Terdzo-PHI-014: Difference between revisions
From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ") |
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ") |
||
Line 48: | Line 48: | ||
ྈྈྈྈ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ། གནམ་ཆོས་ལས་ཧུར་དྲག་མོའི་འཁོར། །ལྷ་མོའི་ཀེག་ཟློག་རྣམ་དགུ་ཡི། །ལག་ལེན་རིམ་པ་འདི་ལྟ་སྟེ། །རང་དོན་སྤྲོས་མེད་བྱེད་པ་ནི། །དམར་གཏོར་གཅིག་གིས་ཆོག་པ་ཡིན། །གཞན་དོན་སྤྲོས་བཅས་སྔགས་ནག་ལུགས། །འཇིམ་པར་ཀེག་ཟློག་སོ་སོའི་གཟུགས། །བུད་མེད་གཟུགས་ལ་རང་མདོག་བྱ། ཁ་དོག་འདོན་ཆའི་ནང་དུ་གསལ། །དེ་མདུན་དམར་གཏོར་གཅིག་བཞག་སྟེ། །གཡས་སུ་མདའ་བཀྲ་གཡོན་འཕང་བཀྲ །རྒྱབ་ཏུ་ནམ་མཁའ་ཤིང་རིས་བཙུགས། །མཐེབ་ཀྱུ་ཆངས་བུ་གཙང་མ་དང་། །ཤ་དུམ་འབྲུ་སྣ་རྣམས་ཀྱིས་གསོ། །ཇ་ཆང་ཆུ་གཙང་གང་འཛོམས་བྲན། །དབང་ལུང་ལ་སོགས་ཐོབ་ན་ནི། །བདག་བསྐྱེད་ལས་ཧུར་དྲག་མོར་བསྒོམ། །དེ་ཡི་དབང་ལུང་མ་ཐོབ་ན། །གུ་རུ་ཞི་དྲག་གང་རུང་ཞིག །བསྒོམས་ན་དེ་ཡིས་འཐུས་པ་སྟེ། །ལས་ཧུར་དྲག་མོ་ཞེས་བྱ་བ། །དོན་ལ་མནྡཱ་ར་བ་ཡིན། །དེ་ནས་འདོན་སྒོམ་སྦྲགས་པས་འཐུས། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །གཏོར་སྣོད་རིན་ཆེན་ལས་གྲུབ་པ། །ཡངས་ཤིང་རྒྱ་ཆེ་དེ་ཡི་ནང་། ཁཾ་ཡིག་ལས་བྱུང་གཏོར་མ་ནི། །ཟག་མེད་ཡེ་ཤེས་བདུད་རྩིའི་མཚོ། ཁ་དོག་དྲི་རོ་ཕུན་སུམ་ཚོགས། །འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན། །ནམ་མཁའ་བར་སྣང་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ། རང་མདུན་མཆོད་གཏོར་དེ་ཡི་སྟེང༔ མཁའ་ལ་ཆུ་བུར་རྡོལ་བ་ལྟར༔ ཆེ་གེའི་ཀེག་ཟློག་ལྷ་མོ་ནི༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ སྐད་ཅིག་དྲན་རྫོགས་གསལ་བ་ལས༔ འོད་འཕྲོས་རང་འདྲ་སྤྱན་དྲངས་ཐིམ༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ཆེ་གེའི་ཀེག་ཟློག་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ཨོཾ་ཤྲཱི་དེ་ཝི་ཧྲཱིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ ཆེ་གེའི་ཀེག་རྣམས་ཟློག་བྱེད་པའི༔ ལྷ་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ཤྲཱི་དེ་ཝི་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་བསྒྲུབ་ལ་བརྩེ༔ ཆེ་གེའི་ཀེག་རྣམས་ཟློག་བྱེད་པའི༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་གཏོར་མས་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་རྒུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ཡན་ཀེག་ཟློག་གང་བྱེད་ཀྱང་། །ཆེ་གེ་ཞེས་པར་མིང་བསྒྱུར་བྱ། །དེ་མིན་ཁྱད་པར་མེད་པ་ཡིན། །དེ་ནས་ཀེག་ཟློག་གང་ཡིན་གྱི། །གཞུང་ཉིད་འདོན་པར་བྱས་པའི་རྗེས། །སོ་སོའི་ཟློག་སྔགས་གང་ཡིན་དེ། །ཅི་འགྲུབ་བསྙེན་པ་བྱ་བ་སྟེ། །གཏོ་ཆོག་ལྟ་བུ་ཡིན་ན་ནི། །ཕྱོགས་ཀྱི་གཙང་སའམ་ཡས་ལམ་དུ། །གཏོ་དེ་ཕུལ་རྒྱུ་བསྐུར་བ་ཡིན། །གཏོར་མའང་དེ་དང་འདྲ་བ་སྟེ། ཁང་ཁ་སོགས་ན་ཕུལ་ཀྱང་རུང་། །རང་གི་གལ་ཆེན་ཐུགས་དམ་ལ། །གཏོར་མ་ཞག་མང་བཞག་ནས་ཀྱང་། །ཉིན་རེ་ཚར་རེ་འདོན་པ་དང་། །རྒྱུན་བསྙེན་ཞག་མང་བྱས་ནས་འབུལ། །ཀེག་ཟློག་དགུ་ཀ་འདོན་ན་ཡང་། །གཏོར་མ་སོ་སོར་བསྒྲིགས་ནས་བཤམས། །རིམ་བཞིན་སོ་སོར་འདོན་ཅིང་བསྙེན། །རིམ་བཞིན་སོ་སོར་འབུལ་བར་བྱ། །གཏོར་ཟློག་ཚུལ་དུ་ཕྱོགས་གཅིག་བཅའ། །གཏོར་ཟློག་བཞིན་དུ་བཅའ་འདོན་ནི། །བྱས་ན་ལེགས་པར་འགྱུར་སྙམས་ནས། །ལན་གསུམ་མཎྜལ་བརྒྱ་རྩ་སོགས། །ཕུལ་ནས་གསོལ་བ་བཏབ་བྱས་ཀྱང་། །དེ་འདྲ་མི་ཕོད་ཟེར་བ་བྱུང་། །དེ་ཕྱིར་ཕྱོགས་གཅིག་མདོས་ཀྱི་ཚུལ། །བཅའ་བར་བྱ་བ་མ་ཡིན་ནོ། །སྤར་ཁའི་གཏོ་ཡི་གོ་ཆོད་ཀྱང་། །བཙོག་གླུད་བླུགས་པར་མི་བྱ་སྟེ། །ཆངས་བུ་གཞག་ཀྱང་གཙང་མ་དགོས། །ཀེག་ཟློག་དགུ་པོ་འདི་དག་ཀྱང་། །དཔལ་ལྡན་ལྷ་མོའི་སྤྲུལ་པ་སྟེ། །མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །མཚན་ཡང་མི་གཅིག་སོ་སོར་འབོད། །སྔགས་ཀྱང་མི་གཅིག་སོ་སོར་བཟླས། །ཅི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་བྱས་ཀྱང་ཕྲིན་ལས་སྒྲུབ། །དེ་སྐད་ལྷ་མོའི་རྒྱུད་ལས་གསུངས། །དེ་ཕྱིར་ཀེག་ཟློག་དགུ་པོ་ཡང་། །ལྷ་མོའི་སྐུ་ཡི་འགྱུར་བ་སྟེ། །ཡིན་པར་ངེས་ཤེས་དད་གུས་སྐྱེད། །ཀེག་ཟློག་དགུ་པོ་གང་བྱེད་ཀྱང་། །དམར་གཏོར་གཅིག་ནི་མདུན་བཤམས་བྲན། །ལས་བྱང་སྔོན་ལྟར་བྱས་ནས་ཀྱང་། །སོ་སོའི་གཞུང་ནི་གང་ཡིན་འདོན།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཤིང་གི་ཀག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཤིང་གི་ཀེག་ཟློག་མ༔ ལྗང་གུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་ཤིང་ལོ་གཡོན་དྲྭ་བ༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་ནི༔ རས་ལྗང་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་ནང་གསང་བའི་ཤིང་གི་ཀེག༔ ཐམས་ཅད་ཟློག་པའི་དུས་ལ་བབས༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟིན་གྱི་སྟེང་དུ་རྩུབ་པ་ཡིས༔ སྤར་ཁའི་ཤིང་ཀེག་ལངས་པ་ཟློག༔ གཤེད་བཞི་སྟག་ཡོས་ཟིན་ལ་ཕྱིན༔ ཤིང་གི་དགྲ་ཀེག་ལངས་པ་ཟློག༔ ས་ལོ་བཅུ་གཉིས་ལོ་པ་རྣམས༔ ཤིང་ལོ་བཅུ་གཉིས་སྟེང་དུ་ཕྱིན༔ དྲུག་ཅུ་ལོ་ཡི་ཤིང་ཀེག་ཟློག༔ མཚམས་བཞི་ལོ་པའི་མི་རྣམས་ནི༔ སྟག་དང་ཡོས་ཀྱི་ལོ་ལ་ཕྱིན༔ གནམ་ལོ་ལོག་མན་ཤིང་ཀེག་ཟློག༔ དེ་བཞིན་གཤེད་བཞི་ལོ་པ་རྣམས༔ དཔྱིད་ཟླ་ར་དང་འབྲིང་ལ་བབས༔ བློན་པོ་ཟླ་བའི་ཤིང་ཀེག་ཟློག༔ དེ་བཞིན་ཞག་དང་དུས་ཚོད་ལ༔ སྟག་དང་ཡོས་བུ་ཤར་བའི་ཚེ༔ མཚམས་བཞི་ལོ་པའི་ཤིང་ཀེག་ཟློག༔ ཤིང་སྐར་དྲུག་དང་ཕུར་བུ་ཡི༔ གནོད་པའི་གཟའ་སྐར་ཤིང་ཀེག་ཟློག༔ ཤར་དང་ནུབ་ཀྱི་ཤིང་གཅིག་དང༔ ཤིང་སྒྲེན་རེ་བའི་གཡབ་མོ་སོགས༔ ས་དགྲའི་ཤིང་ཀེག་ལངས་པ་ཟློག༔ ཤིང་ཆེན་འགྱེལ་བའི་འོག་ཚུད་དང༔ ཤིང་གཉན་བཅད་པའི་གནོད་པ་ཟློག༔ ཀ་གདུང་འཕྲེད་དུ་ཆག་པ་ཟློག༔ བང་བའི་བཅུད་རྩི་ཟག་པ་སོགས༔ ཤིང་ཀེག་ལྟས་ངན་ལངས་པ་ཟློག༔ རྩ་དང་རྒྱུས་པ་ནང་གི་ཤིང༔ རྩ་སྐྱོན་འཐེང་སྡོད་བྱུང་བ་ཟློག༔ རྩ་དང་ཆུ་རྒྱུས་ཆད་པ་ཟློག༔ རྩ་རྒྱུས་གཟེར་ཞིང་འཁུམས་པ་ཟློག༔ མཆིན་པ་ཤིང་གི་ཁམས་ཡིན་པས༔ མཆིན་ནད་མཆིན་སྐྲན་ཞུགས་པ་ཟློག༔ རང་རྒྱུད་ཤིང་ལྟར་རེངས་པ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཤཾ་ལྗང་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ཤིང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་འཕྲོས་ཤིང་གི་ཀེག༔ ཐམས་ཅད་སངས་སེ་དག་པར་བསྒོམ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཤཾ་མ་ན་ཤིང་ཟློག༔ དེ་ཡིས་ཤིང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་དྲུག་ནུབ་ལྷ་མོ་ཤིང་གི་ཀེག་ཟློག་མ་ཉིད་ཀྱིས་ཕུལ་ལོ། འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ རླུང་གི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་རླུང་གི་ཀེག་ཟློག་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ གཡས་ན་རླུང་ཞགས་གཡོན་སྦྲུལ་ཞགས༔ དར་ལྗང་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ བཞི་ལྗང་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་རླུང་ཀེག་ལངས་པ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟོན་གྱི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་རླུང་ཀེག་ལངས་པ་ཟློག༔ རླུང་ནག་འཚུབས་མས་བཏུམས་པ་ཟློག༔ ཁང་ཁྱིམ་རླུང་གིས་བསྒྱེལ་པ་ཟློག༔ སྦྲ་གུར་རླུང་གིས་ཁྱེར་བ་ཟློག༔ ཀླུང་རྟ་རྒུད་པའི་རླུང་ཀེག་ཟློག༔ དགྲ་སྣ་རླུང་ལྟར་འཚུབས་པ་ཟློག༔ མི་ཁ་རླུང་ལྟར་འཚུབས་པ་ཟློག༔ རླུང་ཁ་དགྲ་ལ་ཤོར་བ་ཟློག༔ གཏམ་རླུང་ཕམ་པའི་རླུང་ཀེག་ཟློག༔ རླུང་སྨྱོ་ཆེན་པོ་ལངས་པ་ཟློག༔ བད་རླུང་མགོ་བོ་འཁོར་བ་ཟློག༔ སེམས་རླུང་སྨྱོ་དང་འབོག་པ་ཟློག༔ རླུང་འགག་ཕོ་ལོག་གླང་འཐབ་ཟློག༔ རླུང་གཟེར་སྟོད་འཚང་ལངས་པ་ཟློག༔ རླུང་གཟའ་ཁ་མིག་ཡོ་བ་ཟློག༔ རླུང་འཁྲུགས་མཐོང་སྣང་སྔངས་སྐྲག་ཟློག༔ གསང་རླུང་སེམས་ཀྱི་འཕྲོ་རྒོད་ཟློག༔ དོན་མེད་ཚིག་པ་ཟ་བ་ཟློག༔ རང་སྲོག་རང་གིས་གཅོད་པ་ཟློག༔ ཕྱི་ནང་གསང་བའི་རླུང་ཀེག་རྣམས༔ ཀེག་ཟློག་ལྷ་མོས་ད་ཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཡཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་ནད་དང་གནོད་པ་ཀུན༔ བྱང་ཞིང་དག་ནས་མེད་པར་བསྒོམ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཡཾ་མ་ར་ན་ཁཾ་ཁཾ་ནི༔ མྲྀ་ཏ་ནི༔ རླུང་ཟློག༔ དེ་ཡིས་རླུང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་བདུན་ལ་ལྷ་མོ་རླུང་གི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་བའོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ མེ་ཡི་ཀག་ཟློག་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་མེ་ཡི་ཀེག་ཟློག་དམར༔ ཞལ་གཅིག་ཕྱག་གཉིས་གཟར་བུ་མེ༔ སྐུ་ལས་རས་དམར་འདུང་མ་གསོལ༔ ལྷ་མོའི་ཆས་རྣམས་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་ཡོན་བདག་བསྲུང་བྱ་ལ༔ ཕྱི་དང་ནང་དང་གསང་བ་ཡི༔ མེ་ཡི་ཀེག་རྣམས་ཐམས་ཅད་ཟློག༔ སྲོག་ལུས་དབང་ཐང་ཀླུང་རྟ་ལ༔ མེ་དགྲ་དར་བའི་ཀེག་རྣམས་ཟློག༔ སྐོར་ཆེན་དྲུག་ཅུ་ཐམ་པ་ཡི༔ མེ་དགྲ་དར་བའི་མེ་ཀེག་ཟློག༔ སྤར་ཁ་ལི་དང་རྟ་སྦྲུལ་གྱི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ སྨེ་བ་བདུན་དམར་དགུ་དམར་གྱི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་དང༔ ཞག་གྲངས་སུམ་བརྒྱ་དྲུག་ཅུ་ཡི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ ཉི་མ་དང་ནི་མིག་དམར་དང༔ མེ་སྐར་དྲུག་གི་མེ་ཀེག་ཟློག༔ རྟ་སྦྲུལ་ལི་དང་རང་ལོའི་སྟེང༔ ཕྱིན་པ་མེ་ཡི་རང་ཀེག་ཟློག༔ བྱ་སྤྲེལ་ལི་ལ་ཕྱིན་པ་ཡི༔ མེ་དགྲ་དར་བའི་མེ་ཀེག་ཟློག༔ ལྷོ་ཕྱོགས་མེ་ཡི་དགྲ་དར་ཟློག༔ ཡུལ་ཁམས་མེ་ཡིས་ཚིག་པ་ཟློག༔ སྦྲ་ཁྱིམ་མེ་ཡིས་ཚིག་པ་ཟློག༔ མཁར་ཁང་མེ་ཡིས་ཚིག་པ་ཟློག༔ ས་ཚིག་ཐན་ཆེན་འབར་བ་ཟློག༔ ལུས་ལ་མེ་ཀེག་ལངས་པ་ཟློག༔ མགོ་ཚད་སྙིང་ཚད་གློ་ཚད་ཟློག༔ མཁལ་ཚད་ཕོ་ཚད་རྒྱུ་ཚད་ཟློག༔ གསང་བ་སེམས་ཀྱི་མེ་ཀེག་ཟློག༔ ཞེ་སྡང་མེ་ལྟར་འབར་བ་ཟློག༔ ཀེག་ཟློག་ལྷ་མོའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་རཾ་ལ་ནི༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ མེ་ཡི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ མེ་ཡི་ཀེག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ རཾ་ཁ་ལ་མེ་ཟློག༔ སྔགས་འདི་ཚར་གྲངས་ཅི་མང་བྱ༔ དེ་ཡིས་མེ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་ཚེས་བརྒྱད་ལ་ལྷ་མོ་མེའི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ། །དེ་ལ་འདོན་ཆ་གཏེར་བློན་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ དགྲ་ཡི་ཀག་ཟློག་མའི་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་དགྲ་ཡི་ཀེག་ཟློག་མ༔ དབུ་ནི་དམར་ལ་ལུས་གཡས་ལྗང༔ ཞབས་གཉིས་སྔོ་ལ་ལུས་གཡོན་དཀར༔ ཕྱག་གཉིས་དགྲ་སཏྭ་ཐོ་བ་འཛིན༔ ལུས་ལ་རས་ཁྲའི་འདུང་མ་གྱོན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདུང་མ་མོ་བཙུན་གོས་ལྟ་བུ༔ སྐུ་ནི་ཞི་བའི་ཆ་ལུགས་ཅན༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་མི་ནོར་ལ༔ དགྲ་ཡི་ཀེག་རྣམས་ཐམས་ཅད་ཟློག༔ སྔ་དགྲ་ལག་བདར་དགྲ་སྲི་ཟློག༔ ཕྱི་དགྲ་ཡིད་ལ་བསམ་པ་ཟློག༔ ད་དགྲ་ཐད་དུ་ལངས་པ་ཟློག༔ ངོས་ལ་གདོང་ཐུག་བྱེད་པ་ཟློག༔ ལྐོག་ནས་འབུ་བཞིན་འབུག་པ་ཟློག༔ མ་ཉེས་ཁ་ཡོག་བཏང་བ་ཟློག༔ བརྒྱ་ཡི་མི་ཁ་ཟུག་པ་ཟློག༔ སྟོང་གི་བྲ་མཆུས་སྡང་བ་ཟློག༔ དགྲ་སྣ་མེ་ལྟར་འབར་བ་ཟློག༔ དགྲ་སྣ་ཆུ་ལྟར་འཁྲུགས་པ་ཟློག༔ དགྲ་སྣ་རླུང་ལྟར་འཚུབས་པ་ཟློག༔ དགྲ་སྣ་བལ་ལྟར་གཡེང་བ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་བརྡར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ནས་རྩང་བཞིན་འཛུག་པ་ཟློག༔ རྒྱབ་ནས་ཁྱི་བཞིན་ཟུག་པ་ཟློག༔ ཇག་པས་རྟ་ཁ་བསིགས་པ་ཟློག༔ རྐུན་བུ་ཤ་ཆིང་ཁུར་བ་ཟློག༔ དགྲ་ཆེན་བདུད་དུ་ལངས་པ་ཟློག༔ དམག་སྣ་ཇག་སྣ་སྟོན་པ་ཟློག༔ དགྲ་སྣ་རྐུན་སྣ་སྟོན་པ་ཟློག༔ སྲོག་ལ་དགྲ་དར་གསོད་གཅོད་ཟློག༔ ལུས་ལ་དགྲ་དར་བརྡེག་བཙོགས་ཟློག༔ དབང་ཐང་དགྲ་དར་འཕྲོག་བཅོམ་ཟློག༔ ཀླུང་རྟའི་དགྲ་དར་མི་ཁ་ཟློག༔ རྨ་ངོ་ཁྲག་ངོ་ཐམས་ཅད་ཟློག༔ ལྕགས་དང་ཞགས་པས་བཅིངས་པ་ཟློག༔ བཙན་གྱི་ཐོག་བབས་བྱེད་པ་ཟློག༔ ཕྱི་ཡི་ཕྱི་དགྲ་ལངས་པ་ཟློག༔ ནང་ནས་ནང་འཁྲུག་ལངས་པ་ཟློག༔ ཟུར་ནས་གཅོད་དགོས་ཟེར་བ་ཟློག༔ གསོད་ཤོམ་རྡུང་ཤོམ་བྱེད་པ་ཟློག༔ རྐུ་ཤོམ་འཕྲོག་ཤོམ་བྱེད་པ་ཟློག༔ ཕྱོགས་བཞིའི་དགྲ་བོ་ལངས་པ་ཟློག༔ མཚམས་བཞིའི་དགྲ་བོ་ལངས་པ་ཟློག༔ ལོ་ནི་སྐོར་ཆེན་དྲུག་ཅུ་ཡི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ ལོ་ཡི་རྒྱལ་པོ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ དམག་མི་ཞག་གྲངས་སུམ་བརྒྱ་དང༔ དྲུག་ཅུའི་དགྲ་ཀེག་ལངས་པ་ཟློག༔ དུས་ཚོད་སྟོང་དང་བདུན་བརྒྱ་ཡི༔ ཐོག་ནས་དགྲ་ཀེག་ལངས་པ་ཟློག༔ གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ དེ་མཚམས་ཀླུ་ཆེན་བརྒྱད་པོ་ཡི༔ དུས་སུ་དགྲ་ཀེག་ལངས་པ་ཟློག༔ ལོ་ཟླའི་རྗེ་བློན་བཅུ་བདུན་གྱི༔ ཐད་ནས་དགྲ་ཀེག་ལངས་པ་ཟློག༔ གཟུགས་ཅན་མི་ཡི་དགྲ་ལངས་ཟློག༔ གཟུགས་མེད་ལྷ་འདྲེའི་དགྲ་ལངས་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ཐུགས་ཀར་ཟླ་སྟེང་ཁཾ་ཡིག་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ དགྲ་ཡི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་བསྟིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ དགྲ་ཀེག་དགྲ་ངོ་ཐམས་ཅད་ནི༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ དགྲ་ཡི་འཇིགས་པ་བྲལ་བར་བསྒོམ༔ ཁཾ་མ་བྷྱོ་དགྲ་ཟློག༔ སྔགས་དེ་ཅི་ནུས་བསྙེན་པར་བྱ༔ དང་པོར་སྤྱན་འདྲེན་དུས་སུ་ཡང༔ ཐུགས་ཀའི་ཁཾ་ལས་འོད་འཕྲོས་པས༔ སྤྱན་དྲངས་བསྐྱེད་པ་དེ་ལ་སྟིམས༔ དུས་གཅིག་ཚར་གྲངས་ཅི་ཐོན་དང༔ སྔགས་ནི་མང་དུ་བཟླས་པ་འབུལ༔ ཡང་ན་རྒྱུན་བསྙེན་ཡུན་རིང་བྱ༔ འབུལ་ལུགས་ལ་སོགས་གྲུ་ཁ་མཐུན༔ ལྷ་མོའི་དགྲ་ཟློག་ཟབ་ཅིང་མྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ༈ ཞལ་གདམས་ནི༔ སྐུ་ཞི་བའི་ཆ་ལུགས་སོ༔ འདུང་མ་ནི་ནང་གྱོན་འདྲ་བའོ༔ སྔགས་གྲངས་སྒྲུབ་གྲངས་མེད༔ བདག་བསྐྱེད་ལས་ཧུར་དྲག་མོར་བསྐྱེད་ན་ལེགས༔ ཡི་དམ་གཞན་ཡང་རུང༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་མར་ངོའི་ཚེས་བཅུའི་ནུབ་དགྲ་ཡི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་པ་ལ། འདོན་ཆའི་ཆ་བརྒྱན་ཨ་རཱ་གས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ས་ཡི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ས་ཡི་ཀེག་ཟློག་སེར༔ ཞལ་གཅིག་ཕྱག་གཉིས་ཐོ་བ་སྒྱེད༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དར་སེར་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ སྲོག་ལུས་དབང་ཐང་ཀླུང་རྟ་ལ༔ ས་ཡིས་གནོད་པའི་ས་ཀེག་ཟློག༔ སྟག་ཡོས་ཁོན་ལ་ཕྱིན་པ་ཡི༔ སྤར་ཁ་ས་ཡི་དུར་ཀེག་ཟློག༔ ལོ་ཟླ་ཞག་དུས་ལུག་གི་སྟེང༔ སྟག་ཡོས་ཕྱིན་པའི་དུར་ཀེག་ཟློག༔ ལྔ་སེར་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་ས་ཀེག་ལངས་པ་ཟློག༔ ས་ལོ་བཅུ་གཉིས་སྟེང་རྩུབ་པའི༔ ལོ་རྒན་དྲུག་ཅུའི་ས་ཀེག་ཟློག༔ གཤེད་བཞིའི་སྟེང་དུ་རྩུབ་པ་ཡི༔ རྒྱལ་པོ་ལོ་ཡི་ས་ཀེག་ཟློག༔ ཐ་ཆུང་བཞི་ལ་རྩུབ་པ་ཡི༔ བློན་པོ་ཟླ་བའི་ས་ཀེག་ཟློག༔ གཤེད་བཞིའི་ཞག་ལ་རྩུབ་པ་ཡི༔ དམག་མི་ཞག་གི་ས་ཀེག་ཟློག༔ གཤེད་བཞིའི་དུས་ལ་རྩུབ་པ་ཡི༔ དུས་ཚོད་མཚོན་ཆའི་ས་ཀེག་ཟློག༔ རི་ཉིལ་ས་ལོག་མཁར་ཁང་འགྱེལ༔ ཕྱི་རོལ་སྣོད་ཀྱི་ས་ཀེག་ཟློག༔ སྐྲངས་ལྷོག་ས་སྐྱོན་ས་ལྷོག་སོགས༔ ལུས་ཀྱི་ས་ཀེག་ནད་རྣམས་ཟློག༔ ཕོ་བའི་ནད་དང་མཚེར་པའི་ནད༔ དོན་དང་སྣོད་ཀྱི་ས་ཀེག་ཟློག༔ རྐང་ལག་སྐྲངས་པ་ཞ་རེངས་སོགས༔ ཡན་ལག་བཞི་ཡི་ས་ཀེག་ཟློག༔ ས་བདག་འཁྲུགས་པའི་གནོད་པ་སོགས༔ ཕྱི་དང་ནང་གི་ས་ཀེག་ཟློག༔ ལྗི་འཐིབས་གཉིད་དང་རྨུགས་པ་སོགས༔ གསང་བ་སེམས་ཀྱི་ས་ཀེག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ལཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ས་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ ཕྱི་ནང་གསང་བའི་ས་ཀེག་ཀུན༔ སྤྲིན་ནག་རླུང་གིས་གཏོར་ལྟར་བསྒོམ༔ སྔགས་འདི་ཅི་འགྲུབ་མང་དུ་བརྗོད༔ ལཾ་མ་ན་ས་ཟློག༔ དེ་ཡིས་ས་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་གནམ་གང་ཉིན་ལྷ་མོ་སའི་ཀག་ཟློག་མས་དངོས་སུ་གསུངས་སོ། །ཞེས་པའི་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ལྕགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ལྕགས་ཀྱི་ཀེག་ཟློག་དཀར༔ ཞལ་གཅིག་ཕྱག་གཉིས་ལྕགས་ཆ་བྲམ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་དཀར་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་དང་ནང་དང་གསང་བ་ཡི༔ ལྕགས་ཀྱི་ཀེག་རྣམས་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ལ༔ ནུབ་ཀྱི་བྲག་དཀར་སྤྲེལ་འདྲ་སོགས༔ ས་དགྲ་ལངས་པའི་ལྕགས་ཀེག་ཟློག༔ བྲག་ཞིག་ལྷ་འདྲེས་རྡོ་འཕེན་དང༔ རི་རྡོ་ཞིང་དུ་འགྲིལ་བ་སོགས༔ ལྟས་ངན་ཆོ་འཕྲུལ་ལྕགས་ཀེག་ཟློག༔ མདའ་གྲི་མདུང་གསུམ་དགྲ་སཏྭ་སོགས༔ ལུས་ལ་མཚོན་གྱི་ལྕགས་ཀེག་ཟློག༔ བྲག་སྲིན་བྲག་ཐིལ་གནོད་པ་སོགས༔ བྲག་གནས་ལྷ་འདྲེའི་ལྕགས་ཀེག་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ནི༔ དྭ་ཡི་སྟེང་དུ་ཕྱིན་པ་སོགས༔ སྤར་ཁའི་ལྕགས་ཀེག་ལངས་པ་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ ལྕགས་དགྲ་དར་བའི་ལྕགས་ཀེག་ཟློག༔ ལོ་ཟླ་ཞག་དང་ཟ་མ་ལ༔ སྨེ་བ་དཀར་གསུམ་སྟེང་རྩུབ་པའི༔ སྨེ་བའི་ལྕགས་ཀེག་ལངས་པ་ཟློག༔ དེ་བཞིན་ལོ་ཟླ་ཞག་དུས་སུ༔ དྭ་ཡི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་ལྕགས་ཀེག་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ནི༔ ལོ་ཟླ་ཞག་དང་ཟ་མ་རྣམས༔ བྱ་སྤྲེལ་ཐོག་ཏུ་ཕྱིན་པ་ཡི༔ ལོ་ཟླ་ཞག་དུས་ལྕགས་ཀེག་ཟློག༔ ལྕགས་སྐར་དྲུག་དང་པ་སངས་ཀྱི༔ གནོད་པའི་གཟའ་སྐར་ལྕགས་ཀེག་ཟློག༔ ཤིང་ལོ་བཅུ་གཉིས་ལོ་པ་རྣམས༔ ལྕགས་ལོ་བཅུ་གཉིས་སྟེང་ཕྱིན་སོགས༔ དྲུག་ཅུ་ལོ་ཡི་ལྕགས་ཀེག་ཟློག༔ རུས་པ་དཀར་པོ་ལྕགས་ཀྱི་ཁམས༔ རུས་ལ་ན་བའི་ལྕགས་ཀེག་ཟློག༔ མགོ་ཆག་ཀླད་པ་ལུགས་པ་ཟློག༔ རྒལ་ཚིག་གཞུང་སའི་ནད་རྣམས་ཟློག༔ རྐང་ལག་ཆག་ཅིང་གྲུམ་པ་སོགས༔ ལྕགས་འདྲེ་གྲི་བོ་གྲི་མོ་ཟློག༔ བཙོན་བཟུང་ལྕགས་བླུགས་ལྕགས་ཀེག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཙཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ལྕགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་འཕྲོས་ལྕགས་ཀྱི་ཀེག༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ དེ་ནས་སྔགས་འདི་ཅི་འགྲུབ་བརྗོད༔ ཙཾ་དམར་ལྕགས་ཟློག༔ དེ་ཡིས་ལྕགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་དབོ་ཟླ་བའི་ཚེས་གཅིག་ལ་ལྷ་མོ་ལྕགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་ཕུལ་བའོ། །ཞེས་པ་ལ་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ གནམ་གྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ནམ་མཁའི་ཀེག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་འཇའ་ཚོན་གྲི༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུག༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་ནང་གསང་བའི་གནམ་གྱི་ཀེག༔ ཀེག་ཟློག་ལྷ་མོས་ཀེག་ཟློག་ཅིག༔ སྤར་ཁ་ལི་དང་ཁེན་ལ་བབས༔ བུག་པའི་གནམ་སྒོ་བྱེ་བ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་ལ༔ རྟ་སྦྲུལ་ལི་དང་ཁེན་ལ་ཕྱིན༔ གནམ་གྱི་དུར་ཀེག་ལངས་པ་ཟློག༔ གནམ་ཀེག་ཐོག་དང་སེར་བ་ཟློག༔ གནམ་རྡོ་དུས་མིན་ཁ་ཆར་ཟློག༔ གནམ་ཁྱིས་ངུ་ཟུག་བྱེད་པ་ཟློག༔ གནམ་ཐིལ་ས་ལ་བབས་པ་ཟློག༔ གཟའ་སྐར་ཐང་ལ་ལྷུང་བ་ཟློག༔ གནམ་ནད་གཟའ་ཡི་གདོང་ཐུག་ཟློག༔ གནམ་གྱི་དལ་ཁ་བབས་པ་ཟློག༔ སྐར་མདའ་ས་ལ་བབས་པ་ཟློག༔ གནམ་སྒྲོན་གཤིན་རྗེའི་མཆེ་ཟུར་ཟློག༔ བྱ་ཆེན་སྟེང་དུ་བབས་པ་ཟློག༔ བྱ་ཐལ་ལུས་ལ་ཕོག་པ་ཟློག༔ གཟའ་ཆེན་བརྒྱད་ཀྱིས་གཟེར་འདེབས་ཟློག༔ གཟའ་དང་རྒྱུ་སྐར་འཁྲུགས་པ་ཟློག༔ རྒྱུ་སྐར་རྣམས་ཀྱི་ཉེས་སྐྱོན་ཟློག༔ འཇའ་སྣ་ཁྱིམ་དུ་ཟུག་པ་ཟློག༔ གཡུ་འབྲུག་ས་ལ་བབས་པ་ཟློག༔ གནམ་རྟ་གནམ་ལུག་བབས་པ་ཟློག༔ འུར་སྒྲ་ཐུག་ཆོམ་བྱུང་བ་ཟློག༔ གཟའ་བདུད་རྒྱུག་གྲངས་མང་བ་ཟློག༔ གྲོང་ཁྱེར་སྟོང་པའི་གནམ་ཀེག་ཟློག༔ སྦྲ་ཁྱིམ་སྟོང་པའི་གནམ་ཀེག་ཟློག༔ བང་མཛོད་སྟོང་པའི་གནམ་ཀེག་ཟློག༔ མེད་སྣང་ལྟོགས་སྣང་ལངས་པ་ཟློག༔ སྟོང་པ་ནམ་མཁའི་ཀེག་རྣམས་ཀུན༔ ཀེག་ཟློག་ལྷ་མོས་ད་ཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཨེ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ནམ་མཁའི་ཀག་ཟློག་སྤྱན་དྲངས་བསྟིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ གནམ་ནད་གནམ་གྱི་ཀེག་རྣམས་ཀུན༔ མུན་པར་ཉི་མ་ཤར་བཞིན་བསལ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཨེ་མོ་ཐེ་གནམ་ཟློག༔ དེ་ཡིས་གནམ་གྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་ཚེས་གསུམ་ཉིན་ལྷ་མོ་ནམ་མཁའི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ། །ཞེས་པའི་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཆུ་ཡི་ཀག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཆུ་ཡི་ཀེག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་ཆུ་རྐྱལ་ཐོ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ ཆུ་ཡི་གནོད་པའི་ཀེག་རྣམས་ཟློག༔ སྲོག་ལུས་དབང་ཐང་ཀླུང་རྟ་རྣམས༔ འབྱུང་བ་མེ་ཁམས་ཡིན་རྣམས་ལ༔ ཆུ་དང་འཕྲད་པའི་ཆུ་ཀེག་ཟློག༔ སྤར་ཁ་ཟླ་བ་ཞག་དུས་སུ༔ རྟ་སྦྲུལ་ཁམས་ལ་ཕྱིན་པ་ཡི༔ སྤར་ཁའི་ཆུ་ཀེག་ལངས་པ་ཟློག༔ གཉིས་ནག་དང་ནི་གསུམ་མཐིང་ལ༔ རྩུབ་པ་སྨེ་བའི་ཆུ་ཀེག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་ནི༔ བྱི་ཕག་ལོ་ལ་ཕྱིན་པ་སོགས༔ རྒྱལ་པོ་ལོ་ཡི་ཆུ་ཀེག་ཟློག༔ དེ་བཞིན་རྟ་དང་སྦྲུལ་ལོ་པ༔ ཞག་དང་ཟླ་བ་ལ་སོགས་པ༔ བྱི་ཕག་ཤར་བའི་ཆུ་ཀེག་ཟློག༔ སྲོག་ལུས་དབང་ཐང་ཀླུང་མེ་ཁམས༔ ཆུ་ཡི་སྐར་མ་ཟླ་ལྷག་སོགས༔ གཟའ་དང་སྐར་མའི་ཆུ་ཀེག་ཟློག༔ ལ་རྔུར་གངས་རྡིབ་གངས་རུད་དང༔ རྐང་ལག་ཕྱིད་པའི་ཆུ་ཀེག་ཟློག༔ ཆུས་ཁྱེར་གྲུ་ལོག་ཤྭ་རྦུད་སོགས༔ ཆུ་གྲིར་འཆི་བའི་ཆུ་ཀེག་ཟློག༔ སྡུག་གི་མཆི་མ་འབབ་པ་སོགས༔ མྱ་ངན་ཆེན་པོའི་ཆུ་ཀེག་ཟློག༔ དམུ་ཆུ་གྲང་ནད་ཆུ་འགགས་སོགས༔ ཆུ་སེར་གྲང་འབྱམས་ཆུ་ཀེག་ཟློག༔ གྲང་སྲིན་རྣག་ཁྲག་འཛག་པ་སོགས༔ བཤལ་དང་སྐྱུག་པའི་ཆུ་ཀེག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་ལ༔ བྱང་གི་ཆུ་བོ་རྒྱུན་འབབ་སོགས༔ ས་ཡི་ས་དགྲ་ཆུ་ཀེག་ཟློག༔ གྲོང་གི་བྱང་དུ་མཚོ་ཡོད་དང༔ ཆུ་སྒྲེན་ཉི་མའི་སྲབ་མདའ་སོགས༔ ས་དགྲའི་ཆུ་ཀེག་ལངས་པ་ཟློག༔ ཡུལ་མིང་ཆུ་ཁམས་གནོད་པ་སོགས༔ མིང་གི་ཆུ་ཀེག་ལངས་པ་ཟློག༔ འདོད་ཆགས་ཆུ་ལྟར་འཁྲུགས་པ་སོགས༔ ཆུ་ལ་གནས་པའི་གདོན་རྣམས་ཟློག༔ ཕྱི་དང་ནང་དང་གསང་བ་ཡི༔ ཆུ་ཡི་གནོད་པའི་ཀེག་རྣམས་ཀུན༔ ཐམས་ཅད་མ་ལུས་ཟློག་ཏུ་གསོལ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཁཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ཆུ་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ ཆུ་ཡི་ཀེག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་གྱུར༔ སྔགས་འདི་ཅི་འགྲུབ་མང་དུ་བརྗོད༔ ཁཾ་མ་ཏ་ཆུ་ཟློག༔ དེ་ཡིས་ཆུ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླ་བའི་ཚེས་བཞིའི་ནུབ་དཔལ་ལྡན་ལྷ་མོ་ཆུའི་ཀག་ཟློག་མ་ཉིད་ཀྱིས་ཕུལ་ལོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཕྱོགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཕྱོགས་ཀྱི་ཀེག་ཟློག་མ༔ སྐུ་མདོག་དམར་སེར་ཞལ་གཅིག་པ༔ ཕྱག་གཉིས་རི་རབ་ཕུར་པ་འཛིན༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དམར་སེར་དར་འདུང་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་མི་ནོར་ལ༔ ཤར་ཕྱོགས་དྲི་ཟའི་ཀེག་རྣམས་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་ཀེག་རྣམས་ཟློག༔ ནུབ་ཕྱོགས་ཀླུ་ཡི་ཀེག་རྣམས་ཟློག༔ བྱང་ཕྱོགས་གནོད་སྦྱིན་ཀེག་རྣམས་ཟློག༔ ཤར་ལྷོ་མེ་ལྷའི་ཀེག་རྣམས་ཟློག༔ ལྷོ་ནུབ་སྲིན་པོའི་ཀེག་རྣམས་ཟློག༔ ནུབ་བྱང་རླུང་ལྷའི་ཀེག་རྣམས་ཟློག༔ བྱང་ཤར་དབང་ལྡན་ཀེག་རྣམས་ཟློག༔ སྟེང་ཕྱོགས་གཟའ་སྐར་ཀེག་རྣམས་ཟློག༔ འོག་ཕྱོགས་ས་བདག་ཀེག་རྣམས་ཟློག༔ འདྲེ་ལྔ་གནས་པའི་ཕྱོགས་ཀེག་ཟློག༔ བདུད་གཅོད་གནས་པའི་ཕྱོགས་ཀེག་ཟློག༔ གནོད་པ་གནས་པའི་ཕྱོགས་ཀེག་ཟློག༔ སྤར་ཁ་རང་ཐོག་ཕྱོགས་ཀེག་ཟློག༔ སྤར་ཁ་དགྲ་ཐོག་ཕྱོགས་ཀེག་ཟློག༔ ཐེ་སེ་ཧལ་ཁྱི་ཙང་ཀུན་སོགས༔ ཕྱོགས་སུ་འགྲོ་བའི་ཕྱོགས་ཀེག་ཟློག༔ གཟའ་དང་ཁྲ་ཚ་ཟིན་ཕུང་སོགས༔ གདོང་དང་ཐུག་པའི་ཕྱོགས་ཀེག་ཟློག༔ ཕྱོགས་དེར་སོང་ན་རྐྱེན་འོང་བའི༔ ཡུལ་ལྷ་འཁྲེན་པའི་ཕྱོགས་ཀེག་ཟློག༔ མཆོད་རྟེན་ལྷ་ཁང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ གྲུ་ཟམ་རུ་ནག་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ལྕགས་བཟོ་མགར་ཚང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ཤིང་བཟོ་མཁར་ལས་བྱེད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ བང་སྟོང་སྨྱོན་མ་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ རྟ་བཤའ་བག་མ་གཏང་ལེན་སར༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ས་རྐོ་ཁང་ནག་བཤུ་འགེབ་སར༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ མི་ཤི་སྡུག་ཟན་བྱེད་ས་རུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ལི་ལ་ཁྱི་ཟླའི་བཅུ་བདུན་བར༔ ནུབ་ཏུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁོན་ལ་ཕག་གི་ཟླ་བ་ཡི༔ བཅུ་བཞི་ནས་ནི་བཅུ་བདུན་བར༔ བྱང་དུ་འགྲོ་བའི་ཕྱོགས་ཀེག་ཟློག༔ དྭ་ལ་སྟག་ཟླའི་ཉེར་གཅིག་ལ༔ ཤར་དུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁེན་ལ་རྟ་ཡི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་ཚེས་བདུན་བར༔ ལྷོ་རུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁམ་ལ་ལུག་གི་ཟླ་བ་ཡི༔ ཚེས་བཅུ་ནས་ནི་ཉེར་གཅིག་བར༔ ལྷོ་ནུབ་འགྲོ་བའི་ཕྱོགས་ཀེག་ཟློག༔ གིན་ལ་འབྲུག་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ ཤར་ལྷོར་འགྲོ་བའི་ཕྱོགས་ཀེག་ཟློག༔ ཟིན་ལ་སྤྲེ་འུ་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ ནུབ་བྱང་འགྲོ་བའི་ཕྱོགས་ཀེག་ཟློག༔ ཟོན་ལ་གླང་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ བྱང་ཤར་འགྲོ་བའི་ཕྱོགས་ཀེག་ཟློག༔ བྱི་ལིང་རྒྱུ་བའི་གདོང་ཕྱོགས་སུ༔ བྱིས་པ་ཁྲིད་པའི་ཕྱོགས་ཀེག་ཟློག༔ སྒྲ་གཅན་འཕར་མ་གནས་ཕྱོགས་སུ༔ དམག་མི་གཤར་བའི་ཕྱོགས་ཀེག་ཟློག༔ ཧལ་ཁྱི་རོ་ཟན་གནས་ཕྱོགས་སུ༔ མཚོན་རྩེ་བསྟན་པའི་ཕྱོགས་ཀེག་ཟློག༔ བ་དན་ཁྲ་བོ་གནས་ཕྱོགས་སུ༔ དར་ཕྱར་དུང་འབུད་ཕྱོགས་ཀེག་ཟློག༔ གཞི་བདག་དྲེགས་པ་གནས་ཕྱོགས་སུ༔ དྲག་ལས་བྱས་པའི་ཕྱོགས་ཀེག་ཟློག༔ ཙང་ཀུན་འཕྱེ་བོ་གནས་ཕྱོགས་སུ༔ ཁ་མཆུ་གཏམས་པའི་ཕྱོགས་ཀེག་ཟློག༔ ཕྱོགས་མི་གཙང་བའི་ཕྱོགས་རྣམས་སུ༔ ཀོ་ལོང་སྡོམ་པའི་ལས་བྱས་པ༔ དེ་དག་ཐམས་ཅད་ཟློག་ཅིང་སྒྱུར༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཕྱཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཕྱོགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ ཕྱོགས་དང་ཕྱོགས་ངན་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་ཞི༔ སྔགས་འདི་ཅི་མང་བཟླ་བར་བྱ༔ ཕྱཾ་མ་ར་ཕྱོགས་ཟློག༔ དེ་ཡིས་ཕྱོགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་ཁ་ཐཾ་གུ་ཧྱ༔ ྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླའི་ཚེས་ལྔ་ལ་ལྷ་མོ་ཕྱོགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༈ དེ་ནས་ཀེག་ཟློག་གང་ཡིན་ཀྱང་། །འབུལ་ཁ་འདི་ཉིད་འདོན་པར་བྱ། །བྷྱོཿ མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །སྔགས་ཀྱང་མི་གཅིག་སོ་སོར་བཟླ། །མཚན་ཡང་མི་གཅིག་སོ་སོར་འབོད། །ཅི་ལྟར་བྱས་ཀྱང་ངོ་བོ་གཅིག །ཅི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ། །ལྷ་མོ་ཆེ་གེའི་ཀེག་ཟློག་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་གིས་ཅི་ལྟར་བཅོལ་པ་ཡི། །ཀེག་རྣམས་ཟློག་པའི་ཕྲིན་ལས་མཛོད། །མཐུ་དང་ནུས་པ་ཅི་འདུག་བལྟ། །རྟགས་དང་མཚན་མ་དངོས་སུ་སྟོན། །དམ་ལ་མ་འདའ་དམ་ཚིག་ཅན། །དུས་ལ་བབས་པོ་ས་མ་ཡ། །སྟོང་གསལ་ནམ་མཁའི་དབྱིངས་རུམ་ནས། །སྤྲིན་དང་གློག་དང་འཇའ་ཚོན་གསུམ། །ལན་གཅིག་སྤྲུལ་པ་མངོན་དུ་བྱུང་། །དེ་ནས་སྤྲུལ་པ་དབྱིངས་སུ་ཐིམ། །མ་གཅིག་ཐུགས་ཀྱི་མཁའ་ཀློང་ནས། །ལྷ་མོ་ཆེ་གེའི་ཀེག་ཟློག་མ། །ལན་གཅིག་སྤྲུལ་པ་དངོས་སུ་བྱོན། །ད་ནི་རང་གི་གནས་སུ་གཤེགས། །བདག་དང་བསྲུང་བྱ་འདི་རྣམས་ལ། །གནོད་པའི་ཀེག་རིགས་དེ་རྣམས་ཀུན། །ཐམས་ཅད་བསྡུས་ཏེ་ཁྱེར་ལ་གཤེགས། །མ་མོ་མཁའ་འགྲོ་འདུ་བའི་གནས། །རྒྱ་གར་དུར་ཁྲོད་བརྒྱད་དུ་གཤེགས། །མ་ཚོགས་མཁའ་འགྲོ་འདུ་བའི་གནས། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་གཤེགས། །ལྷ་མོ་དཔོན་གཡོག་བཞུགས་པའི་གནས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །ཡོངས་འདུ་ཤིང་གི་རྩ་བར་གཤེགས། །བྱང་ཤར་ཆོས་དབྱིངས་གནས་སུ་གཤེགས། །ཨོཾ་དེ་ཝི་བཛྲ་མུཿ གཙྪ་གཙྪ། ཅེས་བརྗོད་ཕྱོགས་ཀྱི་གཙང་ས་འམ། །ཡས་ལམ་ཕྱོགས་སུ་ཕུལ་རྒྱུ་སྐུར། །སྤར་ཁའི་གཏོ་ལ་འདི་བཅའ་ན། །སྤར་ཁ་རང་རང་གནས་ཕྱོགས་ཕུལ། །ནད་པའི་དོན་དུ་འདི་བཅའ་ན། །ལོ་བདུད་ཐོག་ཏུ་ཕུལ་བར་བྱ། །གནོད་པ་བྱུང་ནས་འདི་བཅའ་ན། །དགྲ་སོགས་གར་གནོད་ཕྱོགས་སུ་ཕུལ། །རང་གི་བདེ་རིམ་བཅའ་བ་འམ། །ཕྱོགས་སོགས་རྩི་བར་མི་ཤེས་ན། །བྱང་ཤར་ལྷ་མོའི་གནས་ཕྱོགས་ཕུལ། །ཀག་སོགས་ཞིབ་རྩིས་མི་ཤེས་ན། །ལི་ནི་མེ་དང་ཁོན་ནི་ས། །དྭ་ནི་ལྕགས་ལ་ཁེན་ནི་གནམ། ཁམ་ནི་ཆུ་ལ་ཟིན་ནི་ཤིང་། །ཟོན་ལ་རླུང་གི་ཀག་ཟློག་བཅའ། །གིང་ཐོག་གཞི་ན་འདུག་མཁན་དང་། །དགྲ་དང་ཁ་མཆུ་མང་བ་ན། །དགྲ་ཡི་ཀེག་ཟློག་བཅའ་བར་བྱ། །གིང་ཐོག་ཕྱོགས་སུ་འགྲོ་མཁན་ནམ། །གཞན་ཡང་ཐག་རིང་འགྲོ་དགོས་ན། །ཕྱོགས་ཀྱི་ཀེག་ཟློག་བཅའ་བར་བྱ། །འདི་ནི་ཅུང་ཞིག་སྤྲོས་བཅས་ཡིན། །སྤྲོས་བཅས་བཅའ་འདོན་ལོང་མེད་ཅིང་། །མེ་མཆེད་གྲུ་ཁ་རབ་སོ་དང་། །གློ་བུར་ཇག་རྐུན་ལ་སོགས་ལ། །དམིགས་པས་སྒོམ་ཞིང་སྔགས་བཟླས་ཆོག །གཏེར་གཞུང་དེ་ཡི་ལུགས་སུ་གསུངས། །སྤྲོ་ན་དམར་གཏོར་གཅིག་བཅའ་གསུངས། །དེ་ལས་འདོན་ཆ་གཞུང་ན་མེད། །དེ་ཕྱིར་འདོན་ཆ་དང་བཅས་པའི། །ཕྱག་ལེན་གསལ་ཞིང་ཁྱེར་བདེ་བར། །གཏེར་བློན་རཱ་ག་ཨ་སྱས་སྦྱར། །དགེ་སློང་བིརྱས་ཡི་གེར་བཀོད། །ཉེས་འགལ་ལྷ་མོའི་ཚོགས་ལ་བཤགས། །དགེ་བས་འདི་ཉིད་ཆེར་འཕེལ་ནས། །མ་འོངས་རྐང་གཉིས་འགྲོ་རྣམས་ལ། །ཕན་ཐོག་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ།། །། | ྈྈྈྈ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ། གནམ་ཆོས་ལས་ཧུར་དྲག་མོའི་འཁོར། །ལྷ་མོའི་ཀེག་ཟློག་རྣམ་དགུ་ཡི། །ལག་ལེན་རིམ་པ་འདི་ལྟ་སྟེ། །རང་དོན་སྤྲོས་མེད་བྱེད་པ་ནི། །དམར་གཏོར་གཅིག་གིས་ཆོག་པ་ཡིན། །གཞན་དོན་སྤྲོས་བཅས་སྔགས་ནག་ལུགས། །འཇིམ་པར་ཀེག་ཟློག་སོ་སོའི་གཟུགས། །བུད་མེད་གཟུགས་ལ་རང་མདོག་བྱ། ཁ་དོག་འདོན་ཆའི་ནང་དུ་གསལ། །དེ་མདུན་དམར་གཏོར་གཅིག་བཞག་སྟེ། །གཡས་སུ་མདའ་བཀྲ་གཡོན་འཕང་བཀྲ །རྒྱབ་ཏུ་ནམ་མཁའ་ཤིང་རིས་བཙུགས། །མཐེབ་ཀྱུ་ཆངས་བུ་གཙང་མ་དང་། །ཤ་དུམ་འབྲུ་སྣ་རྣམས་ཀྱིས་གསོ། །ཇ་ཆང་ཆུ་གཙང་གང་འཛོམས་བྲན། །དབང་ལུང་ལ་སོགས་ཐོབ་ན་ནི། །བདག་བསྐྱེད་ལས་ཧུར་དྲག་མོར་བསྒོམ། །དེ་ཡི་དབང་ལུང་མ་ཐོབ་ན། །གུ་རུ་ཞི་དྲག་གང་རུང་ཞིག །བསྒོམས་ན་དེ་ཡིས་འཐུས་པ་སྟེ། །ལས་ཧུར་དྲག་མོ་ཞེས་བྱ་བ། །དོན་ལ་མནྡཱ་ར་བ་ཡིན། །དེ་ནས་འདོན་སྒོམ་སྦྲགས་པས་འཐུས། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །གཏོར་སྣོད་རིན་ཆེན་ལས་གྲུབ་པ། །ཡངས་ཤིང་རྒྱ་ཆེ་དེ་ཡི་ནང་། ཁཾ་ཡིག་ལས་བྱུང་གཏོར་མ་ནི། །ཟག་མེད་ཡེ་ཤེས་བདུད་རྩིའི་མཚོ། ཁ་དོག་དྲི་རོ་ཕུན་སུམ་ཚོགས། །འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན། །ནམ་མཁའ་བར་སྣང་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ། རང་མདུན་མཆོད་གཏོར་དེ་ཡི་སྟེང༔ མཁའ་ལ་ཆུ་བུར་རྡོལ་བ་ལྟར༔ ཆེ་གེའི་ཀེག་ཟློག་ལྷ་མོ་ནི༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ སྐད་ཅིག་དྲན་རྫོགས་གསལ་བ་ལས༔ འོད་འཕྲོས་རང་འདྲ་སྤྱན་དྲངས་ཐིམ༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ཆེ་གེའི་ཀེག་ཟློག་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ཨོཾ་ཤྲཱི་དེ་ཝི་ཧྲཱིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ ཆེ་གེའི་ཀེག་རྣམས་ཟློག་བྱེད་པའི༔ ལྷ་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ཤྲཱི་དེ་ཝི་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་བསྒྲུབ་ལ་བརྩེ༔ ཆེ་གེའི་ཀེག་རྣམས་ཟློག་བྱེད་པའི༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་གཏོར་མས་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་རྒུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ཡན་ཀེག་ཟློག་གང་བྱེད་ཀྱང་། །ཆེ་གེ་ཞེས་པར་མིང་བསྒྱུར་བྱ། །དེ་མིན་ཁྱད་པར་མེད་པ་ཡིན། །དེ་ནས་ཀེག་ཟློག་གང་ཡིན་གྱི། །གཞུང་ཉིད་འདོན་པར་བྱས་པའི་རྗེས། །སོ་སོའི་ཟློག་སྔགས་གང་ཡིན་དེ། །ཅི་འགྲུབ་བསྙེན་པ་བྱ་བ་སྟེ། །གཏོ་ཆོག་ལྟ་བུ་ཡིན་ན་ནི། །ཕྱོགས་ཀྱི་གཙང་སའམ་ཡས་ལམ་དུ། །གཏོ་དེ་ཕུལ་རྒྱུ་བསྐུར་བ་ཡིན། །གཏོར་མའང་དེ་དང་འདྲ་བ་སྟེ། ཁང་ཁ་སོགས་ན་ཕུལ་ཀྱང་རུང་། །རང་གི་གལ་ཆེན་ཐུགས་དམ་ལ། །གཏོར་མ་ཞག་མང་བཞག་ནས་ཀྱང་། །ཉིན་རེ་ཚར་རེ་འདོན་པ་དང་། །རྒྱུན་བསྙེན་ཞག་མང་བྱས་ནས་འབུལ། །ཀེག་ཟློག་དགུ་ཀ་འདོན་ན་ཡང་། །གཏོར་མ་སོ་སོར་བསྒྲིགས་ནས་བཤམས། །རིམ་བཞིན་སོ་སོར་འདོན་ཅིང་བསྙེན། །རིམ་བཞིན་སོ་སོར་འབུལ་བར་བྱ། །གཏོར་ཟློག་ཚུལ་དུ་ཕྱོགས་གཅིག་བཅའ། །གཏོར་ཟློག་བཞིན་དུ་བཅའ་འདོན་ནི། །བྱས་ན་ལེགས་པར་འགྱུར་སྙམས་ནས། །ལན་གསུམ་མཎྜལ་བརྒྱ་རྩ་སོགས། །ཕུལ་ནས་གསོལ་བ་བཏབ་བྱས་ཀྱང་། །དེ་འདྲ་མི་ཕོད་ཟེར་བ་བྱུང་། །དེ་ཕྱིར་ཕྱོགས་གཅིག་མདོས་ཀྱི་ཚུལ། །བཅའ་བར་བྱ་བ་མ་ཡིན་ནོ། །སྤར་ཁའི་གཏོ་ཡི་གོ་ཆོད་ཀྱང་། །བཙོག་གླུད་བླུགས་པར་མི་བྱ་སྟེ། །ཆངས་བུ་གཞག་ཀྱང་གཙང་མ་དགོས། །ཀེག་ཟློག་དགུ་པོ་འདི་དག་ཀྱང་། །དཔལ་ལྡན་ལྷ་མོའི་སྤྲུལ་པ་སྟེ། །མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །མཚན་ཡང་མི་གཅིག་སོ་སོར་འབོད། །སྔགས་ཀྱང་མི་གཅིག་སོ་སོར་བཟླས། །ཅི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་བྱས་ཀྱང་ཕྲིན་ལས་སྒྲུབ། །དེ་སྐད་ལྷ་མོའི་རྒྱུད་ལས་གསུངས། །དེ་ཕྱིར་ཀེག་ཟློག་དགུ་པོ་ཡང་། །ལྷ་མོའི་སྐུ་ཡི་འགྱུར་བ་སྟེ། །ཡིན་པར་ངེས་ཤེས་དད་གུས་སྐྱེད། །ཀེག་ཟློག་དགུ་པོ་གང་བྱེད་ཀྱང་། །དམར་གཏོར་གཅིག་ནི་མདུན་བཤམས་བྲན། །ལས་བྱང་སྔོན་ལྟར་བྱས་ནས་ཀྱང་། །སོ་སོའི་གཞུང་ནི་གང་ཡིན་འདོན།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཤིང་གི་ཀག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཤིང་གི་ཀེག་ཟློག་མ༔ ལྗང་གུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་ཤིང་ལོ་གཡོན་དྲྭ་བ༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་ནི༔ རས་ལྗང་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་ནང་གསང་བའི་ཤིང་གི་ཀེག༔ ཐམས་ཅད་ཟློག་པའི་དུས་ལ་བབས༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟིན་གྱི་སྟེང་དུ་རྩུབ་པ་ཡིས༔ སྤར་ཁའི་ཤིང་ཀེག་ལངས་པ་ཟློག༔ གཤེད་བཞི་སྟག་ཡོས་ཟིན་ལ་ཕྱིན༔ ཤིང་གི་དགྲ་ཀེག་ལངས་པ་ཟློག༔ ས་ལོ་བཅུ་གཉིས་ལོ་པ་རྣམས༔ ཤིང་ལོ་བཅུ་གཉིས་སྟེང་དུ་ཕྱིན༔ དྲུག་ཅུ་ལོ་ཡི་ཤིང་ཀེག་ཟློག༔ མཚམས་བཞི་ལོ་པའི་མི་རྣམས་ནི༔ སྟག་དང་ཡོས་ཀྱི་ལོ་ལ་ཕྱིན༔ གནམ་ལོ་ལོག་མན་ཤིང་ཀེག་ཟློག༔ དེ་བཞིན་གཤེད་བཞི་ལོ་པ་རྣམས༔ དཔྱིད་ཟླ་ར་དང་འབྲིང་ལ་བབས༔ བློན་པོ་ཟླ་བའི་ཤིང་ཀེག་ཟློག༔ དེ་བཞིན་ཞག་དང་དུས་ཚོད་ལ༔ སྟག་དང་ཡོས་བུ་ཤར་བའི་ཚེ༔ མཚམས་བཞི་ལོ་པའི་ཤིང་ཀེག་ཟློག༔ ཤིང་སྐར་དྲུག་དང་ཕུར་བུ་ཡི༔ གནོད་པའི་གཟའ་སྐར་ཤིང་ཀེག་ཟློག༔ ཤར་དང་ནུབ་ཀྱི་ཤིང་གཅིག་དང༔ ཤིང་སྒྲེན་རེ་བའི་གཡབ་མོ་སོགས༔ ས་དགྲའི་ཤིང་ཀེག་ལངས་པ་ཟློག༔ ཤིང་ཆེན་འགྱེལ་བའི་འོག་ཚུད་དང༔ ཤིང་གཉན་བཅད་པའི་གནོད་པ་ཟློག༔ ཀ་གདུང་འཕྲེད་དུ་ཆག་པ་ཟློག༔ བང་བའི་བཅུད་རྩི་ཟག་པ་སོགས༔ ཤིང་ཀེག་ལྟས་ངན་ལངས་པ་ཟློག༔ རྩ་དང་རྒྱུས་པ་ནང་གི་ཤིང༔ རྩ་སྐྱོན་འཐེང་སྡོད་བྱུང་བ་ཟློག༔ རྩ་དང་ཆུ་རྒྱུས་ཆད་པ་ཟློག༔ རྩ་རྒྱུས་གཟེར་ཞིང་འཁུམས་པ་ཟློག༔ མཆིན་པ་ཤིང་གི་ཁམས་ཡིན་པས༔ མཆིན་ནད་མཆིན་སྐྲན་ཞུགས་པ་ཟློག༔ རང་རྒྱུད་ཤིང་ལྟར་རེངས་པ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཤཾ་ལྗང་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ཤིང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་འཕྲོས་ཤིང་གི་ཀེག༔ ཐམས་ཅད་སངས་སེ་དག་པར་བསྒོམ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཤཾ་མ་ན་ཤིང་ཟློག༔ དེ་ཡིས་ཤིང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་དྲུག་ནུབ་ལྷ་མོ་ཤིང་གི་ཀེག་ཟློག་མ་ཉིད་ཀྱིས་ཕུལ་ལོ། འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ རླུང་གི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་རླུང་གི་ཀེག་ཟློག་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ གཡས་ན་རླུང་ཞགས་གཡོན་སྦྲུལ་ཞགས༔ དར་ལྗང་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ བཞི་ལྗང་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་རླུང་ཀེག་ལངས་པ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟོན་གྱི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་རླུང་ཀེག་ལངས་པ་ཟློག༔ རླུང་ནག་འཚུབས་མས་བཏུམས་པ་ཟློག༔ ཁང་ཁྱིམ་རླུང་གིས་བསྒྱེལ་པ་ཟློག༔ སྦྲ་གུར་རླུང་གིས་ཁྱེར་བ་ཟློག༔ ཀླུང་རྟ་རྒུད་པའི་རླུང་ཀེག་ཟློག༔ དགྲ་སྣ་རླུང་ལྟར་འཚུབས་པ་ཟློག༔ མི་ཁ་རླུང་ལྟར་འཚུབས་པ་ཟློག༔ རླུང་ཁ་དགྲ་ལ་ཤོར་བ་ཟློག༔ གཏམ་རླུང་ཕམ་པའི་རླུང་ཀེག་ཟློག༔ རླུང་སྨྱོ་ཆེན་པོ་ལངས་པ་ཟློག༔ བད་རླུང་མགོ་བོ་འཁོར་བ་ཟློག༔ སེམས་རླུང་སྨྱོ་དང་འབོག་པ་ཟློག༔ རླུང་འགག་ཕོ་ལོག་གླང་འཐབ་ཟློག༔ རླུང་གཟེར་སྟོད་འཚང་ལངས་པ་ཟློག༔ རླུང་གཟའ་ཁ་མིག་ཡོ་བ་ཟློག༔ རླུང་འཁྲུགས་མཐོང་སྣང་སྔངས་སྐྲག་ཟློག༔ གསང་རླུང་སེམས་ཀྱི་འཕྲོ་རྒོད་ཟློག༔ དོན་མེད་ཚིག་པ་ཟ་བ་ཟློག༔ རང་སྲོག་རང་གིས་གཅོད་པ་ཟློག༔ ཕྱི་ནང་གསང་བའི་རླུང་ཀེག་རྣམས༔ ཀེག་ཟློག་ལྷ་མོས་ད་ཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཡཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་ནད་དང་གནོད་པ་ཀུན༔ བྱང་ཞིང་དག་ནས་མེད་པར་བསྒོམ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཡཾ་མ་ར་ན་ཁཾ་ཁཾ་ནི༔ མྲྀ་ཏ་ནི༔ རླུང་ཟློག༔ དེ་ཡིས་རླུང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་བདུན་ལ་ལྷ་མོ་རླུང་གི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་བའོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ མེ་ཡི་ཀག་ཟློག་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་མེ་ཡི་ཀེག་ཟློག་དམར༔ ཞལ་གཅིག་ཕྱག་གཉིས་གཟར་བུ་མེ༔ སྐུ་ལས་རས་དམར་འདུང་མ་གསོལ༔ ལྷ་མོའི་ཆས་རྣམས་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་ཡོན་བདག་བསྲུང་བྱ་ལ༔ ཕྱི་དང་ནང་དང་གསང་བ་ཡི༔ མེ་ཡི་ཀེག་རྣམས་ཐམས་ཅད་ཟློག༔ སྲོག་ལུས་དབང་ཐང་ཀླུང་རྟ་ལ༔ མེ་དགྲ་དར་བའི་ཀེག་རྣམས་ཟློག༔ སྐོར་ཆེན་དྲུག་ཅུ་ཐམ་པ་ཡི༔ མེ་དགྲ་དར་བའི་མེ་ཀེག་ཟློག༔ སྤར་ཁ་ལི་དང་རྟ་སྦྲུལ་གྱི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ སྨེ་བ་བདུན་དམར་དགུ་དམར་གྱི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་དང༔ ཞག་གྲངས་སུམ་བརྒྱ་དྲུག་ཅུ་ཡི༔ སྟེང་དུ་རྩུབ་པའི་མེ་ཀེག་ཟློག༔ ཉི་མ་དང་ནི་མིག་དམར་དང༔ མེ་སྐར་དྲུག་གི་མེ་ཀེག་ཟློག༔ རྟ་སྦྲུལ་ལི་དང་རང་ལོའི་སྟེང༔ ཕྱིན་པ་མེ་ཡི་རང་ཀེག་ཟློག༔ བྱ་སྤྲེལ་ལི་ལ་ཕྱིན་པ་ཡི༔ མེ་དགྲ་དར་བའི་མེ་ཀེག་ཟློག༔ ལྷོ་ཕྱོགས་མེ་ཡི་དགྲ་དར་ཟློག༔ ཡུལ་ཁམས་མེ་ཡིས་ཚིག་པ་ཟློག༔ སྦྲ་ཁྱིམ་མེ་ཡིས་ཚིག་པ་ཟློག༔ མཁར་ཁང་མེ་ཡིས་ཚིག་པ་ཟློག༔ ས་ཚིག་ཐན་ཆེན་འབར་བ་ཟློག༔ ལུས་ལ་མེ་ཀེག་ལངས་པ་ཟློག༔ མགོ་ཚད་སྙིང་ཚད་གློ་ཚད་ཟློག༔ མཁལ་ཚད་ཕོ་ཚད་རྒྱུ་ཚད་ཟློག༔ གསང་བ་སེམས་ཀྱི་མེ་ཀེག་ཟློག༔ ཞེ་སྡང་མེ་ལྟར་འབར་བ་ཟློག༔ ཀེག་ཟློག་ལྷ་མོའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་རཾ་ལ་ནི༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ མེ་ཡི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ མེ་ཡི་ཀེག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ རཾ་ཁ་ལ་མེ་ཟློག༔ སྔགས་འདི་ཚར་གྲངས་ཅི་མང་བྱ༔ དེ་ཡིས་མེ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་ཚེས་བརྒྱད་ལ་ལྷ་མོ་མེའི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ། །དེ་ལ་འདོན་ཆ་གཏེར་བློན་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ དགྲ་ཡི་ཀག་ཟློག་མའི་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་དགྲ་ཡི་ཀེག་ཟློག་མ༔ དབུ་ནི་དམར་ལ་ལུས་གཡས་ལྗང༔ ཞབས་གཉིས་སྔོ་ལ་ལུས་གཡོན་དཀར༔ ཕྱག་གཉིས་དགྲ་སཏྭ་ཐོ་བ་འཛིན༔ ལུས་ལ་རས་ཁྲའི་འདུང་མ་གྱོན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདུང་མ་མོ་བཙུན་གོས་ལྟ་བུ༔ སྐུ་ནི་ཞི་བའི་ཆ་ལུགས་ཅན༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་མི་ནོར་ལ༔ དགྲ་ཡི་ཀེག་རྣམས་ཐམས་ཅད་ཟློག༔ སྔ་དགྲ་ལག་བདར་དགྲ་སྲི་ཟློག༔ ཕྱི་དགྲ་ཡིད་ལ་བསམ་པ་ཟློག༔ ད་དགྲ་ཐད་དུ་ལངས་པ་ཟློག༔ ངོས་ལ་གདོང་ཐུག་བྱེད་པ་ཟློག༔ ལྐོག་ནས་འབུ་བཞིན་འབུག་པ་ཟློག༔ མ་ཉེས་ཁ་ཡོག་བཏང་བ་ཟློག༔ བརྒྱ་ཡི་མི་ཁ་ཟུག་པ་ཟློག༔ སྟོང་གི་བྲ་མཆུས་སྡང་བ་ཟློག༔ དགྲ་སྣ་མེ་ལྟར་འབར་བ་ཟློག༔ དགྲ་སྣ་ཆུ་ལྟར་འཁྲུགས་པ་ཟློག༔ དགྲ་སྣ་རླུང་ལྟར་འཚུབས་པ་ཟློག༔ དགྲ་སྣ་བལ་ལྟར་གཡེང་བ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་བརྡར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ནས་རྩང་བཞིན་འཛུག་པ་ཟློག༔ རྒྱབ་ནས་ཁྱི་བཞིན་ཟུག་པ་ཟློག༔ ཇག་པས་རྟ་ཁ་བསིགས་པ་ཟློག༔ རྐུན་བུ་ཤ་ཆིང་ཁུར་བ་ཟློག༔ དགྲ་ཆེན་བདུད་དུ་ལངས་པ་ཟློག༔ དམག་སྣ་ཇག་སྣ་སྟོན་པ་ཟློག༔ དགྲ་སྣ་རྐུན་སྣ་སྟོན་པ་ཟློག༔ སྲོག་ལ་དགྲ་དར་གསོད་གཅོད་ཟློག༔ ལུས་ལ་དགྲ་དར་བརྡེག་བཙོགས་ཟློག༔ དབང་ཐང་དགྲ་དར་འཕྲོག་བཅོམ་ཟློག༔ ཀླུང་རྟའི་དགྲ་དར་མི་ཁ་ཟློག༔ རྨ་ངོ་ཁྲག་ངོ་ཐམས་ཅད་ཟློག༔ ལྕགས་དང་ཞགས་པས་བཅིངས་པ་ཟློག༔ བཙན་གྱི་ཐོག་བབས་བྱེད་པ་ཟློག༔ ཕྱི་ཡི་ཕྱི་དགྲ་ལངས་པ་ཟློག༔ ནང་ནས་ནང་འཁྲུག་ལངས་པ་ཟློག༔ ཟུར་ནས་གཅོད་དགོས་ཟེར་བ་ཟློག༔ གསོད་ཤོམ་རྡུང་ཤོམ་བྱེད་པ་ཟློག༔ རྐུ་ཤོམ་འཕྲོག་ཤོམ་བྱེད་པ་ཟློག༔ ཕྱོགས་བཞིའི་དགྲ་བོ་ལངས་པ་ཟློག༔ མཚམས་བཞིའི་དགྲ་བོ་ལངས་པ་ཟློག༔ ལོ་ནི་སྐོར་ཆེན་དྲུག་ཅུ་ཡི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ ལོ་ཡི་རྒྱལ་པོ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ དམག་མི་ཞག་གྲངས་སུམ་བརྒྱ་དང༔ དྲུག་ཅུའི་དགྲ་ཀེག་ལངས་པ་ཟློག༔ དུས་ཚོད་སྟོང་དང་བདུན་བརྒྱ་ཡི༔ ཐོག་ནས་དགྲ་ཀེག་ལངས་པ་ཟློག༔ གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་ཀྱི༔ སྟེང་ནས་དགྲ་ཀེག་ལངས་པ་ཟློག༔ དེ་མཚམས་ཀླུ་ཆེན་བརྒྱད་པོ་ཡི༔ དུས་སུ་དགྲ་ཀེག་ལངས་པ་ཟློག༔ ལོ་ཟླའི་རྗེ་བློན་བཅུ་བདུན་གྱི༔ ཐད་ནས་དགྲ་ཀེག་ལངས་པ་ཟློག༔ གཟུགས་ཅན་མི་ཡི་དགྲ་ལངས་ཟློག༔ གཟུགས་མེད་ལྷ་འདྲེའི་དགྲ་ལངས་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ཐུགས་ཀར་ཟླ་སྟེང་ཁཾ་ཡིག་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ དགྲ་ཡི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་བསྟིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ དགྲ་ཀེག་དགྲ་ངོ་ཐམས་ཅད་ནི༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ དགྲ་ཡི་འཇིགས་པ་བྲལ་བར་བསྒོམ༔ ཁཾ་མ་བྷྱོ་དགྲ་ཟློག༔ སྔགས་དེ་ཅི་ནུས་བསྙེན་པར་བྱ༔ དང་པོར་སྤྱན་འདྲེན་དུས་སུ་ཡང༔ ཐུགས་ཀའི་ཁཾ་ལས་འོད་འཕྲོས་པས༔ སྤྱན་དྲངས་བསྐྱེད་པ་དེ་ལ་སྟིམས༔ དུས་གཅིག་ཚར་གྲངས་ཅི་ཐོན་དང༔ སྔགས་ནི་མང་དུ་བཟླས་པ་འབུལ༔ ཡང་ན་རྒྱུན་བསྙེན་ཡུན་རིང་བྱ༔ འབུལ་ལུགས་ལ་སོགས་གྲུ་ཁ་མཐུན༔ ལྷ་མོའི་དགྲ་ཟློག་ཟབ་ཅིང་མྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ༈ ཞལ་གདམས་ནི༔ སྐུ་ཞི་བའི་ཆ་ལུགས་སོ༔ འདུང་མ་ནི་ནང་གྱོན་འདྲ་བའོ༔ སྔགས་གྲངས་སྒྲུབ་གྲངས་མེད༔ བདག་བསྐྱེད་ལས་ཧུར་དྲག་མོར་བསྐྱེད་ན་ལེགས༔ ཡི་དམ་གཞན་ཡང་རུང༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་མར་ངོའི་ཚེས་བཅུའི་ནུབ་དགྲ་ཡི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་པ་ལ། འདོན་ཆའི་ཆ་བརྒྱན་ཨ་རཱ་གས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ས་ཡི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ས་ཡི་ཀེག་ཟློག་སེར༔ ཞལ་གཅིག་ཕྱག་གཉིས་ཐོ་བ་སྒྱེད༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དར་སེར་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ སྲོག་ལུས་དབང་ཐང་ཀླུང་རྟ་ལ༔ ས་ཡིས་གནོད་པའི་ས་ཀེག་ཟློག༔ སྟག་ཡོས་ཁོན་ལ་ཕྱིན་པ་ཡི༔ སྤར་ཁ་ས་ཡི་དུར་ཀེག་ཟློག༔ ལོ་ཟླ་ཞག་དུས་ལུག་གི་སྟེང༔ སྟག་ཡོས་ཕྱིན་པའི་དུར་ཀེག་ཟློག༔ ལྔ་སེར་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་ས་ཀེག་ལངས་པ་ཟློག༔ ས་ལོ་བཅུ་གཉིས་སྟེང་རྩུབ་པའི༔ ལོ་རྒན་དྲུག་ཅུའི་ས་ཀེག་ཟློག༔ གཤེད་བཞིའི་སྟེང་དུ་རྩུབ་པ་ཡི༔ རྒྱལ་པོ་ལོ་ཡི་ས་ཀེག་ཟློག༔ ཐ་ཆུང་བཞི་ལ་རྩུབ་པ་ཡི༔ བློན་པོ་ཟླ་བའི་ས་ཀེག་ཟློག༔ གཤེད་བཞིའི་ཞག་ལ་རྩུབ་པ་ཡི༔ དམག་མི་ཞག་གི་ས་ཀེག་ཟློག༔ གཤེད་བཞིའི་དུས་ལ་རྩུབ་པ་ཡི༔ དུས་ཚོད་མཚོན་ཆའི་ས་ཀེག་ཟློག༔ རི་ཉིལ་ས་ལོག་མཁར་ཁང་འགྱེལ༔ ཕྱི་རོལ་སྣོད་ཀྱི་ས་ཀེག་ཟློག༔ སྐྲངས་ལྷོག་ས་སྐྱོན་ས་ལྷོག་སོགས༔ ལུས་ཀྱི་ས་ཀེག་ནད་རྣམས་ཟློག༔ ཕོ་བའི་ནད་དང་མཚེར་པའི་ནད༔ དོན་དང་སྣོད་ཀྱི་ས་ཀེག་ཟློག༔ རྐང་ལག་སྐྲངས་པ་ཞ་རེངས་སོགས༔ ཡན་ལག་བཞི་ཡི་ས་ཀེག་ཟློག༔ ས་བདག་འཁྲུགས་པའི་གནོད་པ་སོགས༔ ཕྱི་དང་ནང་གི་ས་ཀེག་ཟློག༔ ལྗི་འཐིབས་གཉིད་དང་རྨུགས་པ་སོགས༔ གསང་བ་སེམས་ཀྱི་ས་ཀེག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ལཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ས་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ ཕྱི་ནང་གསང་བའི་ས་ཀེག་ཀུན༔ སྤྲིན་ནག་རླུང་གིས་གཏོར་ལྟར་བསྒོམ༔ སྔགས་འདི་ཅི་འགྲུབ་མང་དུ་བརྗོད༔ ལཾ་མ་ན་ས་ཟློག༔ དེ་ཡིས་ས་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་གནམ་གང་ཉིན་ལྷ་མོ་སའི་ཀག་ཟློག་མས་དངོས་སུ་གསུངས་སོ། །ཞེས་པའི་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ལྕགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ལྕགས་ཀྱི་ཀེག་ཟློག་དཀར༔ ཞལ་གཅིག་ཕྱག་གཉིས་ལྕགས་ཆ་བྲམ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་དཀར་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་དང་ནང་དང་གསང་བ་ཡི༔ ལྕགས་ཀྱི་ཀེག་རྣམས་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ལ༔ ནུབ་ཀྱི་བྲག་དཀར་སྤྲེལ་འདྲ་སོགས༔ ས་དགྲ་ལངས་པའི་ལྕགས་ཀེག་ཟློག༔ བྲག་ཞིག་ལྷ་འདྲེས་རྡོ་འཕེན་དང༔ རི་རྡོ་ཞིང་དུ་འགྲིལ་བ་སོགས༔ ལྟས་ངན་ཆོ་འཕྲུལ་ལྕགས་ཀེག་ཟློག༔ མདའ་གྲི་མདུང་གསུམ་དགྲ་སཏྭ་སོགས༔ ལུས་ལ་མཚོན་གྱི་ལྕགས་ཀེག་ཟློག༔ བྲག་སྲིན་བྲག་ཐིལ་གནོད་པ་སོགས༔ བྲག་གནས་ལྷ་འདྲེའི་ལྕགས་ཀེག་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ནི༔ དྭ་ཡི་སྟེང་དུ་ཕྱིན་པ་སོགས༔ སྤར་ཁའི་ལྕགས་ཀེག་ལངས་པ་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ ལྕགས་དགྲ་དར་བའི་ལྕགས་ཀེག་ཟློག༔ ལོ་ཟླ་ཞག་དང་ཟ་མ་ལ༔ སྨེ་བ་དཀར་གསུམ་སྟེང་རྩུབ་པའི༔ སྨེ་བའི་ལྕགས་ཀེག་ལངས་པ་ཟློག༔ དེ་བཞིན་ལོ་ཟླ་ཞག་དུས་སུ༔ དྭ་ཡི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་ལྕགས་ཀེག་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ནི༔ ལོ་ཟླ་ཞག་དང་ཟ་མ་རྣམས༔ བྱ་སྤྲེལ་ཐོག་ཏུ་ཕྱིན་པ་ཡི༔ ལོ་ཟླ་ཞག་དུས་ལྕགས་ཀེག་ཟློག༔ ལྕགས་སྐར་དྲུག་དང་པ་སངས་ཀྱི༔ གནོད་པའི་གཟའ་སྐར་ལྕགས་ཀེག་ཟློག༔ ཤིང་ལོ་བཅུ་གཉིས་ལོ་པ་རྣམས༔ ལྕགས་ལོ་བཅུ་གཉིས་སྟེང་ཕྱིན་སོགས༔ དྲུག་ཅུ་ལོ་ཡི་ལྕགས་ཀེག་ཟློག༔ རུས་པ་དཀར་པོ་ལྕགས་ཀྱི་ཁམས༔ རུས་ལ་ན་བའི་ལྕགས་ཀེག་ཟློག༔ མགོ་ཆག་ཀླད་པ་ལུགས་པ་ཟློག༔ རྒལ་ཚིག་གཞུང་སའི་ནད་རྣམས་ཟློག༔ རྐང་ལག་ཆག་ཅིང་གྲུམ་པ་སོགས༔ ལྕགས་འདྲེ་གྲི་བོ་གྲི་མོ་ཟློག༔ བཙོན་བཟུང་ལྕགས་བླུགས་ལྕགས་ཀེག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཙཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ལྕགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་འཕྲོས་ལྕགས་ཀྱི་ཀེག༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ དེ་ནས་སྔགས་འདི་ཅི་འགྲུབ་བརྗོད༔ ཙཾ་དམར་ལྕགས་ཟློག༔ དེ་ཡིས་ལྕགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་དབོ་ཟླ་བའི་ཚེས་གཅིག་ལ་ལྷ་མོ་ལྕགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་ཕུལ་བའོ། །ཞེས་པ་ལ་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ གནམ་གྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ནམ་མཁའི་ཀེག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་འཇའ་ཚོན་གྲི༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུག༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ཕྱི་ནང་གསང་བའི་གནམ་གྱི་ཀེག༔ ཀེག་ཟློག་ལྷ་མོས་ཀེག་ཟློག་ཅིག༔ སྤར་ཁ་ལི་དང་ཁེན་ལ་བབས༔ བུག་པའི་གནམ་སྒོ་བྱེ་བ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་ལ༔ རྟ་སྦྲུལ་ལི་དང་ཁེན་ལ་ཕྱིན༔ གནམ་གྱི་དུར་ཀེག་ལངས་པ་ཟློག༔ གནམ་ཀེག་ཐོག་དང་སེར་བ་ཟློག༔ གནམ་རྡོ་དུས་མིན་ཁ་ཆར་ཟློག༔ གནམ་ཁྱིས་ངུ་ཟུག་བྱེད་པ་ཟློག༔ གནམ་ཐིལ་ས་ལ་བབས་པ་ཟློག༔ གཟའ་སྐར་ཐང་ལ་ལྷུང་བ་ཟློག༔ གནམ་ནད་གཟའ་ཡི་གདོང་ཐུག་ཟློག༔ གནམ་གྱི་དལ་ཁ་བབས་པ་ཟློག༔ སྐར་མདའ་ས་ལ་བབས་པ་ཟློག༔ གནམ་སྒྲོན་གཤིན་རྗེའི་མཆེ་ཟུར་ཟློག༔ བྱ་ཆེན་སྟེང་དུ་བབས་པ་ཟློག༔ བྱ་ཐལ་ལུས་ལ་ཕོག་པ་ཟློག༔ གཟའ་ཆེན་བརྒྱད་ཀྱིས་གཟེར་འདེབས་ཟློག༔ གཟའ་དང་རྒྱུ་སྐར་འཁྲུགས་པ་ཟློག༔ རྒྱུ་སྐར་རྣམས་ཀྱི་ཉེས་སྐྱོན་ཟློག༔ འཇའ་སྣ་ཁྱིམ་དུ་ཟུག་པ་ཟློག༔ གཡུ་འབྲུག་ས་ལ་བབས་པ་ཟློག༔ གནམ་རྟ་གནམ་ལུག་བབས་པ་ཟློག༔ འུར་སྒྲ་ཐུག་ཆོམ་བྱུང་བ་ཟློག༔ གཟའ་བདུད་རྒྱུག་གྲངས་མང་བ་ཟློག༔ གྲོང་ཁྱེར་སྟོང་པའི་གནམ་ཀེག་ཟློག༔ སྦྲ་ཁྱིམ་སྟོང་པའི་གནམ་ཀེག་ཟློག༔ བང་མཛོད་སྟོང་པའི་གནམ་ཀེག་ཟློག༔ མེད་སྣང་ལྟོགས་སྣང་ལངས་པ་ཟློག༔ སྟོང་པ་ནམ་མཁའི་ཀེག་རྣམས་ཀུན༔ ཀེག་ཟློག་ལྷ་མོས་ད་ཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཨེ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ནམ་མཁའི་ཀག་ཟློག་སྤྱན་དྲངས་བསྟིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ གནམ་ནད་གནམ་གྱི་ཀེག་རྣམས་ཀུན༔ མུན་པར་ཉི་མ་ཤར་བཞིན་བསལ༔ སྔགས་འདི་ཅི་ནུས་བཟླས་པར་བྱ༔ ཨེ་མོ་ཐེ་གནམ་ཟློག༔ དེ་ཡིས་གནམ་གྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་ཚེས་གསུམ་ཉིན་ལྷ་མོ་ནམ་མཁའི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ། །ཞེས་པའི་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཆུ་ཡི་ཀག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཆུ་ཡི་ཀེག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་ཆུ་རྐྱལ་ཐོ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ ཆུ་ཡི་གནོད་པའི་ཀེག་རྣམས་ཟློག༔ སྲོག་ལུས་དབང་ཐང་ཀླུང་རྟ་རྣམས༔ འབྱུང་བ་མེ་ཁམས་ཡིན་རྣམས་ལ༔ ཆུ་དང་འཕྲད་པའི་ཆུ་ཀེག་ཟློག༔ སྤར་ཁ་ཟླ་བ་ཞག་དུས་སུ༔ རྟ་སྦྲུལ་ཁམས་ལ་ཕྱིན་པ་ཡི༔ སྤར་ཁའི་ཆུ་ཀེག་ལངས་པ་ཟློག༔ གཉིས་ནག་དང་ནི་གསུམ་མཐིང་ལ༔ རྩུབ་པ་སྨེ་བའི་ཆུ་ཀེག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་ནི༔ བྱི་ཕག་ལོ་ལ་ཕྱིན་པ་སོགས༔ རྒྱལ་པོ་ལོ་ཡི་ཆུ་ཀེག་ཟློག༔ དེ་བཞིན་རྟ་དང་སྦྲུལ་ལོ་པ༔ ཞག་དང་ཟླ་བ་ལ་སོགས་པ༔ བྱི་ཕག་ཤར་བའི་ཆུ་ཀེག་ཟློག༔ སྲོག་ལུས་དབང་ཐང་ཀླུང་མེ་ཁམས༔ ཆུ་ཡི་སྐར་མ་ཟླ་ལྷག་སོགས༔ གཟའ་དང་སྐར་མའི་ཆུ་ཀེག་ཟློག༔ ལ་རྔུར་གངས་རྡིབ་གངས་རུད་དང༔ རྐང་ལག་ཕྱིད་པའི་ཆུ་ཀེག་ཟློག༔ ཆུས་ཁྱེར་གྲུ་ལོག་ཤྭ་རྦུད་སོགས༔ ཆུ་གྲིར་འཆི་བའི་ཆུ་ཀེག་ཟློག༔ སྡུག་གི་མཆི་མ་འབབ་པ་སོགས༔ མྱ་ངན་ཆེན་པོའི་ཆུ་ཀེག་ཟློག༔ དམུ་ཆུ་གྲང་ནད་ཆུ་འགགས་སོགས༔ ཆུ་སེར་གྲང་འབྱམས་ཆུ་ཀེག་ཟློག༔ གྲང་སྲིན་རྣག་ཁྲག་འཛག་པ་སོགས༔ བཤལ་དང་སྐྱུག་པའི་ཆུ་ཀེག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་ལ༔ བྱང་གི་ཆུ་བོ་རྒྱུན་འབབ་སོགས༔ ས་ཡི་ས་དགྲ་ཆུ་ཀེག་ཟློག༔ གྲོང་གི་བྱང་དུ་མཚོ་ཡོད་དང༔ ཆུ་སྒྲེན་ཉི་མའི་སྲབ་མདའ་སོགས༔ ས་དགྲའི་ཆུ་ཀེག་ལངས་པ་ཟློག༔ ཡུལ་མིང་ཆུ་ཁམས་གནོད་པ་སོགས༔ མིང་གི་ཆུ་ཀེག་ལངས་པ་ཟློག༔ འདོད་ཆགས་ཆུ་ལྟར་འཁྲུགས་པ་སོགས༔ ཆུ་ལ་གནས་པའི་གདོན་རྣམས་ཟློག༔ ཕྱི་དང་ནང་དང་གསང་བ་ཡི༔ ཆུ་ཡི་གནོད་པའི་ཀེག་རྣམས་ཀུན༔ ཐམས་ཅད་མ་ལུས་ཟློག་ཏུ་གསོལ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཁཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ཆུ་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ ཆུ་ཡི་ཀེག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་གྱུར༔ སྔགས་འདི་ཅི་འགྲུབ་མང་དུ་བརྗོད༔ ཁཾ་མ་ཏ་ཆུ་ཟློག༔ དེ་ཡིས་ཆུ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླ་བའི་ཚེས་བཞིའི་ནུབ་དཔལ་ལྡན་ལྷ་མོ་ཆུའི་ཀག་ཟློག་མ་ཉིད་ཀྱིས་ཕུལ་ལོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༁ྃ༔ ྈྈྈ ྈ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཕྱོགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ བྷྱོ༔ ལྷ་མོ་ཕྱོགས་ཀྱི་ཀེག་ཟློག་མ༔ སྐུ་མདོག་དམར་སེར་ཞལ་གཅིག་པ༔ ཕྱག་གཉིས་རི་རབ་ཕུར་པ་འཛིན༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དམར་སེར་དར་འདུང་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་མི་ནོར་ལ༔ ཤར་ཕྱོགས་དྲི་ཟའི་ཀེག་རྣམས་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་ཀེག་རྣམས་ཟློག༔ ནུབ་ཕྱོགས་ཀླུ་ཡི་ཀེག་རྣམས་ཟློག༔ བྱང་ཕྱོགས་གནོད་སྦྱིན་ཀེག་རྣམས་ཟློག༔ ཤར་ལྷོ་མེ་ལྷའི་ཀེག་རྣམས་ཟློག༔ ལྷོ་ནུབ་སྲིན་པོའི་ཀེག་རྣམས་ཟློག༔ ནུབ་བྱང་རླུང་ལྷའི་ཀེག་རྣམས་ཟློག༔ བྱང་ཤར་དབང་ལྡན་ཀེག་རྣམས་ཟློག༔ སྟེང་ཕྱོགས་གཟའ་སྐར་ཀེག་རྣམས་ཟློག༔ འོག་ཕྱོགས་ས་བདག་ཀེག་རྣམས་ཟློག༔ འདྲེ་ལྔ་གནས་པའི་ཕྱོགས་ཀེག་ཟློག༔ བདུད་གཅོད་གནས་པའི་ཕྱོགས་ཀེག་ཟློག༔ གནོད་པ་གནས་པའི་ཕྱོགས་ཀེག་ཟློག༔ སྤར་ཁ་རང་ཐོག་ཕྱོགས་ཀེག་ཟློག༔ སྤར་ཁ་དགྲ་ཐོག་ཕྱོགས་ཀེག་ཟློག༔ ཐེ་སེ་ཧལ་ཁྱི་ཙང་ཀུན་སོགས༔ ཕྱོགས་སུ་འགྲོ་བའི་ཕྱོགས་ཀེག་ཟློག༔ གཟའ་དང་ཁྲ་ཚ་ཟིན་ཕུང་སོགས༔ གདོང་དང་ཐུག་པའི་ཕྱོགས་ཀེག་ཟློག༔ ཕྱོགས་དེར་སོང་ན་རྐྱེན་འོང་བའི༔ ཡུལ་ལྷ་འཁྲེན་པའི་ཕྱོགས་ཀེག་ཟློག༔ མཆོད་རྟེན་ལྷ་ཁང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ གྲུ་ཟམ་རུ་ནག་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ལྕགས་བཟོ་མགར་ཚང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ཤིང་བཟོ་མཁར་ལས་བྱེད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ བང་སྟོང་སྨྱོན་མ་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ རྟ་བཤའ་བག་མ་གཏང་ལེན་སར༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ས་རྐོ་ཁང་ནག་བཤུ་འགེབ་སར༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ མི་ཤི་སྡུག་ཟན་བྱེད་ས་རུ༔ འགྲོ་མི་རུང་བའི་ཕྱོགས་ཀེག་ཟློག༔ ལི་ལ་ཁྱི་ཟླའི་བཅུ་བདུན་བར༔ ནུབ་ཏུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁོན་ལ་ཕག་གི་ཟླ་བ་ཡི༔ བཅུ་བཞི་ནས་ནི་བཅུ་བདུན་བར༔ བྱང་དུ་འགྲོ་བའི་ཕྱོགས་ཀེག་ཟློག༔ དྭ་ལ་སྟག་ཟླའི་ཉེར་གཅིག་ལ༔ ཤར་དུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁེན་ལ་རྟ་ཡི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་ཚེས་བདུན་བར༔ ལྷོ་རུ་འགྲོ་བའི་ཕྱོགས་ཀེག་ཟློག༔ ཁམ་ལ་ལུག་གི་ཟླ་བ་ཡི༔ ཚེས་བཅུ་ནས་ནི་ཉེར་གཅིག་བར༔ ལྷོ་ནུབ་འགྲོ་བའི་ཕྱོགས་ཀེག་ཟློག༔ གིན་ལ་འབྲུག་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ ཤར་ལྷོར་འགྲོ་བའི་ཕྱོགས་ཀེག་ཟློག༔ ཟིན་ལ་སྤྲེ་འུ་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ ནུབ་བྱང་འགྲོ་བའི་ཕྱོགས་ཀེག་ཟློག༔ ཟོན་ལ་གླང་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ བྱང་ཤར་འགྲོ་བའི་ཕྱོགས་ཀེག་ཟློག༔ བྱི་ལིང་རྒྱུ་བའི་གདོང་ཕྱོགས་སུ༔ བྱིས་པ་ཁྲིད་པའི་ཕྱོགས་ཀེག་ཟློག༔ སྒྲ་གཅན་འཕར་མ་གནས་ཕྱོགས་སུ༔ དམག་མི་གཤར་བའི་ཕྱོགས་ཀེག་ཟློག༔ ཧལ་ཁྱི་རོ་ཟན་གནས་ཕྱོགས་སུ༔ མཚོན་རྩེ་བསྟན་པའི་ཕྱོགས་ཀེག་ཟློག༔ བ་དན་ཁྲ་བོ་གནས་ཕྱོགས་སུ༔ དར་ཕྱར་དུང་འབུད་ཕྱོགས་ཀེག་ཟློག༔ གཞི་བདག་དྲེགས་པ་གནས་ཕྱོགས་སུ༔ དྲག་ལས་བྱས་པའི་ཕྱོགས་ཀེག་ཟློག༔ ཙང་ཀུན་འཕྱེ་བོ་གནས་ཕྱོགས་སུ༔ ཁ་མཆུ་གཏམས་པའི་ཕྱོགས་ཀེག་ཟློག༔ ཕྱོགས་མི་གཙང་བའི་ཕྱོགས་རྣམས་སུ༔ ཀོ་ལོང་སྡོམ་པའི་ལས་བྱས་པ༔ དེ་དག་ཐམས་ཅད་ཟློག་ཅིང་སྒྱུར༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློགས༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང༔ ཕྱཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཕྱོགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ ཕྱོགས་དང་ཕྱོགས་ངན་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་ཞི༔ སྔགས་འདི་ཅི་མང་བཟླ་བར་བྱ༔ ཕྱཾ་མ་ར་ཕྱོགས་ཟློག༔ དེ་ཡིས་ཕྱོགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་ཁ་ཐཾ་གུ་ཧྱ༔ ྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླའི་ཚེས་ལྔ་ལ་ལྷ་མོ་ཕྱོགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ། །འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ།། །། ༈ དེ་ནས་ཀེག་ཟློག་གང་ཡིན་ཀྱང་། །འབུལ་ཁ་འདི་ཉིད་འདོན་པར་བྱ། །བྷྱོཿ མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །སྔགས་ཀྱང་མི་གཅིག་སོ་སོར་བཟླ། །མཚན་ཡང་མི་གཅིག་སོ་སོར་འབོད། །ཅི་ལྟར་བྱས་ཀྱང་ངོ་བོ་གཅིག །ཅི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ། །ལྷ་མོ་ཆེ་གེའི་ཀེག་ཟློག་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་གིས་ཅི་ལྟར་བཅོལ་པ་ཡི། །ཀེག་རྣམས་ཟློག་པའི་ཕྲིན་ལས་མཛོད། །མཐུ་དང་ནུས་པ་ཅི་འདུག་བལྟ། །རྟགས་དང་མཚན་མ་དངོས་སུ་སྟོན། །དམ་ལ་མ་འདའ་དམ་ཚིག་ཅན། །དུས་ལ་བབས་པོ་ས་མ་ཡ། །སྟོང་གསལ་ནམ་མཁའི་དབྱིངས་རུམ་ནས། །སྤྲིན་དང་གློག་དང་འཇའ་ཚོན་གསུམ། །ལན་གཅིག་སྤྲུལ་པ་མངོན་དུ་བྱུང་། །དེ་ནས་སྤྲུལ་པ་དབྱིངས་སུ་ཐིམ། །མ་གཅིག་ཐུགས་ཀྱི་མཁའ་ཀློང་ནས། །ལྷ་མོ་ཆེ་གེའི་ཀེག་ཟློག་མ། །ལན་གཅིག་སྤྲུལ་པ་དངོས་སུ་བྱོན། །ད་ནི་རང་གི་གནས་སུ་གཤེགས། །བདག་དང་བསྲུང་བྱ་འདི་རྣམས་ལ། །གནོད་པའི་ཀེག་རིགས་དེ་རྣམས་ཀུན། །ཐམས་ཅད་བསྡུས་ཏེ་ཁྱེར་ལ་གཤེགས། །མ་མོ་མཁའ་འགྲོ་འདུ་བའི་གནས། །རྒྱ་གར་དུར་ཁྲོད་བརྒྱད་དུ་གཤེགས། །མ་ཚོགས་མཁའ་འགྲོ་འདུ་བའི་གནས། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་གཤེགས། །ལྷ་མོ་དཔོན་གཡོག་བཞུགས་པའི་གནས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །ཡོངས་འདུ་ཤིང་གི་རྩ་བར་གཤེགས། །བྱང་ཤར་ཆོས་དབྱིངས་གནས་སུ་གཤེགས། །ཨོཾ་དེ་ཝི་བཛྲ་མུཿ གཙྪ་གཙྪ། ཅེས་བརྗོད་ཕྱོགས་ཀྱི་གཙང་ས་འམ། །ཡས་ལམ་ཕྱོགས་སུ་ཕུལ་རྒྱུ་སྐུར། །སྤར་ཁའི་གཏོ་ལ་འདི་བཅའ་ན། །སྤར་ཁ་རང་རང་གནས་ཕྱོགས་ཕུལ། །ནད་པའི་དོན་དུ་འདི་བཅའ་ན། །ལོ་བདུད་ཐོག་ཏུ་ཕུལ་བར་བྱ། །གནོད་པ་བྱུང་ནས་འདི་བཅའ་ན། །དགྲ་སོགས་གར་གནོད་ཕྱོགས་སུ་ཕུལ། །རང་གི་བདེ་རིམ་བཅའ་བ་འམ། །ཕྱོགས་སོགས་རྩི་བར་མི་ཤེས་ན། །བྱང་ཤར་ལྷ་མོའི་གནས་ཕྱོགས་ཕུལ། །ཀག་སོགས་ཞིབ་རྩིས་མི་ཤེས་ན། །ལི་ནི་མེ་དང་ཁོན་ནི་ས། །དྭ་ནི་ལྕགས་ལ་ཁེན་ནི་གནམ། ཁམ་ནི་ཆུ་ལ་ཟིན་ནི་ཤིང་། །ཟོན་ལ་རླུང་གི་ཀག་ཟློག་བཅའ། །གིང་ཐོག་གཞི་ན་འདུག་མཁན་དང་། །དགྲ་དང་ཁ་མཆུ་མང་བ་ན། །དགྲ་ཡི་ཀེག་ཟློག་བཅའ་བར་བྱ། །གིང་ཐོག་ཕྱོགས་སུ་འགྲོ་མཁན་ནམ། །གཞན་ཡང་ཐག་རིང་འགྲོ་དགོས་ན། །ཕྱོགས་ཀྱི་ཀེག་ཟློག་བཅའ་བར་བྱ། །འདི་ནི་ཅུང་ཞིག་སྤྲོས་བཅས་ཡིན། །སྤྲོས་བཅས་བཅའ་འདོན་ལོང་མེད་ཅིང་། །མེ་མཆེད་གྲུ་ཁ་རབ་སོ་དང་། །གློ་བུར་ཇག་རྐུན་ལ་སོགས་ལ། །དམིགས་པས་སྒོམ་ཞིང་སྔགས་བཟླས་ཆོག །གཏེར་གཞུང་དེ་ཡི་ལུགས་སུ་གསུངས། །སྤྲོ་ན་དམར་གཏོར་གཅིག་བཅའ་གསུངས། །དེ་ལས་འདོན་ཆ་གཞུང་ན་མེད། །དེ་ཕྱིར་འདོན་ཆ་དང་བཅས་པའི། །ཕྱག་ལེན་གསལ་ཞིང་ཁྱེར་བདེ་བར། །གཏེར་བློན་རཱ་ག་ཨ་སྱས་སྦྱར། །དགེ་སློང་བིརྱས་ཡི་གེར་བཀོད། །ཉེས་འགལ་ལྷ་མོའི་ཚོགས་ལ་བཤགས། །དགེ་བས་འདི་ཉིད་ཆེར་འཕེལ་ནས། །མ་འོངས་རྐང་གཉིས་འགྲོ་རྣམས་ལ། །ཕན་ཐོག་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ།། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 10:23, 29 December 2017
གནམ་ཆོས་ལས་ཧུར་དྲག་མོ་ལས། ཀེག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ་གསལ་བར་སྣང་བ་
gnam chos las hur drag mo las/_keg zlog rnam dgu'i phyag len gtan la phab pa gsal bar snang ba
by ཀརྨ་ཆགས་མེད་ (Karma Chakme)
revealed by སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (Mingyur Dorje)
in cycle གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ (Gnam chos thugs kyi gter kha snyan brgyud zab mo'i skor)
Volume 44 (ཕི) / Pages 135-160 / Folios 1a1 to 13b6
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).