུལ་ནི། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ཏེ། ལུས་གནད་ཆོས་བདུན་དང་ལྡན་པས། རླུང་རོ་བསལ། སྔར་གྱི་གནས་པ་བདེ་གསལ་མི་རྟོག་པའི་མཚན་ཉིད་ཅན་དེའི་སྟེང་དུ་ཡོད་མེད་བླང་དོར་ཡིན་མིན་ལ་སོགས་པའི་འཛིན་སྟངས་ཐམས་ཅད་ཕྲལ། གང་ལའང་མི་རྟོག །ཅིར་ཡང་མི་སེམས། སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་བློ་ཡིས་བཟོ་བཅོས་མ་བྱས་པའི་རང་བབ་ནམ་མཁའ་དྭངས་པ་ལྟ་བུའི་ངང་བསྐྱངས་ཏེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མི་རྟོག་ཅིར་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ནི་གདམས་ངག་རྣམས་ལས་ལྷག་མཐོང་གི་ཁྲིད་རིམ་དུ་གྲགས་པ་སྟེ། མཉམ་གཞག་གི་སྐབས་སུ་སྒོམ་རྒྱུ་ཅིའང་མེད་པ་ལ་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་བ་རང་སོར་བཞག་པ་ལ་རྒྱུན་བསྐྱང། རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཡིད་ཆེས་པར་བལྟ། གནས་ལུགས་སྟོང་པ་ཉིད་མ་རྟོགས་པར་བདག་འཛིན་འཁྲུལ་པའི་དབང་གིས་འཁོར་བར་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་བའི་ཕ་མ་སེམས་ཅན་རྣམས་ལ། སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལམ་ལ་བསླབ་པས་རིམ་གྱིས་གནས་ལུགས་རྟོགས་པའི་གདིང་ཐོབ་སྟེ། དོན་དམ་པའི་རྗེ་བཙུན་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་ཞལ་མཇལ་བར་འགྱུར་རོ། །དེ་དག་གིས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་གྲུབ་བོ། ༈ །གསུམ་པ་ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་གསང་བ་བླ་ན་མེད་པའི་ཉམས་ལེན་གང་ཟག་དབང་པོ་རབ་ཀྱི་ལམ་འཆད་པ་ལ་གསུམ། ཕྱི་བྱ་སྤྱོད་དང་མཐུན་པར་ཚོགས་གསག་བསྙེན་པའི་ཚུལ། ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་པའི་ཚུལ། གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ལམ་རིམ་དངོས་སོ། །དང་པོ་ནི། འདིར་ཐེག་པ་རིམ་པ་དགུར་རིམ་འཇུག་གི་དབང་དུ་བྱས་ཏེ་གོང་དུ་བཤད་པའི་ཐུན་མོང་གི་ཐེག་པ་གཉིས་ཀྱིས་ལམ་གྱི་སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ཤིང་། དངོས་གཞི་ཐེག་པ་ཆེན་པོ་སྟོང་པ་ཉིད་ཀྱི་ལྟ་སྒོམ་གྱིས་ལམ་གྱི་རྩ་བ་ཚུགས་ནས། དེ་དག་ལས་ཁྱད་པར་འཕགས་པའི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་འཇུག་པ་ནི། དོན་ཆེན་པོ་དང་ལྡན་པ་སྟེ། འདུས་པ་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་སོ། །དེ་ལ་འདིར་ཀྲི་ཡོག་གཉིས་དང་ཚུལ་མཐུན་པའི་ཕྱི་ནང་གི་སྒྲུབ་ཐབས་ནི་ཡན་ལག་ཙམ་ཡིན་ལ། ལམ་གྱི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཡིན་ཞིང་དེའི་ལམ་མཐའ་དག་རིམ་པ་གཉིས་སུ་འདུ་བ་ཡིན་ཏེ། འདུས་པ་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་འོ། །ཞེས་གསུངས། དེའང་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྦྱོང་བ་ལ་ཐོག་མར་བསྐྱེད་རིམ་དང་། རླུང་སེམས་མི་ཤིགས་པའི་ཐིག་ལེར་བཅིངས་ཏེ་བདེ་སྟོང་ཟུང་འཇུག་གི་མཆོག་སྒྲུབ་པའི་ཕྱིར་རྫོགས་པའི་རིམ་པ་ལ་འཇུག་དགོས་པས། འདིར་ཡང་སྟོང་ཉིད་སྐྱེ་བ་མེད་པ་དེའི་ངང་ལས་རོལ་པའི་སྣང་ཆ་འགག་མེད་དཀྱིལ་འཁོར་རྣམ་པ་གསུམ་གྱི་ཏིང་ངེ་འཛིན་ལ་འཇུག་པར་གསུངས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ལམ་རིམ་དངོས་ནི། གནས་གཙང་མར་རྗེ་བཙུན་མའི་སྐུ་བརྙན་བྲིས་འབུར་གང་རུང་བཤམས་པའི་མདུན། མཆོད་པའི་མཎྜལ་དང་ཆུ་གཉིས་ཉེར་སྤྱོད་སོགས་གཙང་ཞིང་དག་པའི་མཆོད་པ་ཅི་འབྱོར་བཤམས། རང་ཉིད་ཡན་ལག་ལྔ་ཁྲུས་བྱ། བཟའ་བ་མ་ཡིན་པ་ཤ་ཆང་སྒོག་ཙོང་སྤང་། ཟས་དཀར་གསུམ་ལ་བརྟེན་པ་སོགས་གཙང་སྦྲའི་སྤྱོད་ལམ་ལ་གནས་པས། འཁོར་བ་ལ་ངེས་འབྱུང་དང་སེམས་ཅན་ལ་སྙིང་རྗེའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། རྒྱས་པར་སྤྲོ་ན་མཎྜལ་བཞི་པའི་ཆོ་ག་གཞན་ནས་འབྱུང་བ་དང་མཐུན་པར་བྱ། གཞུང་འདིའི་དངོས་བསྟན་མདོར་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གསལ་བའི་ཐུགས་ཀར་ཟླ་སྟེང་ཏཱཾ་ཡིག་ལྗང་གུ་ལས་འཕྲོས་པའི་འོད་ཟེར་གྱིས། གཡུ་ལོ་བཀོད་པ་སོགས་དག་པའི་ཞིང་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྣམ་འཕྲུལ་ཉི་ཤུ་རྩ་གཅིག་གིས་བསྐོར་བ་དང་། རབ་འབྱམས་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པར་བསམ་ལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། མཎྜལ་རྒྱས་བསྡུས་གང་ལྕོགས་ཕུལ། ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བརྗོད། སླར་འཕགས་མ་གཙོ་འཁོར་རྣམས་ཀྱི་ཕྱག་གཡས་པ་སྐྱབས་སྦྱིན་མཛད་པའི་འོག་ཏུ་རང་དང་བསྲུང་བྱ་རྣམས་ཚུད་ནས་འཇིགས་པ་ཐམས་ཅད་ལས་བསྐྱབ་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་གསུམ་བརྗོད། སླར་ཡང་གཙོ་འཁོར་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། རང་དང་བསྲུང་བྱ་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་བདུན་བརྗོད། མདུན་མཁར་བཞུགས་པའི་རྗེ་བཙུན་མ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ལྷ་དང་བདག་དབྱེར་མེད་དུ་བྱིན་གྱིས་བརླབ་པར་མོས་ལ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་བྱ། མཐར་ལྷ་དང་རང་སེམས་དབྱེར་མི་ཕྱེད་པ་ཆོས་ཉིད་གཉུག་མའི་རང་བབ་ལ་མཉམ་པར་གཞག །བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་ཞག་གསུམ་བདུན་ལ་སོགས་པར་ཡང་ནས་ཡང་དུ་འབད་པས་ཕྱི་ནང་གི་བར་ཆད་ཞི་བ་དང་། ཇི་ལྟར་སྨོན་པའི་ལེགས་ཚོགས་མཐའ་དག་འགྲུབ་པར་འགྱུར་ཏེ་ཕྱི་སྒྲུབ་བསྙེན་པའི་རིམ་པས་ཚོགས་གསག་པའོ། །གཉིས་པ་ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་ཚུལ་ནི། གཤོམ་གྱི་བཀོད་པ་དང་། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད། རྣམ་པར་དག་པའི་ཀུན་སློང་རྣམས་གོང་དང་མཚུངས་པས། སྐྱབས་སེམས་ཚོགས་གསོག་གི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ནི། སྐབས་འདིར་སྲུང་བའི་འཁོར་ལོ་སྒོམ་པ་ཙམ་ལ་བྱ་སྟེ། དེའང་ཤཱུནྱ་ཏཱའི་སྔགས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་སྦྱང་། དེའི་ངང་ལས་རང་སེམས་ཀྱི་གདངས་རྩལ་ཏཱཾ་ཡིག་ལྗང་གུ་ནམ་མཁའ་ལ་སྐར་ཆེན་ལྟར་ལྷག་གིས་ཤར་བ་ལས་ཧཱུྃ་གི་སྒྲ་གདངས་ཆེར་གྲགས་པས། སངས་རྒྱས་བྱང་ཆུབ་ཀྱི་ཁམས་སད་ཅིང་བརྟན་པར་བྱས། བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་འོད་ཟེར་གྱི་སྤྲིན་ཆེན་པོ་ལས་རྡོ་རྗེའི་ཆར་དབབ་པས་འོག་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། བར་མཚམས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་མོས་གཏམས་པ་ལ་བསྐལ་པའི་རླུང་ཡང་རྒྱུ་མི་ནུས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་བརྟན་པར་གྱུར་པར་བསྒོམ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། དེའི་དབུས་སུ་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ནམ་མཁའི་ཏཱཾ་ཡིག་བབས། ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ཁམས་སྦྱོང་བ་སོགས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་ཡོངས་སུ་རྫོགས་ཤིང་མཚན་དཔེའི་གཟི་བྱིན་འབར་བ། སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བའི་ཐུགས་ཀར་ཏཱཾ་ཡིག་ལྗང་གུས་མཚན་པར་གསལ་གདབ། ཏཱཾ་ལས་ཏཱཾ་ཡིག་བརྒྱད་ཕྱོགས་བཞི་དང་མཚམས་ཀྱི་པད་འདབ་རྣམས་སུ་སྤྲོས། དེ་རྣམས་ལས་འོད་ཟེར་འཕྲོས་པས། སེམས་ཅན་རྣམས་ཀྱི་གནས་སྐབས་ཕྱིའི་འཇིགས་པ་བརྒྱད་དང་མཐར་ཐུག་ནང་གི་འཇིགས་པ་བརྒྱད་ཉོན་མོངས་པའི་ཚོགས་ཞི་བར་བྱས་ནས་འཕགས་མའི་གོ་འཕང་ལ་བཀོད། ཚུར་འདུས་པ་ལས་ཤར་གྱི་འདབ་མར་སེང་གེའི་འཇིགས་པ་སྐྱོབ་པའི་སྒྲོལ་མ་ནས་བརྩམ་སྟེ་གཡས་སྐོར་གྱིས་འཇིགས་བརྒྱད་སྐྱོབ་པའི་སྒྲོལ་མ་རྣམས་དང་། གྲུ་ཆད་བཞིའི་ནང་མ་ལ་སྒེག་མོ་ཕྲེང་བ་གླུ་མ་གར་མ་བཞི། ཕྱི་མ་ལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་བཞི། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ལྷ་མོ་བཞི་རྣམས་རང་རང་གི་ཉམས་འགྱུར་རྒྱན་ཆ་ལུགས་ཕྱག་མཚན་རྣམས་ཡོངས་སུ་རྫོགས་པ་ཟབ་གསལ་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་གསལ་གདབ་པ་ནི་བརྟེན་པ་ལྷ་བསྒོམ་པའོ། །དེ་ལྟ་བུའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་གསལ་ཞིང་འོད་ཟེར་འབར་བས་རྒྱས་བཏབ་པར་བསྒོམ། གསུམ་པ་ལས་རྒྱལ་མཆོག་ནི། ཐམས་ཅད་ཀྱི་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ་སྤྱན་འདྲེན་གྱི་སྔགས་ཚིག་དང་། ཕྱག་རྒྱ་བཞིའི་སྔགས་རྒྱས་དབྱེར་མེད་དུ་བྱ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས། བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་བསམ། རང་ལས་སྤྲུལ་པའི་ལྷ་མོ་ནམ་མཁའ་གང་བ་ཐམས་ཅད་ཀྱིས་ཕྱག་འཚལ། སྒེག་སོགས་བརྒྱད་ཀྱིས་མཆོད་པ་ཕུལ། བསྟོད་པའི་རྒྱལ་པོ་སྙན་པའི་དབྱངས་ཀྱིས་གླུར་བླངས་ནས་བསྟོད་ཅིང་ལྷ་མོ་རྣམས་སླར་རང་ལ་ཐིམ་པར་བསམ་ལ། ཇི་སྲིད་མི་སྐྱོའི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རེ་རེ་ནས་གསལ་གདབ་ལ་ལྷར་སྣང་གི་ཏིང་ངེ་འཛིན་བརྟན་པོར་བསྒྲུབ་པར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་གྲུབ་ནས་བཟླས་པ་ལ་འཇུག་པ་ན། གཙོ་མོའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར་ཡི་གེ་བཅུ་པའི་སྔགས་ཕྲེང་མརྒད་ཞུན་མའི་མདངས་ཅན་གཡས་སྐོར་གསལ་ཞིང་འཚེར་ལ་འོད་ཟེར་འབར་བ་གསལ་བཏབ། དེ་ལ་སེམས་ཟིན་ནས་བཟླས་པ་བྱས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྐུ་དང་སྔགས་ཕྲེང་འོད་ཟེར་གྱི་ཚོགས་ནམ་མཁའི་ཁམས་གང་བ་འཕྲོས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས་འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལ་མངའ་དབང་བརྙེས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་ཐོབ་པར་བསམ་ལ་ཡི་གེ་བཅུ་པ་བཟླས་པའི་སྐྱོན་དང་བྲལ་བ་རྒྱུན་མི་འཆད་པར་བཟླས། ཡིད་གཞན་དུ་མ་ཡེངས་པར་ལྷ་སྔགས་འོད་ཟེར་གྱི་སྤྲོ་བསྡུ་རྣམས་ལ་སེམས་རྩེ་གཅིག་ཏུ་འཛིན། དེ་ཐམས་ཅད་ཀྱང་རང་སེམས་སྟོང་ཉིད་ཀྱི་རང་རྩལ་ལས་ཤར་ཀྱང་བདེན་དངོས་སུ་གྲུབ་པ་མེད་པའི་གསལ་སྟོང་ཟུང་འཇུག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བ་དང་མ་བྲལ་བ་བྱ། རྩ་བའི་བསྙེན་པ་གྲུབ་ནས་ལས་སྔགས་བཟླ་བའི་ཚེ། གཙོ་མོའི་ཐུགས་ལས་འོད་ཟེར་འཕྲོས་འཁོར་གྱི་སྒྲོལ་མ་བརྒྱད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སོ་སོའི་སྐུ་ལས་རང་འདྲ་བའི་སྐུ་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གཞན་རྣམས་ལ་བར་དུ་གཅོད་པའི་མེ་ཆུ་ལ་སོགས་པ་ཕྱིའི་འཇིགས་པ་དང་། དུག་ལྔ་དང་སེར་སྣ་ཐེ་ཚོམ་ལོག་ལྟ་སོགས་ནང་ཉོན་མོངས་ཀྱི་འཇིགས་པའི་ཚོགས་མ་ལུས་པ་བསལ། གནས་སྐབས་མཐར་ཐུག་གི་འདོད་དོན་ཡིད་བཞིན་དུ་འགྲུབ་པར་བསམ། བཟླས་པའི་གྲངས་རྩ་སྔགས་འབུམ་ཕྲག་བཅུ་དང་ལས་སྔགས་ཁྲི་ཕྲག་བཞི་ཡིན་ལ། དུས་ཀྱི་དབང་དུ་བྱས་ན། གཞུང་ལས། བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ བར་ཆད་ཞི་ཞིང་ལེགས་ཚོགས་རྒྱས༔ རྩེ་གཅིག་ཉམས་བླངས་ཟབ་གསལ་གཉིས༔ དབྱེར་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ཅེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ལྟར་རོ། །བཟླས་པ་གྲུབ་པའི་ཐུན་མཐར་མཆོད་བསྟོད་བྱ། སྔགས་དམིགས་ཙམ་མམ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་གནས་སྐབས་མཐར་ཐུག་གི་འཇིགས་པ་ཐམས་ཅད་བསལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་བར་མཛད་དུ་གསོལ། ཞེས་པས་དངོས་གྲུབ་བླང་། ནོངས་པ་བཟོད་གསོལ་བྱ་ཞིང་ཡེ་ཤེས་པ་གཤེགས། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་གྱི་ངང་དུ་བསྡུ། སླར་ཡང་འཕགས་མའི་སྐུ་སྒྱུ་མ་ལྟ་བུར་ལྡངས་ལ་བསྔོ་སྨོན་དང་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་གྲངས་དུས་གང་རུང་གི་བཟླས་པ་ཐེམས་ནས་མདུན་བསྐྱེད་སྒྲུབ་མཆོད་སྤྲོ་ན། དཀྱིལ་འཁོར་མཆོད་པའི་རིགས་རྒྱས་པར་བཤམས། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་མདུན་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲངས་པ་སོགས་བདག་བསྐྱེད་ཇི་ལྟ་བ་ལ། མཆོད་བསྟོད་རྒྱས་པར་བྱ། བཟླས་པ་ཇི་ཙམ་འགྲུབ་པས་ཐུགས་རྒྱུད་བསྐུལ། བདག་ཉིད་འཇུག་ཅིང་དབང་བླངས་ལ་རྗེས་ཆོག་གི་རིམ་པ་རྣམས་བྱ་སྟེ་འདི་ལ་དུས་གྲངས་ཀྱི་ཚད་ངེས་པ་མེད་དོ། །དེ་དག་གིས་ནང་ལྟར་རྒྱུད་ལ་ཡེ་ཤེས་པའི་བྱིན་དབབ་ཅིང་སྒྲུབ་པའི་རིམ་པ་གྲུབ་བོ། །གསུམ་པ་གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པ་ལ་གཉིས། ཁྱད་པར་གྱི་སྔོན་འགྲོ །དངོས་གཞི་རྣལ་འབྱོར་གྱི་རིམ་པའོ། །དང་པོ་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་སྔར་ལམ་རིམ་སྐབས་སུ་བཤད་པ་ལྟར་བྱ། སྡིག་སྒྲིབ་སྦྱོང་བྱེད་དོན་ཡོད་རྡོ་རྗེའི་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་སྟེང༔ བླ་མ་དོན་ཡོད་གྲུབ་པ་ལྗང༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ རང་འདྲའི་སྒྲོལ་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ མཚན་དཔེའི་གཟི་འབར་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བདུད་རྩིའི་རྒྱུན་བབས་པ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་སྐྱེས་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱ་པྲ་ཛྙཱ་དྷྲིཀ྄་ཏཱཾ་བཛྲ་རཱ་ཏི་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་འབུམ་ཕྲག་ལ་སོགས་པ་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་འཇོག་པའི་ཚེ། མགོན་པོ་བདག་ནི་སོགས་བཤགས་སྡོམ་སྤྱི་ལྟར་བྱས་པས་སྡིག་ལྟུང་དག་པའི་གནང་བ་བསྩལ། བླ་མ་དོན་ཡོད་གྲུབ་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་གཞག །དེ་ནས་བླ་མའི་རྣལ་འབྱོར་ལ་བསྟེན་ནས་ཚོགས་གསག་ཅིང་བྱིན་རླབས་ཞུ་བ་ལ་རྟེན་བསྐྱེད་པ་ནི། ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ པད་དཀར་ཟླ་བ་རྒྱས་པའི་དབུས༔ བླ་མ་རྗེ་བཙུན་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རང་བཞིན་ཡོངས་གྲུབ་ངང་དུ་གསལ༔ ཞེས་པས་གསལ་བཏབ། མཆོད་པའི་མཎྜལ་ལག་ཏུ་བླངས་ལ་ཚོམ་བུ་བདུན་མའམ་སོ་བདུན་མ་སོགས་བཀོད་ཅིང་འབུལ་བའི་ལག་ལེན་སྤྱི་ལྟར་བྱ་བ་དང། ཨོཾ་ཨཱཿཧཱུྃ། ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པས་གྲངས་ཅི་ནུས་སུ་འབུལ། གསོལ་བ་འདེབས་པ་ནི་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ། ཀྱེ་ཀྱེ་བླ་མ་རྗེ་བཙུན་མར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཏཱ་རེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཅི་ནུས་བརྗོད་ལ་མཐར་དབང་བཞི་ལེན་པ་ནི། བླ་མ་རྗེ་བཙུན་སྒྲོལ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དབང་བཞི་བླངས་པའི་མཐར། སླར་ཡང་མོས་གུས་དྲག་ཏུ་བྱས་པས་བླ་མ་རྗེ་བཙུན་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་རོ་མཉམ་དུ་གྱུར་པར་མོས་ལ་སེམས་རང་བབས་ཀྱི་ངོ་བོ་བསྐྱང་ལ་འོད་གསལ་གཉུག་མའི་ངང་དུ་ཅི་གནས་སུ་མཉམ་པར་གཞག །དེ་དག་ནི་ཁྱད་པར་གྱི་སྔོན་དུ་འགྲོ་བའོ། །གཉིས་པ་གསང་བ་སྒྲུབ་པ་ཆེན་པོའི་ལམ་རིམ་དངོས་འཆད་པ་ལ་བཞི། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པའོ། །དང་པོ་ལ་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་གསུམ་ཡོད་པའི། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ནི། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའོ་སྙམ་དུ་བསྒོམས་པ་ནི་དེ་བཞིན་ཉིད་སྟོང་པ་ཆེན་པོའོ། །གནས་ལུགས་དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ཐམས་ཅད་གཞི་མེད་པ་ལས་ཀུན་བརྟགས་ཀྱི་འཁྲུལ་པ་གློ་བུར་དུ་བྱུང་ནས་འཁོར་བའི་གནས་སུ་སྡུག་བསྔལ་མི་བཟོད་པ་མྱོང་བ་སྙིང་རེ་རྗེ་སྙམ་པ་ནི་སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའོ། །སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཏཱཾ་ལྗང་གུ་འོད་འབར་བ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཤར་བ་བཞིན། སྐད་ཅིག་གིས་བཀྲ་ལམ་མེར་གསལ་བ་ནི་ཐམས་ཅད་སྐྱེད་བྱེད་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ནས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཏཱཾ་ཡིག་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་རྣམས་བྱུང་བས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱང་། ཏཱཾ་ཡིག་གི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པའི་སྲུང་འཁོར་ནང་དུ་ཏཱཾ་ལས་བྷྲཱུྃ་ཡིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་བཀོད་བྱང་ཆུབ་ཕྱོགས་ཆོས་ཀྱི་བརྡ་དོན་རྟགས་སུ་སྣང་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབུས་ཀྱི་ཟེའུ་འབྲུ་དང་ཕྱོགས་བཞིའི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། སྒོ་བཞི་ལ་པདྨ་དང་ཉི་མའི་གདན་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་རྒྱུ་ཡི་ས་བོན་ཏཱཾ་ཡིག་ཞུགས། ཡོངས་སུ་གྱུར་པ་ལས་ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བསལ་ནས་སྒྲོལ་མའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ །ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཀྱིས་སྒེག་པ། དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང་ལྷག་མ་སིལ་བུར་འཕྱང་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱི་བར་ན་ཨུཏྤལ་སྔོན་པོའི་སྡོང་བུ་བསྣམས་པའི་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་འགྱིང་བག་གི་ཚུལ་དུ་བཞུགས་པའི་པང་དུ། རང་འོད་ཀྱི་ཡབ་རྡོ་རྗེ་རྟ་མཆོག་ཅུང་ཟད་ཁྲོས་ཤིང་ཆགས་པའི་ཉམས་ཅན་རལ་གྲི་དང་དྲིལ་བུ་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་ཞིང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པར་གསལ་བཏབ། དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡི་གེ་ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ་རྣམས་ཕྱོགས་བཞིའི་གདན་སྟེང་འཕྲོས། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང་ག་ཞི་བའི་ཉམས་ཅན། གཡོན་ཨུཏྤལ་སྔོན་པོ་རྡོ་རྗེས་མཚན་པ་བསྣམས་པ། ལྷོར་རིན་ཆེན་སྒྲོལ་མ་གསེར་མདོག་སྒེག་པའི་ཉམས་ཅན། གཡོན་ཨུཏྤལ་སེར་པོ་རིན་པོ་ཆེས་མཚན་པ་བསྣམས་པ། ནུབ་ཏུ་པདྨའི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན། གཡོན་ཨུཏྤལ་དམར་པོ་ལྕགས་ཀྱུས་མཚན་པ་བསྣམས་པ། བྱང་དུ་ལས་ཀྱི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན། གཡོན་ཨུཏྤལ་ནག་པོ་རལ་གྲིས་མཚན་པ་བསྣམས་པ། གཞི་ཀ་ཕྱག་གཡས་མཆོག་སྦྱིན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་ཕྱེད་སྐྱིལ་གྱིས་བཞུགས་པ། སླར་ཡང་སྦྱོར་མཚམས་བྱང་སེམས་ལས་ཡིག་འབྲུ་ཛཿཧཱུྃ་བཾ་ཧོཿབཞི་འཕྲོས་པ་ལས་ཤར་སྒོར་ལྕགས་ཀྱུ་སྒྲོལ་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་སྒྲོལ་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་ལྕགས་སྒྲོག་སྒྲོལ་མ་དམར་མོ་གཡས་ལྕགས་སྒྲོག །བྱང་སྒོར་དྲིལ་བུ་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ། གཡོན་རྣམས་ཨུཏྤལ་བསྣམས་པ། ཞི་འཛུམ་ཁྲོས་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གྱིས་གར་སྟབས་ཅན། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་པའི་ངོ་བོར་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་གསལ་གདབ་པའི་རིམ་པའོ། །དེ་ལྟར་སྦྱང་གཞི་ཐ་མལ་གྱི་སྣོད་དང་བཅུད་དུ་སྣང་བ་ལ་སྦྱོང་བྱེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆ་ཚང་བ་བསྒོམས་པས་སྣང་ཞེན་ལྷ་རུ་དག་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་ཐིངས་པར་འགྱུར་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་དེ་དག་ཀྱང་གསལ་བརྟན་དག་གསུམ་གྱི་མཚན་ཉིད་ཚང་བས་ལེགས་པར་བསྒྲུབ་པར་བྱ་དགོས་ཏེ། དེ་ལ་རྣམ་པ་གསལ་བ་ནི། ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐུན་བཞི་ལ་སོགས་པར་བསྒོམ་ཞིང་སྒྲུབ་ཐབས་དང་སྦྲེལ་བའི་ཚེ་སྦྱོར་བ་ཚོགས་གསག་ནས་གཟུང་། དངོས་གཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བསྟིམ། ཕྱག་མཆོད་བསྟོད་པས་བསྐྱེད་པ་རྣམས་ཚིག་རྐྱང་དུ་མ་སོང་བར་རེ་རེ་བཞིན་གསལ་སྣང་འདོན། སླར་གཙོ་མོའི་དབུ་ནས་གདན་གྱི་བར་མས་རིམ་དང་། གདན་ནས་དབུའི་བར་ཡས་རིམ་དུ་ཞལ་ཕྱག་ཁ་དོག་རྒྱན་ཆ་ལུགས་ཉམས་འགྱུར་རེ་རེ་བཞིན་གསལ་འདེབས། མཐར་སྐུ་ཡོངས་རྫོགས་གཅིག་ཅར་དུ་གསལ་འདེབས་ཤིང་སེམས་གཟུང་། དེ་ལ་གསལ་སྣང་སྐྱེས་ནས་འཁོར་རྣམས་རེ་རེ་བཞིན་གསལ་འདེབས། དེ་ནས་ཕྱི་རོལ་གཞལ་ཡས་ཁང་ཁོར་ཡུག་རྡོར་རྭ་མེ་རིའི་བར་དུ་གསལ་འདེབས། རེས་ཕྱི་རོལ་ནས་གཞལ་ཡས་ཁང་། འཁོར་གྱི་ལྷ། གཙོ་མོའི་བར་དུ་ནང་ལ་རིམ་གྱིས་གསལ་གདབ། གང་ལའང་སེམས་བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མི་བཏང་བར་བསྒོམ་བྱ་ལ་རྩེ་གཅིག་བར་མ་ཆད་པར་ཐོག་མར་ཡུན་ཐུང་ལ་གྲངས་མང་བ་དང་། རིམ་པར་ཡུན་ཇེ་རིང་ཐུན་རེའི་མགོ་མཇུག་འཁྱོངས་ནུས་པར་བྱས་ཏེ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་དུ་མ་གཅིག་ཅར་དུ་གསལ་བ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་བཀྲ་ལམ་མེར་འཆར་བ་ལ་བསླབ་བོ། །ང་རྒྱལ་བརྟན་པ་ནི། རྟེན་བརྟེན་པ་གང་ལའང་རྣམ་པ་གསལ་བཏབ་པའི་འོག་ཏུ་འབྲས་དུས་ཀྱི་དེ་དང་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་བསྐྱེད་ནས་གསལ་སྣང་དང་ང་རྒྱལ་གཉིས་ཡ་བྲལ་དུ་མ་སོང་བ་རང་བཞིན་རོ་མཉམ་དུ་སྐྱེ་བར་བྱ། དེའང་ཐ་མལ་གྱི་ངར་འཛིན་ཕུང་ཁམས་མིང་ལ་སོགས་པའི་རྟོག་པ་སྤངས་ནས་ལྷ་སྐུའི་རྣམ་པ་གསལ་རུང་མི་གསལ་རུང་། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་རྗེ་བཙུན་དམ་ཚིག་སྒྲོལ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་རང་ལ་ཡེ་ནས་ཡོད་པས་དེ་ཉིད་དངོས་ཡིན་ནོ་སྙམ་པ་དང་། རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་ངའོ་སྙམ་པ་བཅོས་མིན་དུ་མ་སྐྱེས་བར་བསྒོམས་ནས་ཐ་མལ་གྱི་ཞེན་པ་འགོག་ནུས་པར་བྱའོ། །རྣམ་དག་དྲན་པ་ལ། རྟགས་ཀྱི་དག་པ་དང་། དོན་གྱི་དག་པ་དྲན་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པས་ཕྱག་གཉིས་པ། ཞི་བའི་མཐའ་ལ་མི་གནས་པས་ཞབས་གཡས་བརྐྱང་ཞིང་སྲིད་པ་ལས་འདས་པས་གཡོན་བསྐུམ་པ། བྱ་བ་གྲུབ་པའི་ཡེ་ཤེས་རིགས་ཀྱི་གཙོ་མོར་བཞེངས་པས་སྐུ་མདོག་ལྗང་གུ། འགྲོ་ལ་རྗེས་སུ་བརྩེ་བས་ཞི་འཛུམ་ཆགས་པའི་ཉམས་ཅན། སྒྲུབ་ལ་དངོས་གྲུབ་སྟེར་བས་ཕྱག་གཡས་མཆོག་སྦྱིན་དང་། འགྲོ་ལ་མི་འཇིགས་སྦྱིན་པས་གཡོན་སྐྱབས་སྦྱིན་མཛད་པ། ཕྲིན་ལས་ཐོགས་པ་མེད་པས་ཨུཏྤལ་སྔོན་པོ་བསྣམས་པ། དགེ་བའི་ཆོས་ཡོངས་སུ་རྫོགས་ཤིང་གཞན་དག་རྗེས་སུ་འཛིན་པས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་ཤིང་ལྷག་མ་ཐུར་དུ་འཕྱངས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བས་དར་གྱི་སྟོད་གཡོགས་སྨད་དཀྲིས། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས་རིན་པོ་ཆེ་དང་། ཕ་རོལ་ཕྱིན་དྲུག་རྫོགས་པས་རུས་པའི་རྒྱན་གྱིས་སྤྲས་པ། ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྣང་ཆ་ཟུང་དུ་འཇུག་པས་རང་འོད་ཀྱི་ཡབ་རྡོ་རྗེ་རྟའི་རྒྱལ་པོ་དང་མཉམ་པར་སྦྱོར་བ། ཡེ་ཤེས་རྣམ་པ་བཞིའི་རང་གཟུགས་འཁོར་གྱི་ལྷ་མོ་བཞི། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་སྒོ་མ་བཞི་རྣམས་དང་། གཞལ་ཡས་ཁང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལ་སོགས་པའི་བརྡ་དོན་རྟགས་ཀྱི་རྣམ་པར་ཤར་བ། མཚན་མའི་རྟོག་པས་མི་ཕྱེད་པའི་རྡོ་རྗེའི་རྭ་བ། རྣམ་རྟོག་གི་བག་ཆགས་གཞོམ་པའི་མེ་ཕུང་གིས་བསྐོར་བ་སོགས་སོ་སོ་ནས་དྲན་པས་རང་རྒྱུད་པར་འཛིན་པའི་ཞེན་པ་བཟློག་པར་བྱའོ། །འདིར་ལས་དང་པོ་པ་སེམས་རྣལ་དུ་མི་གནས་པས་དེ་ཙམ་མི་ནུས་ན་ལྷའི་གསལ་སྣང་ཐེབས་ནས། འདི་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐུགས་རྗེའི་མཛད་ཕྲིན་རྨད་དུ་བྱུང་བ་རྣམས། མཚོན་བྱེད་བརྡ་དང་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་གུས་སྦྱངས་པས་ལས་བྱང་མོས་སློབ་ཀྱི་དག་དྲན་རྗེས་སུ་མཐུན་པར་འགྱུར་རོ། །གཉིས་པ་དོན་གྱི་དག་པ་དྲན་པ་ནི། དེ་ལྟར་བསྒོམས་པའི་དཀྱིལ་འཁོར་པ་དེ་དག་གདོས་བཅས་ཨ་འཐས་སུ་ནམ་ཡང་མི་བསྒོམ་པ་མ་ཟད་ཐ་མལ་རང་སྣང་ཙམ་གྱི་ཞེན་པས་ཀྱང་མི་འཆིང་བར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པ། སེམས་ཉིད་སྟོང་པ་ལྷ་སྐུའི་རྣམ་པར་ཤར། ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་པར་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་ཤེས་དགོས་ཏེ། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་དོན་ལྟར་ཤེས་པར་བྱའོ། །དེ་ལྟར་གསལ་བརྟན་དག་གསུམ་གྱིས་བསྒྲུབས་པའི་བསྐྱེད་རིམ་ལ་ཡུན་རིང་དུ་གོམས་པས་ཡུལ་གསུམ་ལ་གསལ་སྣང་རིམ་པར་ཐོབ་ནས། མཐར་གསལ་བའི་ཚད་བཞི་དང་བརྟན་པའི་ཚད་བཞི་གྱད་དུ་གྱུར་ཏེ་ཐ་མལ་གྱི་སྣང་ཞེན་འགོག་ནུས་པའི་གསལ་བ་རབ་ཀྱི་མཐར་སོན་པ་ན་བསྐྱེད་རིམ་ཚད་དུ་ཕྱིན་པའོ། །གཉིས་པ་བཟླས་པའི་རྣལ་འབྱོར་ནི། གསུང་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་པས་རྒྱུ་སྔགས་བསྒྲུབས་པས་འབྲས་བུ་ཡེ་ཤེས་ཀྱི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་ཡིན་པ་དང་། ཇི་སྐད་དུ། བསྐྱེད་རིམ་མེ་དང་འདྲ་བ་ལ༔ བཟླས་བརྗོད་རླུང་དང་འདྲ་བས་བསྐུལ༔ ཅེས་པ་ལྟར་བསྒོམས་པའི་ནུས་པ་མྱུར་དུ་འབྱིན་པར་བྱེད་པ་བཟླས་པའི་རིམ་པ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཟླས་པའོ། །དང་པོ་སྒྲིབ་པ་སྦྱོང་བྱེད་སྐུའི་བཟླས་པའི་བསྒོམ་བྱའི་ཏིང་འཛིན་ནི། རང་ཉིད་དམ་ཚིག་སྒྲོལ་མའི་ཐུགས་ཀར་ཡེ་ཤེས་སེམས་མ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཞབས་གར་སྟབས་པད་ཉི་ལ་འགྱིང་བ། དེའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཏིང་འཛིན་སེམས་དཔའ་ཏཱཾ་ཡིག་ལྗང་གུ །དེའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ་རྣམས་དྭངས་པའི་ཤེལ་ལ་ཉི་ཟེར་ཕོག་པ་ལྟར་ཤིན་ཏུ་གསལ་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཁྲ་གསལ་གྱིས་ཁྱབ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མུན་ཁང་ལ་ཉི་མ་ཤར་བ་ལྟར་སྐད་ཅིག་གིས་བྱང་བར་མོས་ལ་སྐུའི་བཟླས་པ་བྱ། གཉིས་པ་བྱིན་རླབས་འབེབ་བྱེད་གསུང་གི་བཟླས་པ་ལ་དམིགས་པའི་གཞི་སྔར་ལྟར་ལས། བཟླ་བྱའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་པར་བྱས། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཆོག་ཐུན་མོང་གི་དངོས་གྲུབ། ཡེ་ཤེས་རྣམ་པ་ལྔའི་དབྱིག་ཐམས་ཅད་འོད་དང་ཐིག་ལེའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ལ་གསུང་གི་བཟླས་པ་བྱ། གསུམ་པ་བདེ་ཆེན་སྐུལ་བྱེད་ཐུགས་ཀྱི་བཟླས་པ་ནི། ཐུགས་སྲོག་ཏཱཾ་ཡིག་གི་ནཱ་ད་ལས་སྔགས་ཀྱི་ཕྲེང་བ་བར་མ་ཆད་པ་བྱུང་། གཙོ་མོའི་ཞལ་ནས་ཡབ་ཀྱི་ཞལ་དུ་སོང་། གསང་བའི་རྡོ་རྗེ་ནས་ཡུམ་གྱི་མཁར་བརྒྱུད། ཐུགས་སྲོག་ལ་ཐིམ། དེ་ལྟ་བུ་མགལ་མེའི་འཁོར་ལོ་བཞིན་བར་མ་ཆད་པར་འཁོར་བས་ཡབ་ཡུམ་གཉིས་ཀྱི་རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བསམ་ལ་ཐུགས་ཀྱི་སྔགས་བཟླ། སྔགས་དེ་གསུམ་གྱི་གྲངས་ཚད་ནི་འབུམ་ཕྲག་རེ་ཡིན་པར་བཤད། བཞི་པ་དཀྱིལ་འཁོར་ཡོངས་རྫོགས་ཡོན་ཏན་གྱི་བཟླས་པ་ནི། ས་བོན་ལ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་དང་། རང་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་པ། གསུང་ལས་སྔགས་ཀྱི་ཕྲེང་བ། ཐུགས་ལས་ཕྱག་མཚན། འོད་ཟེར་སྣ་ལྔའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་ནམ་མཁའི་ཁམས་གང་བ་འཕྲོས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ་བླ་ན་མེད་པའི་མཆོད་པར་གྱུར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བྱས། ཐམས་ཅད་ཚུར་འདུས་རང་ལ་ཐིམ་པར་དམིགས་ལ་ཡོན་ཏན་སྔགས་བཟླ་སྟེ་གྲངས་ཚད་འབུམ་ཕྲག་བཞིའོ། །ལྔ་པ་ཕྲིན་ལས་མཐའ་རུ་དབྱུང་བའི་བཟླས་པ་ནི། གོང་མ་རྣམས་ཚད་དུ་འཁྱོལ་ནས། ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་ཁ་ལྟེ་བའི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་སེར་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀུན་ནས་ཁྱབ། སེམས་ཅན་རྣམས་ཀྱི་སྒོ་གསུམ་ལ་འཚེ་བའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་བསམ་ལ་གཟུངས་ཀྱི་རིག་པ་ཁྲི་ཕྲག་བཞི་བཟླ། ཐུན་མཐར་མཆོད་ཅིང་བསྟོད་པའི་རྒྱུད་ཀྱི་རྒྱལ་པོས་གཞི་བསྟོད་བྱའོ། །གསུམ་པ་རྫོགས་པའི་རྣལ་འབྱོར་ནི། བསྐྱེད་པའི་རིམ་པས་རྟག་པ་ཅན་དུ་ཞེན་པའི་མཐའ་བསལ་བའི་ཕྱིར་ཐུན་མཇུག་རྣམས་སུ་སྟོང་ཉིད་དུ་བསྡུ་བར་བྱ་སྟེ། གཙོ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་དག་པའི་འཁོར་ལོར་གྱུར། དེ་ཐམས་ཅད་འདུས་ནས་མེ་རི་རྡོར་རྭ་གཞལ་ཡས་ཁང་ལ་རིམ་གྱིས་བསྡུ། གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་མོ་ལ་ཐིམ། ཡབ་ཀྱང་ཡུམ་ལ་ཐིམ། དེའང་དབུ་ཞབས་ནས་རིམ་གྱིས་འདུས་ཏེ་ཐུགས་སྲོག་ཏཱཾ་ལ་ཐིམ། དེ་ཉིད་གྱེན་རྫོགས་སུ་རིམ་གྱིས་ཡལ་ནས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཟུང་། དེ་ཉིད་མི་དམིགས་པར་བསམ་ལ་འོད་གསལ་བའི་དབྱིངས་སུ་མཉམ་པར་གཞག །སླར་དེ་ལས་སྐད་ཅིག་གིས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་འཁོར་ལོ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་ལ་དགེ་བ་བསྔོ་འོ། །གཉིས་པ་རྗེས་སུ་རྣལ་འབྱོར་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལས་འགྱུར་བ་མེད། །དེ་གོམས་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཅེས་གསུངས་པའི་དོན། ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་བརྟན་པར་བྱེད་པ་སྟེང་འོག་གི་སྣ་རྩེའི་ཕྲ་ཐིག་ལས་ཀྱང་ཟབ་པ་འདིར་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་སེམས་འཛིན་པ་སྟོན་ཏེ། རིམ་པ་དང་པོ་བསྐྱེད་པའི་གསལ་སྣང་མཐར་ཕྱིན་ནས་འདི་ལ་འཇུག་པ་ན། ལུས་གནད་རྐང་པ་རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་བཞག །སྒལ་ཚིག་བསྲང་བ་སོགས་གཞན་སྤྱི་ལྟར་བྱས་ལ་དབང་པོ་ལྔའི་བྱེད་ལས་བཅིངས། སེམས་གནད་སྙིང་གའི་དབུས་སུ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་འོད་ཀྱི་གོང་བུ་གསལ་ཞིང་འཚེར་བ་ཡུངས་འབྲུ་འམ་སྲན་མ་ཙམ་གསལ་བཏབ་པ་ལ་སེམས་ཧྲིལ་གྱིས་གཏད། རྣམ་རྟོག་གང་ལའང་མི་འཕྲོ་བར་དམིགས་པ་དེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་ཟིན་པས་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱང་རིམ་གྱིས་འཆར་བར་འགྱུར། དེ་ལ་གོམས་པ་བརྟན་ནས་སྙིང་གའི་ཐིག་ལེའི་རྣམ་པ་ཡིད་ལ་མི་བྱེད་པར། སེམས་ཉིད་གཤིས་ཀྱི་གནས་ལུགས་རང་བབས་གཉུག་མའི་ངང་དུ་སྤང་བླང་རེ་དོགས་སྤྲོ་བསྡུ་ལ་སོགས་པའི་ཡིད་བྱེད་ཐམས་ཅད་དང་བྲལ་བར་ཅི་གནས་སུ་བཞག་ལ་རྒྱུན་བསྐྱང་ངོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ལ་གཉིས། དངོས་དང་བོགས་འདོན་ནོ། །དང་པོ་ནི། གོང་གི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་ཡེ་ཤེས་ཅུང་ཟད་སྐྱེས་པ་ན། ཐོག་མར་རླུང་སྦྱང་བར་བྱ་སྟེ། ལུས་གནད་ཆོས་བདུན་བཅའ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ། སྣ་བུག་གཉིས་ནས་རླུང་ཕྱིར་འགྲོ་བ་དང་། ནང་དུ་ཞུགས་པ་དང་། ཁོང་པར་གནས་པ་གསུམ་ལ་ཆེད་དུ་རྩོལ་བ་མ་ཡིན་པའི་རང་བབས་ཀྱི་རྒྱུ་བ་ལ་སེམས་གཏད་ཅིང་ནང་དུ་རང་བཞིན་གྱིས་གནས་ཡུན་རིང་བ་དང་། རྒྱུ་བ་གསལ་བ་སོགས་རྟགས་མ་བྱུང་གི་བར་དུ་བགྲང་སྟེ་རྡོ་རྗེའི་བཟླས་པས་རླུང་ལམ་ལེགས་པར་འབྱངས་པར་བྱ། དེ་ནས་རང་ཉིད་གཙོ་མོར་གསལ་བའི་སྟོང་རའི་ནང་དུ་རྩའི་གཙོ་མོ་གསུམ་དང་སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་རྣམས་དང་བཅས་པ་སྤྱི་ལྟར་གསལ་གདབ་ལ་རླུང་རོ་དགུ་ཕྲུགས་འབུད། སྟེང་རླུང་རྔུབ། འོག་རླུང་འཐེན། ལྟེ་བར་ཁ་སྦྱར་བའི་བུམ་ཅན་གཟུང་། སྣ་རྩེའི་ཐད་ཀྱི་སོར་བཅུ་དྲུག་པའི་ནམ་མཁའ་ནས་འོད་ཟེར་ལྔའི་རྣམ་པའི་རླུང་ཚུར་བྱུང་། སྣ་བུག་གཡས་གཡོན་གཉིས་ནས་རོ་རྐྱང་བརྒྱུད་དེ་སོང་། ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་ཏེ་ཡལ་བར་བསམ། དབུ་མའི་ནམ་མཁར་སེམས་གཏད། མཚམས་སུ་གཞིལ་བ་དང་མི་ཐུབ་པ་ན་སང་གིས་འབུད་ཅིང་འཕང་བ་སྟེ་སྦྱོར་བ་བཞི་ལྡན་གྱི་རླུང་བུམ་ཅན་རབ་ཀྱི་ཚད་དུ་ཕྱིན་པ་སྦྱང་ངོ་། །དེ་དག་གིས་སྔོན་འགྲོ་རྩ་རླུང་ལས་སུ་རུང་བར་བྱས་ནས་དངོས་གཞི་ཕོ་ཉའི་ལམ་ཉམས་སུ་ལེན་པ་ཁོ་ན་གསུངས་ཀྱང་། འདི་ལ་ཐོག་མར་རང་ལུས་ཐབས་ལྡན་ལེགས་པར་འབྱངས་དགོས་པ་དང་། དེང་སང་གང་ཟག་སྤྱི་ཁྱབ་རྣམས་ཀྱིས་གཞན་ལུས་ཉམས་སུ་མི་ལོན་པས་རང་ལུས་ལ་བརྟེན་པའི་ཐབས་ལམ་མདོར་བསྡུས་པ་ནི། རང་ཉིད་དོན་གྲུབ་རྡོ་རྗེ་རྟའི་རྒྱལ་པོ་དང་མདུན་དུ་ཡིད་ཆགས་སུ་རུང་བའི་བུ་མོ་དམ་ཚིག་སྒྲོལ་མར་གསལ་བཏབ། འདོད་ཆགས་ཀྱི་སྒྱུ་རྩལ་རྣམས་བྱས་པར་བསམ་ལ་ཆགས་པ་སྐྱེས་པ་ན། རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་ཅིང་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་བཞི་པ་ཟེའུ་འབྲུ་ཨཱཿས་མཚན་པ་གསལ། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་ལ་སེམས་ཅན་ཐམས་ཅད་ཀྱང་འགྱུར་མེད་བདེ་ཆེན་རྡོ་རྗེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་གཡོ་བ་དགའ་བ། མགྲིན་པར་བབས་པ་མཆོག་དགའ། སྙིང་གར་ཁྱད་པར་གྱི་དགའ་བ། ལྟེ་བར་དགའ་བྲལ་རྣམས་རེ་རེ་བཞིན་བདེ་བའི་རང་ངོ་ལ་བལྟས་ཏེ་མཉམ་པར་གཞག་བཞིན་དལ་བུས་དབབ། ལས་དང་པོས་འཁོར་ལོ་སྔ་མ་རྣམས་ནས་གྱེན་དུ་ལྡོག་ཅིང་བདེ་བ་ཡལ་ན་སླར་དབབ་པ་སོགས་བྱ། གོམ་པ་བརྟན་ནས་རྡོ་རྗེ་ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང་། རླུང་གི་གནད་དང་དམིགས་པ་འཕྲུལ་འཁོར་གྱི་སྟོབས་ཀྱིས་ཐིག་ལེ་ཕྱིར་མི་འཕོ་བར་བཟུང་ཞིང་གྱེན་དུ་རིམ་པར་ལྡོག་ལ་མས་བརྟན་གྱི་དགའ་བ་བཞི་ངོས་གཟུང་། སེང་གེ་རྣམ་རོལ་ལ་སོགས་པས་ཐིག་ལེ་ལུས་ཐམས་ཅད་ལ་ཁྱབ་པར་བཀྲམ་ཞིང་ཟག་མེད་ཡེ་ཤེས་ཆེན་པོའི་རང་ངོར་བསྐྱལ་ཏེ་བདེ་སྟོང་ཟུང་འཇུག་གི་ཏིང་འཛིན་ལ་དབང་ཐོབ་པར་བྱའོ། །དེ་ལྟར་རང་ལུས་ལ་གོམས་པ་བརྟན་པའི་རྣལ་འབྱོར་པས་གཞན་ལུས་ཕོ་ཉའི་ལམ་ཉམས་སུ་ལེན་པ་ན། མཚན་ལྡན་གྱི་རིག་མ་བརྟག་འགུགས་སྒྲུབ་ནས་དྲང་ངེས་ལམ་གྱིས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། དངོས་གཞིའི་ཉམས་ལེན་གྱི་རིམ་པ་རང་ལུས་ཐབས་ལྡན་གྱིས་མཚོན་ནས་ཉམས་སུ་བླངས་པས་གྲུབ་བོ། །གཉིས་པ་དེ་ལ་བོགས་འདོན་པ་ནི། བདེ་དྲོད་མི་རྟོག་པའི་ཡེ་ཤེས་གསུམ་པོ་ཟུང་དུ་འཇུག་པའི་ལམ་ལ་བསླབས་པས་འབྲས་བུ་སྐུ་གསུམ་ཟུང་འཇུག་འགྲུབ་པ་རྒྱུད་ཀྱི་དགོངས་པ་ཡིན་པས། ཐབས་ལམ་སྔ་མ་ལ་བདེ་བ་སྐྱེས་ཀྱང་དྲོད་མ་སྐྱེས་ན་གཏུམ་མོའི་རྣལ་འབྱོར་ལ་བརྟེན་དགོས་ཏེ། ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བའི་ལྟེ་འོག་རོ་རྐྱང་གི་འདུས་མདོ་ཙཎྜ་ལཱི་མེའི་རང་བཞིན་ཐིག་ལེའི་རྣམ་པ་ཅན་ཤིན་ཏུ་དམར་བ་ལ་སེམས་གཏད། རླུང་བུམ་ཅན་བཟུང་བས་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟར་མེའི་ཐིག་ལེ་ཤིན་ཏུ་ཚ་ཞིང་མེ་ལྕེ་ཕྲ་མོ་སྤུ་ཉག་ལྟ་བུ་གྱེན་དུ་བྱུང་བས་ལྟེ་བའི་འཁོར་ལོ་དྲོས་པ་ལ་སེམས་གཏད། དྲོད་ཀྱི་སྣེ་རྙེད་པ་དང་དམིགས་པ་བྱང་རིམ་གྱིས་མེ་ལྕེ་ཇེ་རིང་ཇེ་སྦོམ་དུ་འབར་ནས་སྤྱི་བོ་མན་ཆད་དྲོས། མཐར་ལུས་ཐམས་ཅད་ལ་ཁྱབ་པས་ཕྱི་ནང་ཐམས་ཅད་མེའི་ཚ་ངད་ཀྱིས་ཁྱབ་ནས་དྲོ་འུ་རེ་ཡོད་པར་བསྒོམ། འདི་དག་གི་སྐབས་སུ་ལུས་སྦྱོང་གི་འཕྲུལ་འཁོར་གྱི་རིམ་པའང་ཅི་རིགས་པར་བྱའོ། །བཞི་པ་རྣལ་འབྱོར་ཆེན་པོ་ལ་བརྟེན་ནས་མི་རྟོག་པ་ལ་བོགས་འདོན་པ་ནི། སྙིང་གའི་དབུ་མའི་ནང་དུ་ཏཱཾ་ཡིག་ལྗང་གུ་འོད་འབར་བ་གསལ་གདབ། རླུང་ཕྱིར་འགྲོ་བའི་ཚེ་ཨོཾ་གྱི་སྒྲ་གདངས་སྣང་སྲིད་གང་བར་སྤྲོས་པས་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ལ་ཕོག །ནང་དུ་རྔུབ་པའི་ཚེ་ཧཱུྃ་གི་སྒྲ་གདངས་ཀྱིས་དེ་དག་འུབ་ཀྱིས་བསྡུས་ཏེ་སྣ་བུག་གཉིས་ནས་བརྒྱུད་ཏཱཾ་ཡིག་མི་ཤིགས་པའི་ཐིག་ལེར་ཐིམ་པར་བསམ་ལ་སེམས་གཏད་དེ་རླུང་ཁ་སྦྱོར་དུ་གཟུང་ཞིང་བརྟན་པར་བྱ་བ་ལ། ཡང་ནས་ཡང་དུ་བསླབས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མཐའ་དབུས་མེད་པར་རང་ཤུགས་ཀྱིས་སྐྱེས་པ་ན། རླུང་སྦྱོར་དང་དམིགས་པ་སོགས་རྩོལ་བཅས་ཀྱི་སྤྲོས་པ་རྦད་ཀྱིས་བཅད་ལ། གདོད་མ་ནས་རང་བྱུང་གི་རིག་པ་སྤྲོས་པའི་མཐའ་ལས་འདས་ཤིང་རང་བཞིན་གྱིས་འོད་གསལ་བ། གསུམ་བྲལ་བཞི་ཆ་བཅོས་མིན་གྱི་ཤེས་པ་སྐད་ཅིག་མའི་ངོ་བོ་ངོས་ཟིན་པས་གནས་ལུགས་རང་ཚོ་ཐུབ་པར་བྱས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཆོས་ཅན་གྱི་སྣང་བ་ཟད་སར་བསྐྱལ་ཏེ་གདོད་མའི་གྲོལ་གཞིར་ལ་བཟླའོ། །དེ་དག་ནི་གསང་སྔགས་ཐབས་ཀྱིས་ཆེ་བ་དབང་བཞིའི་ལམ་མཆོག་ཡོངས་སུ་རྫོགས་པའི་ཁྲིད་རིམ་ཚེ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་ནུས་པ་གཞན་ལས་ཁྱད་པར་འཕགས་པ་ཡིན་པས། དད་བརྩོན་དམ་ཚིག་དང་ལྡན་པའི་གང་ཟག་སྐལ་པ་ཅན་དག་གིས་ཉམས་ལེན་ལ་འབད་ན། མཚོན་བྱེད་དཔེའི་ཡེ་ཤེས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ལྷན་སྐྱེས་བདེ་བ་ཆེན་པོ་དུས་རིང་པོར་མི་ཐོགས་པར་མངོན་དུ་གྱུར་ཏེ། ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བ་མི་ཤིགས་དྭངས་མ་གསུམ་ལྡན་རྡོ་རྗེ་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བར་གསུངས་སོ། །ཡེ་ཤེས་ཀློང་ཆེན་དགོངས་མཛོད་ནོར་བུའི་སྒྲོམ། །སྐལ་བཟང་གདུལ་བྱའི་དཔྱིད་དུ་ཕྱེས་པ་ལས། །སྔོན་མེད་ཟབ་ཁྲིད་ཡིད་བཞིན་དབང་གི་རྒྱལ། །ལྷག་བསམ་རྒྱལ་མཚན་རྩེ་མོར་བཀོད་འདིར་ལྟོས། །གཏེར་ཆེན་བླ་མ་ཟུང་གི་དགོངས་པ་སྐོང་། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་ཕྲིན་ལས་རྒྱས། །ཟབ་ཆོས་འདི་ལ་ཉམས་ལེན་མཐར་ཕྱིན་ཏེ། །གྲུབ་གཉིས་གྲུབ་པས་འཇིག་རྟེན་ཀུན་ཁྱབ་ཤོག །ཟབ་ཆོས་འདིའི་སྨིན་གྲོལ་ཡོངས་རྫོགས། འཕགས་མ་དངོས་དང་རྣམ་དབྱེར་མེད་པའི་སྐུ་རྟེན་བཅས་རྗེ་བླ་མ་ཐམས་ཅད་མཁྱེན་པ་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་ཏེ་གསལ་བྱེད་ཀྱི་ཡིག་ཆ་རྣམས་སྤེལ་འོས་པར་བཀས་གནང་ནས་རིང་དུ་འདས་ཀྱང་། ཟབ་ཁྲིད་ཀྱི་རྩ་བ་མདོ་རྒྱུད་གཉིས་འདུས་ཚིག་དོན་ཤིན་ཏུ་སྒྲོམ་ཆེ་བའི་དབང་གིས་རྒྱས་པར་བཀྲོལ་ན་ཡིག་ཚོགས་ཧ་ཅང་ཆེ། ཤིན་ཏུ་བསྡུས་ཀྱང་ཕན་ཐོགས་པར་དཀའ་བས་རིམ་པར་འགྱངས། སླད་མར་རང་ལོ་དོན་བརྒྱད་པར་བླ་མའི་བཀའ་རྗེས་སུ་བསྒྲུབ་པའི་དགོས་པ་ལ་བསམ་སྟེ། གཏེར་གཞུང་རྩ་བའི་ས་བཅད་ཚང་ཙམ་པའི་དབང་དུ་བྱས་ནས་རྒྱས་བསྡུས་འཚམ་པར་ཀུ་སཱ་ལི་རྒན་པོ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).