Terdzo-ZA-012: Difference between revisions

From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
 
Line 48: Line 48:
པདྨའི་སྣང་བ་རབ་རྒྱས་པས། །འཁོར་བའི་འདམ་རྫབ་སྐེམ་མཛད་པ། །བླ་མ་སྤྱན་རས་གཟིགས་དབང་ཆེས། །སྙིགས་འགྲོར་གཟིགས་པ་གཡེལ་མེད་གསོལ། །པདྨ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལ། རྒྱས་པར་སྒྲུབ་ཆེན་གྱི་ཁོག་དབུབ་དང་སྦྲེལ་དགོས་ལ། སྤྱི་འགྲོའི་དབང་བསྐུར་ཙམ་ལ། གཏེར་གཞུང་ལས། གལ་ཏེ་སྒྲུབ་པའི་དབང་རྒྱས་པར་མ་གྲུབ་ན༔ སའི་ཆོ་ག་དང་སྟ་གོན་གསུམ་སྔོན་དུ་འགྲོ་བས་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་ཡང་རུང་བ་ཡིན་ནོ༔ ཞེས་གསུངས་པ་ལྟར་ལག་ཏུ་བླང་བ་ལ་རྩ་དབང་རྒྱས་འབྲིང་བསྡུས་གསུམ། ཡན་ལག་ཚེ་སྒྲུབ་དང་རྟ་མགྲིན་དབང་བཅས་རྣམ་གྲངས་ལྔར་བཞུགས་པའི་དང་པོ་ལ་སྟ་གོན་དང་དངོས་གཞི་གཉིས་ལས་དང་པོ་ནི། གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས། རྟེན་ཇི་ལྟར་རིགས་པ་བཀྲམ་པའི་མདུན་དཀྱིལ་འཁོར་གང་དུ་བྱ་བའི་གཞིར་མཎྜལ་ཚོམ་བུ་བཀོད་པའི་མདུན་དུ་དཀར་ཟླུམ་དང་ཉེར་སྤྱོད་གཡས་སྐོར་དུ་བཤམ། ལོགས་གང་བདེར་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཀོད། དབང་མཆོག་ཕུར་བུ། བགེགས་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་སྤྱི་ལྟར་ཚོགས་པར་བྱའོ། །དེ་ནས་བརྒྱུད་འདེབས་དང་། སྔོན་རྗེས་ཀྱི་ལས་རིམ་ལས་འབྱུང་བ་ལྟར། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། མཆོད་པ་བྱིན་རླབས། བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་གཏེར་གཞུང་དབུ་ནས་འབྱུང་བ་ལྟར། མངོན་རྟོགས་ནས་མཆོད་བསྟོད་བར་དུ་བཏང་། བསྙེན་སྒྲུབ་བཟླས་པ་ཅི་འགྲུབ་མཐར་འོད་གསལ་དུ་བསྡུ། ཐུན་མཚམས་ལྷར་ལྡང་བ་ནི་བདག་གི་རྣལ་འབྱོར་རོ། །དེ་ནས་ས་ལྷའི་མཆོད་གཏོར་རྣམས་སྤྱི་ལྟར་བྱིན་བརླབ། དབང་བསྐུར་ལས་རིམ་ལས་འབྱུང་བ་ལྟར་སྤྱན་དྲང་། གཏོར་མཆོད་ཕུལ། བསྟོད་གསོལ་གནང་སྦྱིན་བཅས། ས་སྦྱོང་བ། དབང་མཆོག་ཕུར་གདབ་རྣམས་གྲུབ་ནས། བགེགས་གཏོར་བྱིན་རླབས་དང་སྔགས་བསྔོས་སྤྱི་ལྟར་བྱ། སྔོན་འགྲོའི་ནང་ལྟར་བཀའ་བསྒོ། མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ་པ་ནི་ས་ཆོག་གོ །དཀྱིལ་འཁོར་གྱི་ཁང་པ་རྙིང་པ་ལྟ་བུར་ས་ཆོག་མི་དགོས་པའི་རིགས་ལ་འདི་མ་བྱས་ཀྱང་རུང་བར་མངོན་ནོ། དེ་ནས་སྟ་གོན་དངོས་ལ་ཐོག་མར་ལྷ་དང་བུམ་པ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་མཎྜལ་ལ་དྲིའི་ཆུས་བརླན་པའི་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་ཆུང་བ་རེ། དེ་རྒྱབ་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་སྟོང་རྩའི་མཚོན་བྱེད་འབྲུའི་ཕྲེང་བ། དེ་རྒྱབ་དྲུག །དེ་རྒྱབ་ཕྱོགས་བཞིར་བཞི་བཅས་བཀོད། རྣམ་རྒྱལ་དང་ལས་བུམ་མགུལ་ཆིངས་དམར་པོ་དང་དྲི་ཆབ་བུམ་རྫས་སོ་ལྔའི་ནང་བཅུད་ཁ་རྒྱན་ལྡན་པ་གཡས་གཡོན་དུ་བཞག །མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་ཕྲེང་ཚར་བཤམ། ས་ཆོག་སྔོན་དུ་སོང་ན་བདག་བསྐྱེད་དེ་ཀས་འཐུས། མ་སོང་ན་གོང་སྨོས་ལྟར་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས། སྔོན་འགྲོའི་ནང་ལྟར་མཆོད་པ་བྱིན་བརླབས། མདུན་བསྐྱེད་སྒྲུབ་པའི་སྐབས་ལྟར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་སྤྱན་འདྲེན་ནས་བསྟོད་བཤགས་བར་བདག་བསྐྱེད་སྐབས་ལྟར་སྦྱར། དབང་ལེ་ལྟར་སྤོས་དང་མེ་ཏོག་ཐོགས་ལ་སྙན་གསན་ལན་གསུམ་དབབ་ཅིང་བསྟིམ། དེའི་འཕྲོས་སུ་འབྱུང་བ་ལྟར་བུམ་པ་དང་ལྷ་བསྐྱེད་མདུན་བསྐྱེད་ལྟར་སྦྲགས། སྤྱན་འདྲེན་བསྟོད་བཤགས་བར་གོང་ལྟར་གཏང་། སྔ་མའི་འཕྲོས་སུ་འབྱུང་བའི་དམིགས་པ་བཅས་བུམ་བཟླས་ཅི་ལྟར་ནུས་པའི་མཐར་མཆོད་ཅིང་འོད་ཞུ་བྱ། ལས་བུམ་བསྐྱེད་བཟླས་བརྒྱ་རྩ་ཙམ་དང་འདོད་དོན་གསོལ། དེ་ནས་སློབ་མ་སྟ་གོན་ནི་བུམ་པ་སྟ་གོན་དཀྱིལ་འཁོར་སོགས་ཡོལ་བས་བསྒྲིབ། དྲི་བཟང་གི་ལྡེ་གུ །རྫས་བཞི་བགེགས་གཏོར་སོགས་འདུ་བྱས་ལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་ཞིང་དྲག་རོལ་སོགས་ཀྱིས་བགེགས་བསྐྲད། མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། དྲང་ངེས་ཀྱི་ཆོས་བཤད་ཅི་རིགས་བྱས་ལ། སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །གསོལ་བ་ལན་གསུམ་གདབ་ལ་གནང་བ་སྦྱིན། དམིགས་པ་སྤྱི་མཐུན་ཕོག་ལ་སྔོན་འགྲོའི་ནང་ལྟར། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག །སྡོམ་བཟུང་རྣམས་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །གནས་གསུམ་བྱིན་གྱིས་བརླབས་པ་ལ་མཆོད། སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ་རྣམས་སྦྱིན། ཆོས་བཤད། རྨི་ལམ་བརྟག་པར་གདམས། དགེ་བསྔོ་བྱས་ལ་སློབ་མ་གྱེས་པས་སྟ་གོན་ཚང་བ་གྲུབ་བོ། །གཉིས་པ་དངོས་གཞི་ལ། ཐོག་མར་གཤོམ་བཀོད་ནི། སྟ་གོན་ཆས་བསྡུས་ནས་སྟེགས་བུ་ལ་བ་བྱུང་དང་དྲི་བཟང་ཆུས་བྲན། རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་དུ་ལྡིང་ཁྲི་རྩག་གཉིས་པའི་གོང་མ་ལ་རྣམ་བུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། གསང་མཚན་ཤོག་དྲིལ། མདུན་རྒྱབ་གང་བདེར་བླ་མའི་གཏོར་ཆེན་དང་ཡི་དམ་གྱི་དཔལ་གཏོར་དར་གདུགས་ཀྱིས་བརྒྱན་པ་རྣམས་བཤམ། ལྡིང་ཁྲི་བར་མར་མྱང་གྲོལ་རིལ་བུའི་བུམ་པའི་ཁར་དབུ་རྒྱན་ས་བོན་ཅན་བཅིངས་པ། ལྷ་ཙག་གཙོ་བོ་ཡབ་ཡུམ། སྲས་སྲས་མོ། རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། ཐུབ་དྲུག །སྒོ་བ་ཡབ་ཡུམ། ཁྲོ་བོའི་སྤོམ་ཙཀ །རིགས་བདག །སྟོང་དབང་སྤོམ་ཙཀ་བཅས་རྣམ་གྲངས་དགུ །བྱེ་རུའི་སྔགས་ཕྲེང་། མེ་ལོང་། གསང་རྫས་ཐོད་ཆང་ཆོས་སྨན་མངར་གསུམ་སྦྱར་བའི་ཁར་སིནྡྷུ་རའི་མེ་ལོང་མཱུྃ་ཡིག་བྲིས་པས་བཀབ་པ་རྣམས་བཀོད། རྩ་བའི་དཀྱིལ་འཁོར་གྱི་གཡས་སུ་ཚེ་དཀྱིལ་རས་བྲིས་བཏིང་བའམ་མ་འཛོམ་ན་མེ་ཏོག་དམར་པོའི་ཚོམ་བུ་སྟ་གོན་སྐབས་དང་མཚུངས་པ་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན། གཡས་གཡོན་དུ་ཚེ་ཆང་དང་ཚེ་རིལ། མདུན་དུ་ཚེ་འབྲང་། རྒྱབ་ཏུ་ཚེ་མདའ་དར་དམར་གཡུ་དང་མེ་ལོང་གིས་བརྒྱན་པ་གཟུག །རྩ་དཀྱིལ་གཡོན་དུ་རྟ་མགྲིན་ལ་ཆོས་འབྱུང་མཐིང་ནག་གི་གདན་གྱི་སྟེང་མཉྫིའི་ཁར་ཐོད་པ་འབྲུས་བཀང་བའི་ནང་ཕུར་པ་རྟ་དབུ་ཅན་གཟུག །དེའི་མདུན་ཕྱོགས་སུ་དཔལ་གཏོར་བྲིས་སྐུས་བརྒྱན་པ་དང་རཀྵའམ་ཐོད་ཕྲེང་བཞག །དཀྱིལ་འཁོར་གྱི་ཤར་དུ་མེ་ཏོག་སོགས་ཉེར་སྤྱོད་ལྔ། ལྷོར་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་འབྱུང་བཅས། ནུབ་ཏུ་རིག་མ་ལྔའི་ཙཀླི། བྱང་དུ་སྨན་གཏོར་རཀྟ་རྣམས་དང་། བཀའ་གཏེར་སྲུང་མའི་གཏོར་འབུལ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ཅི་བདེར་བཤམ། སློབ་དཔོན་གྱི་མདུན་དུ་ལས་བུམ། གདབ་ཕུར། ཌཱ་དྲིལ་སོགས་ཉེར་མཁོའི་རིགས་སྤྱི་ལྟར་ཚོགས་པར་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས། སྐྱབས་སེམས། ཚོགས་གསག །སྡོམ་བཟུང། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད། བྱིན་འབེབ། མཆོད་བརླབ་རྣམས་སྔོན་དུ་འགྲོ་བས། བདག་བསྐྱེད་བསྟོད་བཤགས་ཀྱི་བར་གཏང་། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་བྱ། དེ་ནས་མདུན་བསྐྱེད་གསལ་གདབ། སྤྱན་འདྲེན་ནས་བསྟོད་བཤགས་ཀྱི་བར་གཏང་། བསྙེན་བཟླས་ཅུང་ཟད་དང་། སྒྲུབ་བཟླས་བུངས་བསྐྱེད། ལས་སྦྱོར་ཐུན་མོང་སྤྱི་དྲིལ་གཟུངས་སྔགས་བཅས་ཉུང་ཙམ་སོང་ནས། ལས་སྦྱོར་དྲུག་པ་ཡོངས་རྫོགས་མྱང་བས་གྲོལ་བ་ལྟར་བུམ་བསྐྱེད་གསལ་གདབ། སྤྱན་འདྲེན་སོགས་སྔར་ལྟར་ལ་བསྟོད་བཤགས་གྲུབ་ནས། མྱང་གྲོལ་ཛཔ྄་དམིགས་སྦྱར་ལ་བསྙེན་སྒྲུབ་ཅི་རིགས། ལས་སྦྱོར་སྔགས་དང་ཁྱད་པར་གྱི་རིག་པ་ཅུང་ཟད་མང་བར་བཟླ། སླར་མཆོད་ཁ་གསོས་ལ་སྔོན་འགྲོ་ལྟར་བྱིན་བརླབ། རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པ་ལྟར་བདག་དང་མདུན་རྟེན་དབྱེར་མེད་ཀྱི་ཚུལ་དུ་བསྒོམ། སྤྱན་འདྲེན་ནས་བསྟོད་བཤགས་བར་རང་གཞུང་ལྟར་གྲུབ་ནས། ཛཔ྄་དམིགས་དང་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་ཚེ་འགུགས་བཅས་བྱ། དེ་ནས་དེའི་འོག་ནས་འབྱུང་བ་ལྟར། པདྨ་ཀཱི་ལ་ཡའི་བསྐྱེད་ཆོག་དང་ལས་རིམ་གྱིས་གཞུང་བསྲང་། བསྙེན་པ་དང་སྒྲུབ་པ་དང་ཐུགས་དམ་བསྐུལ་ཞིང་ལས་སྦྱོར་གྱི་བཟླས་པའང་ཇི་ལྟར་ལྕོགས་པ་བྱ། མཐར་རྒྱུན་གྱི་རྣལ་འབྱོར་ལས་འབྱུང་བ་ལྟར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་གསོལ། དམ་ཅན་སྤྱི་གཏོར་ལྟ་བུའི་ཆོས་གཏེར་སྲུང་མའི་གཏོར་ཆོག་གཏང་། རྗེས་ཀྱི་ཕྲིན་ལས་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་སོང་བ་དང་། མྱང་གྲོལ་བུམ་པའི་ལྷར་མཆོད་བསྟོད་ནོངས་བཤགས་བྱས་ལ་དབང་བླང་། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དབང་བསྐུར་དངོས་ཀྱི་ཐོག་མ་རྩ་དབང་རྒྱས་པ་ལ་འཇུག་པ་དང་དངོས་གཞི་གཉིས་ལས་དང་པོ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར། དེའང་བསྐལ་བཟང་སངས་རྒྱས་སྟོང་གི་འབྱུང་གནས། མཁའ་ཁྱབ་སྐུ་དང་ཞིང་གི་མངའ་བདག །རིགས་དྲུག་འགྲོ་བ་ཀུན་གྱི་འདྲེན་མཆོག །ཁྱད་པར་གངས་ཅན་བོད་ཀྱི་ལྷ་གཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་ལས་འདས་པ་འཕགས་བོད་གཉིས་སུ་བྱོན་པ་ལས། སྐབས་སུ་བབས་པའི་འཆད་བྱ། བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་བསྐུར་བསྒྲུབ་པ་སྟེ། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པ་འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རིག་འཛིན་པདྨ་སཾ་བྷ་བ་དེ་ཉིད་ཀྱིས་བོད་ཡུལ་མཆིམས་ཕུ་དཔལ་གྱི་ཡང་དབེན། གཞོ་སྟོད་ཏི་སྒྲོ་བྲག་དཀར། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་རྣམས་སུ་རྒྱལ་སྲས་ལྷ་རྗེ་ལྕམ་དྲལ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ། བྱིན་རླབས་ཀྱི་རྩ་བ་བླ་མ་པདྨ་རྡོ་རྗེ་འཆང་ཆེན་པོའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་སྙིང་པོའི་མདོར་བསྟན༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྒྱས་བཤད༔ ཕྲིན་ལས་ཀྱི་རྩ་བ་ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་ཡངས་པའི་སྙིང་གི་ཡང་ཏིག་འོད་གསལ་རྫོགས་པ་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཅེར་མཐོང་དུ་སྟོན་པའི་གནད་ཀུན་བསྡུས་དོན་དུ་འདྲིལ་བ༔ ཚིག་བཟུང་བདེ་བ༔ དོན་གོ་སླ་བ༔ ཐོས་པས་བྱིན་རླབས་འཇུག་པ༔ བསམས་པས་སྒྲོ་འདོགས་ཆོད་པ༔ བསྒོམས་པས་ཉམས་རྟོགས་ཀྱི་ཡེ་ཤེས་རྩོལ་མེད་དུ་འཆར་བ༔ ལག་ཏུ་བླངས་པ་ཙམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལྷུན་གྱིས་གྲུབ་པར་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་སྡེ༔ མཐོང་བ་ཙམ་གྱིས་ཉོན་མོངས་པ་རང་སར་གྲོལ་བའི་མན་ངག༔ གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གཞུང་དང་ཡན་ལག་ཐམས་ཅད་མ་ཚང་བ་མེད་པར་བསྟན་པའི་ཆོས་སྐོར་རྣམས་རྒྱས་འབྲིང་བསྡུས་པ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་ཅིང་གདམས་པའི་བཀའ་བབས་སོ་སོར་གཏད། སྨོན་ལམ་ལུང་བསྟན་གྱིས་མཚམས་སྦྱར་བའི་དོན་བཞིན། དཔེ་རྒྱུད་རྣམས་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོ་བརྡའི་ཡི་གེར་བཀོད་ནས་གཏེར་གནས་སོ་སོར་མི་འཇིག་པའི་ཕྱག་རྒྱས་བཏབ་པ། ཕྱིས་གདུལ་བྱ་འདུལ་བའི་དུས་སྐབས་ལ་བབས་པའི་ཚེ། རྒྱས་པ་པདྨ་ཞི་ཁྲོ་ཆོས་སྡེ་ལྔ་བཅུ་རྩ་ལྔ་པ་ལྷ་སྲས་མུ་ནེ་དང་ཅོག་རོ་ཀླུའི་རྒྱལ་མཚན་ཟུང་འཇུག་གི་སྤྲུལ་པ་གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས། འབྲིང་པོ་ཆོས་སྡེ་ཉི་ཤུ་རྩ་ལྔ་པ་ལྷ་སྲས་མུ་ཏིག་བཙད་པོའི་སྐྱེ་མཐའ་འཁྲུལ་ཞིག་ཇོ་བོ་ཚེ་དབང་དར་པོས་ཟངས་ཡག་བྲག་ནས་བཏོན་ཏེ་གཉོས་གེ་རེ་ལྷ་པ་ལྷ་རིན་ཆེན་དབང་གི་རྒྱལ་པོ་ལ་གཏད། བསྡུས་པ་རྒྱུད་ལུང་རིན་ཆེན་བདུན་ལྡན་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལྷ་གཅིག་ལེགས་བཞེར་ཟུང་འཇུག་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པས་མོན་གྱི་བལ་ཡུལ་གླང་མ་བྲག་ནས་གདན་དྲངས་ཏེ་གསང་ཞིང་ཐུགས་ཉམས་སུ་བཞེས། ཀུན་འདུས་སྙིང་པོའི་ཡང་བཅུད་ཆོས་ཚན་གཅིག་ཏུ་དྲིལ་བའི་སྐོར་འདི་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་སྦས་པ། ཇི་སྐད་དུ། མང་ཡུལ་བྱམས་སྤྲིན་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ གཏེར་སྟོན་སཱུརྻ་སིཾ་ཧ་ཞེས་བྱ་འབྱུང༔ ཞེས་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་གསུངས་པའི་གསུམ་པ་མང་ཡུལ་སྟོད་དུ་སྐུ་འཁྲུངས་པ། རྒྱལ་སྲས་ལྷ་རྗེ་དང་འགོས་བློན་རྡོ་རྗེ་འབར་ཟུང་དུ་འཇུག་པའི་རྣམ་འཕྲུལ་བརྟུལ་ཞུགས་རྩལ་ལྡན་ཉི་མ་སེང་གེས་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ་གྱིས་མཚོན་ཆོས་གཏེར་རྒྱ་ཆེ་བ་སྤྱན་དྲངས་ནའང་ཡུམ་དང་འཁོར་གྱིས་ཐུགས་སུན་ཆེན་པོ་བྱུང་བའི་རྐྱེན་ལ་བརྟེན་འགྲོ་དོན་མ་བྱུང་བས་ཕལ་ཆེར་ཡང་གཏེར་དུ་སྦས། གཏེར་ཞབས་གཏེར་སྟོན་འགའ་ཞིག་གིས་ཕྱུང་བར་གྲགས་པ་ལས་བླ་རྫོགས་ཐུགས་གསུམ་ཀུན་འདྲིལ་གྱི་སྐོར་འདི་མང་ཡུལ་བྱམས་པ་སྤྲིན་གྱི་ཀ་གཞུར་ཡང་གཏེར་དུ་བསྩལ་པ། དེང་སང་སྙིགས་མ་ལྔ་ཆེས་བདོ་བས་བོད་ཁམས་སྐྱེ་དགུ་འདི་ཕྱི་ཀུན་ཏུ་སྡུག་བསྔལ་ཆེན་པོས་ཉམ་ཐག་པ་ལ་བཀའ་དྲིན་མཉམ་མེད་གུ་རུ་རིན་པོ་ཆེའི་ཐུགས་རྗེའི་ཤུགས་ཕྱུང་སྟེ་ཟབ་མོའི་ཆོས་དང་མྱང་གྲོལ་དམ་རྫས་སོགས་རྩལ་སྤྲུགས་སུ་བྱོན་པ་ལྟ་བུའི་སྐལ་ལྡན་རྣམས་སྐལ་པ་བཟང་པོར་གྱུར་པའི་སྐབས་འདིར། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་ཕྲག་གཅིག་ལ་གསུམ་གྱིས་ལྷག་པའི་རྩེ་མོར་བསམ་བཞིན་སྲིད་པ་བཟུང་བ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག །གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན། མ་བྱུང་མི་འབྱུང་འབྱུང་བར་དཀའ་བའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རབ་ཚེས་དང་པོ་མེ་ཡོས་ཟླ་བ་ལྔ་པའི་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་སུ། ཞིང་སྐྱེས་མཁའ་འགྲོ་ཙཎྜི་ཀཱས་ཤོག་སེར་སྒྲིལ་ཁ་ཆུང་ངུ་ཞིག་ཕྱག་ཏུ་ཕུལ་བ་ལོ་སྐོར་གཅིག་ཏུ་གསང་བའི་རྒྱས་བཏབ། ཕྱིས་རབ་ཚེས་ས་ཡོས་ལོའི་སོས་ཀར་སྔར་གྱི་མཁའ་འགྲོས་ཤོག་སེར་འབེབ་པར་བསྐུལ་པ་དང་། ཉམས་ཀྱི་སྣང་ཆར་གཡོ་རུ་ཁྲ་འབྲུག་གི་ཁྱམས་སྟོད་ཨོ་རྒྱན་ལྷ་ཁང་དུ་ཕེབ། སྐུ་ཚབ་ཉིད་གུ་རུ་རིན་པོ་ཆེ་དངོས་སུ་གྱུར་ནས་བཀའ་འདུས་སྒྲུབ་ཆེན་སྟེགས་བུའི་ཁར་དཀྱིལ་འཁོར་སོགས་ཀྱང་སྐད་ཅིག་གིས་སྤྲུལ་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཉམས་དེ་ལས་སད་པ་ན། བརྡ་ཡིག་ཚིག་དོན་ཐམས་ཅད་བཀྲ་ལམ་གྱིས་གསལ་པ་ལྟར་ཨོ་རྒྱན་ཆེན་པོར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཉིན་ཞག་གཉིས་ལ་རྩོལ་མེད་དུ་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བཞེས། རིམ་པར་སྨིན་གྲོལ་བདུད་རྩིས་སྐལ་ལྡན་རྣམས་རྗེས་སུ་བཟུང་བར་མཛད་པ་སྟེ། དེ་ལྟ་བུའི་སྨིན་བྱེད་རྩ་བའི་དབང་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་སྐབས་འདིར་དབང་བསྐུར་རྒྱས་པ་ཉིད་བསྒྲུབ་པ་ལ་སོགས་སྤྱི་ལྟར་བརྗོད་ནས་མཎྜལ་འབུལ་དུ་གཞུག །འདི་ཕྱིན་གྱི་མཚམས་སྦྱོར་ཕལ་ཆེར་སྤྱི་མཐུན་གྱིས་རིགས་འགྲེ་བ་དང་། གཏེར་གཞུང་དངོས་ལྷུ་སྦྲེལ་ལུགས་སྐབས་ཕྱེད་པར་བྱས་ཏེ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དགབ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཁྱབ་བདག་གཙོ་བོ་སོགས་ཀྱིས་གསོལ་བ་ལན་གསུམ་གདབ། དྲིས་ལན་དང་གནང་བར་གདམས། སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བདུན་པ། སྡོམ་བཟུང་རྣམས་སྔོན་འགྲོའི་སྐབས་ལྟར་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །ནང་གི་སེམས་བསྐྱེད་པ་བཅས་ཀྱིས་ཕྱི་འཇུག་གྲུབ། ནང་འཇུག་ལ་དཀྱིལ་འཁོར་སྒོ་དབྱེའི་སྔགས་བརྗོད་ལ་ཡོལ་བ་བསལ། ཤར་སྒོ་ནས་གཡས་སྐོར་གྱིས་ཕྱག་བྱ་བའི་མོས་པས་སྔགས་ལན་བཞི་བརྗོད། དམ་ཆུ་སྦྱིན་ཞིང་བྲོ་བོར། ཡེ་ཤེས་དབབ་པའི་བསྐྱེད་ཆོག་སྐབས། རྡོ་རྗེ་སྲུང་བའི་འཁོར་ལོ་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་བདག་བསྐྱེད་སྐབས་ལྟར་ཚང་བར་བརྗོད་པས་གསལ་གདབ། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབ། སློབ་དཔོན་མདུན་བསྐྱེད་བཅས་པའི་སོགས་དང་སྤྱན་འདྲེན་སྔགས་རྣམས་བརྗོད་པས་དབབ་ཅིང་བརྟན། མེ་ཏོག་དོར། སླར་བཅིངས་ལ་གསང་མཚན་གདགས་ལ་ཤོག་དྲིལ་སྦྱིན། མིག་དབྱེ་དཀྱིལ་འཁོར་བལྟ་བར་བསྐུལ། འདི་ལྟར་ལྷག་པ་གཟུགས་བརྙན་གྱིས་མཚོན་པའི་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི། འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སོགས་མདུན་བསྐྱེད་སྐབས་ལྟར་བརྗོད་པ་ལ་ས་བོན་དོར་ཏེ། དེའི་དབུས་སུ་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་སོགས་ནས། སྙིང་པོར་ཟླ་བའི་དཀྱིལ་འཁོར་ལ། ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་ནས། བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པ། དེ་ཉིད་ནང་ལྟར་སོགས་དབང་གཞུང་ལྟར་བརྗོད་པས་འཇུག་པ་གྲུབ། དངོས་གཞིའི་ཐོག་མར་མཎྜལ་ཕུལ། གསོལ་གདབ་ལན་གསུམ། ཕན་པའི་དབང་ལྔ་བསྐུར་བ་ལ། སློབ་དཔོན་མདུན་བསྐྱེད་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་མཁའ་ཁྱབ་ཏུ་སྤྱན་དྲངས་པ་སོགས་ཀྱིས་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་བཅས་བསྐུར་ལ་སྨོན་ལམ་གདབ། ནུས་པའི་དབང་ལ། སྐུ་ཕྱག་རྒྱ་གཙོ་འཁོར་ཙཀླི་སོ་སོ། ཁྲོ་བོ་དང་སངས་རྒྱས་སྟོང་ལ་སྤོམ་ཙཀ་བསྐུར་སྨོན་ལམ་དང་ངོ་སྤྲད། གསུང་བཟླས་ལུང་གི་དམིགས་པ་གཞུང་ལྟར་ལ་སྤྲོ་བསྡུའི་དམིགས་པ་བཟླས་པའི་སྐབས་ལྟར་ཕོག་ལ་བསྙེན་སྒྲུབ་ལས་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །བྱེ་རུའི་སྔགས་ཕྲེང་མགྲིན་པར་བཞག་པ་དང་། སྨོན་ལམ་དང་ངོ་སྤྲོད་བྱ། ཐུགས་ངོ་སྤྲོད་ལ་མེ་ལོང་སྙིང་གར་བཞག་པ་སོགས་དང་། ཡོན་ཏན་མྱང་གྲོལ་བུམ་པའི་དབང་ལས་སྦྱོར་དྲུག་པ་ནས་འབྱུང་བ་ལྟར། བུམ་པ་ཡེ་ཤེས་འོད་ཀྱི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམས་བཞུགས་པ་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན། སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པར་ཐོབ། མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་སྨིན་ཅིང་གྲོལ་བའི་ནུས་རྩལ་རྫོགས་པར་མོས་ལ། ཧྲཱི༔ རིན་ཆེན་བུམ་པ་སོགས་དང་སྔགས་བརྗོད་ལ་དབང་བསྐུར། རིལ་བུ་ལྷར་གསལ་བ་སོགས་ཀྱི་དམིགས་པ་ཕོག་ལ་རིལ་བུ་སྦྱིན། དབང་གཞུང་ལྟར། སྨོན་ལམ་དང་རྗེས་གནང་བྱ། ཕྲིན་ལས་སྣ་ཚོགས་རྡོ་རྗེའི་དབང་སོགས་དེ་མཚུངས་མཐར། དབང་ལྷ་བསྟིམ་རྟེན་སྙིང་གིས་རབ་ཏུ་གནས། མཆོད་ཅིང་ཤིས་བརྗོད་ཀྱིས་མངའ་དབུལ། བུམ་དབང་གི་རྟོགས་པ་བརྗོད། དེ་ནས་ཟབ་མོའི་དབང་གསུམ་གྱི་དང་པོ་གསང་དབང་དམིགས་པ་ཕོག །ཐོད་ཆང་སྦྱིན། སྨོན་ལམ་དང་རྗེས་གནང་རྟོགས་པ་བརྗོད། གཉིས་པ་ཤེར་དབང་དམིགས་པ་བཅས་སིནྡྷུ་རའི་མེ་ལོང་ལག་ཏུ་གཏད། ཐིག་ལེ་སྙིང་གར་བཀོད། སྨོན་ལམ་རྗེས་གནང་རྟོགས་བརྗོད་བྱ། གསུམ་པ་དབང་བཞི་པ་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱི་དབང་བླ་མའི་གཏོར་ཆེན་གྱིས་བསྐུར་བ་དང་། ཉམས་མྱོང་སྒོམ་པའི་སྟོབས་ཀྱི་དབང་བརྡ་དང་ཚིག་གིས་མཚོན་ནས་སྨོན་ལམ་རྗེས་གནང་བྱ་ཞིང་རྟོགས་པ་བརྗོད། མེ་ཏོག་འཐོར་ཅིང་ཤིས་བརྗོད་རྒྱས་པར་སྤེལ། དབང་རྟེན་དམ་ཚིག་བསྒྲག །གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། དེ་ནས་དབང་འབྲིང་བསྡུས་སྦྲེལ་ན། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་རྒྱས་པ་གྲུབ་པའི་གཏང་རག་དང་། སླར་དོན་གྱི་སྨིན་བྱེད་སྣོད་རུང་མདོར་བསྡུས་སུ་བསྒྲུབ་པ་དབང་བསྐུར་འབྲིང་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་གཞུག །ཁྱབ་བདག་གཙོ་བོ་སོགས་ཀྱིས་གསོལ་བ་ལན་གསུམ། སྐྱབས་སེམས་སྡོམ་བཟུང་རྣམས་སྔོན་འགྲོ་ལྟར་བྱ། ཡེ་ཤེས་དབབ་པ་གོང་གསལ་དབང་རྒྱས་པའི་སྐབས་ལྟར་ལ་སྔགས་ཀྱིས་བརྟན། དེ་ནས་སྐུ་བུམ་པ། གསུང་བདུད་རྩི། ཐུགས་མེ་ལོང་དབང་རྣམས་བསྐུར། སྨོན་ལམ་གདབ། རྗེས་གདམས་སྦྱིན། དེས་སྐུ་གསུང་ཐུགས་སོགས་རྟོགས་པ་བརྗོད། དེ་ནས་དབང་དོན་གྱི་སྙིང་པོ་བསྡུས་པ་བྱིན་རླབས་གཏོར་མའི་བརྡ་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ཅེས་མཚམས་སྦྱར་ནས་ཡི་དམ་གཏོར་མ་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་གདབ། གནས་གསུམ་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས་པས་དབང་བཞི་བསྐུར་བའི་དམིགས་པ་ཕོག་ལ། ཨོཾ་ཨཱཿཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དད་མོས་ཅན་གྱི་སྤྱི་བོར་སོགས་གོང་བླ་མའི་བྱིན་རླབས་ཀྱི་ཚིག་རྐང་ལྔ་པོའི་མཐར། བསྙེན་སྒྲུབ་ཀྱི་སྔགས་དང་། ཀཱ་ཡ་སོགས་བརྗོད། གཏོར་མ་གནས་གསུམ་དུ་རེག་ཅིང་། སླར་སྔགས་ཀྱིས་བསྟིམ་པ་བཅས་བྱ། འབྲིང་བསྡུས་ཀྱི་མཚམས་སྦྱོར་ཟུར་དུ་བཀོད་པའང་ཡོད་པས་སྤྲོ་ན་དེར་བལྟ། དེ་ནས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ་བཅས་གྲུབ་ནས། དེ་ལྟར་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པའི་སྣོད་རུང་དུ་གྲུབ་ནས། གྲོལ་བྱེད་ཁྲིད་ཀྱི་རིམ་པ་བསྟན་པ་ལ། ཞེས་མཚམས་སྦྱར་ནས། རིམ་པ་དང་པོའི་རྣལ་འབྱོར་བསྙེན་སྒྲུབ་རྩ་བ་ཙམ་དང་། རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་ཁྲིད་ཀྱི་ལེའུའི་དབུ་ནས་བརྩམ། མཐར་ཐུག་གི་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ༔ ཞེས་པའི་བར་ངག་དལ་ཞིང་སྒྲ་དག་པས་གོ་བརྡ་འཕྲོད་པར་བཀླག །དེས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་གྲུབ། བཀྲ་ཤིས་འཆི་མེད་རྡོ་རྗེ་ཚེའི་སྒྲུབ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཚེ་དབང་རང་ལེ་ལྟར་གསོལ་བ་གདབ། སྐྱབས་སེམས། ཚོགས་གསག །སྡོམ་བཟུང་རྣམས་སྔོན་འགྲོ་ལྟར་བྱར་གཞུག །ཡེ་ཤེས་པ་དབབ་པ་ལ་རྩ་དབང་རྒྱས་པ་ལྟར་ལུས་གནད་སོགས་དང་མོས་གུས་བྱས་ཤིང་ཧྲཱིཿའི་སྒྲས་སྟོང་པར་སྦྱང་། པདྨ་རྒྱལ་པོ་ཚེའི་བདག་པོ་ཡབ་ཡུམ་གནས་ལྔར་རིགས་ལྔ་བཅས་བསྐྱེད། གནས་གསུམ་བྱིན་རླབས། སྙིང་གའི་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལྟེ་བར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿནྲྀ་ཨ་གསུམ་འོད་འབར་བའི་ཚེ་རྟེན་གསལ་གདབ་དབབ་བརྟན་གོང་མ་རྣམས་ཀྱིས་འགྲེ། བདག་མདུན་ལྷ་ཚོགས་རྣམས་ཀྱི་སོགས་དམིགས་པ་གསལ་གདབ། མདའ་དར་གཡབ་ཅིང་ཚེ་འགུགས་གྱེར། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་སོགས་དམིགས་པ་གསལ་བས། བུམ་དབང་། བདུད་རྩི། ཚེ་རིལ། ཚེ་གཏོར་རྣམས་ཀྱིས་དབང་བསྐུར། དེ་ལྟར་དབང་བསྐུར་བས་ཚེའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་བར་སོགས་ཚེ་བཅིང་ཞིང་རྒྱས་གདབ། བརྟན་པར་བྱས་ལ་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཤིས་པ་བརྗོད། དེ་ལྟ་བུའི་རྡོ་རྗེའི་ཚེ་སྒྲུབ་པས་མཚོན་དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་བསལ་བར་བྱེད་པ་པདྨ་ཀཱི་ལ་ཡ་ཕྱག་རྒྱ་གཅིག་པའི་བྱིན་རླབས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། རང་གཞུང་ལྟར་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་རྒྱུད་སྦྱང་། སེམས་ཉིད་མ་བཅོས་པའི་སྒྲ་གདངས་ཧཱུྃ་ཧཱུྃ་ཞེས་སོགས་ཀྱིས་སློབ་མ་ལྷར་བསྐྱེད། གནས་གསུམ་བྱིན་བརླབ། ཡེ་ཤེས་དབབ་ཅིང་སྔགས་ཀྱིས་བརྟན། དཔལ་གཏོར་ལྷར་གསལ་བས་སྐུའི་དབང་བསྐུར། བཟླས་ལུང་དམིགས་པའི་གཞི་སྤྱི་མཐུན་ལ་སྤྲོ་བསྡུའི་ཁྱད་པར་རང་གཞུང་ལྟར་སྦྱར་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་དང་། རཀྴའི་སྔགས་ཕྲེང་གིས་གསུང་དབང་། ཕུར་པས་ཐུགས་དབང་བསྐུར། བདུད་ལས་རྣམ་པར་རྒྱལ་བའི་ཤིས་བརྗོད་དང་། དམ་ཚིག་བསྒྲག་བཟུང་། གཏོར་རག་མཎྜལ་ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་རྩ་བ་ཡན་ལག་དང་བཅས་པའི་དབང་བསྐུར་ཚང་བ་གྲུབ། སློབ་དཔོན་གྱིས་ཚོགས་ལ་ལོངས་སྤྱད་ཅིང་ལྷག་མ་བྱིན་བརླབས་ནས་བསྔོ། ཐུགས་དམ་བསྐུལ་ལ་ཆད་མདོའི་ཐ་ཚིག་བསྒྲག །བརྟན་མ་བསྐྱང་ཞིང་རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད་རྒྱས་པར་ཕུལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །མཚན་ཐོས་ཙམ་གྱིས་འཁོར་བ་དོང་སྤྲུགས་ཞེས། །བདེན་གསུང་རྔ་ཆེན་ཕྱོགས་བཅུར་བསྒྲགས་པས་ན། །དཀྱིལ་འཁོར་འདིར་ཞུགས་བདག་གཞན་ལུས་ཅན་རྣམས། །གདོན་མི་ཟ་བར་བདེ་ཆེན་ཞིང་སྐྱེས་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་དགོངས་དོན་དང་། ཕྱག་བཞེས་མི་འཁྲུལ་བའི་ལས་ཐོ་ཙམ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བ་དགེ་ལེགས་འཕེལ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 13:26, 29 December 2017

ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ་

yang gter thugs rje chen po pad+ma rgyal po'i dbang bskur gyi zin bris mthong gsal sgron me

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉི་མ་སེངྒེ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Nyima SengeJamyang Khyentse Wangpo)
in cycle  ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པ་ (Thugs rje chen po pad+ma rgyal po zhi khro rnam par rol pa)
Volume 22 (ཟ) / Pages 387-406 / Folios 1a1 to 10b1

[edit]

༄༅། །ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ་བཞུགས་སོ། ། པདྨའི་སྣང་བ་རབ་རྒྱས་པས། །འཁོར་བའི་འདམ་རྫབ་སྐེམ་མཛད་པ། །བླ་མ་སྤྱན་རས་གཟིགས་དབང་ཆེས། །སྙིགས་འགྲོར་གཟིགས་པ་གཡེལ་མེད་གསོལ། །པདྨ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལ། རྒྱས་པར་སྒྲུབ་ཆེན་གྱི་ཁོག་དབུབ་དང་སྦྲེལ་དགོས་ལ། སྤྱི་འགྲོའི་དབང་བསྐུར་ཙམ་ལ། གཏེར་གཞུང་ལས། གལ་ཏེ་སྒྲུབ་པའི་དབང་རྒྱས་པར་མ་གྲུབ་ན༔ སའི་ཆོ་ག་དང་སྟ་གོན་གསུམ་སྔོན་དུ་འགྲོ་བས་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་ཡང་རུང་བ་ཡིན་ནོ༔ ཞེས་གསུངས་པ་ལྟར་ལག་ཏུ་བླང་བ་ལ་རྩ་དབང་རྒྱས་འབྲིང་བསྡུས་གསུམ། ཡན་ལག་ཚེ་སྒྲུབ་དང་རྟ་མགྲིན་དབང་བཅས་རྣམ་གྲངས་ལྔར་བཞུགས་པའི་དང་པོ་ལ་སྟ་གོན་དང་དངོས་གཞི་གཉིས་ལས་དང་པོ་ནི། གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས། རྟེན་ཇི་ལྟར་རིགས་པ་བཀྲམ་པའི་མདུན་དཀྱིལ་འཁོར་གང་དུ་བྱ་བའི་གཞིར་མཎྜལ་ཚོམ་བུ་བཀོད་པའི་མདུན་དུ་དཀར་ཟླུམ་དང་ཉེར་སྤྱོད་གཡས་སྐོར་དུ་བཤམ། ལོགས་གང་བདེར་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཀོད། དབང་མཆོག་ཕུར་བུ། བགེགས་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་སྤྱི་ལྟར་ཚོགས་པར་བྱའོ། །དེ་ནས་བརྒྱུད་འདེབས་དང་། སྔོན་རྗེས་ཀྱི་ལས་རིམ་ལས་འབྱུང་བ་ལྟར། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། མཆོད་པ་བྱིན་རླབས། བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་གཏེར་གཞུང་དབུ་ནས་འབྱུང་བ་ལྟར། མངོན་རྟོགས་ནས་མཆོད་བསྟོད་བར་དུ་བཏང་། བསྙེན་སྒྲུབ་བཟླས་པ་ཅི་འགྲུབ་མཐར་འོད་གསལ་དུ་བསྡུ། ཐུན་མཚམས་ལྷར་ལྡང་བ་ནི་བདག་གི་རྣལ་འབྱོར་རོ། །དེ་ནས་ས་ལྷའི་མཆོད་གཏོར་རྣམས་སྤྱི་ལྟར་བྱིན་བརླབ། དབང་བསྐུར་ལས་རིམ་ལས་འབྱུང་བ་ལྟར་སྤྱན་དྲང་། གཏོར་མཆོད་ཕུལ། བསྟོད་གསོལ་གནང་སྦྱིན་བཅས། ས་སྦྱོང་བ། དབང་མཆོག་ཕུར་གདབ་རྣམས་གྲུབ་ནས། བགེགས་གཏོར་བྱིན་རླབས་དང་སྔགས་བསྔོས་སྤྱི་ལྟར་བྱ། སྔོན་འགྲོའི་ནང་ལྟར་བཀའ་བསྒོ། མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ་པ་ནི་ས་ཆོག་གོ །དཀྱིལ་འཁོར་གྱི་ཁང་པ་རྙིང་པ་ལྟ་བུར་ས་ཆོག་མི་དགོས་པའི་རིགས་ལ་འདི་མ་བྱས་ཀྱང་རུང་བར་མངོན་ནོ། དེ་ནས་སྟ་གོན་དངོས་ལ་ཐོག་མར་ལྷ་དང་བུམ་པ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་མཎྜལ་ལ་དྲིའི་ཆུས་བརླན་པའི་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་ཆུང་བ་རེ། དེ་རྒྱབ་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་སྟོང་རྩའི་མཚོན་བྱེད་འབྲུའི་ཕྲེང་བ། དེ་རྒྱབ་དྲུག །དེ་རྒྱབ་ཕྱོགས་བཞིར་བཞི་བཅས་བཀོད། རྣམ་རྒྱལ་དང་ལས་བུམ་མགུལ་ཆིངས་དམར་པོ་དང་དྲི་ཆབ་བུམ་རྫས་སོ་ལྔའི་ནང་བཅུད་ཁ་རྒྱན་ལྡན་པ་གཡས་གཡོན་དུ་བཞག །མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་ཕྲེང་ཚར་བཤམ། ས་ཆོག་སྔོན་དུ་སོང་ན་བདག་བསྐྱེད་དེ་ཀས་འཐུས། མ་སོང་ན་གོང་སྨོས་ལྟར་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས། སྔོན་འགྲོའི་ནང་ལྟར་མཆོད་པ་བྱིན་བརླབས། མདུན་བསྐྱེད་སྒྲུབ་པའི་སྐབས་ལྟར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་སྤྱན་འདྲེན་ནས་བསྟོད་བཤགས་བར་བདག་བསྐྱེད་སྐབས་ལྟར་སྦྱར། དབང་ལེ་ལྟར་སྤོས་དང་མེ་ཏོག་ཐོགས་ལ་སྙན་གསན་ལན་གསུམ་དབབ་ཅིང་བསྟིམ། དེའི་འཕྲོས་སུ་འབྱུང་བ་ལྟར་བུམ་པ་དང་ལྷ་བསྐྱེད་མདུན་བསྐྱེད་ལྟར་སྦྲགས། སྤྱན་འདྲེན་བསྟོད་བཤགས་བར་གོང་ལྟར་གཏང་། སྔ་མའི་འཕྲོས་སུ་འབྱུང་བའི་དམིགས་པ་བཅས་བུམ་བཟླས་ཅི་ལྟར་ནུས་པའི་མཐར་མཆོད་ཅིང་འོད་ཞུ་བྱ། ལས་བུམ་བསྐྱེད་བཟླས་བརྒྱ་རྩ་ཙམ་དང་འདོད་དོན་གསོལ། དེ་ནས་སློབ་མ་སྟ་གོན་ནི་བུམ་པ་སྟ་གོན་དཀྱིལ་འཁོར་སོགས་ཡོལ་བས་བསྒྲིབ། དྲི་བཟང་གི་ལྡེ་གུ །རྫས་བཞི་བགེགས་གཏོར་སོགས་འདུ་བྱས་ལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་ཞིང་དྲག་རོལ་སོགས་ཀྱིས་བགེགས་བསྐྲད། མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། དྲང་ངེས་ཀྱི་ཆོས་བཤད་ཅི་རིགས་བྱས་ལ། སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །གསོལ་བ་ལན་གསུམ་གདབ་ལ་གནང་བ་སྦྱིན། དམིགས་པ་སྤྱི་མཐུན་ཕོག་ལ་སྔོན་འགྲོའི་ནང་ལྟར། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག །སྡོམ་བཟུང་རྣམས་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །གནས་གསུམ་བྱིན་གྱིས་བརླབས་པ་ལ་མཆོད། སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ་རྣམས་སྦྱིན། ཆོས་བཤད། རྨི་ལམ་བརྟག་པར་གདམས། དགེ་བསྔོ་བྱས་ལ་སློབ་མ་གྱེས་པས་སྟ་གོན་ཚང་བ་གྲུབ་བོ། །གཉིས་པ་དངོས་གཞི་ལ། ཐོག་མར་གཤོམ་བཀོད་ནི། སྟ་གོན་ཆས་བསྡུས་ནས་སྟེགས་བུ་ལ་བ་བྱུང་དང་དྲི་བཟང་ཆུས་བྲན། རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་དུ་ལྡིང་ཁྲི་རྩག་གཉིས་པའི་གོང་མ་ལ་རྣམ་བུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། གསང་མཚན་ཤོག་དྲིལ། མདུན་རྒྱབ་གང་བདེར་བླ་མའི་གཏོར་ཆེན་དང་ཡི་དམ་གྱི་དཔལ་གཏོར་དར་གདུགས་ཀྱིས་བརྒྱན་པ་རྣམས་བཤམ། ལྡིང་ཁྲི་བར་མར་མྱང་གྲོལ་རིལ་བུའི་བུམ་པའི་ཁར་དབུ་རྒྱན་ས་བོན་ཅན་བཅིངས་པ། ལྷ་ཙག་གཙོ་བོ་ཡབ་ཡུམ། སྲས་སྲས་མོ། རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། ཐུབ་དྲུག །སྒོ་བ་ཡབ་ཡུམ། ཁྲོ་བོའི་སྤོམ་ཙཀ །རིགས་བདག །སྟོང་དབང་སྤོམ་ཙཀ་བཅས་རྣམ་གྲངས་དགུ །བྱེ་རུའི་སྔགས་ཕྲེང་། མེ་ལོང་། གསང་རྫས་ཐོད་ཆང་ཆོས་སྨན་མངར་གསུམ་སྦྱར་བའི་ཁར་སིནྡྷུ་རའི་མེ་ལོང་མཱུྃ་ཡིག་བྲིས་པས་བཀབ་པ་རྣམས་བཀོད། རྩ་བའི་དཀྱིལ་འཁོར་གྱི་གཡས་སུ་ཚེ་དཀྱིལ་རས་བྲིས་བཏིང་བའམ་མ་འཛོམ་ན་མེ་ཏོག་དམར་པོའི་ཚོམ་བུ་སྟ་གོན་སྐབས་དང་མཚུངས་པ་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན། གཡས་གཡོན་དུ་ཚེ་ཆང་དང་ཚེ་རིལ། མདུན་དུ་ཚེ་འབྲང་། རྒྱབ་ཏུ་ཚེ་མདའ་དར་དམར་གཡུ་དང་མེ་ལོང་གིས་བརྒྱན་པ་གཟུག །རྩ་དཀྱིལ་གཡོན་དུ་རྟ་མགྲིན་ལ་ཆོས་འབྱུང་མཐིང་ནག་གི་གདན་གྱི་སྟེང་མཉྫིའི་ཁར་ཐོད་པ་འབྲུས་བཀང་བའི་ནང་ཕུར་པ་རྟ་དབུ་ཅན་གཟུག །དེའི་མདུན་ཕྱོགས་སུ་དཔལ་གཏོར་བྲིས་སྐུས་བརྒྱན་པ་དང་རཀྵའམ་ཐོད་ཕྲེང་བཞག །དཀྱིལ་འཁོར་གྱི་ཤར་དུ་མེ་ཏོག་སོགས་ཉེར་སྤྱོད་ལྔ། ལྷོར་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་འབྱུང་བཅས། ནུབ་ཏུ་རིག་མ་ལྔའི་ཙཀླི། བྱང་དུ་སྨན་གཏོར་རཀྟ་རྣམས་དང་། བཀའ་གཏེར་སྲུང་མའི་གཏོར་འབུལ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ཅི་བདེར་བཤམ། སློབ་དཔོན་གྱི་མདུན་དུ་ལས་བུམ། གདབ་ཕུར། ཌཱ་དྲིལ་སོགས་ཉེར་མཁོའི་རིགས་སྤྱི་ལྟར་ཚོགས་པར་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས། སྐྱབས་སེམས། ཚོགས་གསག །སྡོམ་བཟུང། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད། བྱིན་འབེབ། མཆོད་བརླབ་རྣམས་སྔོན་དུ་འགྲོ་བས། བདག་བསྐྱེད་བསྟོད་བཤགས་ཀྱི་བར་གཏང་། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་བྱ། དེ་ནས་མདུན་བསྐྱེད་གསལ་གདབ། སྤྱན་འདྲེན་ནས་བསྟོད་བཤགས་ཀྱི་བར་གཏང་། བསྙེན་བཟླས་ཅུང་ཟད་དང་། སྒྲུབ་བཟླས་བུངས་བསྐྱེད། ལས་སྦྱོར་ཐུན་མོང་སྤྱི་དྲིལ་གཟུངས་སྔགས་བཅས་ཉུང་ཙམ་སོང་ནས། ལས་སྦྱོར་དྲུག་པ་ཡོངས་རྫོགས་མྱང་བས་གྲོལ་བ་ལྟར་བུམ་བསྐྱེད་གསལ་གདབ། སྤྱན་འདྲེན་སོགས་སྔར་ལྟར་ལ་བསྟོད་བཤགས་གྲུབ་ནས། མྱང་གྲོལ་ཛཔ྄་དམིགས་སྦྱར་ལ་བསྙེན་སྒྲུབ་ཅི་རིགས། ལས་སྦྱོར་སྔགས་དང་ཁྱད་པར་གྱི་རིག་པ་ཅུང་ཟད་མང་བར་བཟླ། སླར་མཆོད་ཁ་གསོས་ལ་སྔོན་འགྲོ་ལྟར་བྱིན་བརླབ། རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པ་ལྟར་བདག་དང་མདུན་རྟེན་དབྱེར་མེད་ཀྱི་ཚུལ་དུ་བསྒོམ། སྤྱན་འདྲེན་ནས་བསྟོད་བཤགས་བར་རང་གཞུང་ལྟར་གྲུབ་ནས། ཛཔ྄་དམིགས་དང་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་ཚེ་འགུགས་བཅས་བྱ། དེ་ནས་དེའི་འོག་ནས་འབྱུང་བ་ལྟར། པདྨ་ཀཱི་ལ་ཡའི་བསྐྱེད་ཆོག་དང་ལས་རིམ་གྱིས་གཞུང་བསྲང་། བསྙེན་པ་དང་སྒྲུབ་པ་དང་ཐུགས་དམ་བསྐུལ་ཞིང་ལས་སྦྱོར་གྱི་བཟླས་པའང་ཇི་ལྟར་ལྕོགས་པ་བྱ། མཐར་རྒྱུན་གྱི་རྣལ་འབྱོར་ལས་འབྱུང་བ་ལྟར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་གསོལ། དམ་ཅན་སྤྱི་གཏོར་ལྟ་བུའི་ཆོས་གཏེར་སྲུང་མའི་གཏོར་ཆོག་གཏང་། རྗེས་ཀྱི་ཕྲིན་ལས་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་སོང་བ་དང་། མྱང་གྲོལ་བུམ་པའི་ལྷར་མཆོད་བསྟོད་ནོངས་བཤགས་བྱས་ལ་དབང་བླང་། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དབང་བསྐུར་དངོས་ཀྱི་ཐོག་མ་རྩ་དབང་རྒྱས་པ་ལ་འཇུག་པ་དང་དངོས་གཞི་གཉིས་ལས་དང་པོ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར། དེའང་བསྐལ་བཟང་སངས་རྒྱས་སྟོང་གི་འབྱུང་གནས། མཁའ་ཁྱབ་སྐུ་དང་ཞིང་གི་མངའ་བདག །རིགས་དྲུག་འགྲོ་བ་ཀུན་གྱི་འདྲེན་མཆོག །ཁྱད་པར་གངས་ཅན་བོད་ཀྱི་ལྷ་གཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་ལས་འདས་པ་འཕགས་བོད་གཉིས་སུ་བྱོན་པ་ལས། སྐབས་སུ་བབས་པའི་འཆད་བྱ། བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་བསྐུར་བསྒྲུབ་པ་སྟེ། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པ་འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རིག་འཛིན་པདྨ་སཾ་བྷ་བ་དེ་ཉིད་ཀྱིས་བོད་ཡུལ་མཆིམས་ཕུ་དཔལ་གྱི་ཡང་དབེན། གཞོ་སྟོད་ཏི་སྒྲོ་བྲག་དཀར། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་རྣམས་སུ་རྒྱལ་སྲས་ལྷ་རྗེ་ལྕམ་དྲལ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ། བྱིན་རླབས་ཀྱི་རྩ་བ་བླ་མ་པདྨ་རྡོ་རྗེ་འཆང་ཆེན་པོའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་སྙིང་པོའི་མདོར་བསྟན༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྒྱས་བཤད༔ ཕྲིན་ལས་ཀྱི་རྩ་བ་ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་ཡངས་པའི་སྙིང་གི་ཡང་ཏིག་འོད་གསལ་རྫོགས་པ་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཅེར་མཐོང་དུ་སྟོན་པའི་གནད་ཀུན་བསྡུས་དོན་དུ་འདྲིལ་བ༔ ཚིག་བཟུང་བདེ་བ༔ དོན་གོ་སླ་བ༔ ཐོས་པས་བྱིན་རླབས་འཇུག་པ༔ བསམས་པས་སྒྲོ་འདོགས་ཆོད་པ༔ བསྒོམས་པས་ཉམས་རྟོགས་ཀྱི་ཡེ་ཤེས་རྩོལ་མེད་དུ་འཆར་བ༔ ལག་ཏུ་བླངས་པ་ཙམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལྷུན་གྱིས་གྲུབ་པར་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་སྡེ༔ མཐོང་བ་ཙམ་གྱིས་ཉོན་མོངས་པ་རང་སར་གྲོལ་བའི་མན་ངག༔ གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གཞུང་དང་ཡན་ལག་ཐམས་ཅད་མ་ཚང་བ་མེད་པར་བསྟན་པའི་ཆོས་སྐོར་རྣམས་རྒྱས་འབྲིང་བསྡུས་པ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་ཅིང་གདམས་པའི་བཀའ་བབས་སོ་སོར་གཏད། སྨོན་ལམ་ལུང་བསྟན་གྱིས་མཚམས་སྦྱར་བའི་དོན་བཞིན། དཔེ་རྒྱུད་རྣམས་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོ་བརྡའི་ཡི་གེར་བཀོད་ནས་གཏེར་གནས་སོ་སོར་མི་འཇིག་པའི་ཕྱག་རྒྱས་བཏབ་པ། ཕྱིས་གདུལ་བྱ་འདུལ་བའི་དུས་སྐབས་ལ་བབས་པའི་ཚེ། རྒྱས་པ་པདྨ་ཞི་ཁྲོ་ཆོས་སྡེ་ལྔ་བཅུ་རྩ་ལྔ་པ་ལྷ་སྲས་མུ་ནེ་དང་ཅོག་རོ་ཀླུའི་རྒྱལ་མཚན་ཟུང་འཇུག་གི་སྤྲུལ་པ་གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས། འབྲིང་པོ་ཆོས་སྡེ་ཉི་ཤུ་རྩ་ལྔ་པ་ལྷ་སྲས་མུ་ཏིག་བཙད་པོའི་སྐྱེ་མཐའ་འཁྲུལ་ཞིག་ཇོ་བོ་ཚེ་དབང་དར་པོས་ཟངས་ཡག་བྲག་ནས་བཏོན་ཏེ་གཉོས་གེ་རེ་ལྷ་པ་ལྷ་རིན་ཆེན་དབང་གི་རྒྱལ་པོ་ལ་གཏད། བསྡུས་པ་རྒྱུད་ལུང་རིན་ཆེན་བདུན་ལྡན་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལྷ་གཅིག་ལེགས་བཞེར་ཟུང་འཇུག་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པས་མོན་གྱི་བལ་ཡུལ་གླང་མ་བྲག་ནས་གདན་དྲངས་ཏེ་གསང་ཞིང་ཐུགས་ཉམས་སུ་བཞེས། ཀུན་འདུས་སྙིང་པོའི་ཡང་བཅུད་ཆོས་ཚན་གཅིག་ཏུ་དྲིལ་བའི་སྐོར་འདི་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་སྦས་པ། ཇི་སྐད་དུ། མང་ཡུལ་བྱམས་སྤྲིན་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ གཏེར་སྟོན་སཱུརྻ་སིཾ་ཧ་ཞེས་བྱ་འབྱུང༔ ཞེས་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་གསུངས་པའི་གསུམ་པ་མང་ཡུལ་སྟོད་དུ་སྐུ་འཁྲུངས་པ། རྒྱལ་སྲས་ལྷ་རྗེ་དང་འགོས་བློན་རྡོ་རྗེ་འབར་ཟུང་དུ་འཇུག་པའི་རྣམ་འཕྲུལ་བརྟུལ་ཞུགས་རྩལ་ལྡན་ཉི་མ་སེང་གེས་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ་གྱིས་མཚོན་ཆོས་གཏེར་རྒྱ་ཆེ་བ་སྤྱན་དྲངས་ནའང་ཡུམ་དང་འཁོར་གྱིས་ཐུགས་སུན་ཆེན་པོ་བྱུང་བའི་རྐྱེན་ལ་བརྟེན་འགྲོ་དོན་མ་བྱུང་བས་ཕལ་ཆེར་ཡང་གཏེར་དུ་སྦས། གཏེར་ཞབས་གཏེར་སྟོན་འགའ་ཞིག་གིས་ཕྱུང་བར་གྲགས་པ་ལས་བླ་རྫོགས་ཐུགས་གསུམ་ཀུན་འདྲིལ་གྱི་སྐོར་འདི་མང་ཡུལ་བྱམས་པ་སྤྲིན་གྱི་ཀ་གཞུར་ཡང་གཏེར་དུ་བསྩལ་པ། དེང་སང་སྙིགས་མ་ལྔ་ཆེས་བདོ་བས་བོད་ཁམས་སྐྱེ་དགུ་འདི་ཕྱི་ཀུན་ཏུ་སྡུག་བསྔལ་ཆེན་པོས་ཉམ་ཐག་པ་ལ་བཀའ་དྲིན་མཉམ་མེད་གུ་རུ་རིན་པོ་ཆེའི་ཐུགས་རྗེའི་ཤུགས་ཕྱུང་སྟེ་ཟབ་མོའི་ཆོས་དང་མྱང་གྲོལ་དམ་རྫས་སོགས་རྩལ་སྤྲུགས་སུ་བྱོན་པ་ལྟ་བུའི་སྐལ་ལྡན་རྣམས་སྐལ་པ་བཟང་པོར་གྱུར་པའི་སྐབས་འདིར། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་ཕྲག་གཅིག་ལ་གསུམ་གྱིས་ལྷག་པའི་རྩེ་མོར་བསམ་བཞིན་སྲིད་པ་བཟུང་བ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག །གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན། མ་བྱུང་མི་འབྱུང་འབྱུང་བར་དཀའ་བའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རབ་ཚེས་དང་པོ་མེ་ཡོས་ཟླ་བ་ལྔ་པའི་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་སུ། ཞིང་སྐྱེས་མཁའ་འགྲོ་ཙཎྜི་ཀཱས་ཤོག་སེར་སྒྲིལ་ཁ་ཆུང་ངུ་ཞིག་ཕྱག་ཏུ་ཕུལ་བ་ལོ་སྐོར་གཅིག་ཏུ་གསང་བའི་རྒྱས་བཏབ། ཕྱིས་རབ་ཚེས་ས་ཡོས་ལོའི་སོས་ཀར་སྔར་གྱི་མཁའ་འགྲོས་ཤོག་སེར་འབེབ་པར་བསྐུལ་པ་དང་། ཉམས་ཀྱི་སྣང་ཆར་གཡོ་རུ་ཁྲ་འབྲུག་གི་ཁྱམས་སྟོད་ཨོ་རྒྱན་ལྷ་ཁང་དུ་ཕེབ། སྐུ་ཚབ་ཉིད་གུ་རུ་རིན་པོ་ཆེ་དངོས་སུ་གྱུར་ནས་བཀའ་འདུས་སྒྲུབ་ཆེན་སྟེགས་བུའི་ཁར་དཀྱིལ་འཁོར་སོགས་ཀྱང་སྐད་ཅིག་གིས་སྤྲུལ་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཉམས་དེ་ལས་སད་པ་ན། བརྡ་ཡིག་ཚིག་དོན་ཐམས་ཅད་བཀྲ་ལམ་གྱིས་གསལ་པ་ལྟར་ཨོ་རྒྱན་ཆེན་པོར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཉིན་ཞག་གཉིས་ལ་རྩོལ་མེད་དུ་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བཞེས། རིམ་པར་སྨིན་གྲོལ་བདུད་རྩིས་སྐལ་ལྡན་རྣམས་རྗེས་སུ་བཟུང་བར་མཛད་པ་སྟེ། དེ་ལྟ་བུའི་སྨིན་བྱེད་རྩ་བའི་དབང་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་སྐབས་འདིར་དབང་བསྐུར་རྒྱས་པ་ཉིད་བསྒྲུབ་པ་ལ་སོགས་སྤྱི་ལྟར་བརྗོད་ནས་མཎྜལ་འབུལ་དུ་གཞུག །འདི་ཕྱིན་གྱི་མཚམས་སྦྱོར་ཕལ་ཆེར་སྤྱི་མཐུན་གྱིས་རིགས་འགྲེ་བ་དང་། གཏེར་གཞུང་དངོས་ལྷུ་སྦྲེལ་ལུགས་སྐབས་ཕྱེད་པར་བྱས་ཏེ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དགབ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཁྱབ་བདག་གཙོ་བོ་སོགས་ཀྱིས་གསོལ་བ་ལན་གསུམ་གདབ། དྲིས་ལན་དང་གནང་བར་གདམས། སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བདུན་པ། སྡོམ་བཟུང་རྣམས་སྔོན་འགྲོའི་སྐབས་ལྟར་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །ནང་གི་སེམས་བསྐྱེད་པ་བཅས་ཀྱིས་ཕྱི་འཇུག་གྲུབ། ནང་འཇུག་ལ་དཀྱིལ་འཁོར་སྒོ་དབྱེའི་སྔགས་བརྗོད་ལ་ཡོལ་བ་བསལ། ཤར་སྒོ་ནས་གཡས་སྐོར་གྱིས་ཕྱག་བྱ་བའི་མོས་པས་སྔགས་ལན་བཞི་བརྗོད། དམ་ཆུ་སྦྱིན་ཞིང་བྲོ་བོར། ཡེ་ཤེས་དབབ་པའི་བསྐྱེད་ཆོག་སྐབས། རྡོ་རྗེ་སྲུང་བའི་འཁོར་ལོ་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་བདག་བསྐྱེད་སྐབས་ལྟར་ཚང་བར་བརྗོད་པས་གསལ་གདབ། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབ། སློབ་དཔོན་མདུན་བསྐྱེད་བཅས་པའི་སོགས་དང་སྤྱན་འདྲེན་སྔགས་རྣམས་བརྗོད་པས་དབབ་ཅིང་བརྟན། མེ་ཏོག་དོར། སླར་བཅིངས་ལ་གསང་མཚན་གདགས་ལ་ཤོག་དྲིལ་སྦྱིན། མིག་དབྱེ་དཀྱིལ་འཁོར་བལྟ་བར་བསྐུལ། འདི་ལྟར་ལྷག་པ་གཟུགས་བརྙན་གྱིས་མཚོན་པའི་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི། འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སོགས་མདུན་བསྐྱེད་སྐབས་ལྟར་བརྗོད་པ་ལ་ས་བོན་དོར་ཏེ། དེའི་དབུས་སུ་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་སོགས་ནས། སྙིང་པོར་ཟླ་བའི་དཀྱིལ་འཁོར་ལ། ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་ནས། བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པ། དེ་ཉིད་ནང་ལྟར་སོགས་དབང་གཞུང་ལྟར་བརྗོད་པས་འཇུག་པ་གྲུབ། དངོས་གཞིའི་ཐོག་མར་མཎྜལ་ཕུལ། གསོལ་གདབ་ལན་གསུམ། ཕན་པའི་དབང་ལྔ་བསྐུར་བ་ལ། སློབ་དཔོན་མདུན་བསྐྱེད་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་མཁའ་ཁྱབ་ཏུ་སྤྱན་དྲངས་པ་སོགས་ཀྱིས་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་བཅས་བསྐུར་ལ་སྨོན་ལམ་གདབ། ནུས་པའི་དབང་ལ། སྐུ་ཕྱག་རྒྱ་གཙོ་འཁོར་ཙཀླི་སོ་སོ། ཁྲོ་བོ་དང་སངས་རྒྱས་སྟོང་ལ་སྤོམ་ཙཀ་བསྐུར་སྨོན་ལམ་དང་ངོ་སྤྲད། གསུང་བཟླས་ལུང་གི་དམིགས་པ་གཞུང་ལྟར་ལ་སྤྲོ་བསྡུའི་དམིགས་པ་བཟླས་པའི་སྐབས་ལྟར་ཕོག་ལ་བསྙེན་སྒྲུབ་ལས་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །བྱེ་རུའི་སྔགས་ཕྲེང་མགྲིན་པར་བཞག་པ་དང་། སྨོན་ལམ་དང་ངོ་སྤྲོད་བྱ། ཐུགས་ངོ་སྤྲོད་ལ་མེ་ལོང་སྙིང་གར་བཞག་པ་སོགས་དང་། ཡོན་ཏན་མྱང་གྲོལ་བུམ་པའི་དབང་ལས་སྦྱོར་དྲུག་པ་ནས་འབྱུང་བ་ལྟར། བུམ་པ་ཡེ་ཤེས་འོད་ཀྱི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམས་བཞུགས་པ་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན། སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པར་ཐོབ། མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་སྨིན་ཅིང་གྲོལ་བའི་ནུས་རྩལ་རྫོགས་པར་མོས་ལ། ཧྲཱི༔ རིན་ཆེན་བུམ་པ་སོགས་དང་སྔགས་བརྗོད་ལ་དབང་བསྐུར། རིལ་བུ་ལྷར་གསལ་བ་སོགས་ཀྱི་དམིགས་པ་ཕོག་ལ་རིལ་བུ་སྦྱིན། དབང་གཞུང་ལྟར། སྨོན་ལམ་དང་རྗེས་གནང་བྱ། ཕྲིན་ལས་སྣ་ཚོགས་རྡོ་རྗེའི་དབང་སོགས་དེ་མཚུངས་མཐར། དབང་ལྷ་བསྟིམ་རྟེན་སྙིང་གིས་རབ་ཏུ་གནས། མཆོད་ཅིང་ཤིས་བརྗོད་ཀྱིས་མངའ་དབུལ། བུམ་དབང་གི་རྟོགས་པ་བརྗོད། དེ་ནས་ཟབ་མོའི་དབང་གསུམ་གྱི་དང་པོ་གསང་དབང་དམིགས་པ་ཕོག །ཐོད་ཆང་སྦྱིན། སྨོན་ལམ་དང་རྗེས་གནང་རྟོགས་པ་བརྗོད། གཉིས་པ་ཤེར་དབང་དམིགས་པ་བཅས་སིནྡྷུ་རའི་མེ་ལོང་ལག་ཏུ་གཏད། ཐིག་ལེ་སྙིང་གར་བཀོད། སྨོན་ལམ་རྗེས་གནང་རྟོགས་བརྗོད་བྱ། གསུམ་པ་དབང་བཞི་པ་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱི་དབང་བླ་མའི་གཏོར་ཆེན་གྱིས་བསྐུར་བ་དང་། ཉམས་མྱོང་སྒོམ་པའི་སྟོབས་ཀྱི་དབང་བརྡ་དང་ཚིག་གིས་མཚོན་ནས་སྨོན་ལམ་རྗེས་གནང་བྱ་ཞིང་རྟོགས་པ་བརྗོད། མེ་ཏོག་འཐོར་ཅིང་ཤིས་བརྗོད་རྒྱས་པར་སྤེལ། དབང་རྟེན་དམ་ཚིག་བསྒྲག །གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། དེ་ནས་དབང་འབྲིང་བསྡུས་སྦྲེལ་ན། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་རྒྱས་པ་གྲུབ་པའི་གཏང་རག་དང་། སླར་དོན་གྱི་སྨིན་བྱེད་སྣོད་རུང་མདོར་བསྡུས་སུ་བསྒྲུབ་པ་དབང་བསྐུར་འབྲིང་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་གཞུག །ཁྱབ་བདག་གཙོ་བོ་སོགས་ཀྱིས་གསོལ་བ་ལན་གསུམ། སྐྱབས་སེམས་སྡོམ་བཟུང་རྣམས་སྔོན་འགྲོ་ལྟར་བྱ། ཡེ་ཤེས་དབབ་པ་གོང་གསལ་དབང་རྒྱས་པའི་སྐབས་ལྟར་ལ་སྔགས་ཀྱིས་བརྟན། དེ་ནས་སྐུ་བུམ་པ། གསུང་བདུད་རྩི། ཐུགས་མེ་ལོང་དབང་རྣམས་བསྐུར། སྨོན་ལམ་གདབ། རྗེས་གདམས་སྦྱིན། དེས་སྐུ་གསུང་ཐུགས་སོགས་རྟོགས་པ་བརྗོད། དེ་ནས་དབང་དོན་གྱི་སྙིང་པོ་བསྡུས་པ་བྱིན་རླབས་གཏོར་མའི་བརྡ་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ཅེས་མཚམས་སྦྱར་ནས་ཡི་དམ་གཏོར་མ་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་གདབ། གནས་གསུམ་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས་པས་དབང་བཞི་བསྐུར་བའི་དམིགས་པ་ཕོག་ལ། ཨོཾ་ཨཱཿཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དད་མོས་ཅན་གྱི་སྤྱི་བོར་སོགས་གོང་བླ་མའི་བྱིན་རླབས་ཀྱི་ཚིག་རྐང་ལྔ་པོའི་མཐར། བསྙེན་སྒྲུབ་ཀྱི་སྔགས་དང་། ཀཱ་ཡ་སོགས་བརྗོད། གཏོར་མ་གནས་གསུམ་དུ་རེག་ཅིང་། སླར་སྔགས་ཀྱིས་བསྟིམ་པ་བཅས་བྱ། འབྲིང་བསྡུས་ཀྱི་མཚམས་སྦྱོར་ཟུར་དུ་བཀོད་པའང་ཡོད་པས་སྤྲོ་ན་དེར་བལྟ། དེ་ནས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ་བཅས་གྲུབ་ནས། དེ་ལྟར་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པའི་སྣོད་རུང་དུ་གྲུབ་ནས། གྲོལ་བྱེད་ཁྲིད་ཀྱི་རིམ་པ་བསྟན་པ་ལ། ཞེས་མཚམས་སྦྱར་ནས། རིམ་པ་དང་པོའི་རྣལ་འབྱོར་བསྙེན་སྒྲུབ་རྩ་བ་ཙམ་དང་། རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་ཁྲིད་ཀྱི་ལེའུའི་དབུ་ནས་བརྩམ། མཐར་ཐུག་གི་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ༔ ཞེས་པའི་བར་ངག་དལ་ཞིང་སྒྲ་དག་པས་གོ་བརྡ་འཕྲོད་པར་བཀླག །དེས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་གྲུབ། བཀྲ་ཤིས་འཆི་མེད་རྡོ་རྗེ་ཚེའི་སྒྲུབ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཚེ་དབང་རང་ལེ་ལྟར་གསོལ་བ་གདབ། སྐྱབས་སེམས། ཚོགས་གསག །སྡོམ་བཟུང་རྣམས་སྔོན་འགྲོ་ལྟར་བྱར་གཞུག །ཡེ་ཤེས་པ་དབབ་པ་ལ་རྩ་དབང་རྒྱས་པ་ལྟར་ལུས་གནད་སོགས་དང་མོས་གུས་བྱས་ཤིང་ཧྲཱིཿའི་སྒྲས་སྟོང་པར་སྦྱང་། པདྨ་རྒྱལ་པོ་ཚེའི་བདག་པོ་ཡབ་ཡུམ་གནས་ལྔར་རིགས་ལྔ་བཅས་བསྐྱེད། གནས་གསུམ་བྱིན་རླབས། སྙིང་གའི་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལྟེ་བར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿནྲྀ་ཨ་གསུམ་འོད་འབར་བའི་ཚེ་རྟེན་གསལ་གདབ་དབབ་བརྟན་གོང་མ་རྣམས་ཀྱིས་འགྲེ། བདག་མདུན་ལྷ་ཚོགས་རྣམས་ཀྱི་སོགས་དམིགས་པ་གསལ་གདབ། མདའ་དར་གཡབ་ཅིང་ཚེ་འགུགས་གྱེར། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་སོགས་དམིགས་པ་གསལ་བས། བུམ་དབང་། བདུད་རྩི། ཚེ་རིལ། ཚེ་གཏོར་རྣམས་ཀྱིས་དབང་བསྐུར། དེ་ལྟར་དབང་བསྐུར་བས་ཚེའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་བར་སོགས་ཚེ་བཅིང་ཞིང་རྒྱས་གདབ། བརྟན་པར་བྱས་ལ་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཤིས་པ་བརྗོད། དེ་ལྟ་བུའི་རྡོ་རྗེའི་ཚེ་སྒྲུབ་པས་མཚོན་དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་བསལ་བར་བྱེད་པ་པདྨ་ཀཱི་ལ་ཡ་ཕྱག་རྒྱ་གཅིག་པའི་བྱིན་རླབས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། རང་གཞུང་ལྟར་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་རྒྱུད་སྦྱང་། སེམས་ཉིད་མ་བཅོས་པའི་སྒྲ་གདངས་ཧཱུྃ་ཧཱུྃ་ཞེས་སོགས་ཀྱིས་སློབ་མ་ལྷར་བསྐྱེད། གནས་གསུམ་བྱིན་བརླབ། ཡེ་ཤེས་དབབ་ཅིང་སྔགས་ཀྱིས་བརྟན། དཔལ་གཏོར་ལྷར་གསལ་བས་སྐུའི་དབང་བསྐུར། བཟླས་ལུང་དམིགས་པའི་གཞི་སྤྱི་མཐུན་ལ་སྤྲོ་བསྡུའི་ཁྱད་པར་རང་གཞུང་ལྟར་སྦྱར་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་དང་། རཀྴའི་སྔགས་ཕྲེང་གིས་གསུང་དབང་། ཕུར་པས་ཐུགས་དབང་བསྐུར། བདུད་ལས་རྣམ་པར་རྒྱལ་བའི་ཤིས་བརྗོད་དང་། དམ་ཚིག་བསྒྲག་བཟུང་། གཏོར་རག་མཎྜལ་ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་རྩ་བ་ཡན་ལག་དང་བཅས་པའི་དབང་བསྐུར་ཚང་བ་གྲུབ། སློབ་དཔོན་གྱིས་ཚོགས་ལ་ལོངས་སྤྱད་ཅིང་ལྷག་མ་བྱིན་བརླབས་ནས་བསྔོ། ཐུགས་དམ་བསྐུལ་ལ་ཆད་མདོའི་ཐ་ཚིག་བསྒྲག །བརྟན་མ་བསྐྱང་ཞིང་རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད་རྒྱས་པར་ཕུལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །མཚན་ཐོས་ཙམ་གྱིས་འཁོར་བ་དོང་སྤྲུགས་ཞེས། །བདེན་གསུང་རྔ་ཆེན་ཕྱོགས་བཅུར་བསྒྲགས་པས་ན། །དཀྱིལ་འཁོར་འདིར་ཞུགས་བདག་གཞན་ལུས་ཅན་རྣམས། །གདོན་མི་ཟ་བར་བདེ་ཆེན་ཞིང་སྐྱེས་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་དགོངས་དོན་དང་། ཕྱག་བཞེས་མི་འཁྲུལ་བའི་ལས་ཐོ་ཙམ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).