Terdzo-HI-010: Difference between revisions

From Rinchen Terdzö
m (Text replacement - "{{UnderConstruction }} " to "")
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
 
(2 intermediate revisions by the same user not shown)
Line 40: Line 40:
|pagecreationdate=6/20/2016
|pagecreationdate=6/20/2016
}}
}}
 
{{Header}}
{{Header
<h1 style="font-size: 24px !important;">Tibetan Text</h1>
}}
= Tibetan Text =
<onlyinclude>
<onlyinclude>
<div id='tibetan' class='tib-text'>
<div id='tibetan' class='tib-text'>
Line 49: Line 47:
ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། གཞི་དབྱིངས་ཀ་དག་འོད་གསལ་ཆོས་ཀྱི་སྐུ། །གཞི་སྣང་རིག་པ་རང་གྲོལ་གདོད་མའི་མགོན། ཁྱབ་བདག་བླ་མར་སྣང་བས་བདག་གཞན་གྱི། །འཁྲུལ་རྟོག་དབྱིངས་སུ་སངས་པའི་བྱིན་རླབས་སྩོལ། །ཐོས་པ་ཙམ་གྱིས་འཁོར་བ་དོང་ནས་སྤྲུག །སྒོམ་པས་སྲིད་པ་དབྱིངས་སུ་རུ་ལྡོག་པ། །འོད་གསལ་རྡོ་རྗེ་རྩེ་མོའི་ཡང་ཏིག་གི །ཁྲིད་རིམ་འཆད་ལ་སྲུང་མས་གནང་བ་སྩོལ། །དེ་ལ་འདིར་བརྒྱུད་གསུམ་བླ་མ་རྣམས་ཀྱིས་ཐུགས་ཀྱི་ཡང་བཅུད། ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་སྙིང་གི་ཟུངས་ཁྲག །ཐེག་དགུའི་ཡང་རྩེ་ཨ་ཏི་ཕྱི་ནང་གསང་སྐོར་ཀུན་གྱི་ཟབ་དོན་ཡང་ཏིག་ཏུ་ཕྱུང་པ། ལས་ངན་དག་པའི་ཁྲུས་ཆུ། སྡིག་སྒྲིབ་གཞར་བའི་སྤུ་གྲི། ཐར་ལམ་ཁྲིད་པའི་ལམ་མཁན། བར་དོ་བསྒྲོད་པའི་སྐྱེལ་མ། ཞིང་ཁམས་བལྟ་བའི་མེ་ལོང་། སུས་ཐོབ་འཚེངས་པའི་ནོར་བུ། ཆོས་གཞན་ལས་ཁྱད་པར་འཕགས་པའི་ཡོན་ཏན་བཅུ་དང་ལྡན་པ་རྫོགས་པ་ཆེན་པོའི་ཡང་ཏིའི་སྐོར་ལ་ལྟ་བ་ཟང་ཐལ་ཆེན་པོ་དང་། ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ། ཡེ་ཤེས་འཁོར་ལོའི་རྒྱུད་སོགས་རྣམ་གྲངས་བཅོ་ལྔ་ཙམ་བྱོན་པ་ཐམས་ཅད་ཀྱི་དགོངས་པའི་ཟབ་བཅུད། སྙིང་པོར་དྲིལ་བ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་རིམ་ཁྱད་པར་ཅན་སྟོན་པ་ལ་གཉིས། གདམས་པ་ལ་འཇུག་པའི་རྒྱུ་རྐྱེན། གདམས་པ་དངོས་བསྟན་པའོ། །དང་པོ་ལ་གསུམ། འཆད་པ་པོ། འཆད་ཡུལ། མཐུན་རྐྱེན་ནོ། །དང་པོ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོགས་གསུངས་པ་བཞིན་དང་། ཁྱད་པར་ཡང་། དང་པོར་སྒོམ་འདེབས་པ་ལ་མཁས་པ་ཞིང་པ་སོ་ནམ་མཁན་ལྟ་བུ། བར་དུ་ཉམས་སྐྱོང་བ་ལ་མཁས་པ་རྫི་བོ་ལྟ་བུ། ཐ་མར་སྐྱོན་ཡོན་ཏན་དུ་བསྒྱུར་མཁས་པ་ཚོས་མཁན་ལྟ་བུ། ཐུན་མོང་དུ་གེགས་སེལ་བ་ལ་མཁས་པ་དེད་དཔོན་རྒྱ་མཚོར་འཇུག་པ་ལ་གོམས་པ་ལྟ་བུའི་ཡོན་ཏན་དང་ལྡན་པའོ། །གཉིས་པ་འཆད་ཡུལ་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་པ་ལྟར་རོ། །གསུམ་པ་མཐུན་རྐྱེན་ནི། སློབ་མ་དེས་བླ་མ་མཉེས་པ་དུ་མའི་སྒོ་ནས་ཚུལ་བཞིན་བསྟེན་ལ་གདམས་པའི་ཕུ་ཐག་བཅད། གྲོགས་ཆོས་མཐུན་ལྟ་སྤྱོད་གཅིག་པ་དང་འགྲོགས། ཡོ་བྱད་གཡེང་བས་མི་བྲེལ་བར་གསག །གནས་མཐོ་ཞིང་དྭངས་པའི་དབེན་པ་བརྟེན། དུས་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བསྔགས་པ་འོ། །ཞེས་ངོ་སྤྲོད་དང་ཉམས་སྣང་འཕེལ་བ་ལ་དམིགས་སུ་བསྔགས་པ་རྣམས་སོ།། ༈ །།གཉིས་པ་གདམས་པ་དངོས་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ་དང་། དབང་གི་སྒོ་ནས་སྨིན་པར་བྱ་བ་དང་། གདམས་ངག་གི་སྒོ་ནས་ཉམས་ལེན་བསྟན་པའོ། །དེ་ལ་དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་སྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་པས་དེ་ཡང་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ཡེ་རྫོགས་དང་པོའི་སངས་རྒྱས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་ཡེ་ནས་འཕེལ་འགྲིབ་མེད་པར་དུས་གསུམ་མཉམ་པ་ཉིད་དུ་བཞུགས་པ་ལས། དེའི་རྩལ་འགག་པ་མེད་པ་ལོངས་སྤྱོད་རྫོགས་སྐུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་རང་སྣང་བར་མཛད་པ་ལ་ཐུགས་དགོངས་པ་རོ་མཉམ་པར་གསུངས་པ་ནི་དགོངས་བརྒྱུད་དོ། །དེ་ནས་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་སྤྲུལ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བརྟུལ་ཞུགས་སྐྱོང་ཞིང་བསམ་གཏན་ལ་བཞུགས་པའི་དུས་སུ། ནམ་སྟོད་ནམ་གུང་ཐོ་རངས་ནམ་ལངས་ཁའི་དུས་བཞིར་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་རྣམས་མངོན་སུམ་དུ་རིམ་པར་བྱོན་ནས། གསེར་དངུལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གྭའུ་རྣམས་རང་བབས་སུ་གཏད་ཅིང་བརྡ་བསྟན་པ་ཙམ་ལ་དགོངས་པ་མཉམ་པ་ཆེན་པོ་བརྙེས་སོ། །དེས་གངས་ཅན་བོད་ཀྱི་ཡུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་གཅིག་མཁར་ཆེན་བཟའ་མཚོ་རྒྱལ་ལ་དཔེ་དང་བརྡ་ལ་བརྟེན་ཏེ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་གསུངས་པ་ནི་རིག་འཛིན་བརྡ་བརྒྱུད་དོ། །དེ་ནས་ཨོ་རྒྱན་ཡབ་ཡུམ་གྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཀྱི་བདག་པོ་ལ་འཕོ་བར་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་ཤོག་སེར་ཚིག་གི་ཡི་གེ་རིས་སུ་བྲིས་ནས་གཏེར་བདག་མཁའ་འགྲོ་རྣམས་ལ་གཏད་རྒྱ་དང་བཅས་ཏེ་ཤར་དྭགས་ལ་སྒམ་པོའི་མཚོ་མཎྜལ་ནག་པོའི་འགྲམ་བྲག་རུས་སྦལ་ནག་པོར། ཤར་གཏེར་ལེགས་སྨིན་རིན་པོ་ཆེའི་འབྲས་བུ་ལྟ་བུའི་གཏེར་ཁའི་ནང་ཚན་དུ་སྦ་བར་མཛད་པ་ཉིད། སྤྲུལ་པའི་གཏེར་སྟོན་འགྲོ་མགོན་དུང་མཚོ་རས་པས་སྤྱན་དྲངས་ཏེ་སྐལ་ལྡན་སངས་རྒྱས་དྲང་སྲོང་ལ་བསྟན་པ་ནས་རིམ་བཞིན་ད་ལྟའི་བར་དུ་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ། ཉམས་མྱོང་གི་དྲོད་རྟགས་མ་འགྲིབ་པ་ནི་གང་ཟག་སྙན་བརྒྱུད་དེ། དེ་ལྟར་ཡང་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་བྱུང་། །ཅེས་སོ།། ༈ །།གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱ་བ་ནི་དབང་དངོས་དང་དམ་ཚིག་གོ །དང་པོ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་རབ་ཏུ་སྤྲོས་པ་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པར་ལྡན་པ་སྨིན་པ་བྱ། །ཞེས་གསུངས་པ་ལྟར། བུམ་དབང་ཆེན་མོ་དང་། དབང་གོང་མ་གསུམ་གུད་དུ་སྦས་པ་ཟབ་རྒྱར་གདམས་པ་རྣམས་བླ་མ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་དང་བཅས་པས་སྨིན་པར་བྱའོ། །གཉིས་པ་དམ་ཚིག་ནི། སྤྱིར་སྐུ་གསུང་ཐུགས་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་འདི་ནི་བསྲུང་བྱ་དམིགས་སུ་མ་གྲུབ་པས་ཡེ་བསྲུང་ཆེན་པོའི་དམ་ཚིག་སྟེ། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་ལྟར་མེད་པ། ཕྱལ་པ། གཅིག་པུ། ལྷུན་གྲུབ་སྟེ་ལྟ་བའི་དམ་ཚིག་ཆེན་པོ་བཞིས་ཆིངས་སུ་བཅིངས་ཤིང་འགགས་བསྡམས་པའོ།། ༈ །།གསུམ་པ་གདམས་ངག་ཉམས་ལེན་དངོས་བསྟན་པ་ལ་གསུམ། རྒྱུད་སྣོད་རུང་དུ་སྒྲུབ་པར་བྱེད་པ་སྔོན་འགྲོ། ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་དངོས་གཞི། རྣལ་འབྱོར་བཞིའི་ཉམས་ལེན་དང་གྲོལ་ཚུལ་བཤད་པ་མཐའ་རྟེན་རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་གསུམ། ངེས་འབྱུང་གིས་བློ་བཅོས་པ། འདུ་འཛིའི་ཉེས་པ་དང་སྒོམ་གྱི་ཕན་ཡོན་བསྟན་པ། རྒྱུད་དག་པར་བྱེད་པའི་རིམ་པ་དངོས་སོ། །དང་པོ་ལའང་བཞི་སྟེ། སློབ་དཔོན་ཆེན་པོས། དེ་ནས་བླ་མས་སློབ་མ་ལ། །ཐོག་མར་དལ་འབྱོར་རྙེད་དཀའ་བསྟན། །ཞེས་གསུངས་པ་ལྟར་དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་ནས་དོན་མེད་འཁོར་བའི་བྱ་བ་སྤངས་ཏེ་ཐར་པ་དོན་དུ་གཉེར་དགོས་པས། འདི་ལྟར་བདག་གིས་དལ་འབྱོར་གྱི་མི་ལུས་ད་ལམ་ལན་གཅིག་ཙམ་ཐོབ་པ་འདི་ནི་ཤིན་ཏུ་སྐལ་པ་བཟང་པོ་སྟེ། ངོ་བོ་མི་ལུས་གཅིག་གི་སྟེང་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་དགོས་པ། རྒྱུ་དགེ་བའི་ལས་ཚན་པོ་ཆེ་བསགས་དགོས་པ་དང་། རྐྱེན་སྦྱིན་སོགས་དགེ་གྲོགས་རླབས་པོ་ཆེ་དང་སྨོན་ལམ་གྱི་མཚམས་སྦྱོར་ཁྱད་པར་ཅན་ལ་ལྟོས་པ་དང་། དཔེ་ཡང་ཀུན་མཁྱེན་ཀློང་ཆེན་པས་སེམས་ཉིད་ངལ་གསོར། ཇི་ལྟར་མཚོ་དབུས་གཡེངས་པའི་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་སྲིད་བས་ཀྱང་། །མི་ཉིད་རྙེད་དཀར་ལྷ་མིའི་སྟོན་པས་གསུངས། །དལ་འབྱོར་རིན་ཆེན་ལུས་རྙེད་སྨྲོས་ཅི་དགོས། །ཞེས་སོ། །གྲངས་ལ་བསམས་ཀྱང་། དུད་འགྲོ་ཁ་འཐོར་བ་དབྱར་དུས་ཀྱི་སྔོ་ཕོན་གཅིག་ལ་གནས་པ་དང་། རང་གིས་མཐོང་བའི་མི་རྣམས་ལ་དཔག་ནའང་སྲིད་མཐའ་ཙམ་པ་དངོས་སུ་མཐོང་། དེ་ལྟ་བུ་རྙེད་དཀའ་བ་ལས་ཀྱང་རྙེད་ན་དོན་ཆེ་བ་སྟེ། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་ཏེ་མི་ལུས་འདི་ལ་བརྟེན་ནས་གནས་སྐབས་ལྷ་མིའི་བདེ་འབྲས། མཐར་ཐུག་ཐེག་པ་གསུམ་གྱི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་སྒྲུབ་ནུས་ཤིང་། ད་རེས་ལམ་སྣ་མ་ཟིན་ན་ཕྱིས་ནས་དལ་འབྱོར་ཐོབ་པར་དཀའ་སྟེ། སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། ཕ་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས་པའི་དོན་ཡིད་ལ་དྲན་པར་བྱའོ། །གཉིས་པ་འཆི་བ་མི་རྟག་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་སྤང་ཞིང་ཆོས་ལ་བརྩོན་འགྲུས་བསྐྱེད་དགོས་ཏེ། སྤྱིར་སྣོད་ཀྱི་འཇིག་རྟེན་ལ་ཆགས་གནས་འཇིག་སྟོང་། ནང་བཅུད་ཀྱི་སེམས་ཅན་ལ་སྐྱེ་རྒ་ན་འཆི། ལོ་ཟླ་ཞག་དུས་ལ་འཕོ་འགྱུར་གྱིས་མི་རྟག་སྟེ་འདུས་བྱས་ཀྱི་མཚན་ཉིད་ནི། ཚོམས་ལས། བསགས་པ་ཀུན་གྱི་མཐར་འཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར། །ཞེས་སོ། །བྱེ་བྲག་ཏུ་མིའི་ལུས་རྟེན་འདི་སྐྱེས་ཟིན་ནས་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས། དེ་རེ་རེ་ལའང་རྒྱུ་མཚན་གསུམ་རེ་ཡོད་དེ། གུ་རུ་པདྨའི་གསུང་ལས། ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར། །འཆི་བ་དང་ནི་མི་རྟག་བསྒོམ། །དང་པོ་འཆི་བར་ངེས་པ་གསུམ། །སྐྱེས་མཐར་འཆི་བར་འདུག་པ་དང་། །ཕུང་པོ་འདུས་བྱས་ཡིན་པ་དང་། །ཉིན་མཚན་སྡོད་པ་མེད་པས་སོ། །དེ་བཞིན་ནམ་འཆི་ཆ་མེད་གསུམ། །ཚེ་ལ་ངེས་པ་མེད་པ་དང་། །ལུས་ལ་སྙིང་པོ་མེད་པ་དང་། །འཆི་བའི་རྐྱེན་ནི་མང་བས་སོ། །འཆི་ཚེ་ཅིས་ཀྱང་མི་སྟོངས་གསུམ། །བྱམས་པ་གཉེན་གྱིས་མི་སྟོངས་དང་། །བསགས་པའི་ནོར་གྱིས་མི་སྟོངས་དང་། །དཔའ་འཛངས་བབས་ཀྱིས་མི་སྟོངས་པའོ། །ཞེས་གསུངས། མདོར་ན་མི་ལུས་རིན་པོ་ཆེ་འདི་ལན་གཅིག་ཐོབ་ནས་མི་འཇིག་པ་ཞིག་ཡིན་ན་དེ་ཀས་ཆོག་མོད། ཁམས་གསུམ་ན་སྐྱེས་པ་མཐའ་དག་འཆི་བ་ལས་མ་འདས་ཏེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཞེས་གསུངས་པས། སྔར་བསྐལ་པ་ཆགས་ནས་ད་ལྟའི་བར་མཆོག་དམན་བར་མའི་འགྲོ་བ་དེ་ཙམ་ཞིག་འདས་ཏེ་མ་ཤི་བར་ལུས་པ་གཅིག་ཀྱང་མེད། ད་ལྟའི་འདི་ཀུན་ཀྱང་ལོ་འགའ་ཞིག་གི་ནང་དུ་མིང་སྟོང་པ་རེ་ཤུལ་དུ་བཞག་ནས་གཅིག་ཀྱང་མ་ལུས་པ་འགྲོ་སྟེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་འཆི་བའི་རྐྱེན་ནི་ནད་མཚོན་དུག་སོགས་ཤིན་ཏུ་མང་ལ་འཚོ་ཐབས་སུ་བརྟེན་པའི་ཟས་སྨན་ཡང་ལོག་པར་གྱུར་ཏེ་འཆི་རྐྱེན་བྱེད། མདོར་ན་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་མི་འཆི་བའི་ངེས་པ་མེད་དེ། ཁྱོད་ཀྱིས་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །གང་ཞིག་སྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་རྟུན་ལ་གྱིས། །ཞེས་དང་། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས། ད་ལྟར་ཤི་ཡང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན་ལས་འབྲས་མ་བསམ་པས་ལན་ཏེ། ལས་འབྲས་ཆུད་མི་ཟ་བས་རིགས་དྲུག་ཏུ་སྐྱེ་བར་འགྱུར་བ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །གསུམ་པ་འཁོར་བའི་སྡུག་བསྔལ་བསམ་ནས་འཇིག་རྟེན་འདིའི་བྱ་བ་སྤངས་ཏེ་ཐར་པ་ཁོ་ན་དོན་དུ་གཉེར་དགོས། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་རང་བཞིན་ཚ་བ་ལས་མ་འདས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་ཏེ། དེའང་ཉེ་བར་ལེན་པའི་ཕུང་པོ་འདི་གྲུབ་པ་ཙམ་ནས་སྡུག་བསྔལ་གྱི་རང་བཞིན་དུ་གྲུབ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ལྷ་མི་སོགས་འཁོར་བའི་བདེ་སྐྱིད་ཐམས་ཅད་མཐར་མི་རྟག་ཅིང་འགྱུར་ནས་འགྲོ་བས་འགྱུར་བའི་སྡུག་བསྔལ། འདུ་བྱེད་སྡུག་བསྔལ་སྤྱི་ལ་ཁྱབ་པའི་སྟེང་དུ་ངན་སོང་གསུམ་སོགས་སྡུག་བསྔལ་ཆེན་པོས་མནར་བ་སྡུག་བསྔལ་གྱི་སྡུག་བསྔལ་རྣམས་ཀྱིས་གཙེས་པས། ཁམས་གསུམ་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་པ་མདོ་རྒྱུད་བསྟན་བཅོས་ཀུན་ལས་གསུངས་པའི་དོན་བསྡུས་ཀུན་མཁྱེན་ཀློང་ཆེན་པས། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ཡས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་ཉིད་སྣང་ལོག་རྨི་ལམ་ནད་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །ཅེས་པས། འཁོར་བའི་གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན། མེའི་ཁང་པ་ལྟ་བུ། གཅན་གཟན་དང་མི་རྒོད་ཀྱི་ཁྲོད་ལྟ་བུ། རྒྱལ་པོའི་བཙོན་ར་ལྟ་བུ་སྟེ། དེ་ཉིད་ལས། ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །ཞེས་གསུངས། ཀླུ་སྒྲུབ་ཀྱིས་ཀྱང་། འཁོར་བ་དེ་ལྟར་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་དང་། དམ་པས། འཁོར་བའི་ཉེས་དམིགས་དྲན་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་འོང་དིང་རི་པ། །ཞེས་གསུངས་སོ། །དེས་ན་རང་རེ་རྣམས་ཀྱིས་ད་ལྟའི་དུས་སུ་ལུས་ལ་མེ་སྟག་ཙམ་ཞིག་ཕོག་ཀྱང་མི་བཟོད་ཅིང་། དགུན་ནངས་གཅིག་གི་གྲང་བ་ཙམ་ཡང་མི་བཟོད། ཞག་གཅིག་ཙམ་གྱི་ལྟོགས་ཀྱང་མི་བཟོད་ན། རིགས་དྲུག་གི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་སྟེ། ཀུན་མཁྱེན་ཀློང་ཆེན་པས། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བར། །བདག་སྙིང་ལྕགས་ཀྱི་གར་བུ་ཆེན་པོ་འམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་གསུངས་པ་སོགས་སྙིང་ནས་དྲན་པས་སྐྱོ་ཤས་དང་ངེས་འབྱུང་དྲག་ཏུ་བསྐྱེད་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་ལ་བསམ་ནས་མི་དགེ་བ་མཐའ་དག་སྤངས་ཏེ་ཆོས་ལ་རྩེ་གཅིག་ཏུ་འབད་དགོས། དེའང་སྙིང་རྗེ་པད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། །ལས་ཀྱི་རབ་ཏུ་ཕྱེ་བའོ། །ཞེས་གསུངས་པ་ལྟར་འཁོར་འདས་དང་བདེ་སྡུག་ཐམས་ཅད་ལས་ལས་བྱུང་བ་སྟེ། དེའང་ལས་ཀྱི་རྩ་བ་མ་རིག་པ། ངོ་བོ་གཟུང་འཛིན་གྱི་རྟོག་པས་བསྐྱེད་པའི་ལས་དཀར་ནག་གཉིས་ཀྱིས་བདེ་སྡུག་གི་འབྲས་བུ་འབྱུང་བ་སྟེ། དེའང་རྣམ་པར་གནག་པའི་ལས་མི་དགེ་བ་བཅུ་ནི། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་པས། སྲོག་གཅོད། མ་བྱིན་པར་ལེན། མི་ཚངས་སྤྱོད། རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་མི་དགེ་བ་བཅུ་དང་། དེ་ལས་ལྡོག་པ་ནི་རྣམ་པར་དཀར་བའི་ལས་དགེ་བ་སྟེ། དེ་དག་ལས་བསམ་སྦྱོར་གཉིས་ཀ་དགེ་བས་ཟིན་པ་ཆེ་འབྲིང་ཆུང་གསུམ་གྱིས་འབྲས་བུ་ལྷ་ལྷ་མིན་མི་རྣམས་དང་། དེ་བཞིན་མི་དགེ་ཆེ་འབྲིང་ཆུང་གསུམ་སྤྱད་པས་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་རྣམས་སུ་སྐྱེ་ཞིང་། ཡང་ནོར་རམ་བཀོལ་བའི་ཕྱིར་སྲོག་བསྐྱབ་པ་ལྟ་བུ་བསམ་པ་གནག་ལ་སྦྱོར་བ་དཀར་བའི་ལས་ཀྱིས་བདེ་སྡུག་སྤེལ་མ་དང་། སྲོག་བསྐྱབ་ཕྱིར་རྫུན་སྨྲ་བས་བདེ་འབྲས་བསྐྱེད་ཅིང་། སྙོམས་འཇུག་གི་བསམ་གཏན་སྒོམ་པ་མི་གཡོ་བའི་ལས་ཀྱིས་ཁམས་གོང་མར་སྐྱེ་བར་བྱེད། མདོར་ན་ལས་ཆེ་ཆུང་གང་སྤྱད་ཀྱང་རྣམ་པར་སྨིན་པ་ཆུད་འཛའ་མི་སྲིད་དེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །དགེ་བའི་ལས་སྤྱད་པས་འབྲས་བུ་བདེ་བ་མྱོང་ཞིང་སྡིག་པའི་ལས་ཀྱིས་འབྲས་བུ་སྡུག་བསྔལ་མྱོང་བ་སྟེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླ་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་སོ། །དེ་ཡང་མི་དགེ་བ་ཆུང་ངུས་ཀྱང་འབྲས་བུ་སྡུག་བསྔལ་ཆེན་པོ་མྱོང་བར་གསུངས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་ངུར་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། དགེ་བ་ཆུང་ངུར་བྱས་པས་ཀྱང་འབྲས་བུ་བསོད་ནམས་ཆེན་པོ་འབྱིན་ཏེ། དེ་ཉིད་ལས། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་དང་། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་འགྱུར། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་གསོག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་པས་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་ཅིང་དགེ་སྡིག་གི་བླང་དོར་ཕྲ་ས་ནས་འབད་དགོས་སོ།། །།གཉིས་པ་འདུ་འཛིའི་ཉེས་པ་དང་སྒོམ་གྱི་ཕན་ཡོན་བསྟན་པ་ནི། ལམ་ཉམས་སུ་ལེན་པར་བྱེད་པ་ལ་འདུ་འཛིའི་གཡེང་བ་སྤང་དགོས་པར་གསུང་ལ། འདུ་འཛིའི་མཚན་ཉིད་ལུས་ངག་ཡིད་གསུམ་དོན་མེད་པའི་བྱ་བཞག་ལ་གཡེང་བའོ། །འདུ་འཛིའི་རྒྱུ་བདག་དང་བདག་གིར་འཛིན་པ་ལ་ཆགས་པའོ། །འདུ་འཛིའི་ཉེས་པ་སྤྱིར་ནི་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་རྣམ་གྲངས་ཉི་ཤུ་གསུངས་ཤིང་། བྱེ་བྲག་བུ་སྨད། ཟས་ནོར། གཉེན་འདུན་འཁོར་གཡོག །རྙེད་བཀུར་ལ་ཆགས་པ་སོ་སོར་ཉེས་པ་མང་ཞིང་། འདོད་ཡོན་ལ་ཞེན་ཅིང་ཆགས་པ་ཐམས་ཅད་བདུད་ཀྱི་ལས་ཡིན་པས་དོན་མེད་པར་བསམ་ནས་སྤང་བར་བྱ་སྟེ། སེམས་ཉིད་ངལ་གསོ་ལས། བསམ་གཏན་འདོད་པས་རྣམ་གཡེང་འདུ་འཛི་སྤང་། །ཡུལ་གྱི་དགའ་བ་སྟོན་ཀའི་སྤྲིན་འདྲ་ཞིང་། །གློག་ལྟར་མི་བརྟན་གཡོ་བའི་རང་བཞིན་ཏེ། །ལོངས་སྤྱོད་མི་རྟག་སྒྱུ་མའི་ཁང་བཟང་འདྲ། །ནམ་ཡང་ཡིད་བརྟན་མི་རུང་དེ་སྤོངས་ལ། །མྱུར་བ་ཉིད་དུ་ཞི་བའི་ནགས་འདབས་བརྟེན། །ཅེས་སོ། །འདུ་འཛིའི་གཡེང་བ་དེ་དག་དང་བྲལ་བ་ནི་དབེན་པའི་མཚན་ཉིད་ཡིན་ལ། དེའི་རྒྱུ་ནི་དགོན་པར་གཅིག་པུར་གནས་པའོ། །དབེན་པར་གནས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་རྣམས་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། འཁོར་བ་ལ་ཡིད་འབྱུང་བ་དང་། འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་དང་། ཉོན་མོངས་པ་མི་འཕེལ་བ་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་དབྱུང་སེམས་ཅན་གྱི། །དོན་དུ་དགོན་པའི་གནས་དེར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཆེ་བར་འཕགས། །ཞེས་དང་། དེ་བཞིན་འདུས་བྱས་རྟག་ཏུ་ཡིད་དབྱུང་འགྱུར། །དེ་བཞིན་འཇིག་རྟེན་ཅི་ལའང་འདོད་པ་མེད། ཟག་པ་རྣམས་ནི་རྣམ་པར་འཕེལ་མི་འགྱུར། །ཞེས་དང་། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུ་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འཐོབ་འགྱུར། །ཞེས་སོགས་མཐའ་ཡས་པ་འབྱུང་ངོ་། །དབེན་པར་གནས་ནས་སྒོམ་དགོས་ཏེ་མ་བསྒོམ་པའི་སྐྱོན་ནི། ཐོས་པས་དོན་སྤྱི་གོ་ཡང་སྒོམ་པས་ཉམས་སུ་མ་བླང་ན། སྤང་བྱ་སྤངས་ཤིང་བསྒྲུབ་བྱ་སྒྲུབ་མི་ནུས་ཏེ། བང་མཛོད་ལས། ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་དེ་མི་འགྱུར། །བསྒོམས་པས་ཆོས་ཉིད་དོན་དང་ལྡན། །ཞེས་པས། དཔེར་ན་ཆུ་ཀླུང་ཆེན་པོའི་འགྲམ་དུ་སྐོམ་གྲིར་ཤི་བའམ། མི་ལ་ཟས་བྱིན་ཀྱང་རང་ལྟོགས་ནས་ཤི་བ་དང་འདྲ་སྟེ། ཕལ་པོ་ཆེ་ལས། དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་བཞིན། །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་རྐྱལ་བར་དུ་ཐར་བར་མི་འགྱུར་བས། །ཤེས་ནས་མ་བསྒོམ་ཆོས་ཀྱང་དེ་དང་མཚུངས། །ཞེས་སོགས་དཔེ་མང་པོ་དང་བཅས་ཏེ་གསུངས་སོ། །བསྒོམས་པའི་ཡོན་ཏན་ནི། གང་གིས་བསྐལ་པའི་བར་དུ་ཉན་པ་འམ། ཀློག་པའམ། དགེ་བའི་རྩ་བ་བྱེད་པ་ལ་སོགས་པ་བྱས་པ་བས། སྐད་ཅིག་ཙམ་ལ་ཏིང་ངེ་འཛིན་བསྒོམས་པས་བསོད་ནམས་ཆེ་སྟེ། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གི་སེ་གོལ་གཏོགས་ཙམ་ཞིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ། དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ། །ཞེས་དང་། རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། ཁམས་གསུམ་པ་ཡི་མི་རྣམས་ལ། །སྲོག་སྦྱིན་པ་བས་འདི་དོན་ཆེ། །ཞེས་དང་། གཙུག་ཏོར་རིན་པོ་ཆེའི་མདོ་ལས། བསྐལ་པ་མང་པོའི་བར་དུ་ཐོས་པ་དང་བསམ་པ་བས་ནི། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པས་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྲལ་བར་བྱེད་པའི་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། བསོད་ནམས་ཀྱི་ཚོགས་དང་ལམ་གྱི་ཆོས་ཐམས་ཅད་ཀྱང་ཏིང་ངེ་འཛིན་བསྒོམས་པ་ལ་འདུས་པ་བཀའ་དང་བསྟན་བཅོས་རྣམས་ལས་མང་དུ་འབྱུང་ཞིང་། ཇོ་བོ་རྗེས། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་ལས་བརྩམ་མི་བྱ། །ཞེས་གསུངས་པས་མཉམ་བཞག་ལ་སེམས་བརྟན་པོར་གྱུར་ན་ལུས་ངག་གི་དགེ་སྦྱོར་གཡེང་བའི་རྒྱུ་ཡིན་པས་སྤང་བར་བྱ་བའང་གསུངས་སོ།། །།གསུམ་པ་རྒྱུད་དག་པར་བྱེད་པའི་རིམ་པ་ལ་ལྔ། འཁོར་བའི་སྡུག་བསྔལ་དང་ལམ་ལོག་པ་ལས་སྐྱོབ་པ་སྐྱབས་འགྲོ། ཅི་བྱས་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བ་སེམས་བསྐྱེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ། སྣོད་ཀྱི་སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས། བཅུད་ཀྱི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཡུལ་གང་ལ་འགྲོ་ན་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལའོ། །གང་གི་ཆེད་དུ་འགྲོ་ན། སྡུག་བསྔལ་ཅན་གྱི་འཁོར་བ་ལས་རང་གཞན་སེམས་ཐམས་ཅད་སྐྱོབ་པའི་སླད་དུ། ཇི་སྲིད་ཀྱི་བར་འགྲོ་ན། དེ་དང་དགོངས་པ་མཉམ་པར་མ་གྱུར་གྱི་བར་དུའོ། །ཇི་ལྟར་འགྲོ་ན། བདེ་བའི་སྟན་ལ་འདུག །སེམས་རྣལ་དུ་ཕབ་ནས་དམིགས་པ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་ཚངས་པ་རྔ་སྒྲའི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པའི་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་ལྔ་པ། ལོ་འདབ་མེ་ཏོག་འབྲས་བུ་སོགས་ཕུན་སུམ་ཚོགས་པའི་དབུས་ཀྱི་ཡལ་གར་སེང་ཁྲི་པདྨ་ཉི་ཟླའི་གདན་བཀོད་པ་ཁྱད་པར་དུ་འཕགས་པ་ལ། རྩ་བའི་བླ་མ་དེ་ཉིད་བརྒྱུད་པའི་བླ་མ་ཀུན་འདུས་རྣམ་པ་རྡོ་རྗེ་འཆང་ཆེན་པོ་མཐིང་ག་ཡུམ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་པའི་མཚན་ཉིད་རྫོགས་ཤིང་འོད་ཟེར་མུ་མེད་དུ་འཕྲོ་བ། མདུན་གྱི་ཡལ་གར་ཁྱད་པར་གྱི་སངས་རྒྱས་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་ཀྱི་ཡལ་གར་ཐུན་མོང་གི་སངས་རྒྱས་ཤཱཀ་ཐུབ་སོགས་མཆོག་གི་སྤྲུལ་སྐུ་རྣམས་དང་། གཡོན་གྱི་ཡལ་གར་ཐུན་མོང་བ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཀྱི་ཡལ་གར་ལུང་རྟོགས་ཀྱི་ཆོས་རྣམ་པ་གླེགས་བམ་བརྩེགས་པ། མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་དཔའ་བོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ། ཤིང་གི་རྩ་བར་རང་ཉིད་ཀྱིས་ཐོག་དྲངས་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་འཁོད་པ་ཐམས་ཅད་ལུས་སྐྱབས་ཡུལ་ལ་ཕྱོགས་པའི་ཐལ་སྦྱར་པུས་བཙུགས། ངག་རང་གིས་བྱང་དྲངས་པའི་སྐྱབས་འགྲོའི་ཚིག་འདོན། སེམས་སྐྱབས་ཡུལ་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། གཏན་གྱི་སྐྱབས་ཡུལ་དུ་ཤེས་པས་བློ་གཏད་ལིང་བསྐྱུར་གྱིས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་ཅི་འགྲུབ་བྱས་རྗེས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་བྱུང་སྟེ་མཐའ་སྐོར་གྱི་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་དྲངས། སྐྱབས་ཡུལ་ཀུན་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་ནས་སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་མཁན་སེམས་ཅན། སྐྱབས་སུ་འགྲོ་བའི་ཀུན་སློང་གསུམ་ཀ་མི་དམིགས་པ་སྟེ། འཁོར་གསུམ་མི་རྟོག་པ་དོན་དམ་པའི་སྐྱབས་འགྲོ་ལ་ཅི་གནས་སུ་གཞག །མཐར། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཕྱམ་གཅིག་སྐུ་གསུམ་མངོན་གྱུར་ཤོག །ཅེས་དགེ་བ་བསྔོ། བསླབ་བྱ་སྤྱི་ལྟར་ལ། ཕན་ཡོན་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་སོགས་དང་རྣམ་གྲངས་བརྒྱད་ཡོངས་གྲགས་སུ་བཤད་པ་ལྟར་རོ། །གཉིས་པ་ཅི་བྱས་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བ་སེམས་བསྐྱེད་ནི། དང་པོ་ངོ་བོ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པའོ། །མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། སྔར་བདག་ལ་མ་བསྐྱེད་པའི་སེམས་གཞན་དོན་བྱ་བའི་བློ་བསྐྱེད་པའི་དོན་ནོ། །གསུམ་པ་དབྱེ་བ་ནི། རྣམ་གྲངས་མང་དུ་གསུངས་ཀྱང་། དོན་དམ་དང་ཀུན་རྫོབ་གཉིས་སོ། །དང་པོ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བའོ། །ཞེས་དགོངས་པ་ངེས་འགྲེལ་ལས་གསུངས་པ་ལྟར་རོ། །གཉིས་པ་ཀུན་རྫོབ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་སྨོན་འཇུག་གཉིས་ལས་སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་འདོད་པའི་བསམ་པ་ཡིན་ལ། འཇུག་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་ལ་སྦྱོར་བ་ཡིན་ཞིང་དཔེར་ན་འགྲོ་བར་འདོད་པ་དང་། འགྲོ་བ་དངོས་གཉིས་དང་མཚུངས་པ་སྟེ། དེ་ཉིད་ཉམས་སུ་ལེན་པ་ན། ཚད་མེད་པའི་སེམས་ཅན་འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་གླེན་ཞིང་ཐབས་མི་མཁས་པས་མི་དགེ་བ་ཁོ་ན་ལ་སྤྱོད་པ་ལག་ལེན་ཞེ་འདོད་ཕྱིན་ཅི་ལོག་ཏུ་གྱུར་ནས་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ནི་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་ལ་བལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་ཀྱི་ལོང་ཁྲིད་ནི་མེད། འཁོར་བའི་གཡང་ས་ཆེན་པོར་ལྟུང་བ་ཤིན་ཏུ་ནས་སྙིང་རྗེ་བ་འདི་དག་ཡལ་བར་བོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ལྷུང་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུ་གྱུར་པ་ལ། །སྐྱེ་ཤི་འཕོ་བས་ངོ་མ་ཤེས་པ་དེ་བོར་ནས། །བདག་ཉིད་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས། དེས་ན་བདག་གིས་འདི་དག་འཁོར་བ་ལས་བསྒྲལ་ནས་ཐར་པ་མཆོག་ལ་འགོད་ནུས་ན་ཅི་མ་རུང་སྙམ་པ་སྨོན་སེམས་དང་། དེའི་ནུས་པ་སྒྲུབ་པའང་ད་ལྟ་བདག་ལ་མེད་ཅིང་། ཐེག་པ་འོག་མ་རྣམས་ལ་ཞུགས་ན་ཡུན་རིང་པོར་དཀའ་སྤྱད་ལ་ལྟོས་དགོས་པས་དེའི་བར་འགྲོ་བ་རྣམས་སྡུག་བསྔལ་བས་སྙིང་རྗེ། དེ་བས་ན་ཚེ་གཅིག་ལ་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ལམ་ཟབ་འདི་ལྟ་བུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་འཇུག་སེམས་ཟུང་འཇུག་གི་བློ་རྩེ་གཅིག་པས་ངག་ཏུ། བདག་གིས་དེང་ནས་བྱང་ཆུབ་མ་ཐོབ་བར། །རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས། །གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ། །འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ། །ཞེས་ཅི་ནུས་དང་། དོན་དམ་བྱང་སེམས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྒྱས་བཏབ་སྟེ་ཅི་གནས་སུ་གཞག །མཐར་རང་བཞིན་དག་པའི་སོགས་ཀྱིས་དགེ་བ་བསྔོ། སེམས་བསྐྱེད་ཀྱི་བསླབ་བྱ་སོགས་དོན་རྒྱས་པ་ཡོངས་སུ་གྲགས་པ་ལྟར་དང་། ཕན་ཡོན་ནི། སངས་རྒྱས་ཀྱི་ས་བོན་གྲུང་པོ་ཡིན་པས་སྤྱིར་བསམ་གྱིས་མི་ཁྱབ་པ་ལུང་རྣམས་ལས་འབྱུང་བ་ལྟར་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་པས་མཚོན་ནོ། །གསུམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ་ནི། སངས་རྒྱས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཚོགས་གསག་པ་ཡིན་ཞིང་། དེའི་གནད་ཀྱི་སྙིང་པོ་མཎྜལ་འབུལ་བ་ལ་འདུས་པ་དམ་པ་རྣམས་མགྲིན་གཅིག་བཞེད་པས། སྔོན་འགྲོ་ཆེད་དུ་གསོག་པའི་སྐབས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་ལ་རྟེན་བྱས། མཆོད་པའི་མཎྜལ་ལག་ཏུ་ཐོགས་ནས་འབུལ། མཎྜལ་གྱི་རྒྱུ་དང་འབུལ་བྱའི་དངོས་པོ་སོགས་སྤྱི་ལྟར་འབྱོར་པས་གང་དཔོགས་གཙང་ཞིང་དག་པ་འདུ་བྱས་ལ། འབུལ་བའི་ཚུལ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་གཏབ་ལ་སྐུ་གསུམ་གྱི་མཎྜལ་འབུལ་སྟེ། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་བྱི་དོར་བྱས་པ་དྲི་བཟང་གིས་བྱུག་ཅིང་དབང་ཆེན་གསེར་གྱི་ས་གཞིར་བསམ། དེ་ལ་སྲིན་ལག་གིས་མཐའ་བསྐོར་བ་མུ་ཁྱུད་དང་ཧཱུྃ་གི་སྲུང་འཁོར་རྣམས་སྔོན་དུ་འགྲོ་བའི་མེ་ཏོག་གི་ཚོམ་བུ་ཡོངས་གྲགས་སོ་བདུན་མའམ། ཡང་ན། རི་རབ་གླིང་བཞི་གླིང་ཕྲན་བརྒྱད། རྒྱལ་སྲིད་རིན་པོ་ཆེ་བདུན། གཏེར་བུམ་ཉི་ཟླ་དབུས་ཀྱི་རི་རབ་བཅས་ཚོམ་བུ་ཉེར་གསུམ་མ་བཀོད་ཀྱང་རུང་སྟེ། དམིགས་པའི་ཡུལ་དུ། དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་དང་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་གཏམས་པ། སོ་སོའི་རྣམ་པ་གསལ་ལ་མ་ཚང་བ་མེད་པས་གང་བར་བསམ་ལ་ངག་ཏུ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་སྤྲུལ་སྐུའི་ཞིང་སྤྱོད་ཤོག །ཅེས་དམིགས་པ་གསལ་འདེབས་ལ། ཚིག་འདོན་པ། ཚོམ་བུ་གསོ་བ་སུམ་ཕྲུགས་ཀྱིས་སྤྲུལ་པའི་སྐུ་ལ་འབུལ། གཉིས་པ་ནི། མཚོན་བྱེད་ཚོམ་བུ་བདུན་བཀོད་ལ། རང་གི་པགས་པ་ས་གཞི། ཁྲག་བྱུགས་པ། སྒལ་ཚིགས་རི་རབ། ཡན་ལག་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་ཏེ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་ལོངས་སྐུའི་ཞིང་སྤྱོད་ཤོག །ཅེས་པས་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་འབུལ། གསུམ་པ་ནི། མཚོན་བྱེད་ཚོམ་བུ་ལྔ་བཀོད་ལ། འཁོར་གསུམ་ཡོངས་དག་དམིགས་པ་མེད་པའི་ཤེས་རབ་ཉིད་དགོངས་སྤྱོད་རྣམ་པར་དག་པའི་དབྱིངས་སུ་འབུལ་ཏེ། སེམས་ཉིད་ཆོས་སྐུར་དག་པའི་ཞིང་ཁམས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་ལ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་ཆོས་སྐུའི་ཞིང་སྤྱོད་ཤོག །ཅེས་བླ་མ་ཆོས་ཀྱི་སྐུ་ལ་འབུལ་ཞིང་། དེ་དག་གི་དགེ་བས་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་དགེ་བ་བསྔོ་འོ། །དེ་ལྟ་བུ་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཚོགས་རྫོགས་པའི་རྟགས་ཡང་ཡང་མ་མཐོང་བར་དུ་འབད། ཕན་ཡོན་མཐའ་ཡས་པར་གསུངས་ཤིང་། མཎྜལ་གྱི་མདོ་ལས་ཀྱང་། འདིར་ནི་ལུས་ཀྱི་ལས་བྱས་ན། ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟར་གསལ་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་ཡང་། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཚང་བས་དེ་ཐམས་ཅད་ཀྱི་འབྲས་བུའང་འཐོབ་པར་འགྱུར་རོ། །བཞི་པ་སྣོད་ཀྱི་སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་ནི། སྦྱང་བྱ་ཚེ་རབས་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་གསུམ་གྱིས་བསགས་པའི་སྡིག་སྒྲིབ་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱིས་བར་དུ་གཅོད་པ་དང་། སྦྱོང་བྱེད་སྟོབས་བཞིའི་བཤགས་པ་ཚད་དུ་ཕྱིན་པས་སྦྱོང་བ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པས། དཀོན་མཆོག་སྐྱབས་སུ་གཟུང་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་སྐྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་དུ་ཉེས་པ་ལས་ལྡོག་པ་སོར་ཆུད་པའི་སྟོབས། སྔར་བྱས་སྡིག་པའི་གཉེན་པོར་སྡིག་སྦྱོང་གི་སྒོ་དྲུག་ཏུ་གྲགས་པ་སོགས་ཉམས་སུ་ལེན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་རྣམས་ཚང་བའི་བཤགས་པ་ཚད་ལྡན་གཅིག་གིས་ཀྱང་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་འབྱང་བར་གསུངས་ཏེ། མདོ་སྡེ་གསེར་འོད་དམ་པ་ལས། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་མི་བཟད་བགྱིས་པ་གང་། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཅེས་སོ། །བཤགས་ཚུལ་ཐབས་ཀྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །རེ་རེའི་བསྐྱེད་རྫོགས་གྲངས་ལས་འདས། །མ་ལུས་ཀུན་བསྒྲུབ་འདི་ལྟར་བྱ། །ཧཱུྃ་ལས་བླ་མ་རྡོ་རྗེ་སེམས། །ཞེས་ལྷ་སྔགས་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་ལྷ་སྔགས་འདུས་པར་གསུངས་པ་དང་། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླས་བྱེད་པ། །དེ་ཡིས་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོར་སེམས་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་བྱེད། །ཅེས་སོགས་སྡིག་སྦྱོང་ལྷག་པར་བསྔགས་པ་ལྟར་སྟོབས་བཞིའི་བསམ་སྦྱོར་ཚང་བའི་སྒོམ་བཟླས་དངོས་ནི། རང་ཉིད་ཐ་མལ་པའི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་དེ་ཉིད་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཕྱགས་གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་དུ་ཡུམ་སྙེམས་མ་དཀར་དམར་གྲི་ཐོད་འཛིན་པ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། གཉིས་ཀའང་མཚན་དཔེའི་གཟི་བྱིན་མཚུངས་པ་མེད་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་སྤྲས་པའི། ཡབ་ཀྱི་ཐུགས་ཀར་ཟླ་དཀྱིལ་སེན་གང་ཙམ་གྱི་དབུས་སུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ནས་འབྲུ་ཙམ་པ་འགྲེང་སྟབས་སུ་གནས་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་དང་། རྡོ་རྗེའི་མཐར་ཟླ་དཀྱིལ་ལ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གཡས་སྐོར་དུ་གནས་པའི་ཡི་གེ་གསལ་མ་ཐེབས་ན་མུ་ཏིག་གི་དོག་པ་ལྟ་བུའི་ཐིག་ལེ་འབའ་ཞིག་གི་རྣམ་པར་བསྒོམས་ཀྱང་རུང་སྟེ། དེ་ཉིད་གསལ་འདེབས་པའི་ཕྱིར། རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཨ་ལས་རྡོ་རྗེ་སེམས་དཔའ་དཀར༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ཅེས་བརྗོད། དེ་ཉིད་སངས་རྒྱས་ཀུན་འདུས་སུ་ཤེས་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་དེ་བཤགས་སྡོམ་གྱི་བསམ་པ་རྩེ་གཅིག་པས། སྔགས་ཕྲེང་ལ་དམིགས་པ་གཏད་དེ་ངག་ཏུ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལཱ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་ཚེ་ཐུགས་ཀའི་རྡོ་རྗེ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་འོ་རྒྱུན་ལྟར་བབས་པ་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་རང་གི་ཚངས་བུག་ཏུ་ཞུགས། ལུས་ནང་གི་ནད་གདོན་སྡིག་སྒྲིབ་རྣམས་དུད་སོལ་གྱི་ཁུ་བ་ལྟ་བུ་དང་སྲོག་ཆགས་ཕྲ་མོའི་རྣམ་པར་གནས་པ་དེ་དག་བ་སྤུའི་བུ་ག་དང་དབང་པོའི་སྒོ་སོགས་ནས་ཕྱིར་ཐོན་ཏེ་སྦྱངས་རྗེས། ལུས་ནང་ཐམས་ཅད་བདུད་རྩིས་མེར་གང་སྟེ་ཤེལ་གོང་ཕྱིས་པ་ལྟར་བསམ། སླར་ཡང་། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་དགྱེས་འཛུམ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཡོངས་སུ་དག་གོ །ཞེས་གནང་བ་བྱིན་ཏེ་རང་དང་དབྱེར་མེད་དུ་སིབ་ཀྱིས་ཐིམ་པས། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར་ནས་དོན་དམ་གྱི་སྡིག་སྦྱོང་འཁོར་གསུམ་མི་རྟོག་པ་དམིགས་མེད་ལ་བློ་གཞག་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་པས་དགེ་བ་བསྔོ། དེ་ལྟ་བུས་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་དུ་ཡེངས་མེད་ནན་ཏན་དུ་བྱ་དགོས་ཏེ་སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས། སྡིག་པ་བྱང་བའི་རྟགས་ནི་གཞན་ལས་བཤད་པ་ལྟར་དངོས་སུ་རིག་པ་དྭངས་པ་དང་། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་རྣམས་ཡང་དག་པའི་རྟགས་ཡིན་ནོ། །ལྔ་པ་བཅུད་ཀྱི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། གསང་སྔགས་སྤྱི་དང་ཁྱད་པར་གྱི་རྩ་བ་ནི་བླ་མ་ཡིན་པས། བླ་མའི་མཚན་ཉིད། བསྟེན་ཚུལ། དགོས་ཆེད། མ་མཉེས་པའི་སྐྱོན། མཉེས་པའི་ཡོན་ཏན་སོགས་གཞན་དུ་རྒྱས་པར་འབྱུང་བ་ལྟར་ལ། འདིར་ཉམས་ལེན་དངོས་གཞིའི་དབང་དུ་བྱས་ན། ཚིག་གསུམ་པའི་རྒྱུད་ལས། གང་ཞིག་རྡོ་རྗེ་སློབ་དཔོན་ནི། །བཀུར་ཞིང་སྤྱི་བོར་སུས་བསྒོམས་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །ཞེས་དང་། ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་ལག་པའི་མཐིལ། །སྙིང་གི་དཀྱིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར་ལམ་ཟབ་འདི་རྣམས་རྒྱུད་ལ་སྐྱེ་བའི་གནད་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་པས། ཇི་ལྟར་གདབ་པའི་ཚུལ་ཡང་། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་ན། སེང་ཁྲི་པདྨ་དར་ཟབ་ཀྱི་གདན་ལ་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་ཡུམ་དང་བཅས་པར་གསལ་བའི་སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྙོམས་པར་འཇུག་པ། དེའི་དབུ་གཙུག་ན་ཡར་ལ་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་གྱི་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མཐའ་སྐོར་དུ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ། དེ་དག་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པ། རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པ་ལས་ཤར་བ། བདག་གཞན་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པའི་ཚུལ་དུ་བྱིན་ཐིབས་སེ་བཞུགས་པར་གསལ་འདེབས་པའམ། ཡང་ན་རྩ་བའི་བླ་མ་གཅིག་པོ་ཀུན་འདུས་ཀྱི་ངོ་བོར་བསྒོམས་པས་ཆོག་གོ །དེ་ནས་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་གསུངས་པ་ལྟར་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སམ་དེ་བས་ཀྱང་ལྷག་པས་ཅི་མཛད་འགྲོ་འདུལ་གྱི་ཕྲིན་ལས་སུ་མཐོང་བ། བྱས་པ་བཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོག་པས་རིག་པ་བསྒྱུར་ནུས་པ། མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་པའི་ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོ་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ལ། ངག་ཏུ། ཨོཾ་ཨཱཿཧཱུྃ། དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །ཞེས་སོགས་ཀྱི་བརྒྱུད་འདེབས་རྒྱས་པ་ལན་འགའ་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཡང་ཏིག་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །བར་དོར་རང་ངོ་ཤེས་པར་བྱིན་གྱིས་རློབས། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཉོན་མོངས་གློ་བུར་དུ་འགགས་ནས་བློ་སྣ་མོས་གུས་སུ་མ་ཤར་གྱི་བར་བློ་གཏད་ལིང་བསྐྱུར་བྱས་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་གསོལ་བ་ཕུར་ཚུགས་སུ་གདབ། ཐུན་མཐར་བླ་མ་ཡས་ནས་རིམ་གྱིས་འོད་དུ་ཞུ་སྟེ་རྩ་བའི་བླ་མའི་བར་དང་། མཐའ་སྐོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང་བླ་མ་ལ་ཐིམ་པས་དེ་ཉིད་སྔར་བས་ཀྱང་གཟི་བརྗིད་ཆེར་འབར་བའི་གནས་གསུམ་དུ་འབྲུ་གསུམ་གསལ་བཏབ་ལ། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཤེས་བྱའི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་བསམ་སྟེ་དབང་བཞི་བླངས་རྗེས། བླ་མ་རང་དང་དབྱེར་མེད་དུ་ཐིམ་ནས་གཉིས་སུ་འཛིན་པའི་རྟོག་པ་སྤངས་ཏེ་སྣང་གྲགས་བླ་མའི་རོལ་པར་བལྟས་ལ་དོན་དམ་པའི་གསོལ་བ་གདབ་པ་ལ་བློ་ཅི་གནས་སུ་གཞག་མཐར། དགེ་བ་འདི་ཡིས་སོགས་བསྔོ་འོ། །དེའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པས་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གི་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམས་བྱས་བས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་སོ། །དེ་དག་ནི་སྔགས་ལམ་ཕལ་ཆེར་ལས་འབྱུང་བའི་ཕྱིར་ན་ཐུན་མོང་གི་སྔོན་འགྲོ་ཞེས་བྱའོ།། ༈ །།གཉིས་པ་རང་ལུགས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གཉིས། བྱེ་བྲག་གུད་སྦས་ཀྱི་མན་ངག་དང་སྤྱི་ལྟར་དཀྱུས་སུ་བསྟན་པའོ། །དང་པོ་ལ་གཉིས། ཆགས་མེད་རླུང་ལ་བསླབ་པ་དང་། ཆགས་པ་ཅན་ཐིག་ལེ་ལ་བསླབ་པའོ། །དང་པོ་ལ་ལྔ། རླུང་གི་ཁ་དོག་ལ་བསླབ་པ། དེ་བཞིན་དུ་དབྱིབས་དང་། གྲངས་དང་། འགྲོ་འོང་དང་། བུམ་པའི་སྦྱོར་བ་ལ་བསླབ་པ་དང་ལྔ་ལས། དང་པོ་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། རླུང་རོ་ལན་དགུ་ཕྱིར་དབྱུང་ལ། རླུང་གསར་པ་ཐུན་གསུམ་གཟུང་བ་ལས། དམིགས་པ་ནི། རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ངོ་བོ། དབྱིབས་ཟླུམ་ཞིང་ཁ་དོག་དཀར་ལ་འཚེར་བ། ཡུངས་དཀར་ཙམ་ཞིག་ལ་ཤེས་པ་གཏད་ལ་ཡུན་རིང་དུ་བསྒོམ། དེ་ལ་འདྲིས་ནས་རིམ་པ་ལྟར་རང་གི་མགོ་ཡང་དེ་དང་མཚུངས་པར་བསྒོམ། དེ་ནས་ལུས་ཙམ་པ། དེ་ནས་རང་གི་ཐོ་ཕྱི་ཉེ་འཁོར་ཐམས་ཅད། མཐར་སྟོང་གསུམ་ལ་སོགས་པའི་སྣང་བ་ཐམས་ཅད་དཀར་མེར་མེར་བ་ལ་བློ་བཞག་ཅིང་། ཡང་ཡང་གོམས་པར་བྱས་ལ། ཟིན་པའི་རྟགས་སུ་ལུས་ཤིང་བལ་ལྟར་ཡང་ཞིང་འབུ་སྲིན་མེད་པ་དང་། ངག་གི་ནུས་པ་འབར་ཞིང་གྲེ་ལྕེ་བདེ་བ་དང་། སེམས་གནས་ཤིང་ཏིང་ངེ་འཛིན་འཕེལ་བ་ལ་སོགས་པའི་ཡོན་ཏན་མང་པོ་འབྱུང་བར་འགྱུར་རོ། །གཉིས་པ་དབྱིབས་ལ་བསླབ་པ་ནི། རླུང་ཐིག་ལེ་ཟླུམ་པོ་སྔོ་སྐྱ་སྲན་མ་ཙམ་ཞིག་སྨིན་མཚམས་སམ་སྣ་རྩེར་བསྒོམ། མིག་གི་ལྟ་སྟངས་ཀྱང་དེ་ཉིད་ལ་གཏད་ཅིང་། རླུང་དལ་ལ་རིང་བ་ཕྱིར་ན་ར་ར་བཏང་བས། ཐིག་ལེ་དེ་ཡང་ཧྲིལ་ལི་ལི་ཕར་སོང་ཞིང་། ལུས་སེམས་སྟོང་སང་སང་སོང་བར་བསམ། རླུང་ནང་དུ་རྔུབ་པ་དང་བསྟུན་ནས། ཐིག་ལེ་དེ་ཡང་སྨིན་མཚམས་སུ་བྱུང་ཞིང་། ལུས་བསིལ་སང་སང་སོང་བ་ལ་བློ་གཞག །ལུས་གྲང་ཤས་ཆེ་བའི་རིགས་སམ་གྲང་ཞིང་འདར་ན། ཐིག་ལེ་དྲོད་ཚ་ཆིལ་ཆིལ་ཡོད་པར་བསྒོམ། དེ་ལ་གོམས་པའི་ཚད་སྨིན་དབྲག་ཚ་འུབ་འུབ་པའམ། མི་བདེ་བ་སྙམ་བྱེད་པ་བྱུང་ན། སེམས་ཟིན་ཞིང་དམིགས་པ་གར་གཏད་དུ་ཕེབ་སྟེ་འབྱོངས་པའོ། །གསུམ་པ་གྲངས་ལ་བསླབ་པ་ནི། ལུས་གནད་སྔར་ལྟར་བྱས་ལ། ཤེས་པ་རླུང་དང་འགྲོ་ལྡོག་གཅིག་ཏུ་བསླབ་པར་བྱ་སྟེ། རླུང་ཕྱིར་འགྲོ་དུས་ཤེས་པ་དེ་དང་དུས་གཅིག་ཏུ་གཏད་ལ་བསྒོམ། ཚུར་འོང་དུས་ཀྱང་དེ་བཞིན་བྱ། དེ་ལྟར་འགྲོ་འོང་གཉིས་གཅིག་ཏུ་བགྲང་བའི་གྲངས་བཟུང་བས། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས། ཐུན་དུ་བཅད་དེ་བརྒྱ་བརྒྱའི་བར་དུ་ཤེས་པ་མ་ཡེངས་པ་གལ་ཆེའོ། །དེ་ནས་རྣམ་རྟོག་གནས་པ་དང་། རླུང་འགྲོ་བ་དང་། རྔུབ་པ་ཕར་ཚུར་དལ་གྱིས་ཇེ་རིང་ཇེ་རིང་ལ་བཏང་བས། མཐར་ཡུན་རིང་དུ་གནས་ཤིང་། ལུས་བདེ་ལ་ཡང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། རླུང་གར་གཏད་དུ་སྡོད་པ་བྱུང་ན་འབྱོངས་པའི་ཚད་ཡིན་ནོ། །བཞི་པ་འགྲོ་འོང་ལ་བསླབ་པ་ནི། རང་གི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་སྒོམ་པའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་གཅིག་གི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གཅིག་བསམ། རླུང་ཕྱིར་གཏང་བའི་དུས་རྡོ་རྗེ་དེ་སྣ་བུག་ནས་རྒྱང་རིང་པོར་སོང་བར་བསམ། ཚུར་རྔུབ་པ་དང་ཐོད་པའི་ནང་དུ་མེར་གྱིས་བྱུང་བར་སྒོམ་ཞིང་ལུས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག་ཅིང་རླུང་ཅི་ཐུབ་འཛིན། དེ་ནས་རྣམ་རྟོག་འཕྲོ་བ་ཆུང་ན་རྡོ་རྗེ་དེ་ཚུར་ཉེ་བར་ཉེ་བར་མཐར་སྣ་རྩེ་སོར་བཅུ་དྲུག་པ་ཙམ་དང་། ནང་གི་འགྲོ་འོང་ལ་སྦྱོང་ཞིང་། ཕར་གཏང་བ་དང་ཚུར་རྔུབ་པ་རྣམས་རྒྱུན་རིང་བ་གལ་ཆེའོ། །དེས་ལུས་བདེ་ཕྲིལ་ཕྲིལ་བྱུང་ན་འབྱོངས་པའི་ཚད་ཡིན་ནོ། །ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། རླུང་སྔར་ལྟར་ལན་འགའ་་་ད་རླུང་རྔུབ་པ་དང་། དགང་བ་དང་། གཞིལ་བ་གསུམ་ལ།སྦྱང་ལ་ཐོད་པ་ནང་གི་རླུང་གི་རྡོ་རྗེ་ལ་ཐིམ་ནས་ཐམས་ཅད་ཞུ་ཞིང་ལྟེ་བར་ཡི་གེ་ཧའི་རང་བཞིན་གཅིག་ཏུ་གནས་གྱུར་པར་བསམ། ལྟེ་བར་རླུང་གིས་མེར་གྱིས་བཀང་ཞིང་འོག་སྒོ་དྲག་ཏུ་བསྡམ། རླུང་དང་ལུས་ཐམས་ཅད་ན་བུན་ལྟར་ཡལ་བར་བསམ་ཞིང་། རླུང་ཕར་གཏང་ཙ་རླུང་སེམས་ནམ་མཁའ་དང་འདྲེས་པས་སྟོང་སང་སང་སོང་ནས། རྣམ་པར་མི་རྟོག་པ་དང་བསྲེ་ལ་བསྒོམ། དེས་ལུས་ཡོད་པ་མི་ཚོར་བ་དང་། རླུང་གར་འགྲོ་བའི་སར་འབྱོངས་པ་དང་། ཟས་གོས་ཡིད་ལ་མི་འབྱུང་བ་དང་། རྟོག་འགྱུ་རང་འགགས་སུ་འགྲོ་བ་ལ་སོགས་པ་ཡོན་ཏན་གང་བྱུང་ཡང་འབྱོངས་པའི་རྟགས་ཡིན་ནོ། །དེ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་འཇིག་རྟེན་གྱི་མངོན་ཞེན་ཆོད་ཅིང་། མཐར་ཐུག་འཇིག་རྟེན་ལས་འདས་པའི་ཡོན་ཏན་མྱུར་དུ་ཐོབ་པའི་དགོས་ཆེད་ཡོད། རླུང་གནད་ལ་མ་སྦྱང་ན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །གཉིས་པ་ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་ལ་གཉིས་ཏེ། གཟུངས་མ་ལ་བསྟེན་པ་དང་། རང་ལུས་རླུང་སེམས་ཀྱི་བདེ་བ་སྒོམ་པ་གཉིས་ལས། དང་པོ་ནི་གཞན་དུ་ཤེས་ལ། གཉིས་པ་རང་ལུས་རླུང་སེམས་ཀྱི་བདེ་བ་སྒོམ་པ་ལ་བཞི། རྩ་གསུམ་གསལ་གདབ་ཅིང་གཏུམ་མོ་སྒོམ་པ་དང་། གཏུམ་མོ་འབར་འཛག་གི་ཐིག་ལེ་དབབ་པ་དང་། འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་དང་། འཁོར་ལོ་ལྔའི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་བྱ་བའོ། །དང་པོ་ནི། ལུས་མེ་ཐབ་དྲུག་ཆིངས་སུ་བྱས་ལ། ལུས་གོང་ལྟར་སྟོང་པར་བསྒོམ་པའི་དབུས་སུ། རྩ་དབུ་མ་ཀ་བའི་ཚུལ་དུ་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཚད་དུ་ཡོད་པ། རྩ་རོ་རྐྱང་གཉིས་ནི་གཡས་གཡོན་དུ་གཅིག་ལ་གཅིག་མ་རེག་པར། སྦོམ་ཕྲ་གྲོ་སོག་ཙམ་སྟོང་གསལ་འོད་ཀྱི་རྩ་རུ་གནས་པ། རོ་རྐྱང་གཉིས་ཀྱི་ཡར་སྣ་ཀླད་པའི་ནང་ནས་སྣ་བུག་གཉིས་ལ་ཟུག་པ། མར་སྣ་ལྟེ་འོག་སོར་བཞི་ནས་དབུ་མ་དང་གསུམ་ཡི་གེ་ཆའི་འཕོངས་ལྟ་བུའོ། །ལྟེ་འོག་སོར་བཞིའི་སུམ་མདོ་ན་གཏུམ་མོ་ཨ་ཐུང་གི་རྣམ་པ་རེག་བྱ་ཚ་བ་ཁ་དོག་གསལ་བ་བསྒོམ། དེ་ལ་རོ་རྐྱང་གཉིས་ནས་རླུང་བསྣུན་པས་མེ་འབར་ཏེ་ལྟེ་བར་སླེབས། དེ་བཞིན་དུ་སྙིང་ག །མགྲིན་པ། སྤྱི་གཙུག་མན་ཆད་ཡེ་ཤེས་མེས་གང་། ལུས་བདེ་དྲོད་དང་ལྡན་པར་བསམ་མོ། །གཉིས་པ་གཏུམ་མོ་འབར་འཛག་གི་ཐིག་ལེ་དབབ་པ་ནི། ཡང་ལུས་གནད་སྔར་ལྟར་ལས། རྩ་གསུམ་གསལ་གདབ། དབུ་མའི་ཡར་སྣ་སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་གཅིག་བསམ་ལ། སྔར་ལྟར་གཏུམ་མོའི་མེ་འབར་བས། སྤྱི་བོའི་ཧཾ་ཡིག་དེ་ལ་ཕོག །དེ་ལས་བྱང་སེམས་བདུད་རྩི་བབས། སྤྱི་བོ་གང་།་་་དགའ་བའི་ཡེ་ཤེས་ངོས་གཟུང་། ཡང་མེ་སྦར་བས་བདུད་རྩི་བབས། མགྲིན་པ་གང་།་་་མཆོག་དགའི་ཡེ་ཤེས་ངོས་གཟུང་། དེ་བཞིན་དུ་རིམ་པར། སྙིང་ག་་་དགའ་བྲལ་གྱི་ཡེ་ཤེས་ངོས་གཟུང་། ལྟེ་བ་ཡན་ཆད་གང་།་་་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ངོས་གཟུང་། ལུས་ཐམས་ཅད་དཀར་ལྟེམས་ཀྱིས་གང་བས། བདེ་སྟོང་གི་ཡེ་ཤེས་ཀྱིས་ལུས་བདེ་ཕྲིལ་གྱིས་འབྱུང་། དེའི་ངང་ལ་མཉམ་པར་གཞག་གོ །གསུམ་པ་འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་ནི། ཡང་ལུས་གནད་གོང་ལྟར་ལས། རྩ་གསུམ་དུ་འཁོར་ལོ་གསུམ་གསལ་གདབ་ལ། སྤྱི་བོ་རྩེ་མོ་རྣམ་བཀོད་ན་རྣམ་སྣང་ཡབ་ཡུམ། མགྲིན་པ་རོ་རྣམས་འདུས་པ་ན་སྣང་མཐའ་ཡབ་ཡུམ། སྙིང་ག་དྲན་པ་རྣམ་བཀོད་ན་རྡོ་རྗེ་སེམས་དཔའ་རྣམས་གསལ་གདབ་ལ། དེ་ལ་སྔར་བཞིན་གཏུམ་མོའི་མེ་བསྣུན་པས་ཐིག་ལེར་ཞུ་ནས། ཐིག་ལེའི་འོད་ཟེར་ལུས་སྟོད་སྨད་བ་སྤུ་ཐམས་ཅད་གང་ནས་ཟིལ་པ་ཕྲོམ་ཕྲོམ་བསམ་ལ་མཉམ་པར་གཞག་གོ །བཞི་པ་འཁོར་ལོ་ལྔའི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་ནི། ལུས་གནད་གོང་བཞིན་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྣམ་སྣང་ཡབ་ཡུམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་སྣང་མཐའ་ཡབ་ཡུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྡོར་སེམས་ཡབ་ཡུམ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རིན་འབྱུང་ཡབ་ཡུམ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་དོན་གྲུབ་ཡབ་ཡུམ་རྣམས་གསལ་གདབ་ལ། དེ་ལ་སྔར་བཞིན་གཏུམ་མོའི་མེ་སྦར་བས་རིམ་པ་ལྟར་དུ་ཐིག་ལེ་རྣམས་སུ་གྱུར་པ་དེ་རྣམས་འོད་དུ་ཞུ་ནས་རྩ་འཁོར་ཐམས་ཅད་གང་། ལུས་བདེ་སྟོང་གིས་གང་བར་བསམ་ལ་དེའི་ངང་ལ་མཉམ་པར་གཞག་གོ །དེ་དག་རྣམས་ཀྱི་དགོས་ཆེད་ནི། ལུས་ཐམས་ཅད་བདེ་སྟོང་དུ་འགྲོ་བ་དང་། ཟས་གོས་ཀྱི་སྲེད་པ་ཆོད་པ་དང་། རིག་པ་རྩེ་གཅིག་ཏུ་གནས་པ་དང་། རླུང་དང་ཐིག་ལེ་འབྱོངས་པ་དེས། རིག་པ་མངོན་སུམ་དུ་ཉམས་སུ་ལེན་པའི་ཚེ་འབྱུང་བ་དག་པ་ལ་ཚེགས་མེད་དོ། ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བ་ལ། རང་བཞིན་རྫོགས་པ་ཆེན་པོ་འདིར་ཐབས་ཀྱི་རིམ་པ་དཔག་ཏུ་མེད་པར་གསུངས་སོ། །དེ་ལྟར་སེམས་གནས་པའི་ཐབས་བྱས་ནས། རིག་པ་མངོན་སུམ་གྱི་དོན་ལ་འཇུག་པར་བྱ་བ་ཡིན་ནོ།། །།གཉིས་པ་སྤྱི་ལྟར་དཀྱུས་སུ་བསྟན་པ་ལ་གསུམ། ཕྱི། ནང་། གསང་བའོ། །དང་པོ་ལ་གསུམ། ལུས་སྦྱོང་བ། ངག་སྦྱོང་བ། སེམས་སྦྱོང་བའོ། །འདི་ལ་ཁམས་ཕྱོགས་ཀྱི་ཁྲིད་རྒྱུན་དུ་འཁོར་འདས་རུ་ཤན་དབྱེ་བ་དང་སྦྲེལ་ནས། ཐོག་མར་དབེན་པའི་གནས་སུ་ལུས་ཀྱི་རུ་ཤན་དབྱེ་བའི་སྤྱོད་པ་བྱ། དེ་མཚམས་ལུས་སྦྱོང་རྡོ་རྗེའི་འདུག་སྟངས་ལ་འཇུག །ངག་དང་ཡིད་ལའང་དེ་བཞིན་དུ་མཛད་པར་སྣང་བས་དེ་ལྟར་གྲུབ་ན་རུ་ཤན་དབྱེ་བའི་ཚུལ་ནི་རྫོགས་ཆེན་སྤྱི་ལྟར་བྱ་ཆོག་པས་འདིར་མ་སྨྲོས། དང་པོ་ལུས་སྦྱོང་ནི། བདེ་ཞིང་ཡངས་པའི་གདན་འབོལ་པོ་ལ་ལུས་གཅེར་བུར་ཕྱུང་། ལུས་ནི་རྡོ་རྗེའི་ཚུལ་དུ་བསྒོམ། །ཞེས་པ་ལྟར་རྐང་མཐིལ་གཉིས་སྦྱར་སོར་མོ་བཅུ་པོ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱངས་ལུས་འདི་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་ཙམ་དུ་ཐལ་མོ་སྦྱར་བའི་གྲུ་མོ་ཐད་སོར་ཕྱིར་བརྒྱངས། མགྲིན་པ་ཨོལ་མདུད་ནོན་པ་ཙམ་དུ་ས་ལ་ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་པའི་ལུས་གནད་བཅས་ལ། དམིགས་གནད་ལུས་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ཡར་ཚངས་པའི་འཇིག་རྟེན་དང་མར་གསེར་གྱི་ས་གཞི་ལ་ཐུག་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བར་སྒོམ། དེ་ནས་མེ་ལྕེའི་རྩེ་ལས་རང་མདོག་དང་མཚུངས་པའི་རྡོ་རྗེ་ནས་འབྲུ་ཙམ་པ་གྲངས་མེད་ཕྱོགས་བཅུར་འཕྲོ་བས་ནད་གདོན་བགེགས་སོགས་བར་གཅོད་ཐམས་ཅད་ཚར་བཅད་ནས། སླར་རང་ལུས་ཀྱི་རྡོ་རྗེ་ལ་ཐིམ་པར་བསམས་ལ་མ་ཡེངས་པར་བཞག །དེས་ངལ་ནས་ཚུགས་མ་ཐུབ་ན་རང་བབས་སུ་ཁྲེས་སེ་བསྐྱུར་ཏེ་ངལ་གསོ། ཡང་སྔར་བཞིན་བསྒོམ་སྟེ། དེ་ལྟ་བུའི་རྡོ་རྗེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུའང་བསྒོམ་པར་བྱའོ། །འབྱོངས་པའི་ཚད་ནི་ལུས་གནད་རྒྱུན་རིང་དུ་འཆའ་ནུས་པ་དང་ནད་གདོན་སོགས་མི་འབྱུང་བའོ། །དེ་ཡང་ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་འོ། །ཅེས་སོ། །གཉིས་པ་ངག་སྦྱོང་བ་ནི། རང་གཞུང་ལས། ངག་སྦྱང་བ་ལ་རྒྱས་གདབ་པ་དང༔ རྩལ་སྦྱང་བ་དང༔ མཉེན་བཙལ་བ་དང༔ ལམ་དུ་གཞུག་པ་སྟེ་བཞི་ཡོད༔ ཞེས་གསུངས་པའི་དང་པོ་རྒྱས་གདབ་པ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་ནི། ལུས་གནད་བཅས་ལ་སྙིང་གར་ཧཱུྃ་སྔོན་པོ་གཅིག་བསམ། དེ་ནས་ངག་ཏུ་ཧཱུྃ་སྙན་ལ་རིང་བར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་འོད་འབར་བ་མང་པོ་ཐོལ་ཐོལ་བྱུང་བ་སྣ་བུག་གཡས་ནས་ཐོན་ཏེ། ཁང་ཁྱིམ་དང་། ཡུལ་ཁམས་སོགས་ཚད་མེད་པའི་བར་གྱི་སྣོད་ཀྱི་འཇིག་རྟེན་ཧཱུྃ་གིས་ལྟེམས་མེར་གང་བར་བསམ། གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱིའི་ཧཱུྃ་རྣམས་རེ་རེ་ནས་སྣ་བུག་གཡོན་དུ་ཞུགས། མཐར་ཕྱིར་གཅིག་ཀྱང་མ་ལུས་པ་ལུས་ནང་དུ་ཞུགས་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལྟེམས་མེར་ཁེངས་པར་བསྒོམ་མོ། །འབྱོངས་རྟགས་ནི་ཕྱི་སྣང་ཡུལ་གྱི་རང་བཞིན་བདེན་མེད་དུ་འཆར་ཞིང་ནང་ལུས་མི་བདེ་བ་སྙམ་བྱེད་པའོ། །དེས་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ཧཱུྃ་དྲག་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་རྣོ་བ་སྤུ་གྲི་ལྟ་བུ། དྲག་པ་དཔག་ཆེན་གྱི་མདའ་ལྟ་བུ། མྱུར་བ་རླུང་ལྟ་བུ། ཚ་བ་མེ་ལྕེ་ལྟ་བུ་སྟེ་མཚན་ཉིད་བཞི་ལྡན་ཕྱིའི་དངོས་པོ་དེ་དང་འཚམ་པ་མང་པོ་བྱུང་སྟེ་སྣ་བུག་གཡོན་ནས་ཐོན། སྣང་བ་ཐམས་ཅད་ཐལ་བྱུང་སང་སེང་ཁྲལ་ཁྲོལ་དུ་བཏང་ནས་དངོས་མེད་དུ་སྦྱངས་པར་བསྒོམ། ཡང་གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་དེ་དག་མཐོ་གང་ཙམ་པས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཕུག་ནས་མཐར་དངོས་མེད་དུ་བཏང་བར་བསམ། འབྱོངས་རྟགས་སུ་ཕྱི་སྣང་བ་དངོས་མེད་དང་། ནང་ལུས་ཀྱི་ཤ་འཕར་ཞིང་ན་བ་དང་། ཆུ་ཟླ་ལྟ་བུའི་ཉམས་འཆར་རོ། །དེས་ཕྱི་སྣང་བ་བདེན་མེད་འོད་གསལ་དང་ནང་ཕུང་པོ་འཇའ་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པས་རང་ལུས་ཧཱུྃ་ནག་པོ་གཅིག་དང་དེའི་མདུན་ཧཱུྃ་དམར་པོ་གཅིག་བསྒོམ། ཧཱུྃ་ནག་པོ་དེ་ལས་ཧཱུྃ་ནག་པོའི་ཕྲེང་བ་འཕྲོས། མདུན་གྱི་ཧཱུྃ་དམར་པོ་དེ་ལ་དཀྲིས། ཡང་ཕྱིར་གྲོལ་ནས་ཧཱུྃ་ནག་པོ་ལ་དཀྲིས། དེ་ལྟར་ཕར་དཀྲི་ཚུར་དཀྲི་མང་དུ་བྱས་པའི་མཐར་ཚུར་དཀྲིས་པས་རི་བོ་མཆོག་རབ་ཙམ་དུ་གྱུར། ཡང་ཧཱུྃ་དམར་པོ་དེ་ལས་ཧཱུྃ་གི་ཕྲེང་བ་བྱུང་ནས་ཧཱུྃ་ནག་པོ་ལ་གཡོན་སྐོར་དུ་དཀྲིས་ནས་ཕར་དཀྲི་ཚུར་དཀྲི་མང་པོའི་མཐར་ཧཱུྃ་དམར་རི་ཙམ་གྱུར། དེ་ནས་ཧཱུྃ་ནག་པོས་དམར་པོ་ལ་གཡས་སྐོར། དམར་པོས་ནག་པོ་ལ་གཡོན་སྐོར་ཀྱི་ལི་ལི་བྱས། ཧཱུྃ་གཉིས་ཁ་སྦྱོར་དུ་གནས་པ་དེ་གཡས་གཡོན་མདུན་རྒྱབ་སོགས་སུ་འཁྱམ་ཞིང་འཁྲབ་ལྡིང་བྱེད་པར་བསམ་རྗེས། ཧཱུྃ་གི་ཕྲེང་བ་སོ་སོ་ལ་ཐིམ་སྟེ་དེ་གཉིས་ཇེ་ཆུང་ཇེ་ཆུང་ངུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་དམིགས་པ་གཏད་དེ་སེམས་ཅི་གནས་སུ་བཞག་མཐར་དེ་ཡང་རང་བཞིན་མེད་པར་ཡལ་བར་བསམ། དེ་དག་གི་བར་མཚམས་རྣམས་སུ་ངལ་གསོ་ཞིང་དལ་བུས་དམིགས་པ་གསལ་ཐེབས་པ་བྱ། འབྱོངས་རྟགས་ནི་དམིགས་པ་གང་དུའང་བསྒྱུར་རུང་བའོ། །དེས་སེམས་གར་གཏད་ཟིན་ཞིང་བློ་ལས་སུ་རུང་བའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་སེམས་རླུང་གསུམ་གཅིག་ཏུ་འདྲིལ་བ་ཧཱུྃ་དཀར་པོ་ཁྲུ་གང་བ་གཅིག་ཏུ་བསམས་ལ། མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་རི་མོ་བྱས་ཏེ་ངག་ཏུ་ཧཱུྃ་ཞེས་དལ་བུས་བརྗོད་དེ་ལམ་དེ་ལ་སར་མ་རེག་ཙམ་དུ་འགྲོ་བར་བསམ་ཞིང་འཁྱོག་མཚམས་སུ་ངལ་གསོ། ཡང་ཧཱུྃ་ཧཱུྃ་ཞེས་མྱུར་བར་བརྗོད་དེ་ཤིན་ཏུ་མགྱོགས་པར་འགྲོ་བ་དང་། ཡང་ལམ་དེ་ལས་ཚུར་ལོག་སྟེ་བྱུང་བར་བསམ་ཞིང་། དེ་ལ་གོམས་པ་དང་རང་གིས་འགྲོ་མྱོང་བ་དང་མ་མྱོང་བའི་ཡུལ་ལྗོངས། གྲོང་ཁྱེར་གྲུ་ཟམ། ནགས་ཐང་འབྲོག་དགོན་སོགས་མཐའ་དག་ལའང་དེ་བཞིན་དུ་འགྲོ་བ་དང་། ཡང་དམྱལ་བ་སོགས་རིགས་དྲུག་གང་གནས་ཐམས་ཅད་དུའང་སོང་སྟེ་ཧཱུྃ་དེས་སླེབས་ཚད་ཀྱི་མ་དག་པའི་སྣང་བ་དེ་རྣམས་འཇའ་ལྟར་ཡལ་བར་བསམ། ཡང་ཧཱུྃ་དྲག་པོར་བརྗོད་པས་ཧཱུྃ་དེ་བར་སྣང་ལ་རྒྱངས་ཀྱིས་སོང་སྟེ། སྟུག་པོ་བཀོད་པ། མངོན་དགའ། དཔལ་དང་ལྡན་པ། བདེ་བ་ཅན། ལས་རབ་བརྩེགས་སོགས་རིགས་ལྔའི་ཞིང་དུ་སོང་སྟེ། རིགས་ཀྱི་བདག་པོ་རྣམས་ལ་ཕྱག་མཆོད་བྱ་བ་དང་། ཆོས་ཉན་ཞིང་ལུང་བསྟན་གནང་བ་ཐོབ་པར་བསམ་པ་སོགས་ཀྱང་བྱའོ། །འབྱོངས་རྟགས་སུ་ཐོག་མར་དགའ་སྐྱོའི་ཉམས་མཐོ་དམན་ཅན་དང་མཐར་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་འཆར་བའོ། །དེས་མ་དག་པའི་གནས་སྦྱོང་ཞིང་དག་པའི་ཞིང་ཁམས་མངོན་དུ་བྱེད་པའི་དགོས་པ་ཡོད་དེ། དེ་ཡང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པའི་དོན་ཏོ། །གསུམ་པ་སེམས་སྦྱོང་བ་བྱུང་གནས་འགྲོ་གསུམ་ལ་དཔྱད་པ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ན་དེའི་དམིགས་ཨེ་རྙེད། དེ་ཡང་བཙལ་བྱའི་སེམས་ལ་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བལྟས་ནས་ནན་ཏན་དུ་རྩད་བཅད་ནས་བསྐྱར་རོ། །བར་དུ་གནས་པ་ལ་བརྟག་པ་ནི། ད་ལྟའི་དྲན་རིག་ལམ་གྱིས་ཤར་བ་འདི་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གང་དུ་ཡང་མ་གྲུབ་ན་རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་ཏེ་རྩད་གཅད་པར་བྱའོ། །མཐའ་མ་སེམས་ཀྱི་འགྲོ་ས་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའི་ཡུལ་དང་། ཡུལ་ཅན་གྱི་སེམས་དེའི་ཡང་ངོ་བོ་ངོས་བཟུང་ལ་བརྟག་སྟེ་བྱུང་གནས་འགྲོ་བ་གསུམ་ཀའི་ཡུལ་དང་ཡུལ་ཅན་རང་བཞིན་མེད་པར་གཏན་ལ་མ་ཕེབས་བར་དུ་བསྐྱར། དེ་ལྟར་ཡང་སངས་རྒྱས་དང་སེམས་ཅན་གྱི་ངོ་བོ། ཉོན་མོངས་དང་ཡེ་ཤེས། ཚོགས་དྲུག་གི་ཡུལ་སོ་སོའི་བཟང་ཅན་སོགས་ངོ་བོ་རིག་ཐོག་ཏུ་ཕེབས་ཤིང་རིག་པའང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ། གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་བར་དེ་སྲིད་དུ་དྲི་བས་གནད་ལ་བཀར་ཏེ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་བྱའོ། །དེ་ལྟར་ཡང་ཐལ་འགྱུར་ལས། སེམས་ནི་དང་པོར་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པའི་དོན་ཏོ།། །།གཉིས་པ་ནང་གི་སྔོན་འགྲོ་ནི། ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་ནང་སྒོ་གསུམ་གྱི་འཁྲུལ་པའི་རྒྱུ་དང་ས་བོན་ཟད་པར་བྱེད་དགོས་པས། ལུས་གནད་བཅས་ལ་སེམས་བསྐྱེད་དང་། བླ་མ་ལ་རིགས་དྲུག་གི་ས་བོན་བག་ཆགས་ཟད་པའི་གསོལ་བ་བཏབ། རང་ཐ་མལ་དུ་གནས་པའི་ལུས་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་སོ་སོའི་བག་ཆགས་དང་བཅས་པར་གསལ་བ་ལ་དེ་དག་ཏུ་སྐྱེ་བའི་ལས་སྒྲིབ་བག་ཆགས་ཐམས་ཅད་འདུས་ཤིང་ཐིམ་པར་བསམ། དེ་ལྟར་སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྤྱོད་བྱེད་སྐུ་གསུམ་གྱི་ཡི་གེས་སྦྱང་བ་ནི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་ལ་འོད་ཟེར་འཕྲོ་བ། དེ་གསུམ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟར་འཕྲོས་པས། ལུས་ངག་ཡིད་ཀྱི་སྡིག་སྒྲིབ། རིགས་དྲུག་གི་ས་བོན་མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་གྱིས་ཚིག་ནས་མི་གནས་པར་བྱས་ཏེ། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རིགས་དྲུག་གི་གནས་ཐམས་ཅད་དུ་འོད་ཟེར་གྱི་འདུ་འཕྲོས་ཁྱབ་ཅིང་། རིགས་དྲུག་སོ་སོའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཐུལ་གྱིས་བསྲེགས་ནས། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསྒོམ་ཞིང་། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་བས། འབྲུ་གསུམ་པ་འབུམ་ཕྲག་བདུན་ལ་སོགས་པ་མཚན་མ་མ་བྱུང་གི་བར་དུ་བཟླ། སྡིག་སྒྲིབ་དག་པའི་རྟགས་སྒོ་གསུམ་ལ་འབྱུང་བའི་ཚུལ་སྤྱི་དང་མཚུངས་སོ།། །།གསུམ་པ་གསང་བའི་སྔོན་འགྲོ་ལ་གཉིས། རྣལ་དུ་དབབ་པ་དང་། སོར་གཞུག་པའོ། །དང་པོ་ནི། རང་གཞུང་ལས། ལུས་ངག་ཡིད་གསུམ་རྣལ་དུ་ཕབ༔ ལུས་སོག་ཕོན་ཐག་པ་ཆད་པ་བཞིན་དུ་ལྷོད༔ ངག་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་དུ་སྨྲ་བ་གཅད༔ སེམས་སྐྱེས་བུ་སྙིང་བཏོན་པ་བཞིན་དུ་དྲན་མེད་དུ་གཞག༔ ཅེས་སོགས་གསུངས་པ་ལྟར། དང་པོ་ལུས་རྣལ་དུ་དབབ་པ་ནི་བྱ་བ་དགུ་ཕྲུགས་སུ་གཏང་སྟེ། ལུས་ཕྱིའི་བྱ་བ། སོ་ནམ་ལ་སོགས་པ་འཁོར་བའི་བྱ་བ་ཐམས་ཅད་ལིང་གིས་གཏང་། ནང་ཕྱག་དང་སྐོར་བ་ལ་སོགས་པའི་ཆོས་སྤྱོད་ཐམས་ཅད་ཀྱང་གཏང་། གསང་བ་ལུས་ཀྱི་བསྒུལ་བསྐྱོད་ཙམ་ཡང་མི་བྱ་བར་ལུས་གནད་ཀྱི་ཐོག་ཏུ་ཙེན་ནེ་མ་ཡེངས་པར་སྒོམ་མོ། །དེས་ལུས་རྣལ་དུ་ཕེབས་ནས་སྒོམ་སྐྱེ་བའི་ཡོན་ཏན་ཡོད་དོ། །གཉིས་པ་ངག་རྣལ་དུ་དབབ་པ་ལ་གསུམ་གྱི། དང་པོ་ཕྱི་ཁ་སྨྲ་དང་འཇིག་རྟེན་གྱི་འཁྲུལ་གཏམ་བྲེ་མོ་ཐམས་ཅད་ཅམ་གྱིས་བཞག་ལ་སྨྲ་བ་གཅད། གཉིས་པ་ནང་འདོན་པ་ཆོས་སྤྱོད་ཀྱི་བྱ་བ་བཏང་ལ་སྨྲ་བ་གཅད། གསུམ་པ་གསང་བ་བཟླས་བརྗོད་སྔགས་ཀྱི་བྱ་བ་ཡང་བཏང་ལ། ངག་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་དུ་བཞག་ལ་རྣལ་དུ་ཕབ་བོ། །གསུམ་པ་ཡིད་རྣལ་དུ་དབབ་པ་ལ་གསུམ་གྱི། དང་པོ་ལུས་གནད་གོང་ལྟར་བཅས་པའི་ངང་ནས། ཡིད་ཕྱི་ཐ་མལ་གྱི་འཁྲུལ་སྣང་སྔ་ཕྱི་དུས་གསུམ་གྱི་རྟོག་པ་གང་ཡང་མི་བྱེད་པར་ལྷན་ནེ་གཞག །གཉིས་པ་ནང་ལྷ་བསྒོམ་པ་ལ་སོགས་བཟང་རྟོག་གི་རྟོག་པ་གང་ཡང་མི་བྱེད་པར་ཕྱམ་མེ་གཞག །གསུམ་པ་གསང་བ་སེམས་འཛིན་ལྷ་སྒོམ་ཡིད་ལ་བྱེད་པའི་རྟོག་པ་ཐམས་ཅད་ཅི་ཡང་མི་བྱེད་པ། རང་ལུགས་སུ་ཧྲིག་གེ་ཡེར་རེ་ས་ལེ་བཞག་སྟེ་རྣལ་དུ་ཕབ་པར་བྱའོ། །མདོར་ན་ལུས་བསྒུལ་བསྐྱོད་དང་བྲལ་བ། ངག་སྨྲ་བརྗོད་དང་བྲལ་བ། ཡིད་དྲན་བསམ་དང་བྲལ་བར་བྱའོ། །དེ་ཡང་ལུས་རྣལ་དུ་ཕབ་པས་མི་འགུལ། ངག་རྣལ་དུ་ཕབ་པས་སྨྲ་སྙིང་མི་འདོད། ཡིད་རྣལ་དུ་ཕབ་པས་འཕྲོ་འདུའི་རྟོག་པ་ཐམས་ཅད་རང་སར་ཞིའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་སོར་དུ་གཞུག་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་པས་འདི་ལ་གསུམ། ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད་པ། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། ལུས་གནད་ལྟ་སྟངས་དང་། ཞི་གནས་སྒྲུབ་པའི་ཐབས་སོ། །དང་པོ་ལུས་གནད་ལྟ་སྟངས་ནི། རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ་སྟེ། རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་མདའ་ལྟར་དུ་བསྲང་། གསུས་པ་སྒལ་པ་ལ་སྦྱར། མགྲིན་པ་བག་ཙམ་དགུག །ལྕེ་ཡར་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བསྒོམ་རྒྱུ་ཅི་ཡང་མེད་པར་ཧྲི་གེ་བལྟ་བ་དང་བདུན་པོ་འདི་སྐྱོན་མེད་པར་ལེགས་པར་བཅའ་འོ། །འཕྲུལ་འཁོར་རྣལ་མར་བཅའ་ཤེས་ན་སྒོམ་རང་བབས་སུ་འོང་། དེ་ཡང་ལས་དང་པོ་པའི་སེམས་རྟ་རྨུ་རྒོད་དང་འདྲ་སྟེ། རྟ་རྨུ་རྒོད་དེ་གཟུང་བ་ལ་ཡང་ཁོའི་ཐད་དུ་དྲག་པོར་རྒྱུག་ན་འདྲོགས་ནས་མི་ཟིན་པས། ཐབས་སྣ་ཚོགས་ཀྱིས་བྲིད་ཅིང་དལ་གྱིས་བཟུང་ན་ཟིན་ཏེ་བཀོལ་དུ་བཏུབ་པ་ལྟར། དེ་བཞིན་དུ་སེམས་རྨུ་རྒོད་འདི་ཡང་དྲག་ཏུ་འཛིན་ན་རྟོག་པ་ཇེ་མང་དུ་འགྲོ་ཞིང་། སྙིང་རླུང་ལ་སོགས་པའི་མི་འདོད་པ་དུ་མ་བསྐྱེད་པའི་གེགས་སུ་འགྲོ་བས། ཐབས་སྣ་ཚོགས་ཀྱི་དམིགས་པས་དལ་གྱིས་རྣལ་དུ་ཕབ་པས། ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེ་བ་ཡིན་ནོ། །གཉིས་པ་ཞི་གནས་སྒྲུབ་ཚུལ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལ་གསུམ། མཚན་མའི་རྟེན་ལ་སེམས་འཛིན་པ། དག་པ་ལྷ་ལ་འཛིན་པ། རླུང་རྩོལ་ལ་འཛིན་པའོ། །དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། ཐམས་ཅད་ལ་གནས་ཤིན་ཏུ་དབེན་པར་བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་ལྡན་བཅས་ལ་སེམས་རྣལ་དུ་དབབ། སེམས་བསྐྱེད་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། དང་པོ་མཚན་མའི་རྟེན་ལ་སེམས་འཛིན་པ། མདུན་དུ་ཤིང་བུའམ་རྡེའུ་ལ་སོགས་དངོས་པོ་ཕྲ་མོ་ཞིག་བཞག་ལ། དེ་ལ་མིག་ཅེར་རེ་བལྟ་བ་དང་ལྷན་ཅིག་ཏུ་སེམས་ཀྱང་གཞན་གང་དུའང་མ་ཡེངས་དེའི་ཐོག་ཏུ་ཧྲིག་གེ་གསལ་ལེ་ལྷན་ནེར་གཞག །དེ་ལ་མདུང་ཚུགས་ཙིར་ཟིན་དུའང་མི་བྱ། ཐ་མལ་དུ་ཡེངས་སུའང་མི་བཅུག་པར། རིག་པ་མ་ཡེངས་པའི་རྟེན་ཙམ་དུ་བཞག་པའོ། །ལྷན་ནེར་གནས་བདོ་བ་ལ་ཀློད་ཀྱིས་ལྷོད་ལ་ཅུང་ཟད་ངལ་གསོ། དེའི་རིང་ལ་རྟོག་པ་འབྱམ་དུ་མི་གཞུག་པར། ཡང་རྟེན་དེ་ལ་ཡེངས་མེད་དུ་སེམས་རང་བབས་སུ་གཞག །ཡུན་ཐུང་ལ་གྲངས་མང་བ་བྱ། ཐུན་འཇོག་པའི་ཚེ་ཧར་ལང་མི་བྱ་བར་བག་ཡོད་དང་ལྡན་པས། དེའི་ངང་མ་ཤོར་བར་དལ་གྱིས་སྤྱོད་ལམ་དང་བསྲེ་ཞིང་ལམ་དུ་ཁྱེར་བ་ཕྱིན་ཆད་འགྲེ། གཉིས་པ་ཐིག་ལེ་ལ་སེམས་འཛིན་པ་ནི། བྱིང་འཐིབས་ཤས་ཆེ་བས་སྨིན་ཕྲག་མཚམས་ཀྱི་ནམ་མཁའ་ལ་མདའ་གང་ཙམ་དུ་འོད་དཀར་པོའི་ཐིག་ལེ་རང་གི་མགོ་ཙམ་ཞིག་ལ་རྣམ་པར་ཤེས་པ་མ་ཡེངས་པར་མདུང་ཚུགས་སུ་གཏད། གཞན་གང་དུའང་མ་འཕྲོ་བར་མཉམ་པར་གཞག །འཕྲོ་རྒོད་ཆེ་བའི་རིགས་རྣམས་ཀྱིས་ལྟེ་བའི་གནས་སུ་འོད་སེར་པོ་རང་གི་ཁུ་ཚུར་ཙམ་ཞིག་ལ་ཤེས་པ་མ་ཡེངས་པར་གཏད་ཅིང་མཉམ་པར་གཞག །བློ་རང་བབས་སུ་གནས་པ་རྣམས་ཀྱིས་རང་གི་སྙིང་གར་འོད་མཐིང་ག་སྲན་མ་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་བྱ། གསལ་བདོ་བ་ལ་ཀློད་ཀྱིས་ལྷོད་ལ་སེམས་རང་བབས་སུ་གཞག །རྟོག་པས་བར་མ་ཆོད་པར་བྱ་བ་སོགས་སྔ་མས་འགྲེ། གསུམ་པ་སྙིང་གར་སེམས་འཛིན་པ་ནི། རང་གི་ལུས་ཀྱི་ནང་སྟོང་སང་ངེ་བའི་སྙིང་གའི་ཐད་དུ་རླུང་སེམས་འདུས་པའི་ངོ་བོ་འོད་ཀྱི་ཐིག་ལེ་མར་མེ་འབྲིང་པོ་ཙམ་ཞིག་འཚེར་ཙེ་རེ་བ། ཁ་དོག་སྔོ་ལ་གསལ་བ། རེག་བྱ་ཚ་བ་ཞིག་གསལ་གདབ་ལ་ཤེས་པ་གཏད། གསལ་བདོ་བ་ལ་འཕྲོ་བཅད་ནས་ཡེངས་ན་དམིགས་པ་གསལ་གདབ། དེའི་དུས་སུ་ཤེས་པ་ཟ་ཟིར་གྱུར་ནས་དམིགས་པ་མ་གསལ་ན། རླུང་ཁམས་སྐྱེས་པའི་རྟགས་ཡིན་པས། ཟས་བཅུད་ཆེན་གཏང་། དམིགས་པ་ཅུང་ཟད་ཀློད་ལ་ངལ་གསོ། དེས་སེལ་བ་ཡིན་ནོ། །ཡང་སྐྱོ་བའམ་འཚེར་བ་བྱུང་ན་ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། སྐབས་སུ་བཀའ་བརྒྱུད་ཀྱི་རྣམ་ཐར་གསུང་སྒྲོས་དང་། ངོ་མཚར་ཅན་གྱི་སྒྲུང་རྒྱུད་ལ་སོགས་ངེས་འབྱུང་སྐྱོ་ཤས་སྐྱེ་བའི་ཆོས་བཤད་པའམ། དཔེ་ལ་བལྟ་བ་སོགས་བྱ། གཉིས་པ་དག་པ་ལྷ་ལ་སེམས་འཛིན་པ་ལའང་གསུམ་ལས། དང་པོ་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའི་སྐུ་མཐོ་གང་ཙམ་པ། སྣང་ལ་རང་བཞིན་མེད་པ་ཤེལ་ལྟ་བུ། དཀར་ལ་གསལ་བ་འོད་ཀྱི་རང་བཞིན་ཅན་གཅིག་ས་ལེར་བསྒོམ། དེའི་ཐུགས་ཀར་རིག་པ་གཏད་ལ་གསལ་ཡེར་རེ་བསྒོམ། གཉིས་པ་ནི། ཡང་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་ལྟ་བུ་འོད་ལམ་མེ་བ་ལ་ཤེས་པ་གཏད། གསུམ་པ་ནི། མདུན་མཁར་སྤྱན་རས་གཟིགས་དབང་ཕྱུག་སྐུ་ལམ་མེར་གསལ་བའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་ཅན་ལ་སེམས་མ་ཡེངས་ཙམ་དུ་ལྷན་ནེར་གཏད། ཡུན་ཐུང་ལ་གྲངས་མང་བར་བྱ། དེ་རེ་རེ་ལའང་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །གསུམ་པ་རླུང་གི་སེམས་འཛིན་ལའང་གསུམ་ལས་དང་པོ་རླུང་སེམས་གཉིས་མེད་ནི། རྣམ་རྟོག་ཁོ་རང་དམིགས་པའི་རྟེན་བྱས་ཏེ། འདོད་ཆགས་ཞེ་སྡང་བག་ཆགས་ངན་གོམས་གང་ཤར་བ་དེ་ངོས་བཟུང་ལ་དེ་ཀའི་ཐོག་ཏུ་སེམས་ཀློད་ཀྱིས་ལྷོད་ལ་གཞག །རེས་རྟོག་པ་ཅི་སྐྱེས་ངོས་ཙིར་གྱིས་བཟུང་ལ་རང་གྲོལ་དུ་གཏང་། གཅིག་སྐྱེས་གཉིས་སྐྱེས་ངོས་བཟུང་གང་ཤར་གྱི་རྗེས་སུ་མི་འབྲང་བར་རང་གྲོལ་དུ་གཏང་། རེས་དམིགས་པ་ལ་གཏད། རེས་རྟོག་པ་རང་གྲོལ་དུ་གཏང་། རྗེས་སུ་མ་བཅོས་པའི་ངང་ལ་ལྷོད་ཀྱིས་ཀློད། དེ་རེས་མོས་སུ་བྱས་པས། རྣམ་རྟོག་ལུ་གུ་རྒྱུད་དུ་མ་འབྲེལ་བར་རྟོག་པ་དུམ་བུར་སོང་བས། ངན་རྟོག་ཇེ་ཉུང་དུ་འགྲོ་སྟེ། གནས་པ་བཟང་པོ་སྐྱེའོ། །གཉིས་པ་རླུང་བུམ་ཅན་ལ་བརྟེན་པ་ནི། ལུས་གནད་ཆོས་བདུན་ལ་ལག་གཉིས་ས་གནོན་བྱ། རླུང་གཡས་གཡོན་དབུས་གསུམ་ནས་འབུད་པ་དང་མཉམ་དུ། སྡིག་སྒྲིབ་ཐམས་ཅད་སྡིག་པ་རྭ་ཅན་གྱི་རྣམ་པར་སང་སང་སྣ་སྒོར་ཐོན་ནས། མདུན་དུ་ཡེ་ཤེས་ཀྱི་མེས་ཐུལ་གྱིས་ཚིག་པར་བསམ་པ་ནི་རླུང་གི་དུག་སྦྱོང་བའོ། །དེ་ནས་ཚུར་རྔུབ་པ་དང་མཉམ་དུ་མཆིལ་མ་གཅིག་མིད་པས་ལྟེ་འོག་ཏུ་ཏིག་གིས་མནན་ལ། དམིགས་པ་ཅི་ལའང་མི་བསམ་པར་ལྷན་ནེ་གཞག །མི་ཐུབ་པ་དང་སང་སང་འབུད་དོ། །གསུམ་པ་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ་ནི། རླུང་རོ་དབྱུང་བ་དང་། ལུས་གནད་སོགས་སྔར་ལྟར་ལས། རླུང་རྔུབ་པའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཡི་གེ་ཨོཾ་དཀར་པོའི་རྣམ་པར་ཚུར་བསྡུས་ནས། སྟེང་རླུང་མནན་འོག་རླུང་འཐེན་ཏེ་ལྟེ་འོག་ཏུ་སྐྱིལ་བ་ཙམ་བྱས། སྟེང་རླུང་འོག་རླུང་ཁ་སྦྱར་གྱི་བར་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོ་རང་བཞིན་མེད་པར་གསལ་སྟོང་ཡེ་རེ་བ་ལ་རིག་པ་ཅི་གནས་ཀྱི་བར་དུ་གཞག །མི་ཐུབ་པ་དང་རླུང་གཏོང་བའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པར་འཕྲོས་པས། དེ་དག་ཀྱང་འགྲོ་བའི་དོན་དུ་སྤྲུལ་སྐུ་རྒྱུན་མི་ཆད་པར་འཕྲོ་བར་བསམ་ལ། དེ་ལྟར་རླུང་རྔུབ་པ་ཨོཾ་གནས་པ་ཨཱཿའབུད་པ་ཧཱུྃ་གི་རང་བཞིན་ལ་རིག་པ་ཡེངས་མེད་དུ་སེམས་གཟུང་། འདི་ནི་དུས་ནམ་དུའང་བྱས་པས། སྐྱེ་མེད་རྡོ་རྗེའི་བཟླས་པ་ཞེས་བྱ་སྟེ། ཞག་རེ་ལ་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ཐེམས་པས། ཡོན་ཏན་བརྗོད་ལས་འདས་པའོ། །གཉིས་པ་མཚན་མེད་ལ་གསུམ། སྒྲིམ། ཀློད། སྤེལ་མའོ། །དང་པོ་ནི། ལུས་གནད་སྔར་ལྟར་ལ། དམིགས་པ་ཅིའང་མི་བསྒོམ་པར་མིག་དང་ཤེས་པ་མདུན་གྱི་ནམ་མཁར་ཡེངས་པ་མེད་པར་ཧྲིལ་ལེ་བསྒྲིམ། གནས་བདོ་བ་དང་ཡང་ངལ་གསོ། སྐབས་སུ་སྒྲིམ་མཁན་གྱི་ཤེས་པ་དེ་ཅི་འདྲ་ཞིག་འདུག །གང་ཡིན་རྩད་གཅད། ཡང་ཧྲིག་གེ་བསྒྲིམ། ཡང་རྩད་གཅད། དེ་རེས་མོས་སུ་བྱ། དེས་བྱིང་རྨུག་གི་སྐྱོན་ཡོད་ནའང་སེལ་ལོ། །སྤྱོད་ལམ་ཐམས་ཅད་དུ་དྲན་པ་ཡེངས་མེད་དུ་བརྟེན་ནོ། །གཉིས་པ་ཀློད་པ་ནི། ལྟ་སྟངས་ཐུར་དུ་ཕབ། སེམས་ལྷོད་ཀྱིས་ཀློད་དེ། འདི་བསྒོམ་བྱ་བའི་དམིགས་པ་ཅི་ཡང་མེད་པར་ཀློད་དེ། ལུས་སེམས་གཉིས་ཀ་རང་བབས་སུ་ཀློད་ལ། སྒོམ་རྒྱུ་ཅི་ཡང་མེད་པ་ལ་མ་ཡེངས་ཙམ་དུ། རང་བབས། རང་གདངས། གཤིས་ལུགས་ཅི་བཞིན་གྱི་ངང་ལ་བཅོས་བསླད་དང་བྲལ་བར་གཞག་གོ །གསུམ་པ་སྤེལ་མ་ནི། རེས་ཤེས་པ་གྲིམ་གྱིས་བསྒྲིམས་ལ་ཡེངས་མེད་དུ་ཕྲི་ལི་ལི་བསྒྲིམ། ཡང་ལྷོད་ཀྱིས་ཀློད་ལ་གུ་ཡངས་སུ་ཕྱལ་ལེ་གཞག །ཡང་བསྒྲིམ། ཡང་ཀློད། དེ་ལྟར་སྒྲིམ་ཀློད་སྤེལ་ཞིང་བསྒོམ། རེས་ལྟ་སྟངས་ཀྱིས་ནམ་མཁའི་དབྱིངས་སུ་གྱེན་ལ་ཅེར་རེ་བལྟ། རིག་པ་ཡང་སྒོམ་རྒྱུ་མེད་ཀྱང་འདུན་པ་དེ་ཧྲིག་གེར་གཏད། ཡང་ཀློད། རེས་གཡས་སུ་ལྟ་སྟངས་ཧྲིག་གེ །དབྱིངས་རིག་མ་ཡེངས་པ་གཏད། རེས་གཡོན་དུ་གཏད། རེས་ཐུར་དུ་གཏད་པ་རྣམས་རེས་མོས་ཐུན་རེར་འཁོར་མར་བསྒྱུར། སྐབས་སུ་འདུན་པ་གཏད་མཁན་གྱི་རིག་པ་དེ་ཅི་འདྲ་ཞིག་འདུག་རིག་པ་ཁོ་རང་གིས་ཁོ་རང་ཅེར་རེ་བལྟ། རེས་སེམས་སྙིང་གི་དཀྱིལ་དུ་ཕབ་ལ་ཕྱམ་མེ་གཞག །རེས་ནམ་མཁའ་གར་ཁྱབ་ཏུ་ཕྱམ་གྱིས་བཏང་ལ་གཞག །དེ་ལྟར་རེས་མོས་སྣ་ཚོགས་ཀྱིས་ལྟ་སྟངས་བསྒྱུར་བས་སེམས་རྣལ་དུ་ཕེབས་པར་འགྱུར་རོ། །དེ་རྣམས་ལ་ཞག་གསུམ་རེ་སྦྱང་བར་གསུངས་ཤིང་། གནས་པ་གང་ལ་སྐྱེ་ཁམས་དང་བསྟུན་པ་ལས་མཐའ་གཅིག་ཏུ་ཐམས་ཅད་རིམ་འདེད་དགོས་པའང་མ་ཡིན་ནོ། །དེ་དག་གིས་ཞི་གནས་གྲུབ་པའི་རྟགས་ནི། སེམས་ཉིད་ངལ་གསོ་ལས། དེ་ལྟར་བཞག་པས་སེམས་ནི་ལས་རུང་ཞིང་། །གཞན་དུ་མི་འཕྲོ་གར་གཏད་ཡུལ་ལ་ཟིན། །ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས། །ལུས་ངག་སེམས་ནི་དགའ་བདེས་ཁྱབ་པས་ན། །རྩེ་གཅིག་མི་གཡོ་ཞི་གནས་འགྲུབ་པ་ཡིན། །ཅེས་གསུངས་པ་ལྟར་དང་། འདི་སྐབས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ལ་འཛིན་ཞེན་ཞུགས་ན་ཁམས་གསུམ་དུ་གོལ་བར་འགྱུར་བས། ཉམས་བཟང་ངན་ཇི་ལྟར་སྐྱེས་ཀྱང་དེ་ལ་འཛིན་པ་མ་ཞུགས་པར་རྩིས་མེད་བྱུང་རྒྱལ་དུ་བསྐྱངས་པས་ལམ་དུ་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ་བ་ནི། སྐྱིལ་ཀྲུང་བཅའ་ལ་མིག་མདུན་གྱི་ནམ་མཁའ་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཙམ་ཙུམ་དང་གྱ་གྱུ་མེད་པར་ཐད་སོར་ཅེ་རེ་ཧྲིག་གེ་བལྟ་བས་སེམས་རང་ལུགས་སུ་གཞག །དེའི་ངང་ལ་ཕྱི་དབང་པོའི་ཡུལ་དུ་སྣང་བའི་ཡིད་དུ་འོང་མི་འོང་གང་ཤར་ཡང་ཤར་མ་ཐག་བཟོ་བཅོས་མ་བྱས་པར་རང་ཐོག་ན་རྩོལ་མེད་དུ་བཞག་ནས། བསམ་མཁན་ཁོ་རང་གི་རང་གཟུགས་མིན་པའི་གཞན་ཡུལ་སྣང་གཅིག་ལོགས་སུ་ཨེ་སྣང་རང་གི་བསམ་མཁན་ཁོ་རང་གི་རྒྱུད་ནས་རྒྱང་འཚོ་བྱེད། དེ་ཡང་བསམ་མཁན་དང་བསམ་ཡུལ་གཉིས་སྐད་གཅིག་མའི་སྟེང་དུ་འཛོམས་པ། དེ་འཆུག་མ་ཤོར་བར་རང་ཐོག་ནས་ཆོད་དགོས་སོ། །སྐད་ཅིག་དང་པོར་སྣང་སེམས་ཡ་མ་བྲལ་བ་དེ་རང་ཐོག་ནས་རྩོལ་མེད་འཚོ་བ་ཞིག་གིས་ཆོད་ན་བློ་ཡུལ་དུ་སྣང་བ་ཤར་ཚད་སེམས་སུ་ཆོད་པའི་གནད་ཅིག་ཡོད། དེ་ལྟར་མ་ཤེས་ན། སྣང་བ་གང་ཤར་སྐད་ཅིག་མའི་ངང་ནས་སྣང་སེམས་ངོ་བོ་གཅིག་པ་མ་རིག་ནས། སྐད་ཅིག་མ་གཉིས་པར་སོང་ནས། སྣང་བ་ཕར་ལུས། རིག་པ་ཚུར་ལུས་ནས་ཡུལ་ཡུལ་ཅན་གྱི་འཁྲུལ་པ་རང་ཁ་མ་ལ་བློ་རྩེ་གཏད་ནས་ཆོད་པའི་དུས་མེད། དེས་ན་གང་ཤར་གྱི་སྐད་ཅིག་མ་ཡ་མ་བྲལ་བའི་སྟེང་དུ་དཔྱོད་ཤེས་པ་གལ་ཆེའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པ་ནི། རྐང་པ་གཉིས་གྱད་ཀྱི་འདོར་ཐབས་ཀྱིས་བསྒྲད། མིག་བར་སྣང་ལ་གྱེན་དུ་བསྒྲད། ཧ་ཧཱ་དང་ཧི་ཧཱི་ལ་སོགས་པ་བརྗོད་ཅིང་། སེམས་སྤྲོས་པ་དང་བྲལ་བར་གཞག་གོ། ༈ །།རྩ་བའི་གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གཉིས། ཀ་དག་གི་གནས་ལུགས་ངོ་སྤྲོད་པ་ཁྲེགས་ཆོད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་སྟོན་པ་ཐོད་རྒལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ་གསུམ་གྱི་རྟོགས་པ་མ་སྐྱེས་པ་སྐྱེད་པ། དངོས་གཞི་གཉིས་ཀྱིས་སྐྱེས་པ་ངོ་སྤྲོད་པ། རྗེས་རང་གྲོལ་གསུམ་གྱིས་བོགས་འདོན་ཞིང་རྩལ་སྦྱོང་བའོ། །དང་པོ་ལ་གསུམ་གྱི་ཐོག་མར་རྟོག་པ་རྩད་གཅོད་པ་ནི། ལུས་ངག་ཡིད་གསུམ་འཁོར་བར་འཁྱམས་མཁན་སུ་ཡིན། དགག་སྒྲུབ་བྱེད་པ་པོ་སུ་ཡིན། སྐྱེ་བ་སྔ་མ་ནས་ད་ལྟ། འདི་ནས་ཕྱི་མར་འགྲོ་མཁན་གང་ཡིན། གཙོ་གང་ཆེ། ཞེས་དྲི་ཞིང་བརྟགས་པས། སེམས་གཙོ་ཆེ་བར་ཤེས་པའོ། །གཉིས་པ་བར་དུ་སེམས་ཀྱི་མཚང་བཙལ་བ་ནི། དེ་ལྟར་བྱེད་པ་པོའི་སེམས་འདིས་ཐམས་ཅད་བདག་ཏུ་འཛིན་ཅིང་ང་ཞེས་བརྟགས་པར་འདུག་ན། ལུས་ངག་ཡིད་གསུམ་པོ་དེ་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག །གཅིག་ན་སེམས་བལྟར་མེད་པ་བཞིན་དུ་ལུས་ཀྱང་མེད་པར་འགྱུར་ལ། ལུས་གཟུགས་སུ་གྲུབ་པ་བཞིན་དུ་སེམས་དང་ངག་ཀྱང་གཟུགས་སུ་གྲུབ་དགོས། ངག་སྒྲར་གྲགས་པ་བཞིན་དུ་ལུས་སེམས་གཉིས་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེས་པ་ལ་སོགས་པས་བརྟགས་པས། གཅིག་ཐ་དད་ཡིན་མིན་དགག་སྒྲུབ་ཐམས་ཅད་སེམས་ཀྱིས་བཟོས་པ་ལས་ལོགས་སུ་མ་གྲུབ་པར་ཤེས་པའོ། །གསུམ་པ་ཐ་མ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། བདག་ཏུ་འཛིན་མཁན་གྱི་སེམས་དེ། དང་པོ་གང་ནས་བྱུང་བའི་རྣམ་པར་འདུག །ད་ལྟ་གར་གནས། ཐ་མ་གང་དུ་འགྲོ་བར་འདུག །ཅེས་སེམས་དེ་ཉིད་ལ་བརྟགས་པས་བྱུང་གནས་འགྲོ་གསུམ་མ་གྲུབ་ཅིང་ངོ་བོ་ངོས་གཟུང་དང་བྲལ་བའི་རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་པའོ། །སྔར་བཤད་པ་དང་མི་ཟློས་ཏེ། སྔར་གྱི་དེ་ཡུལ་ལ་བརྟགས་ནས་མ་གྲུབ་པ་ཡིན་ལ། འདི་ཉིད་ཡུལ་ཅན་དུ་བརྟགས་ནས་ངོ་བོའི་ཐོག་ཏུ་ཕེབས་པའོ། །ཚོལ་མཁན་གྱི་སེམས་དང་ཚོལ་རྒྱུའི་སེམས་གཉིས་སུ་འདུག་གམ་གཅིག་ཏུ་འདུག །སེམས་དེ་ལ་ཟླུམ་པོ་ལ་སོགས་པའི་དབྱིབས་དང་དཀར་དམར་ལ་སོགས་པའི་ཁ་དོག་ཇི་ལྟར་འདུག །ཅང་མེད་སྟོང་པ་ཞིག་འདུག་ན་སྟོང་པར་སྙམ་མཁན་དེ་གང་ན་ཅི་འདྲ་འདུག །བདེ་གསལ་མི་རྟོག་པའི་མྱོང་ཚོར་བྱུང་ན་ཉམས་ཁོ་རང་མིན་པའི་མྱོང་ཡུལ་དང་མྱོང་མཁན་གང་ན་འདུག །གནས་དུས་འགྱུ་བ་དང་། འགྱུ་དུས་གནས་པ་ཨེ་འདུག །དེ་གཉིས་གཅིག་གམ་ཐ་དད་ལེགས་པར་བརྟགས་པས། གང་ཡང་ཚོལ་མཁན་སྐད་གཅིག་མའི་སྟེང་དུ་དབྱེར་མེད་པའི་གསང་ཡོད་པས་རྩོལ་མེད་ཀྱི་ངང་ནས་རྒྱང་བསྲུང་བྱས་པས་རྟོག་མེད་ཀྱི་ངོ་བོ་ཡུལ་མེད་དུ་ཧྲིག་གེར་རིག་པ་འབྱུང་ངོ་། །གཉིས་པ་དངོས་གཞི་གཉིས་ཀྱིས་སྐྱེས་པ་ངོ་སྤྲོད་པ་ལ་གཉིས། སྐྱོང་ཚུལ་གསུམ་དང་། ངོ་སྤྲོད་བརྟན་ཐོབ་བྱ་བའོ། །དང་པོ་ལ་གསུམ། གནས་འགྱུ་གཉིས་མེད་དོ། །དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ཤེས་པ་ནི། རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་པས། རི་བོ་ཅོག་གཞག་ནི། ལུས་རྡོ་རྗེའི་སྐྱིལ་ཀྲུང་མི་གཡོ་བའོ། །རྒྱ་མཚོ་ཅོག་གཞག་ནི། མིག་མདའ་གང་ཙམ་དུ་གཏད་དེ་མི་འགུལ་བའོ། །རིག་པ་ཅོག་གཞག་ནི། རང་བབས་སུ་ཆོས་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དེ་ལྟར་བཞག་པས་སེམས་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་རང་བཞིན་ལ་གནས་པ་ཉིད་དེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུའང་མ་ཕྱེས་ཆོས་ཉིད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་པ་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་པས། དེའི་དུས་ན་ལྷག་མཐོང་གི་ཉམས་བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། གསལ་ལ་མ་འགག་པའི་ཤེས་པ་རྗེན་པ། རང་རིག་རང་གསལ་སང་ངེ་ཡེ་རེ་གསལ་བ། དེ་ལ་ཡུལ་ཡུལ་ཅན་གྱི་བསྒོམ་བྱ་སྒོམ་བྱེད་མེད་པས་མི་རྟོག་པ། དེ་ལ་འབད་རྩོལ་མེད་པ་རང་ལུགས་སུ་གནས་པ་དེ་བདེ་བའོ། །དེ་ནས་ལྷག་མཐོང་གི་རྟོགས་པ་ནི། གོང་དུ་ཡུལ་ཡུལ་ཅན་གྱི་མྱོང་ཚོར་རིམ་པར་དག་ནས། གང་ཤར་གྱི་སྐད་ཅིག་སོ་མ་ཡུལ་མེད་རང་རིག་ཏུ་ཤར་བའོ། །དེ་ལ་ལྷག་མཐོང་རྟོགས་པའི་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་ཏེ། གཉུག་མ་ཡུལ་མེད་ཤར་བས་གསལ་བ། གསལ་བྱ་གསལ་བྱེད་ཀྱི་རྟོག་པ་མེད་པས་མི་རྟོག །རིག་སྟོང་དབྱེར་མེད་དུ་བདེ་བས་བདེ་བ་ཞེས་བྱའོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ་ནི། ནོར་བུ་ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། ཞེས་པས། རྒྱ་མཚོ་ལས་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོ་ལས་མ་འདས་པ་བཞིན་དུ་སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ། །དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་བསུ་སྐྱེལ་མི་བྱེད་པར། རང་ཤར་གྱི་ངང་ལ་རང་ཡན་དུ་འཇུག་པ་ནི། རྟོག་པ་ཆོས་ཉིད་ཀྱི་རོལ་པར་རྟོགས་པས་སྤངས་བླང་དགག་སྒྲུབ་ཀྱི་ཡུལ་ལས་འདས་པ་སྟེ། ཇི་ལྟར་ཤར་ཡང་ཤར་དུས་ནས་གཉེན་པོ་མེད་པར་སྦྲུལ་མདུད་བཞིན་རང་གྲོལ་བའོ། །ཨོ་རྒྱན་རིན་པོ་ཆེས། སྤྲིན་དང་ན་བུན་ཁུ་རླངས་གསུམ། །བྱུང་ཡང་ནམ་མཁའི་ངང་དུ་ཐིམ། །ཞེས་གསུངས་པ་ལྟར། རྟོག་པ་གང་ཤར་ལ་སྐྱོན་དུ་མི་ལྟ་ཞིང་རྗེས་སུ་མི་འབྲང་བར་མ་ཡེངས་པའི་ངང་ནས་རྟོག་པ་ཅི་བྱུང་ཐམས་ཅད་རིག་པའི་རྩལ་ཡིན་པས་དགག་པར་མི་བྱ་བར་ཡན་དུ་བཅུག་པས་དང་པོའི་བྱུང་སར་རང་གྲོལ་བར་འགྱུར་རོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་རྒྱ་མཚོ་ལ་རླབས་ཤར་བ་ལྟ་བུ་ནི། གནས་ལ་སྣ་ཚོགས་སུ་ཤར་བ། འཕྲོ་ལ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ། ཕྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་མའི་བུ་ལྟ་བུ། ཡུལ་ཚོགས་དྲུག་སྣ་ཚོགས་སྤྱད་ཀྱང་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། གང་ཤར་འཛིན་པ་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ་སྟེ། ཡུལ་སྣང་ལ་བློ་དེར་འཛིན་མེད་པའི་ཚེ། ཕྱི་ནང་སྟོང་ཉིད་རྟོགས་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན། བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་སོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར་ཞིང་། མཉམ་ན་གཉིས་མེད་ཀྱི་ར་བར་ཡན་པ་ནི། ཇི་ལྟར་བྱས་ཀྱང་ཆོས་ཉིད་རོལ་པ་ལས་མ་འདས་པའོ། །དེའི་ཚེ་རྣམ་རྟོག་མ་སྤང་གདོད་ནས་གྲོལ་བས་བསྐྱར་ནས་གྲོལ་བའི་གཞི་མ་དམིགས་པའི་གདིང་ཐོབ། གང་ཤར་རང་སར་གྲོལ་བས་དྲན་འཛིན་གཉེན་པོ་ལ་མི་ལྟོས་པའི་གདིང་ཐོབ། ཡུལ་དྲུག་གཅེར་མཐོང་དུ་གྲོལ་བས་སྔ་ཕྱིར་འཛིན་པའི་ཤེས་པ་དང་བྲལ་བའི་གདིང་ཐོབ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་གྱི་འབད་རྩོལ་ཞིག་པའི་གདིང་ཐོབ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །གཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །མདོར་ན་གང་ཤར་གྱི་རིག་པ་གཟའ་གཏད་དང་བྲལ་བ་འདི། རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབས་སུ་འདུག་པས་བཅར་ཕོག་ཏུ་གྲོལ། ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ། །དེ་ཇི་ལྟ་བ་རྟོགས་པའི་ཚེ་གང་ལའང་སྤང་བླང་མེད་དེ། ཅིར་སྣང་ཆོས་ཉིད་ཀྱི་རང་སྣང་དུ་ཤེས་པས། སྒོམ་བཟང་པོ་ཞིག་ལོགས་ན་བསྒོམ་རྒྱུ་མེད་ལ། རྣམ་རྟོག་ངན་པ་ཞིག་གུད་དུ་སྤང་དུ་མེད་དེ། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟར། ཐམས་ཅད་ཆོས་ཉིད་ཀྱི་ཀློང་ཆེན་པོར་འུབ་ཆུབ་ནས། སྒོམ་པའི་དམིགས་འཛིན་རང་སར་གྲོལ་ཏེ། བར་དོ་མེད་པར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ངོ་སྤྲོད་བརྟན་ཐོབ་བྱ་བ་ལ་གསུམ། ངོ་སྤྲོད་པ། གོམས་འདྲིས་དགོས་པ། ཉམས་ལེན་སྐྱོང་ཚུལ་ལོ། །དང་པོ་ནི། ཐོག་མར་རྟོགས་པ་སྐྱེས་ཀྱང་རགས་པ་ཆོད་པ་དང་ཕྲ་བ་ཆོད་པ་གཉིས་ཁྱད་པར་ཆེ་བ་སོགས་འདྲ་མིན་གྱི་ནོར་འཁྲུལ་བླ་མ་མྱོང་བ་ཅན་གྱིས་ཤན་ཕྱེ་དགོས། དེ་ནས་གནས་དབེན་པར་བླ་མ་བརྒྱུད་པ་ལ་གསོལ་བ་གདབ། ལུས་གནད་ལྟ་སྟངས་མཉམ་གཞག་བྱེད་དུ་བཅུག་ལ། བླ་མས་འདི་སྐད་དུ། འོ་ན་ཁྱོད་ཀྱི་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་ལྷན་ནེར་གནས་པ་ཞིག་མི་འདུག་གམ། དེ་ལ་ཞི་གནས་བྱ་བ་ཡིན་ཏེ་སེམས་ཀྱི་ངོ་བོ་མིན་ནོ། །དེང་སང་སྒོམ་ཉམས་སུ་ལེན་པ་སྐད་ཕལ་ཆེར་དེ་ཀ་ལ་སྒོམ་དུ་བྱེད། རང་ཡང་རློམ། གཞན་ལ་ཡང་དེ་བསྟན་པ་མང་སྟེ། དེས་སྒོམ་དུ་ཅུང་མི་བཏུབ་པ་ཡིན། དེ་མེད་ཐབས་ཀྱང་མེད་པ་ཡིན་ནོ། ཁྱོད་རང་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ལྟོས་དང་། དེའི་ངང་ལ་རྨུགས་པའམ། ལུང་མ་བསྟན་ནམ། བཏང་སྙོམས་སུ་མ་ལུས་པར། སེམས་ཀྱི་ངོ་བོ་འདི་འདྲ་ཞིག་འདུག་བྱ་རྒྱུའམ། ངག་ཏུ་བརྗོད་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། ཚིག་ཏུ་བརྗོད་རྒྱུའི་ངོས་གཟུང་མེད་ལ། ངོས་གཟུང་མེད་བཞིན་དུ་གསལ་ལ་མ་འགགས་པའི་ཤེས་པ། སང་ངེ་། ཡེ་རེ། རྗེན་ནེ། ལྷང་ངེ་བ་དེ། མ་མཐོང་བའི་མཐོང་རྒྱུ། མ་མྱོང་བའི་མྱོང་རྒྱུ། ཁར་འདོན་དུ་མི་བཏུབ་པའི་གསལ་ལ་ངོས་གཟུང་མེད་པ་ཞིག་མི་འདུག་གམ། འདི་ལ་ལྷག་མཐོང་ཟེར་བ་ཡིན། འདི་ཚིག་ལ་སྔ་ཕྱི་བྱུང་ཡང་། དོན་ལ་ཐ་དད་མེད་པར། སྒོམ་སྐད་ཅིག་མའི་ཐོག་ནས་ཚང་བ་དེ་ལ་སྒོམ་སྐྱོན་མེད་སྐྱེས་པ་ཟེར་བ་ཡིན། སེམས་ཀྱི་ངོ་བོ་དེ་ཉིད་ལ་བལྟས་ཙམ་ན། དབྱིབས་ཁ་དོག་དངོས་པོ་མཚན་མ་ཅིའི་ངོ་བོར་མ་གྲུབ་པའི་ཅིར་ཡང་མེད་པའི་སྟོང་ལྷང་ངེ་བ་ཞིག་མི་འདུག་གམ། འདི་ལ་ངོ་བོ་སྟོང་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། །སྟོང་པ་དེའི་གདངས་མ་འགགས་པར་སལ་ལེ་བ་རང་བཞིན་གྱིས་གསལ་ཆ་མ་འགགས་པ་ཞིག་མི་འདུག་གམ། འདི་ལ་རང་བཞིན་གསལ་བའི་ཡེ་ཤེས་ཞེས་བྱའོ། །སེམས་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་དང་། རྩལ་མ་འགགས་པར་སྣ་ཚོགས་སུ་འཆར་བ་འདི་གཉིས་མིང་དང་ཚིག་ཙམ་ལས། དོན་ལ་གཉིས་སུ་མེད་པའི་རིག་པ་ཧྲིག་གེ་བ་འདི་ལ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་བྱ་བ་ཡིན་ནོ། །བསམ་པར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས་སེམས་ཞེས་མིང་དུ་བཏགས་པ་ཡིན། མི་དྲན་དགུ་དྲན་གྱི་མཁན་པོ་ཡང་འདི་ཡིན་པས་དྲན་པ་ཞེས་མིང་དུ་བཏགས་པ་ཡིན། བྱེ་བྲག་ཐམས་ཅད་ཤྭ་མང་གི་སུལ་བཞིན་འབྱེད་པར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཅེས་མིང་དུ་བཏགས་པ་ཡིན། རིག་པ་སྐད་ཅིག་མ་འདི་ལ་དབྱིབས་ཁ་དོག་ཅིར་ཡང་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། མེད་བཞིན་དུ་གསལ་སང་ངེར་འདུག་པས་ཆད་པའི་མཐའ་དང་བྲལ། དེ་ཡང་དུས་འདི་ཙམ་ནས་བྱུང་། རྒྱུ་རྐྱེན་འདི་ལས་བྱུང་བྱ་བ་མེད་པས་སྐྱེ་བའི་མཐའ་དང་བྲལ། དུས་འདི་ཙམ་ན་སེམས་ཤི་བའམ་འགགས་བྱ་བ་མེད་པས་འགག་པའི་མཐའ་དང་བྲལ། མེད་བཞིན་དུ་འགག་མེད་ཀྱི་རྩལ་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་བྲལ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པར་གྲོལ་བས་དུ་མའི་མཐའ་དང་བྲལ། དེས་ན་མཐའ་བྲལ་དབུ་མའི་ལྟ་བ་ཞེས་བྱ་བ་ཡིན་ནོ། གོ་མཁན། མྱོང་མཁན། ལྟ་མཁན། སྒོམ་མཁན། སྤྱོད་མཁན། ཤེས་མཁན་སྐད་ཅིག་མ་ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ནོ། །ཚོགས་དྲུག་སྣང་བ་གང་ཤར་ལ། ཡིད་བྱེད་ཀྱིས་སྤང་བླང་དགག་སྒྲུབ་བཟོ་བཅོས་མི་དགོས་པར་སྐད་ཅིག་སོ་མ་རང་གྲོལ་དུ་ཤེས་པས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །རང་གི་སེམས་སུ་སྣང་སྲིད་འཁོར་འདས་ཀྱི་རྣམ་པ་མ་འདྲེས་པ་གང་འཆར་ཡང་། འཆར་དུས་ཉིད་ལ་རིག་པ་སྐད་ཅིག་མའི་ངོ་བོར་ཡོངས་སུ་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །རྣམ་རྟོག །བག་ཆགས། སེམས། སེམས་བྱུང་། དྲི་མ་ཐམས་ཅད་འགོག་པའམ། སངས་པའམ། དག་ཅིང་རིག་པ་ཡེ་ཤེས་དྲ་བས་ཀ་དག་ཆོས་སྐུར་རྟོགས་པས་གཞི་དོན་ཁྲེགས་ཆོད་ཀྱི་དགོངས་པ་ཟེར་བ་ཡིན་ནོ། །སྐད་ཅིག་མ་ངོ་བོའི་ཐད་ནས་མ་རིག་པ་ཞེས་བྱ་བའི་མིང་ཡང་མེད་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཆོས་ཉིད་ཡོངས་གྲུབ། དེ་བཞིན་ཉིད། དོན་དམ་པ། བདེ་གཤེགས་སྙིང་པོ། ཁམས་རང་བཞིན་རྣམ་དག །མཐའ་བྲལ། ཟུང་འཇུག །བློ་འདས། ཐིག་ལེ་ཉག་གཅིག་དང་། དབྱིངས། ཡེ་ཤེས། སྟོང་པ་ཉིད། ཞི་བྱེད། དོན་དམ། གསང་སྔགས། རིག་པ་རྩལ་དབང་། རང་བྱུང་ཡེ་ཤེས། ཀ་དག་ལ་སོགས་པའི་མིང་དུ་མར་འདོགས་པ་ཡིན་ནོ། །དེ་ལྟར་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། དེས་ན་རང་སེམས་སྐད་ཅིག་མ་རང་ངོ་ཤེས་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ཇི་སྐད་དུ་མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་གསུངས་སོ། །དེ་ལྟར་ངོ་སྤྲད་ལ་རྫོགས་ཆེན་རྒྱུད་ལུང་མན་ངག་ལས་འབྱུང་བ་སྤྱི་དང་ཁྱད་པར་ཀར་གླིང་ཞི་ཁྲོའི་ངོ་སྤྲོད་གཅེར་མཐོང་རང་གྲོལ་གྱིས་ཡིད་ཆེས་སྐྱེད་པ་ཕྱག་ལེན་ཡིན་ནོ། །གཉིས་པ་གོམས་འདྲིས་དགོས་པ་ནི། དེ་ལྟར་རང་ངོ་འཕྲོད་པའི་རྟོགས་པ་ཙམ་ཐོབ་ཀྱང་རྒྱུན་དུ་གོམས་འདྲིས་ཀྱིས་བརྟན་པ་མ་ཐོབ་ན་གོ་མི་ཆོད་པས། ལས་དང་པོ་པས་ཡེངས་མེད་ཀྱི་དྲན་པས་སྐྱོང་ཞིང་བསྒོམ་དགོས་ཏེ། རྟ་རྒོད་པོ་མ་དུལ་བའི་དུས་སུ་ཡེངས་མེད་བརྩོན་འགྲུས་ཀྱིས་འདུལ་དགོས་ཤིང་ཡེངས་ན་རྟ་ཤོར་རང་བརྡབ་ནས་ཕུང་བ་ལྟར། འདིར་ཡང་ལས་དང་པོ་པས་ཡེངས་ན་རྟོག་པ་རང་ཁར་ཤོར་ནས་ངན་སོང་དུ་ལྟུང་ཞིང་ཕུང་བར་འགྱུར་བས། ཡེངས་པ་མེད་པའི་དྲན་པས་སྒོམ་འཚོ་བ་གལ་ཆེ་སྟེ། མན་ངག་མཛོད་ལས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་རྫོགས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཤེས་རབ་ཆེ་ཡང་ཉམས་སུ་མ་ལོན་ན། །དགོས་དུས་མི་སྟོངས་གཡུལ་ངོར་མཚོན་སྟོར་འདྲ། །ཞེས་སོགས་མང་དུ་འབྱུང་བ་ལྟར་རོ། །གསུམ་པ་ཉམས་ལེན་སྐྱོང་ཚུལ་ནི། ལུང་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་སྟེ། །ཆོས་ཀྱི་དབྱིངས་ལ་བསྒོམ་རྒྱུ་ཅི་ཡང་མེད། །ཅེས་གསུངས་པས། འདི་སྒོམ་ཞེས་པའི་དམིགས་གཏད་བྲལ་བ། གཉེན་པོ་དང་བློ་ཡི་འབད་རྩོལ་གྱིས་མ་བསླད་པ། རང་བབས་སུ་མ་ཡེངས་པ་ལ་སྒོམ་ཞེས་བྱ་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམ་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་བསྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འོ། །ཞེས་སོ། །དེའང་སྒོ་གསུམ་གྱི་ནར་ཀློད་ནས་མ་ཡེངས་ཙམ་ལ་འཇོག་གི །ཧ་ཅང་དྲན་པ་སྒྲིམ་པའང་མི་དགོས་སོ། །ཡང་རྒྱ་ཡན་དུ་ཡེངས་ནའང་ཐ་མལ་དུ་ལུས་པས་ན། ཐ་མལ་གྱི་ཤེས་པ་རང་བབས་མ་ཡེངས་པའི་ངང་ལ་གཞག་གོ །དེ་ལྟར་སྒོམ་པའི་བོགས་འདོན་དུ་ནམ་མཁའ་སུམ་ཕྲུགས་ཀྱི་རྣལ་འབྱོར་བྱ་སྟེ། སྤྲིན་དང་སེར་བུ་མེད་པའི་ནམ་མཁའ་དྭངས་པའི་སྐབས་སུ། ལུས་གནད་རྣམ་སྣང་ཆོས་བདུན་བཅའ། ནང་སེམས་ཉིད་སྟོང་པ་འདི། བར་འགྱུ་བའི་ལམ་རྩ་སྦུབས་སྟོང་པ་ལ་གཏད་དེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་རིག་པ་མིག་ལ་གཏད། མིག་ཕྱིའི་ནམ་མཁའ་སྟོང་པ་འདི་ལ་ཅེ་རེ་བལྟས་ཏེ། རིག་པ་ཡང་མདུན་གྱི་ནམ་མཁའ་ལ། དམིགས་པ་དང་སྒོམ་རྒྱུ་ཅི་ཡང་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེ །ས་ལེ། ཡེར་རེ། ཕྱམ་མེར་གཞག་གོ །དང་པོ་ཐུན་ཆུང་བ་ལ་བསླབ། གོམས་ནས་ཇེ་རིང་ཇེ་རིང་ལ་བསླབ་ཅིང་། འཕྲོར་འཇོག་པའི་ཚེ་ཧར་ལང་དུ་མི་བྱ་བར། སྒོམ་ཉམས་དེ་མ་ཤོར་བར་དལ་བུས་ལངས་ལ། རིག་པ་ངང་མ་ཤོར་བར་ཡེངས་མེད་འཛིན་མེད་ཀྱི་ངང་དུ། འགྲོ་འདུག །བཟའ་བཏུང་། སྨྲ་བརྗོད། བྱ་བ་གང་བྱེད་ཀྱང་ཡེངས་མེད་ཀྱི་དྲན་པ་སོ་མ་ཤོར་བར་སྐྱོང་། མཉམ་བཞག་ལ་བྱུང་ནས་རྗེས་ཐོབ་དུ་མ་བྱུང་ན། ཆོས་སྤྱོད་དང་འགྲོ་འཆག་ཉལ་འདུག་སྤྱོད་ལམ་གང་བྱེད་པ་དེ་དང་བསྲེས་པས་ཅི་བྱེད་སྒོམ་དུ་འཆར་རོ། །འདི་དག་རྣམས་ཀྱི་སྐབས་སུ་སྐྱོན་ངོས་གཟུང་ཞིང་བཅོས་པ་སོགས་ནི་གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །གསུམ་པ་རྗེས་རང་གྲོལ་གསུམ་གྱིས་བོགས་འདོན་ཞིང་རྐྱེན་དང་བསྲེས་ཏེ་རྩལ་སྦྱོང་བ་ལ། དང་པོ་དུག་ལྔ་རང་གྲོལ་ནི། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་གི་རྟོག་པ་ཅི་ཤར་ཡང་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས། རབ་གསལ་སྟོང་གཉུག་མའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྲོལ་ལོ། །དེ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་བྱུང་བས་སྤོང་དུ་མེད། སྤང་ཡང་མི་སྤང་། ཁོ་རང་གི་གཤིས་རང་གྲོལ་དུ་གནས་པས། གཉེན་པོ་གཞན་གྱིས་བཤིག་པའམ་བཀྲོལ་དུའང་མེད་དེ། གཅེར་མཐོང་རང་གྲོལ་དུ་ཡེ་ནས་གནས་ཤིང་། འབད་མེད་རང་སར་གྲོལ་བ་ཞིག་འདུག་པས། ད་བཟོད་གྲོལ་གཞི་བསྐྱར་དུ་མེད་དེ། དུག་ལྔ་ཡེ་ཤེས་སུ་ངོ་འཕྲོད་པས། སྒོམ་གྱི་དངོས་གཞིར་ལམ་དུ་ཁྱེར་བས་ཅིར་སྣང་སྒོམ་དུ་འཆར་ནས་སྒོམ་པ་ལོགས་སུ་བཙལ་མི་དགོས་པར་ཞི་གནས་སེམས་འཛིན་འཇུར་བུ་རང་སར་གྲོལ་ལོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་འཛིན་པ་གང་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཆོས་སྐུ་ཀ་དག་ཆེན་པོར་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་དང་ཡིད་ཀྱི་བྱུང་ཚོར་དྲན་རིག་དགག་སྒྲུབ་ཆགས་སྡང་ཅི་སྐྱེས་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས། ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟློས་ཏེ། གནས་ལུགས་སྟོང་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། རྒྱ་མཚོའི་སྤྲིན་ལས། དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་བབས་གཞི་བྲལ་ཡེ་གྲོལ་རང་བདག་གཞག །མི་སྤང་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་རང་ཤར་ཡིན། །ཞེས་སོ། །དེ་ལ་སོགས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མ་ཅི་སྐྱེས་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་པས། རྣམ་རྟོག་སྤངས་ནས་མི་རྟོག་པ་སྒོམ་དུ་མེད་དེ། འདམ་བུ་གཅིག་ཁོང་སྟོང་ན་ཐམས་ཅད་སྟོང་། ཚར་བུ་ཅིག་རྐང་རུབ་ན་ཚར་བུ་ཐམས་ཅད་རུབ། ཆུ་ཐིགས་གཅིག་རླན་པར་ཤེས་ན་ཆུ་ཐམས་ཅད་རླན་པར་ཤེས་པ་བཞིན་དུ། རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས། རྟོག་པ་ཅི་སྙེད་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་ཏེ། ཤེས་པ་སྐད་ཅིག་མའི་རྣམ་རྟོག་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལ། ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱའོ། །ཤེས་པ་སྐད་ཅིག་མ་དེ་སྤངས་ནས། དེ་མ་ཡིན་པའི་གཞན་ཞིག་བཙལ་ནས་ངོ་སྤྲོད་རྒྱུ་མེད་པས། ངོ་རང་ཐོག་ཏུ་སྤྲད་པ་ཞེས་བྱའོ། །དེའི་གཤིས་རང་གྲོལ་དུ་བསྟན་པས། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་བ་ཡིན་པར་གསུངས་སོ།། ༈ །།གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་སྟོན་པ་ཐོད་རྒལ་གྱི་ཁྲིད་ལ་གཉིས། མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། རྒྱ་མཚོ་ཨར་ལ་གཏད་པ། སྣང་བ་ལ་དངོས་སུ་འཇུག་པ། ཁྱད་པར་གྱི་མན་ངག་བསྟན་པའོ། །དང་པོ་ནི། མུན་ཁང་འདོམ་གང་གྲུ་བཞི་པ་སྒོ་སྐྱོག་སོགས་ཀྱི་ཐབས་ལ་བརྟེན་ནས་སྣང་བ་ཅུང་ཟད་ཀྱང་མི་འཇུག་པ་ལ་སྟོད་ནས་ཡར་ལུས་ཀྱི་རླངས་ཐོན་པའི་བུག་སྐྱོག་ཡོད་པར་བྱས་ལ། དེར་ནང་ཚངས་ཅན་གྱི་གདན་ལ་འདུག་སྟེ། སྐྱབས་སེམས་སྔོན་འགྲོའི་སྐབས་ལྟར་བྱ། ཆོས་ཐམས་ཅད་སྟོང་པར་སྦྱང་བ་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་མེད་སྣང་འཁོར་བ་ལ་སྙིང་རྗེ་བ་ཀུན་ཏུ་སྣང་བའི་ཏིང་འཛིན་ཟུང་དུ་འཇུག་པ་ལས། པདྨ་དང་ཉི་མའི་གདན་ལ་རང་སེམས་རྒྱུའི་ཏིང་ངེ་འཛིན་ཧྲཱིཿདམར་པོ་འོད་འབར་བ་དེའི་འོད་ཀྱིས་འཕགས་པ་མཆོད། ལས་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱས་ཏེ་འདུས་པ་ལས་རང་ཉིད་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཁྲོ་ཞིང་སྒེག་ལ་དཔའ་བ། དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿམཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ། མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བཏབ། དེ་ནས་ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླ་ཞིང་དེའི་ཚེ་སྐུའི་ཆ་དང་ཐུགས་ཀའི་ས་བོན་སྔགས་འཁོར་རྣམས་ལས་ཡེ་ཤེས་ཀྱི་མེ་ལྕེ་འབར་བ་འཕྲོས་པས་བགེགས་ཐམས་ཅད་བསྐྲད་དེ། སླར་མེ་དེ་དག་ཚུར་འདུས་པའི་གུར་ཁང་བར་ཆད་ཀྱིས་མི་ཤིགས་པར་བསམ་པ་ནི་སྲུང་འཁོར་རོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་དབྱིངས་སུ་པདྨ་དཀར་པོ་གེ་སར་ལྗང་སེར་ཅན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྐུ་མདོག་དཀར་ལ་འཚེར་བ། ཕྱག་གཡས་ཤེལ་དཀར་གྱི་རྡོ་རྗེ་ཐུགས་ཀར་གཏད་དེ་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། མཚན་དཔེ་ཡོངས་སུ་རྫོགས་ཤིང་ལོངས་སྐུའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་རྩ་བའི་བླ་མ་ཉིད་ནས་ཀུན་བཟང་ལ་ཐུག་གི་བར་གྱི་བརྒྱུད་པའི་བླ་མ་རྣམས་བླ་མའི་རྣལ་འབྱོར་གྱི་སྐབས་ལྟར་བསྒོམ་ལ། གསོལ་འདེབས་ཅི་མང་བྱས་ནས་རྩ་བའི་བླ་མའི་བར་བསྟིམས་ཏེ་དེ་ལས་དབང་བཞི་བླངས་ནས་རང་དང་དབྱེར་མེད་དུ་ཐིམ་པར་བསམ་པ་རྣམས་སྔོན་དུ་འགྲོ་བའོ། །དངོས་གཞི་ལུས་གནད་རྐང་པ་ལོང་བུ་བསྣོལ་བའི་ཙོག་པུ་བྱ། སྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་གྲུ་མོ་པུས་མོ་ལ་བརྟེན་པའི་མཐེ་བོང་དང་གུང་མོ་མཛུབ་མོ་གསུམ་གྱིས་མིག་ཡ་ལྤགས་བཅས་གཅར་གྱིས་མནན་པའམ། ཡང་ན་མཐའ་ནས་དལ་བུས་བཙིར་བས། འོད་ཀྱི་ཐིག་ལེ་དཀར་སེར་དམར་ལྗང་སོགས་དང་། རི་མོའི་རྣམ་པ་སྐྱ་ཙེམ་ཙེམ་པ་དང་། དཀར་ཕྲོམ་ཕྲོམ་པ་དང་། དྲྭ་མིག་རིས་དང་། ཟ་འོག་རིས་དང་། རྨ་བྱའི་མདོངས་ལྟ་བུ་འཆར་ཏེ། དེའི་ཚེ་མཛུབ་མོའི་རྩོལ་བ་བོར་ནས་དེ་དག་མ་ཡལ་བར་བལྟ་ཤེས་ཙམ་གྱིས་བལྟ། ཡང་ཡལ་བ་དང་སྔར་བཞིན་བསྐྱར་རོ། །གཉིས་པ་སྣང་བ་ལ་དངོས་སུ་འཇུག་པ་ནི། སྔ་མ་ལ་གོམས་པ་དང་ཐབས་དེ་དག་ལ་བརྟེན་མི་དགོས་པར་སྟོང་གཟུགས་རྣམས་དབྱིངས་ཀྱི་ར་བར་བཅུན་པས། ཆེས་ཆེར་མཆེད་དེ་གཅིག་ཏུ་ཡངས་པའི་གཟུགས་དབྱིངས་སྣང་བ་མཐའ་མ་འགགས་པ་དུ་མ་འཆར་ཞིང་རིམ་གྱིས་སྣང་བ་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་ཀྱང་འཆར་བར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་མན་ངག་བསྟན་པ་ནི། ཁྱད་པར་དེ་དག་གི་བོགས་འདོན་ལམ་འདིའི་ཟབ་གནད་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀྱི་ཤོག་དྲིལ་གསུམ་པོ་བསྡེབས་ནས་ཉམས་སུ་བླང་ཐབས། བླ་མའི་ཞལ་གྱི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་སྔ་མ་སྔ་མའི་རྟགས་ཚད་རྫོགས་ནས་ཕྱི་མ་ཕྱི་མ་ལ་འཇུག་ཅིང་། དེ་དག་གི་དམིགས་སྐོར་རེ་རེའི་སྔོན་དུ་སྐྱབས་འགྲོ་ནས་དབང་བཞི་བླང་བའི་བར་སྔ་མ་ལྟ་བུ་ལན་རེ་དང་། རྒྱུན་དུའང་སྤྱི་བོར་བརྒྱུད་པའི་བླ་མ་བསྒོམས་པ་ལ་རྟག་ཏུ་གསོལ་བ་གདབ་པའང་གནད་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་དུས་ཀྱང་མེད་དུ་མི་རུང་བའི་གེགས་སེལ་མང་དུ་ཡོད་དེ་གཞུང་གི་མན་ངག་དང་ཁྱད་པར་བླ་མ་མྱོང་བ་ཅན་བསྟེན་པ་གལ་ཆེའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་ནི། རང་གཞུང་ལས། དེ་ཉམས་སུ་ལེན་པ་ལ་སྒྲོན་མ་དྲུག་སྟེ༔ ཙིཏྟ་ཤའི་སྒྲོན་མ༔ དཀར་འཇམ་རྩའི་སྒྲོན་མ༔ རྒྱང་ཞགས་ཆུའི་སྒྲོན་མ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ༔ ཐིག་ལེ་སྟོང་པའི་སྒྲོན་མ༔ ཤེས་རབ་རང་བྱུང་གི་སྒྲོན་མའོ༔ ཞེས་གསུངས་པའི་སྒྲོན་མ་དྲུག་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་བལྟ་བ་ལ་གསུམ། ཐབས་ཀྱི་གནད་བསྟན་པ། སྣང་བཞི་ངོས་གཟུང་བ། མཐའ་རྟེན་གྱི་མན་ངག་བཤད་པའོ། །དང་པོ་ལ་གསུམ་བྱ་བ་དགུ་ཕྲུགས་སུ་གཏང་བ། སྒོ་གསུམ་གྱི་གནད་ལ་གཟིར་བ། ཡེ་ཤེས་རང་སྣང་གི་གསང་ལམ་མཚོན་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུགས་གཏང་། །ལུས་ཀྱི་བྱ་བ་གཏང་བའི་ཕྱིར། །ཆོས་དང་འཇིག་རྟེན་བྱ་བ་བཏང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་གི་འཁྲུལ་རྟོག་ཆོས་སྤྱོད་བཏང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །སེམས་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་བྱ། །ཞེས་པས་ལུས་ངག་ཡིད་གསུམ་གྱི་བྱ་བ་མ་གཏང་ན་ཉམས་ལེན་ལ་མི་གནས་པས། དགུ་ཕྲུགས་སུ་གཏང་བ་ནི། གོང་དུ་བསྟན་པ་ལྟར་ལུས་ངག་ཡིད་གསུམ་རེ་རེ་ལ་ཕྱི་ནང་གསང་གསུམ་སྟེ་གོང་དུ་བཤད་པ་ལྟར་རོ། །གཉིས་པ་སྒོ་གསུམ་གྱི་གནད་ལ་གཟིར་བ་ནི། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་གཅུན། །ཅེས་པ་ལྟར་ལུས་ངག་ཡིད་ཀྱི་གནད་གསུམ་གཅུན་དགོས་པས་དང་པོ་ལུས་གནད་ནི། དེ་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་གསུངས་པས་ལུས་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་ལས་མི་འདའ་བ་བྱ་དགོས་ཏེ། དེ་ལ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། དེའི་སྟེང་དུ་ཁྱི་ཚུགས་མོར་འདུག་ལ། རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྒྲད་ལ། ལག་མཐིལ་ས་ལ་བཙུགས་ཏེ་མཐེ་བོང་བཅང་། རོ་སྟོད་སེང་གེ་ལྟར་གཟེངས་བསྟོད་ལ། མཇིང་པ་ཡིད་ཙམ་གྱེན་དུ་བསྟོད། སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་སྟེ། སྟན་ལ་ཁ་སྦུབ་སྟེ། པུས་མོ་གཉིས་སྦྱར། གྲུ་མོ་གཉིས་ས་ལ་བཙུགས་ཏེ། ལག་མཐིལ་གཉིས་ཀྱིས་ཨོག་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲང་སྟེ། མིག་ནམ་མཁར་ཟུར་གྱིས་ཧྲིལ་པོར་བལྟའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་སྟེ། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག་ལ། ལག་པ་གཉིས་མཁལ་ཁུང་ངམ་པུས་མོར་འཁྱུད། སྒལ་ཚིགས་བསྲང་སྟེ། མིག་ཟིམ་བུས་བར་སྣང་ལ་གཏད་དོ། །ངག་བརྗོད་མེད་དུ་བཞག་སྟེ། སྔ་མ་ལས། ལ་བཟླ་བ་ཉིད་བསྟན་པར་བྱ། །ཞེས་པས། དང་པོ་སྨྲ་གཅད་ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བ་ལ་བསླབ། དེ་ནས་གནས་སྐབས་སུ་ངག་གནས་པའི་རིམ་པ་རང་གི་ཆོས་སྤྱོད་རྣམས་གསལ་བར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་བས་ལུས་ཀྱི་བརྡ་ཙམ་བྱ། དེ་ནས་བརྗོད་པ་མཐའ་དག་བཀག་ལ་ལྐུགས་པ་ལྟར་གནས་པར་བྱའོ། །སེམས་གནད་ནི། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་གཏད་པས། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་མཐོང་བའོ། །གསུམ་པ་ཡེ་ཤེས་རང་སྣང་གི་གསང་ལམ་མཚོན་ཚུལ་ལ་གཉིས། དངོས་དང་། དེ་ངོ་སྤྲོད་པའོ། །དང་པོ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྱམས་མི་བྱ། །དེ་ཡང་སྒོ་དང་ཡུལ་གནད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པ་ལྟར། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་རླུང་རིག་གི་གནད་ལ་བརྟེན་པའོ། །དང་པོ་ནི། ཡེ་ཤེས་དངོས་དེ་སྙིང་གི་ནང་ན་བུམ་ནང་གི་མར་མེ་ལྟར་གསལ་བའི་མདངས་རྩ་རྣམས་ཀྱི་ནང་ན་སྒྲོན་མ་བཞིའི་འཆར་གཞི་འོད་དང་ཐིག་ལེར་ཡོད་པའི་རང་མདངས། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ནས་ཡར་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་བས་ན་ཡེ་ཤེས་ཀྱི་ལམ་རྩ་ཤེལ་སྦུག་ཅན་སྙིང་ཁའི་དབུས་ན་གནས་པའི་ཡན་ལག་གཉིས་མིག་ལ་ཟུག་པ་དེ་ཡིན་ནོ། །ལམ་དེ་གཉིས་ལ་ཐོན་ནས་སྒོ་མིག་གཉིས་ལ་འཆར་བས་མིག་གི་གནད་གོང་སྨྲོས་གཟིགས་སྟངས་གསུམ་གྱིས་ཉི་མ་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་གཏད་པ་སྟེ། འདས་རྗེས་ལས། སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ། །ཞེས་པ་ལྟར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། སྔ་མ་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་སྣང་། །ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་ཚེ་ན་སྣང་བའོ། །གསུམ་པ་ཇི་ལྟར་འཆར་བ་རླུང་རིག་གི་གནད་ནི། དེ་ཉིད་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། མཆུ་དང་སོ་གཉིས་བག་ཙམ་མ་རེག་པར་བྱས་ལ། རླུང་སྣ་ནས་མི་གཏང་བར་ཁ་ལས་དལ་བུས་ཕྱི་རྒྱུ་ནང་རྒྱུ་སྙོམས་ཤིང་ཕྱི་འཛིན་ཅུང་ཟད་བྱ། རིག་གནད་ལུག་རྒྱུད་བཙོན་དུ་གཟུང་། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཀྱིལ་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་བྱད་དང་འདྲ་བ་ལྷག་གིས་ཤར་བ་ལ་གཡོ་འགུལ་མེད་པར་གཏད་པའོ། །དེ་ལྟར་བཤད་པ་དེ་དག་ཉམས་ལེན་དུ་ཧྲིལ་དྲིལ་ན། སྔ་དྲོ་ཆོས་སྐུ། ཉིན་གུང་ལོངས་སྐུ། ཕྱི་དྲོ་སྤྲུལ་སྐུ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་གཟིགས་སྟངས་ཉིད་བདེ་བས་དེ་ལ་བརྟེན། རླུང་གནད་སྒོ་གནད་གོང་སྨྲོས་ཀྱིས་སྤྲིན་དང་སེར་བུ་སོགས་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་དེ་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། ཡང་ན་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་ཉི་མའི་འོག་ཏུ་ཁྲུ་གང་ངམ་གསུམ་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་སེམས་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་ཏེ་བལྟས་པས། ཙིཏྟ་ཤའི་སྒྲོན་མ་རིན་པོ་ཆེའི་ནང་ན་གཞི་དབྱིངས་ཀ་དག་གི་འོད་གསལ་སྙིང་པོ་ལྔ་ལྡན་གྱི་རིག་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ། ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་དཔེར་ན་བུམ་ནང་གི་མར་མེ་ལྟ་བུ་ལས། རིག་པའི་རང་མདངས་ཕྱིར་གསལ་སྐར་ཁུང་ལྟ་བུའི་ལམ་དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་བརྒྱུད། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ལས་ཐོན་ཏེ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས། འཇའ་ཚོན་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་སུ་འཆར་ཞིང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་རྟ་རྔ་ལ་མདུད་པ་བོར་བའམ། མུ་ཏིག་གི་ཕྲེང་བ་དང་མེ་ཏོག་གི་ཆུན་པོ་ལྟར་འལ་འོལ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་དལ་བུས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཤེས་པ་མ་འགྱུས་པར་ཧྲིག་གེ་བཞག་པས། ཕྱི་སྣང་བ་མ་འགགས་ལ་ནང་འཛིན་པས་མ་བསླད་པར་བརྗོད་མེད་སྤྲོས་བྲལ་གྱི་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ནས་རིག་པ་སྨིན་མཚམས་ནས་དྲལ་ཏེ། སྣང་བཞིའི་སྣང་ཤེས་ཀྱི་ཉམས་སྣང་རྣམས་རིམ་གྱིས་འཆར་བར་འགྱུར་རོ། །གཉིས་པ་དེ་ཉིད་ངོ་སྤྲད་པ་ནི། དབེན་པར་ཉི་མའི་ཟེར་མདངས་ཀྱིས་སྣང་བ་མཚོན་པའི་དུས་སུ། ལུས་གནད་གསོལ་འདེབས་སོགས་ཁྲེགས་ཆོད་སྐབས་ལྟར་བྱས་ལ། འོ་སྐལ་ལྡན་གྱི་བུ་མཆོག་ལྷུན་གྲུབ་ཡེ་ཤེས་ཀྱི་ལམ་སྣང་འདིའི་མཚོན་ཏེ་རང་བྱུང་འོད་གསལ་ཉིད་སངས་རྒྱས་ཐམས་ཅད་འདུས་པར་ངོ་སྤྲོད་པ་ལ་གསུམ། སྐུ་གསུམ། དཀོན་མཆོག་གསུམ། ལྔ་ཚན་བདུན་དུ་ངོ་སྤྲད་པའོ། །དང་པོ་སྐུ་གསུམ་དུ་ངོ་སྤྲོད་པ་ནི། ཐལ་འགྱུར་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །ཞེས་པ་སྟེ། ཐོག་མར་ཡེ་ཤེས་ལྔའི་རང་མདངས་ལས་གྲུབ་པའི་རང་གི་ལུས་ངག་ཡིད་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པས། ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱའོ། །ཞེས་སོ། །གཉིས་པ་དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་ནི། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་ལ་མ་འཁྲུལ་པ་གཞིའི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བས་གཉིས་མེད་དོན་དམ་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ། ཡེ་ནས་ལྷུན་གྲུབ་ཏུ་གནས་སོ། །ཞེས་གསུངས་སོ། །གསུམ་པ་ལྔ་ཚན་བདུན་དུ་ངོ་སྤྲོད་པ་ནི། ཀློང་གསལ་ལས། སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས། །སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས། །ཞེས་གསུངས་པས། གདོད་མའི་གཞི་ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་ཚོམ་བུར་བཅས་པའི་རིག་པ་ཉིད་ཙིཏྟ་རིན་པོ་ཆེའི་སྦུབས་ན་ངོ་བོ་སྐུར་གནས། རང་བཞིན་འོད་དུ་གནས་པའི་མདངས་འཁོར་ལོ་ལྔས་ཐོག་དྲངས་རྩ་ཐམས་ཅད་ཀྱི་ནང་ན་གནས་པའི་རང་མདངས། སྙིང་དང་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས་ཐུགས་རྗེའི་རྩལ་སྣང་བཞི་འཆར་བའི་རྟེན་བྱེད་པས། ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་རང་ལུས་ལ་རྫོགས་པ་ཡིན་ཞིང་། ཁྱད་པར་དུ། དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་པས། དང་པོ་སྐུ་ལྔ་ནི། ཀློང་གསལ་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །ཞེས་པས། ཙིཏྟ་རིན་པོ་ཆེའི་སྦུབས་ནས་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལས། ངོ་བོ་ཀ་དག་དྲི་མེད་དེའི་རང་མདངས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་མར་མེ་ལྟར་གསལ་བའི་ཆ། འོད་མདངས་ནམ་མཁའི་མཐོངས་སུ་འོད་དང་ཐིག་ལེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་ལ་སྐུ་ལྔར་མཚོན་ནོ། །དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི། རང་ངོ་འོད་གསལ་དུ་སྣང་བས་རྣམ་སྣང་གི་སྐུ། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། དེ་ཉིད་འཕེལ་དང་བཅས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། འོད་གསལ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པའི་སྐུ་སྟེ་ལྔ། དེར་སྣང་གཟུང་འཛིན་དང་བྲལ་བ་སྟོང་གསལ་དུ་སྒོམ་པ་ལམ། རིགས་ལྔ་སོ་སོའི་སྐུ་གསལ་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔར་ངོ་སྤྲད་པ་ནི། ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་པས། འོད་གསལ་དེ་ཉིད་དྲི་མ་མེད་ཅིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོར་རྟོག་ཡེ་ཤེས། དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་རྣམས་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་ཏེ་ལྔའོ། །དེ་ལ་གསལ་སང་ངེར་སྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་དུ་ཤར་བ་འབྲས་བུའོ། །གསུམ་པ་རིགས་ལྔར་ངོ་སྤྲད་པ་ནི། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པས། འོད་གསལ་གྱི་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། དེ་ཉིད་འོད་གསལ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་ཆེན་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ནས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་ལྔ། དེའི་ངང་ལ་ཡེ་རེ་ཝལ་ལེ་སང་ངེ་སྒོམ་པ་ལམ། མཐར་ཕྱིན་པས་ཕྱིར་མི་ལྡོག་པ་འབྲས་བུའོ། །བཞི་པ་འོད་ལྔར་ངོ་སྤྲད་པ་ནི། ཀློང་གསལ་ལས། རིག་པའི་ཡོན་ཏན་འོད་ལྔར་གསལ། །ཞེས་པས། འོད་གསལ་དེ་ཉིད་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་སྣང་བས་དམར་པོ། བྱ་རྩོལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་ལྔའོ། །དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ལྔ་པ་རླུང་ལྔ་ལ་ངོ་སྤྲད་པ་ནི། རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པ་འོ། །ཞེས་པས། འོད་གསལ་གྱི་སྣང་བ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་པའི་རླུང་། དེ་ཉིད་གོམས་པས་འཁོར་འདས་སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། དག་དང་མ་དག་ཀུན་ལ་རླུང་ལྔ་དང་ཡེ་ཤེས་ཀྱིས་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པའི་ལས་རླུང་དང་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །འོད་གསལ་འདི་རྟོགས་ན་མྱ་ངན་ལས་འདས། མ་རྟོགས་ན་འཁོར་བའི་སྲོག་འཛིན། དེ་ཉིད་ལེགས་པར་གོམས་པས་འཁོར་འདས་དྭངས་སྙིགས་འབྱེད། དག་མ་དག་ཐམས་ཅད་འོད་ལྔས་ཁྱབ་བོ། །དྲུག་པ་ཤེས་རབ་ལྔར་ངོ་སྤྲད་པ་ནི། རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། །ཞེས་པས། འོད་གསལ་འདི་རྟོགས་མ་རྟོགས་ལས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་ཆ་འགྲོ་འོང་དང་བཅས་པས་སྐྱོད་བྱེད་ཀྱི་ཤེས་རབ། དེ་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་པས། འོད་གསལ་མཐིང་ག་སངས་རྒྱས་མཁའ་འགྲོ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན། དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག་པ་རིག་པའི་རང་བཞིན་འོད་གསལ་ཆེན་པོ་ཐབས་ཏེ། ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་ཅིང་། འཇིག་རྟེན་གྱི་མིག་འཕྲུལ་སྣང་བ་ལྟ་བུའང་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གནས་པ་འོ། །ཞེས་སོགས་རྒྱ་ཆེར་གསུངས་པས། ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་མཛོད་ཅིག །ཅེས་བརྗོད་དོ། །གཉིས་པ་སྣང་བཞིའི་འཆར་ཚུལ་ངོས་གཟུང་དུ་བསྟན་པ་ནི། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་དུ་འགྱུར། །ཞེས་པས། དང་པོ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྔར་ལྟར་གནད་གཅུན་པས་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྟ་བུ་བྲེང་ཆགས་སུ་ཤར་བ་བཙོན་དུ་བཟུང་བས། ཐོག་མར་སྐར་མ་ཤར་བ་ལྟ་བུ་སྐྱ་ཕྲོམ་ཕྲོམ་པ་ལས་ཐིག་ལེ་ཁ་དོག་ལྔ་ལྡན་རེ་རེ་ཡང་སུམ་འབྲེལ་གྱི་བར་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ། འོད་ལྔའི་རང་བཞིན་གྱེན་འགྲེང་རྩིབས་ཤར་དྲྭ་ཕྱེད་པདྨ་དང་མིག་མང་རིས་ཉི་ཟླ་མཁར་ཐབས་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་དང་མེ་ལོང་དང་ཁམ་ཕོར་དང་བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་འདབ་ཆགས་འཕུར་སྐྱེན་པ་ཙམ་དང་། རི་དྭགས་རྩིབས་ལ་རྒྱུག་པ་ཙམ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པའམ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་གནས་པའི་བར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་འབྱུང་བཞིའི་སྣང་བ་རང་སར་དག །འོད་གསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས་ཐིག་རེ་རེའི་ནང་དུ་ཡང་རྣམ་སྣང་སོགས་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམ་ཡང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་སྤྲོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་སྟེ་བག་ཆགས་ཀྱི་འབྲེལ་ཆད། དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ལ་སྤྱོད་པའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། རྒྱང་ཞགས་ཆུ། ཐིག་ལེ་སྟོང་པ། རྣམ་དག་དབྱིངས་ཏེ་སྒྲོན་མ་གསུམ་མི་འགུལ་བར་གཏད་པས། རང་རིག་དྭངས་སངས་ཕྱེད་པས་དགོངས་པ་ཀློང་རྡོལ། ཤེས་རབ་རང་བྱུང་གི་སྒྲོན་མ་ཆོས་ཉིད་ཟད་པའི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་སྟེ། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་ནས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ཅིང་འཁོར་འདས་ཀྱི་འདུ་ཤེས་བྲལ། འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོ་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །གསུམ་པ་མཐའ་རྟེན་གྱི་མན་ངག་བཤད་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པ་ལྟར་འདི་ལ་བཞི། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་དྲོད་ཚད་བསྟན་པའོ། །དང་པོ་ནི། ལུས་གནད་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་ནི་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་སྒྲོན་མ་མི་འགུལ། དེས་སེམས་མི་འགུལ་བས་རྣམ་རྟོག་མི་འབྱུང་། དེས་ནི་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། དབྱིངས་རིག་ལ་རྒྱུན་དུ་བལྟས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་མི་རྨི། འབྲིང་ལ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི། སྣང་བ་བཞི་ལ་རྟགས་བཞི་གསུམ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་རྟགས་གསུམ་ནི། ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབ་ཆགས་སྙིས་ཟིན་པ་ལྟར་མི་འཕྲོ་བར་གནས་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་བཞིན་བྱི་དོར་དང་རྒྱན་གྱི་སྒེག་འཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་བཅུག་པ་སྐད་གཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་མེད་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་པ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདེང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཡང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་ལྟར་བག་ཆགས་ཀྱི་རྟེན་མི་སྣང་བར་རང་སངས་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། འདིའི་དུས་སུ་སྐྱེ་བ་དང་། འཇུག་པ་དང་། རླུང་སེམས་གསུམ་ལ་རང་དབང་ཐོབ་པས་འདོད་ན་འཕོ་བ་ཆེན་པོའི་སྐུས་འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད་པ་དང་། གདོད་མའི་གཞི་དབྱིངས་སུ་ནང་གསལ་གཞོན་ནུ་བུམ་སྐུར་བཞུགས་པ་དང་། མཚམས་མེད་བྱས་པ་སོགས་ཀྱི་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་རང་དང་མཉམ་པར་གྲོལ་བ་སོགས་ནུས་སོ། །བཞི་པ་གདེང་བཞིའི་དྲོད་ཚད་བསྟན་པ་ནི། གདེང་བཞི་ལས་ཡར་གྱི་གདེང་གཉིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་ལྟུང་དུ་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་ནས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ།། ༈ །།རྩ་བའི་གསུམ་པ་རྣལ་འབྱོར་བཞིའི་ཉམས་ལེན་དང་གྲོལ་ཚུལ་བཤད་པ་མཐའ་རྟེན་རྗེས་ཀྱི་རིམ་པ་ལ་གཉིས། རྣལ་འབྱོར་བཞིས་ཉམས་སུ་ལེན་པ། གྲོལ་ཚུལ་གྱིས་འབྲས་བུ་བསྟན་པའོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་པ། །ངེས་པའི་དོན་དུ་བློ་འདྲེས་པའོ། །ཞེས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལ་རྣལ་འབྱོར་དུ་བྱ་དགོས་པས། དེ་དག་སོ་སོའི་ངོ་བོ། རྟོགས་ཚུལ། ངེས་ཚིག །དབྱེ་བ། ཉམས་ལེན། མཚན་ཉིད་བཅས་རྒྱས་པར་གཞུང་གཞན་དུ་འབྱུང་བ་ལྟར་ལ། འདིར་དེ་རྣམས་ཉམས་སུ་ལེན་ཚུལ་ཙམ་བཤད་ན། ལྟ་བ་ནི། ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས་ཐམས་ཅད་སྒྱུ་མར་མཐོང་ནས་འཁྲུལ་པ་རང་སར་དག་སྟེ་ཉོན་མོངས་པ་རང་སར་གྲོལ་བའོ། །ནང་འགྱུ་བྱེད་དྲན་པའི་སེམས་ལ་ཁྲེགས་ཆོད་ལྟར་བལྟས་པས་རྟོག་པ་སྣ་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་བའོ། །གསང་བ་འོད་གསལ་ལ་བལྟས་པས་ཆོས་ཅན་དང་ཆོས་ཉིད་སྐྱེ་མེད་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་དེ། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་པ་འདི་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་བལྟ་བྱ་ངང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཡི་ངང་དུ་གནས་པར་བྱ། །ཞེས་གསུངས་པ་ལྟར་རོ། །སྒོམ་པ་ནི། དང་པོ་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ཏེ། སྔ་དྲོ། ཕྱི་དྲོ། སྲོད། ཐོ་རངས་སོ། །དེ་ཡང་ནམ་ལངས་ཉི་མ་རྩེ་ཤར་གྱི་བར་ལ་ཁ་འདོན་དང་དཔེ་བལྟ་བ་ལ་སོགས་པ་བྱའོ། །ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་བསྒོམ་ཞིང་། གུང་ལ་ཕྱག་དང་བསྐོར་བ་ལ་སོགས་བྱའོ། །ཕྱི་དྲོ་ཐོད་རྒལ་སྒོམ་ཞིང་། དགོང་མོ་གཏོར་མ་དང་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱ། སྲོད་དང་པོ་ལ་འཆི་བ་མི་རྟག་པ་སྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ལ་གཉིད་ལོག །ཐོ་རངས་དང་པོ་བླ་མ་ལ་གསོལ་བ་གདབ། བར་པ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་གི་གཏུམ་མོ་བསྒོམ། ཐུན་མགོ་ཐམས་ཅད་ལ་སེམས་བསྐྱེད་དང་། དངོས་གཞི་མི་དམིགས་པ་དང་། ཐུན་མཇུག་ཏུ་བསྔོ་བ་སྨོན་ལམ་བྱ། གཉིས་པ་སྤྲོས་པ་མེད་པའི་གང་ཟག་གིས། ཉིན་མཚན་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་མི་འདའ་བར་བྱ། དེའང་ཉིན་དུས་འོད་གསལ་གྱི་དོན་ལ་བསླབ་སྟེ། ཐོག་མར་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ཁྲུ་གང་གི་སར་གཏད་ལ་མིག་མི་འགུལ་པར། དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་སྣང་བའི་དབུས་སུ། ཐིག་ལེ་སྟོང་པའི་སྒྲོན་མ་ཕུབ་སྐོར་ལྟ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་འོང་བར་བྱས་ལ་དར་ཅིག་བལྟས་ནས། ལོངས་སྐུའི་གཟིགས་སྟངས་ཀྱིས་ཟུར་ནས་ཉི་མ་དང་ཁད་ཀྱིས་ཕྲལ་ལ་གཡས་སུ་གཏད་དེ་བལྟའོ། །དེ་ནས་ཆོས་སྐུའི་གཟིགས་སྟངས་ཀྱིས་སྟེང་དང་གཞན་གཉིས་པོ་ཐུར་དང་ཐད་སོ་གང་མོས་སུ་གཏད་དེ་བལྟས་པས། དབྱིངས་ཀྱི་སྣང་བ་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་མཐོང་ཞིང་། སྒྲོན་མའི་སྣང་བ་ཐིག་ལེ་ཟླུམ་ཁྲིགས་དང་རིག་པའི་སྣང་བ་ལུ་གུ་རྒྱུད་ཕྲ་ལ་འགྱུ་བ་མཐོང་ངོ་། །དེ་ལྟར་བལྟས་ཀྱང་དབྱིངས་ཀྱི་ཐིག་ལེ་མ་མཐོང་ན། མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ནོ། །མཐོང་ནས་ཟུར་ལ་ཁྲིད་པར་བྱའོ། །དེ་ལྟར་བལྟ་ལུགས་གང་བྱེད་ཀྱང་སྟེང་དུ་སེང་གེ་ལྟ་བུར་གྱེན་ལ་ལྟའོ། །ཐད་ཀར་རི་བོང་ལྟར་ཧད་པོར་གཏད། ཟུར་ལ་མདའ་སྲོང་བ་ལྟར་དྲང་པོར་བལྟ། དེ་ནས་ཅུང་ཟད་ཐུར་དུ་ཕབ་ལ་གླང་པོ་ལྟར་བལྟ་བར་བྱའོ། །མཚན་མོ་སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་མ་བཞིའི་སྟེང་དུ། ཨ་ཐུང་དམར་པོ་གསལ་ཞིང་ཚ་བ་ལས་མེ་འབར་བས་དབུ་མ་ནས་ཡར་སོང་བས། སྤྱི་བོར་ཧཾ་ལ་ཕོག་པ་ཐིག་ལེ་འཐིག་པས་མེའི་གསོས་བྱས་ཏེ་ལྟེ་བར་འབར་བས་ལས་དང་བག་ཆགས་བསྲེགས། བདེ་བ་རྒྱས་ན་བདེ་སྟོང་གི་ངང་ལ་གཞག་གོ །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། སྙིང་གི་ནང་དུ་ཡི་གེ་ཨ་དཀར་པོ་འཚེར་བ་ཞིག་དང་། ཚངས་པའི་བུ་གར་ཨ་དཀར་པོ་ཞིག་གསལ། དེ་གཉིས་ཀྱི་བར་ལ་ཨ་ཝ་དྷཱུ་ཏིའི་ནང་དུ་ཨ་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་ཡོད་པ་རྣམས་གཅིག་ཐིམ་གཉིས་ཐིམ་ལ་སྙིང་གར་འོད་གསལ་གྱི་ངང་ནས། འོད་ཟེར་རྩའི་ནང་ནས་རྒྱ་སྐར་གྱི་ཉི་ཞུར་ལྟར་གསལ་བར་བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦ་བའོ། །ཐོ་རངས་ལངས་ཏེ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་སྤྱི་གཙུག་གི་ནམ་མཁར་གཞུག་པ་ཙམ་ན། སྙིང་གའི་ཨ་ལས་ཨ་དཀར་པོ་ཞིག་མཆེད་དེ་ལིང་ལིང་འདུག་པར་སེམས་བཟུང་ལ་བསྒོམས་པས། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མའི་ཀ་དག་གི་གནས་ལུགས་ཤེས་པར་འགྱུར་རོ། །དེའང་སྲོད་ལ་དྲང་སྲོང་། གུང་ལ་གླང་པོ། ཐོ་རངས་ཆོས་སྐུའི་འདུག་སྟངས་གསུམ་བྱའོ། །དེ་ནི་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ལྟར་སྟོང་གསལ་ཉིན་མཚན་དུ་སྒོམ་པ་ཉིད་སྒོམ་པ་ཀུན་གྱི་མཆོག་ཡིན་པ་ནི། ཀློང་གསལ་ལས། སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ། །སྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །སྤྱོད་པ་ནི། ལས་དང་པོ་པས་ཆོས་སྤྱོད་བཅུ་དང་། རྣལ་འབྱོར་པས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ལས་འབྱུང་བ་ལྟར་སྤྱོད་པའི་རྣམ་གྲངས་བདུན་པོ་དུས་སྐབས་དང་བསྟུན་ལ་སྤྱོད། གང་ཡང་ཤུགས་འབྱུང་འགག་པ་མེད་པར་རྐྱེན་ཐོག་ཏུ་ལམ་ཁྱེར་གྱི་སྤྱོད་པ་བསྐྱང་ངོ་། །འབྲས་བུ་ནི། རིག་པ་གང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་རྣམས་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ཅེས་སོ། །གཉིས་པ་གྲོལ་ཚུལ་གྱིས་འབྲས་བུ་བསྟན་པ་ལ་གསུམ། དབང་པོ་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་བསྟན་པའོ། །དང་པོ་ནི། སྙིང་གི་མེ་ལོང་ལས། ཡང་དག་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས། ཉོན་མོངས་རང་ཁ་མ་དང་འབྱུང་འདུས་ཀྱི་གདོས་པ་ཐམས་ཅད་དག་ནས་ངོ་བོ་སྐུ་རུ་སངས་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲིང་བར་དོར་འཚང་རྒྱ་བ་ནི། འཆི་ཁའི་བར་དོ་ལ་ཕྲ་རགས་ཀྱི་འབྱུང་བ་རྣམས་ས་ཆུ་མེ་རླུང་གི་བར་དུ་རིམ་བཞིན་ཐིམ་པས་ལུས་དང་ཤེས་པ་གནས་འགྱུར། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་གནས་པའི་ཚེ་སྔར་གོམས་པའི་གདམས་པ་གསལ་ཐེབས་ན་རྣམ་ཤེས་ནམ་མཁའ་དང་། ནམ་མཁའ་འོད་གསལ་ལ་ཐིམ་ནས་སྣང་གསུམ་གྱི་མཐའི་སྟོང་ཆེན་ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བར་འགྱུར་རོ། །ཡང་དེར་ངོས་མ་ཟིན་ན་ཆོས་ཉིད་ཀྱི་བར་དོར་འོད་གསལ་ཟུང་འཇུག་ལ་ཐིམ་པས་སྔར་གྱི་སྟོང་ཉིད་དེ་ལས། ཆོས་ཉིད་ཀྱི་སྣང་བ་འོད་གསལ་གྱི་འཁོར་ལོ་རིགས་ལྔའི་ཚོམ་བུ་ཅན་ཞལ་ཕྱག་གི་རིམ་པ་ཅན་དུ་འཆར་བ་གནད་རྣམ་པ་གཉིས་ཀྱིས་འཇུག་ཚུལ་ཤེས་པས་གྲོལ་བར་འགྱུར་ཞིང་། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་འོད་ལྔའི་ར་བར་ཅིག་ཅར་དུ་སྣང་ཞིང་། རང་གི་སྙིང་ཁ་ནས་འོད་ཟེར་མཐིང་དཀར་སེར་དམར་རང་མདོག་ཐིག་ལེ་ཅན་དུ་འཆར་ཞིང་འབྱུང་བ་དང་ཉོན་མོངས་ཕྲ་རགས་ལས་གྲོལ་བས་རང་སྣང་ངོ་ཤེས་པའོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་འོད་གསལ་གྱི་སྣང་བ་དེ་དག་དབྱིངས་སུ་ཐིམ་ནས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སྐད་ཅིག་ལ་གསལ་ཞིང་རང་སྣང་ལ་སྒྲོ་འདོགས་ཆོད་པས་གདོད་མའི་དབྱིངས་སུ་གྲོལ་བར་འགྱུར་རོ། །གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་ནི། སྔར་གྱི་ཆོས་ཉིད་འོད་གསལ་གྱི་སྣང་བ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་གྱིས་བསྐུལ་ནས། རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པས་རྒྱུ་རྐྱེན་བྱས་ནས་བར་དོའི་ལུས་དྭངས་ཤིང་ཐོགས་པ་མེད་པ་ཉིད་འགྲུབ་པར་བྱེད་ལ། དེ་ཡང་ལས་མཐུན་གྱི་དབང་པོ་དྲུག་ཚང་བ། གང་དུ་སྐྱེ་འགྱུར་མ་གཏོགས་ཐོགས་བཅས་ལ་མི་ཐོགས་པ། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་ཅིང་། བར་དོ་ན་ཕན་ཚུན་ལྷའི་མིག་གིས་མཐོང་བ། དབང་པོ་རྣོ་ཞིང་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བས། སྔོན་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཅུང་ཟད་སྦྱངས་པའི་མཐུས། སྤྲུལ་པ་སྐུའི་ཞིང་ཉིད་དྲན་པ་ཙམ་གྱིས་གཉིད་སད་པ་ལྟར་སྲིད་པའི་བར་དོ་ལས་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང་བ་ཐོབ་པས། ཉོན་མོངས་པའི་འཆིང་བ་གྲོལ་ཏེ་གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་ལས་མི་གཡོ་བཞིན་སྤྲུལ་པའི་རྣམ་རོལ་ཆུ་ཟླའི་གར་གྱིས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལ་འཇུག་པ་ཡིན་ཏེ། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུར་སྤྲུལ་པའི་ཞིང་རྣམས་སུ། །གནས་པ་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཁྱད་པར་འཕགས་པ་བཅུ་དང་ལྡན་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ཞེས། འབད་རྩོལ་མི་དགོས་པར་མཐོང་བས་གྲོལ་ཞིང་ལས་དགེ་སྡིག་གིས་ཕན་གནོད་བྲལ་བ། སྙིགས་དུས་ཐ་མ་འདིར་ལམ་འདི་མ་གཏོགས་གཞན་གྱིས་གྲོལ་བར་མི་ནུས་ཤིང་འབྲེལ་ཚད་གདོད་མའི་ས་ལ་སྐྱེལ་བ། ཐོས་པས་འཚེངས་པའི་ཟབ་ཆོས་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་དཀོན་པ་སྟེ། སྙན་བརྒྱུད་ཡིད་བཞིན་ནོར་བུ་ལས། ཨེ་མ་འདི་འདྲའི་གདམས་པ་མཐོང་ན་གྲོལ་བའི་ཆོས། །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་ཞེས། །ཉམས་སུ་བླང་ན་ཚེ་འདིར་རྫོགས་སངས་རྒྱས། །ཐོས་པ་ཙམ་གྱིས་བསྐལ་པའི་སྡིག་སྒྲིབ་དག །གོ་བ་ཙམ་གྱིས་བདེ་ཆེན་ས་ལ་གཤེགས། །འདི་འདྲའི་ཟབ་ཆོས་འཛམ་གླིང་འདི་ན་དཀོན། །ཨོ་རྒྱན་ཐུགས་སྲོག་མཁའ་འགྲོའི་སྙིང་ཁྲག་འདི། །མངོན་སུམ་ད་ལྟར་སྟོན་པ་ཟབ་མོའི་ཆོས། །སྟོང་གསུམ་བསྐོར་ཡང་མི་རྙེད་ཆོས་ཀྱི་མཆོག །འགྲོ་བའི་དབུས་སུ་མངོན་པར་བྱས་པ་ནི། །འདི་འདྲའི་ཟབ་ཏིག་བདག་འདྲ་པདྨའི་ལུགས། །ཐོབ་ན་འཚེངས་ཏེ་ཚེ་གཅིག་སངས་རྒྱས་ལམ། །བདེ་ཆེན་ཞིང་དུ་འཕོ་བའི་རྒྱལ་པོར་འགྱུར། །ཞེས་སོགས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པ་འདི་ཉིད་རང་གིས་ཉམས་སུ་ལེན་པ་དང་། བློ་ལྡན་སྐལ་བཟང་གཞན་དག་ལ་འཆད་ཅིང་སྤེལ་བ་སོགས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་རྩོལ་མེད་ཐེག་པའི་ཡང་རྩེའི་གསང་ལམ་ལས་གདོད་མའི་རྒྱལ་སར་ཕྱམ་གཅིག་འཛེགས་པ་ལ་བརྩོན་པ་བསྐྱེད་འཚལ་ལོ། །དུས་མཐར་བདག་ཅག་སྟོན་པའི་ཐུགས་བསྐྱེད་མཐུས། །ལམ་བཟང་གཞན་དག་རྒྱུད་ལ་མི་འབྱོར་བའི། །རྨུ་རྒོད་འགྲོ་རྣམས་བཙན་ཐབས་སྒྲོལ་བ་ཡི། །གདོད་མའི་མགོན་པོའི་ཐུགས་ཏིག་འདི་ཀོ་བྱུང་། །འོན་ཀྱང་སྐལ་དམན་ཡི་དྭགས་མགྲིན་ལམ་དུ། །བདུད་རྩིའི་ཐིགས་པ་ནམ་ཡང་མི་མཛའ་མོད། །སྨོན་ལམ་ལས་ཀྱི་འཕྲོ་ལྡན་སྐྱེ་དགུའི་ཚོགས། །འབྲེལ་ཚད་རྣམ་གྲོལ་བདེ་བས་དབུགས་ཆེན་ཕྱུངས། །དེ་ཕྱིར་འདིས་ཀྱང་སྐལ་པ་བཟང་ལྡན་རྣམས། །འབད་མེད་གྲོལ་གཞིར་སྙེགས་པའི་བཙས་གྱུར་ནས། སྲིད་པའི་ཆུ་བཞིའི་འབྱུང་ཁུངས་རང་སར་ལྡོག །སྐུ་དང་ཡེ་ཤེས་སྣང་བ་རབ་རྒྱས་ཤོག །ཅེས་པའི་ཟབ་ཁྲིད་ཁྱད་པར་ཅན་འདིའི་ཡིག་ཆས་མ་ཕོངས་ཀྱང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབྱིག་གི་སྙིང་པོའི་བཅུད་དམ་པར་བཞུགས་སུ་གསོལ་བའི་ཆེད་དུ། བོད་ཁམས་གཉིས་ཀྱི་ཁྲིད་ཚུལ་ལས་གཙོ་ཆེ་བའི་ལེགས་བཤད་སྙིང་པོར་དྲིལ་ཏེ། རང་བཞིན་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་གཏད་མེད་ཀྱི་རྣལ་འབྱོར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 23:44, 29 December 2017

རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་ཡིག་མདོར་བསྡུས་པ་འོད་གསལ་ལམ་འཇུག་

rdzogs chen yang ti nag po gser gyi 'bru gcig pa'i khrid yig mdor bsdus pa 'od gsal lam 'jug

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  དུང་མཚོ་རས་པ་ཕྱི་མ་ (Dungtso Repa "The Later")
in cycle  རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ (Rdzogs pa chen po yang ti nag po gser gyi 'bru gcig pa)
Volume 59 (ཧི) / Pages 317-416 / Folios 1a1 to 50b1

[edit]

༄༅། །རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་ཡིག་མདོར་བསྡུས་པ་འོད་གསལ་ལམ་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། གཞི་དབྱིངས་ཀ་དག་འོད་གསལ་ཆོས་ཀྱི་སྐུ། །གཞི་སྣང་རིག་པ་རང་གྲོལ་གདོད་མའི་མགོན། ཁྱབ་བདག་བླ་མར་སྣང་བས་བདག་གཞན་གྱི། །འཁྲུལ་རྟོག་དབྱིངས་སུ་སངས་པའི་བྱིན་རླབས་སྩོལ། །ཐོས་པ་ཙམ་གྱིས་འཁོར་བ་དོང་ནས་སྤྲུག །སྒོམ་པས་སྲིད་པ་དབྱིངས་སུ་རུ་ལྡོག་པ། །འོད་གསལ་རྡོ་རྗེ་རྩེ་མོའི་ཡང་ཏིག་གི །ཁྲིད་རིམ་འཆད་ལ་སྲུང་མས་གནང་བ་སྩོལ། །དེ་ལ་འདིར་བརྒྱུད་གསུམ་བླ་མ་རྣམས་ཀྱིས་ཐུགས་ཀྱི་ཡང་བཅུད། ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་སྙིང་གི་ཟུངས་ཁྲག །ཐེག་དགུའི་ཡང་རྩེ་ཨ་ཏི་ཕྱི་ནང་གསང་སྐོར་ཀུན་གྱི་ཟབ་དོན་ཡང་ཏིག་ཏུ་ཕྱུང་པ། ལས་ངན་དག་པའི་ཁྲུས་ཆུ། སྡིག་སྒྲིབ་གཞར་བའི་སྤུ་གྲི། ཐར་ལམ་ཁྲིད་པའི་ལམ་མཁན། བར་དོ་བསྒྲོད་པའི་སྐྱེལ་མ། ཞིང་ཁམས་བལྟ་བའི་མེ་ལོང་། སུས་ཐོབ་འཚེངས་པའི་ནོར་བུ། ཆོས་གཞན་ལས་ཁྱད་པར་འཕགས་པའི་ཡོན་ཏན་བཅུ་དང་ལྡན་པ་རྫོགས་པ་ཆེན་པོའི་ཡང་ཏིའི་སྐོར་ལ་ལྟ་བ་ཟང་ཐལ་ཆེན་པོ་དང་། ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ། ཡེ་ཤེས་འཁོར་ལོའི་རྒྱུད་སོགས་རྣམ་གྲངས་བཅོ་ལྔ་ཙམ་བྱོན་པ་ཐམས་ཅད་ཀྱི་དགོངས་པའི་ཟབ་བཅུད། སྙིང་པོར་དྲིལ་བ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་རིམ་ཁྱད་པར་ཅན་སྟོན་པ་ལ་གཉིས། གདམས་པ་ལ་འཇུག་པའི་རྒྱུ་རྐྱེན། གདམས་པ་དངོས་བསྟན་པའོ། །དང་པོ་ལ་གསུམ། འཆད་པ་པོ། འཆད་ཡུལ། མཐུན་རྐྱེན་ནོ། །དང་པོ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོགས་གསུངས་པ་བཞིན་དང་། ཁྱད་པར་ཡང་། དང་པོར་སྒོམ་འདེབས་པ་ལ་མཁས་པ་ཞིང་པ་སོ་ནམ་མཁན་ལྟ་བུ། བར་དུ་ཉམས་སྐྱོང་བ་ལ་མཁས་པ་རྫི་བོ་ལྟ་བུ། ཐ་མར་སྐྱོན་ཡོན་ཏན་དུ་བསྒྱུར་མཁས་པ་ཚོས་མཁན་ལྟ་བུ། ཐུན་མོང་དུ་གེགས་སེལ་བ་ལ་མཁས་པ་དེད་དཔོན་རྒྱ་མཚོར་འཇུག་པ་ལ་གོམས་པ་ལྟ་བུའི་ཡོན་ཏན་དང་ལྡན་པའོ། །གཉིས་པ་འཆད་ཡུལ་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་པ་ལྟར་རོ། །གསུམ་པ་མཐུན་རྐྱེན་ནི། སློབ་མ་དེས་བླ་མ་མཉེས་པ་དུ་མའི་སྒོ་ནས་ཚུལ་བཞིན་བསྟེན་ལ་གདམས་པའི་ཕུ་ཐག་བཅད། གྲོགས་ཆོས་མཐུན་ལྟ་སྤྱོད་གཅིག་པ་དང་འགྲོགས། ཡོ་བྱད་གཡེང་བས་མི་བྲེལ་བར་གསག །གནས་མཐོ་ཞིང་དྭངས་པའི་དབེན་པ་བརྟེན། དུས་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བསྔགས་པ་འོ། །ཞེས་ངོ་སྤྲོད་དང་ཉམས་སྣང་འཕེལ་བ་ལ་དམིགས་སུ་བསྔགས་པ་རྣམས་སོ།། ༈ །།གཉིས་པ་གདམས་པ་དངོས་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ་དང་། དབང་གི་སྒོ་ནས་སྨིན་པར་བྱ་བ་དང་། གདམས་ངག་གི་སྒོ་ནས་ཉམས་ལེན་བསྟན་པའོ། །དེ་ལ་དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་སྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་པས་དེ་ཡང་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ཡེ་རྫོགས་དང་པོའི་སངས་རྒྱས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་ཡེ་ནས་འཕེལ་འགྲིབ་མེད་པར་དུས་གསུམ་མཉམ་པ་ཉིད་དུ་བཞུགས་པ་ལས། དེའི་རྩལ་འགག་པ་མེད་པ་ལོངས་སྤྱོད་རྫོགས་སྐུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་རང་སྣང་བར་མཛད་པ་ལ་ཐུགས་དགོངས་པ་རོ་མཉམ་པར་གསུངས་པ་ནི་དགོངས་བརྒྱུད་དོ། །དེ་ནས་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་སྤྲུལ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བརྟུལ་ཞུགས་སྐྱོང་ཞིང་བསམ་གཏན་ལ་བཞུགས་པའི་དུས་སུ། ནམ་སྟོད་ནམ་གུང་ཐོ་རངས་ནམ་ལངས་ཁའི་དུས་བཞིར་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་རྣམས་མངོན་སུམ་དུ་རིམ་པར་བྱོན་ནས། གསེར་དངུལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གྭའུ་རྣམས་རང་བབས་སུ་གཏད་ཅིང་བརྡ་བསྟན་པ་ཙམ་ལ་དགོངས་པ་མཉམ་པ་ཆེན་པོ་བརྙེས་སོ། །དེས་གངས་ཅན་བོད་ཀྱི་ཡུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་གཅིག་མཁར་ཆེན་བཟའ་མཚོ་རྒྱལ་ལ་དཔེ་དང་བརྡ་ལ་བརྟེན་ཏེ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་གསུངས་པ་ནི་རིག་འཛིན་བརྡ་བརྒྱུད་དོ། །དེ་ནས་ཨོ་རྒྱན་ཡབ་ཡུམ་གྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཀྱི་བདག་པོ་ལ་འཕོ་བར་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་ཤོག་སེར་ཚིག་གི་ཡི་གེ་རིས་སུ་བྲིས་ནས་གཏེར་བདག་མཁའ་འགྲོ་རྣམས་ལ་གཏད་རྒྱ་དང་བཅས་ཏེ་ཤར་དྭགས་ལ་སྒམ་པོའི་མཚོ་མཎྜལ་ནག་པོའི་འགྲམ་བྲག་རུས་སྦལ་ནག་པོར། ཤར་གཏེར་ལེགས་སྨིན་རིན་པོ་ཆེའི་འབྲས་བུ་ལྟ་བུའི་གཏེར་ཁའི་ནང་ཚན་དུ་སྦ་བར་མཛད་པ་ཉིད། སྤྲུལ་པའི་གཏེར་སྟོན་འགྲོ་མགོན་དུང་མཚོ་རས་པས་སྤྱན་དྲངས་ཏེ་སྐལ་ལྡན་སངས་རྒྱས་དྲང་སྲོང་ལ་བསྟན་པ་ནས་རིམ་བཞིན་ད་ལྟའི་བར་དུ་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ། ཉམས་མྱོང་གི་དྲོད་རྟགས་མ་འགྲིབ་པ་ནི་གང་ཟག་སྙན་བརྒྱུད་དེ། དེ་ལྟར་ཡང་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་བྱུང་། །ཅེས་སོ།། ༈ །།གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱ་བ་ནི་དབང་དངོས་དང་དམ་ཚིག་གོ །དང་པོ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་རབ་ཏུ་སྤྲོས་པ་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པར་ལྡན་པ་སྨིན་པ་བྱ། །ཞེས་གསུངས་པ་ལྟར། བུམ་དབང་ཆེན་མོ་དང་། དབང་གོང་མ་གསུམ་གུད་དུ་སྦས་པ་ཟབ་རྒྱར་གདམས་པ་རྣམས་བླ་མ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་དང་བཅས་པས་སྨིན་པར་བྱའོ། །གཉིས་པ་དམ་ཚིག་ནི། སྤྱིར་སྐུ་གསུང་ཐུགས་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་འདི་ནི་བསྲུང་བྱ་དམིགས་སུ་མ་གྲུབ་པས་ཡེ་བསྲུང་ཆེན་པོའི་དམ་ཚིག་སྟེ། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་ལྟར་མེད་པ། ཕྱལ་པ། གཅིག་པུ། ལྷུན་གྲུབ་སྟེ་ལྟ་བའི་དམ་ཚིག་ཆེན་པོ་བཞིས་ཆིངས་སུ་བཅིངས་ཤིང་འགགས་བསྡམས་པའོ།། ༈ །།གསུམ་པ་གདམས་ངག་ཉམས་ལེན་དངོས་བསྟན་པ་ལ་གསུམ། རྒྱུད་སྣོད་རུང་དུ་སྒྲུབ་པར་བྱེད་པ་སྔོན་འགྲོ། ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་དངོས་གཞི། རྣལ་འབྱོར་བཞིའི་ཉམས་ལེན་དང་གྲོལ་ཚུལ་བཤད་པ་མཐའ་རྟེན་རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་གསུམ། ངེས་འབྱུང་གིས་བློ་བཅོས་པ། འདུ་འཛིའི་ཉེས་པ་དང་སྒོམ་གྱི་ཕན་ཡོན་བསྟན་པ། རྒྱུད་དག་པར་བྱེད་པའི་རིམ་པ་དངོས་སོ། །དང་པོ་ལའང་བཞི་སྟེ། སློབ་དཔོན་ཆེན་པོས། དེ་ནས་བླ་མས་སློབ་མ་ལ། །ཐོག་མར་དལ་འབྱོར་རྙེད་དཀའ་བསྟན། །ཞེས་གསུངས་པ་ལྟར་དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་ནས་དོན་མེད་འཁོར་བའི་བྱ་བ་སྤངས་ཏེ་ཐར་པ་དོན་དུ་གཉེར་དགོས་པས། འདི་ལྟར་བདག་གིས་དལ་འབྱོར་གྱི་མི་ལུས་ད་ལམ་ལན་གཅིག་ཙམ་ཐོབ་པ་འདི་ནི་ཤིན་ཏུ་སྐལ་པ་བཟང་པོ་སྟེ། ངོ་བོ་མི་ལུས་གཅིག་གི་སྟེང་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་དགོས་པ། རྒྱུ་དགེ་བའི་ལས་ཚན་པོ་ཆེ་བསགས་དགོས་པ་དང་། རྐྱེན་སྦྱིན་སོགས་དགེ་གྲོགས་རླབས་པོ་ཆེ་དང་སྨོན་ལམ་གྱི་མཚམས་སྦྱོར་ཁྱད་པར་ཅན་ལ་ལྟོས་པ་དང་། དཔེ་ཡང་ཀུན་མཁྱེན་ཀློང་ཆེན་པས་སེམས་ཉིད་ངལ་གསོར། ཇི་ལྟར་མཚོ་དབུས་གཡེངས་པའི་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་སྲིད་བས་ཀྱང་། །མི་ཉིད་རྙེད་དཀར་ལྷ་མིའི་སྟོན་པས་གསུངས། །དལ་འབྱོར་རིན་ཆེན་ལུས་རྙེད་སྨྲོས་ཅི་དགོས། །ཞེས་སོ། །གྲངས་ལ་བསམས་ཀྱང་། དུད་འགྲོ་ཁ་འཐོར་བ་དབྱར་དུས་ཀྱི་སྔོ་ཕོན་གཅིག་ལ་གནས་པ་དང་། རང་གིས་མཐོང་བའི་མི་རྣམས་ལ་དཔག་ནའང་སྲིད་མཐའ་ཙམ་པ་དངོས་སུ་མཐོང་། དེ་ལྟ་བུ་རྙེད་དཀའ་བ་ལས་ཀྱང་རྙེད་ན་དོན་ཆེ་བ་སྟེ། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་ཏེ་མི་ལུས་འདི་ལ་བརྟེན་ནས་གནས་སྐབས་ལྷ་མིའི་བདེ་འབྲས། མཐར་ཐུག་ཐེག་པ་གསུམ་གྱི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་སྒྲུབ་ནུས་ཤིང་། ད་རེས་ལམ་སྣ་མ་ཟིན་ན་ཕྱིས་ནས་དལ་འབྱོར་ཐོབ་པར་དཀའ་སྟེ། སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། ཕ་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས་པའི་དོན་ཡིད་ལ་དྲན་པར་བྱའོ། །གཉིས་པ་འཆི་བ་མི་རྟག་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་སྤང་ཞིང་ཆོས་ལ་བརྩོན་འགྲུས་བསྐྱེད་དགོས་ཏེ། སྤྱིར་སྣོད་ཀྱི་འཇིག་རྟེན་ལ་ཆགས་གནས་འཇིག་སྟོང་། ནང་བཅུད་ཀྱི་སེམས་ཅན་ལ་སྐྱེ་རྒ་ན་འཆི། ལོ་ཟླ་ཞག་དུས་ལ་འཕོ་འགྱུར་གྱིས་མི་རྟག་སྟེ་འདུས་བྱས་ཀྱི་མཚན་ཉིད་ནི། ཚོམས་ལས། བསགས་པ་ཀུན་གྱི་མཐར་འཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར། །ཞེས་སོ། །བྱེ་བྲག་ཏུ་མིའི་ལུས་རྟེན་འདི་སྐྱེས་ཟིན་ནས་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས། དེ་རེ་རེ་ལའང་རྒྱུ་མཚན་གསུམ་རེ་ཡོད་དེ། གུ་རུ་པདྨའི་གསུང་ལས། ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར། །འཆི་བ་དང་ནི་མི་རྟག་བསྒོམ། །དང་པོ་འཆི་བར་ངེས་པ་གསུམ། །སྐྱེས་མཐར་འཆི་བར་འདུག་པ་དང་། །ཕུང་པོ་འདུས་བྱས་ཡིན་པ་དང་། །ཉིན་མཚན་སྡོད་པ་མེད་པས་སོ། །དེ་བཞིན་ནམ་འཆི་ཆ་མེད་གསུམ། །ཚེ་ལ་ངེས་པ་མེད་པ་དང་། །ལུས་ལ་སྙིང་པོ་མེད་པ་དང་། །འཆི་བའི་རྐྱེན་ནི་མང་བས་སོ། །འཆི་ཚེ་ཅིས་ཀྱང་མི་སྟོངས་གསུམ། །བྱམས་པ་གཉེན་གྱིས་མི་སྟོངས་དང་། །བསགས་པའི་ནོར་གྱིས་མི་སྟོངས་དང་། །དཔའ་འཛངས་བབས་ཀྱིས་མི་སྟོངས་པའོ། །ཞེས་གསུངས། མདོར་ན་མི་ལུས་རིན་པོ་ཆེ་འདི་ལན་གཅིག་ཐོབ་ནས་མི་འཇིག་པ་ཞིག་ཡིན་ན་དེ་ཀས་ཆོག་མོད། ཁམས་གསུམ་ན་སྐྱེས་པ་མཐའ་དག་འཆི་བ་ལས་མ་འདས་ཏེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཞེས་གསུངས་པས། སྔར་བསྐལ་པ་ཆགས་ནས་ད་ལྟའི་བར་མཆོག་དམན་བར་མའི་འགྲོ་བ་དེ་ཙམ་ཞིག་འདས་ཏེ་མ་ཤི་བར་ལུས་པ་གཅིག་ཀྱང་མེད། ད་ལྟའི་འདི་ཀུན་ཀྱང་ལོ་འགའ་ཞིག་གི་ནང་དུ་མིང་སྟོང་པ་རེ་ཤུལ་དུ་བཞག་ནས་གཅིག་ཀྱང་མ་ལུས་པ་འགྲོ་སྟེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་འཆི་བའི་རྐྱེན་ནི་ནད་མཚོན་དུག་སོགས་ཤིན་ཏུ་མང་ལ་འཚོ་ཐབས་སུ་བརྟེན་པའི་ཟས་སྨན་ཡང་ལོག་པར་གྱུར་ཏེ་འཆི་རྐྱེན་བྱེད། མདོར་ན་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་མི་འཆི་བའི་ངེས་པ་མེད་དེ། ཁྱོད་ཀྱིས་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །གང་ཞིག་སྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་རྟུན་ལ་གྱིས། །ཞེས་དང་། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས། ད་ལྟར་ཤི་ཡང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན་ལས་འབྲས་མ་བསམ་པས་ལན་ཏེ། ལས་འབྲས་ཆུད་མི་ཟ་བས་རིགས་དྲུག་ཏུ་སྐྱེ་བར་འགྱུར་བ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །གསུམ་པ་འཁོར་བའི་སྡུག་བསྔལ་བསམ་ནས་འཇིག་རྟེན་འདིའི་བྱ་བ་སྤངས་ཏེ་ཐར་པ་ཁོ་ན་དོན་དུ་གཉེར་དགོས། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་རང་བཞིན་ཚ་བ་ལས་མ་འདས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་ཏེ། དེའང་ཉེ་བར་ལེན་པའི་ཕུང་པོ་འདི་གྲུབ་པ་ཙམ་ནས་སྡུག་བསྔལ་གྱི་རང་བཞིན་དུ་གྲུབ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ལྷ་མི་སོགས་འཁོར་བའི་བདེ་སྐྱིད་ཐམས་ཅད་མཐར་མི་རྟག་ཅིང་འགྱུར་ནས་འགྲོ་བས་འགྱུར་བའི་སྡུག་བསྔལ། འདུ་བྱེད་སྡུག་བསྔལ་སྤྱི་ལ་ཁྱབ་པའི་སྟེང་དུ་ངན་སོང་གསུམ་སོགས་སྡུག་བསྔལ་ཆེན་པོས་མནར་བ་སྡུག་བསྔལ་གྱི་སྡུག་བསྔལ་རྣམས་ཀྱིས་གཙེས་པས། ཁམས་གསུམ་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་པ་མདོ་རྒྱུད་བསྟན་བཅོས་ཀུན་ལས་གསུངས་པའི་དོན་བསྡུས་ཀུན་མཁྱེན་ཀློང་ཆེན་པས། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ཡས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་ཉིད་སྣང་ལོག་རྨི་ལམ་ནད་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །ཅེས་པས། འཁོར་བའི་གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན། མེའི་ཁང་པ་ལྟ་བུ། གཅན་གཟན་དང་མི་རྒོད་ཀྱི་ཁྲོད་ལྟ་བུ། རྒྱལ་པོའི་བཙོན་ར་ལྟ་བུ་སྟེ། དེ་ཉིད་ལས། ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །ཞེས་གསུངས། ཀླུ་སྒྲུབ་ཀྱིས་ཀྱང་། འཁོར་བ་དེ་ལྟར་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་དང་། དམ་པས། འཁོར་བའི་ཉེས་དམིགས་དྲན་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་འོང་དིང་རི་པ། །ཞེས་གསུངས་སོ། །དེས་ན་རང་རེ་རྣམས་ཀྱིས་ད་ལྟའི་དུས་སུ་ལུས་ལ་མེ་སྟག་ཙམ་ཞིག་ཕོག་ཀྱང་མི་བཟོད་ཅིང་། དགུན་ནངས་གཅིག་གི་གྲང་བ་ཙམ་ཡང་མི་བཟོད། ཞག་གཅིག་ཙམ་གྱི་ལྟོགས་ཀྱང་མི་བཟོད་ན། རིགས་དྲུག་གི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་སྟེ། ཀུན་མཁྱེན་ཀློང་ཆེན་པས། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བར། །བདག་སྙིང་ལྕགས་ཀྱི་གར་བུ་ཆེན་པོ་འམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་གསུངས་པ་སོགས་སྙིང་ནས་དྲན་པས་སྐྱོ་ཤས་དང་ངེས་འབྱུང་དྲག་ཏུ་བསྐྱེད་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་ལ་བསམ་ནས་མི་དགེ་བ་མཐའ་དག་སྤངས་ཏེ་ཆོས་ལ་རྩེ་གཅིག་ཏུ་འབད་དགོས། དེའང་སྙིང་རྗེ་པད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། །ལས་ཀྱི་རབ་ཏུ་ཕྱེ་བའོ། །ཞེས་གསུངས་པ་ལྟར་འཁོར་འདས་དང་བདེ་སྡུག་ཐམས་ཅད་ལས་ལས་བྱུང་བ་སྟེ། དེའང་ལས་ཀྱི་རྩ་བ་མ་རིག་པ། ངོ་བོ་གཟུང་འཛིན་གྱི་རྟོག་པས་བསྐྱེད་པའི་ལས་དཀར་ནག་གཉིས་ཀྱིས་བདེ་སྡུག་གི་འབྲས་བུ་འབྱུང་བ་སྟེ། དེའང་རྣམ་པར་གནག་པའི་ལས་མི་དགེ་བ་བཅུ་ནི། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་པས། སྲོག་གཅོད། མ་བྱིན་པར་ལེན། མི་ཚངས་སྤྱོད། རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་མི་དགེ་བ་བཅུ་དང་། དེ་ལས་ལྡོག་པ་ནི་རྣམ་པར་དཀར་བའི་ལས་དགེ་བ་སྟེ། དེ་དག་ལས་བསམ་སྦྱོར་གཉིས་ཀ་དགེ་བས་ཟིན་པ་ཆེ་འབྲིང་ཆུང་གསུམ་གྱིས་འབྲས་བུ་ལྷ་ལྷ་མིན་མི་རྣམས་དང་། དེ་བཞིན་མི་དགེ་ཆེ་འབྲིང་ཆུང་གསུམ་སྤྱད་པས་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་རྣམས་སུ་སྐྱེ་ཞིང་། ཡང་ནོར་རམ་བཀོལ་བའི་ཕྱིར་སྲོག་བསྐྱབ་པ་ལྟ་བུ་བསམ་པ་གནག་ལ་སྦྱོར་བ་དཀར་བའི་ལས་ཀྱིས་བདེ་སྡུག་སྤེལ་མ་དང་། སྲོག་བསྐྱབ་ཕྱིར་རྫུན་སྨྲ་བས་བདེ་འབྲས་བསྐྱེད་ཅིང་། སྙོམས་འཇུག་གི་བསམ་གཏན་སྒོམ་པ་མི་གཡོ་བའི་ལས་ཀྱིས་ཁམས་གོང་མར་སྐྱེ་བར་བྱེད། མདོར་ན་ལས་ཆེ་ཆུང་གང་སྤྱད་ཀྱང་རྣམ་པར་སྨིན་པ་ཆུད་འཛའ་མི་སྲིད་དེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །དགེ་བའི་ལས་སྤྱད་པས་འབྲས་བུ་བདེ་བ་མྱོང་ཞིང་སྡིག་པའི་ལས་ཀྱིས་འབྲས་བུ་སྡུག་བསྔལ་མྱོང་བ་སྟེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླ་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་སོ། །དེ་ཡང་མི་དགེ་བ་ཆུང་ངུས་ཀྱང་འབྲས་བུ་སྡུག་བསྔལ་ཆེན་པོ་མྱོང་བར་གསུངས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་ངུར་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། དགེ་བ་ཆུང་ངུར་བྱས་པས་ཀྱང་འབྲས་བུ་བསོད་ནམས་ཆེན་པོ་འབྱིན་ཏེ། དེ་ཉིད་ལས། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་དང་། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་འགྱུར། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་གསོག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་པས་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་ཅིང་དགེ་སྡིག་གི་བླང་དོར་ཕྲ་ས་ནས་འབད་དགོས་སོ།། །།གཉིས་པ་འདུ་འཛིའི་ཉེས་པ་དང་སྒོམ་གྱི་ཕན་ཡོན་བསྟན་པ་ནི། ལམ་ཉམས་སུ་ལེན་པར་བྱེད་པ་ལ་འདུ་འཛིའི་གཡེང་བ་སྤང་དགོས་པར་གསུང་ལ། འདུ་འཛིའི་མཚན་ཉིད་ལུས་ངག་ཡིད་གསུམ་དོན་མེད་པའི་བྱ་བཞག་ལ་གཡེང་བའོ། །འདུ་འཛིའི་རྒྱུ་བདག་དང་བདག་གིར་འཛིན་པ་ལ་ཆགས་པའོ། །འདུ་འཛིའི་ཉེས་པ་སྤྱིར་ནི་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་རྣམ་གྲངས་ཉི་ཤུ་གསུངས་ཤིང་། བྱེ་བྲག་བུ་སྨད། ཟས་ནོར། གཉེན་འདུན་འཁོར་གཡོག །རྙེད་བཀུར་ལ་ཆགས་པ་སོ་སོར་ཉེས་པ་མང་ཞིང་། འདོད་ཡོན་ལ་ཞེན་ཅིང་ཆགས་པ་ཐམས་ཅད་བདུད་ཀྱི་ལས་ཡིན་པས་དོན་མེད་པར་བསམ་ནས་སྤང་བར་བྱ་སྟེ། སེམས་ཉིད་ངལ་གསོ་ལས། བསམ་གཏན་འདོད་པས་རྣམ་གཡེང་འདུ་འཛི་སྤང་། །ཡུལ་གྱི་དགའ་བ་སྟོན་ཀའི་སྤྲིན་འདྲ་ཞིང་། །གློག་ལྟར་མི་བརྟན་གཡོ་བའི་རང་བཞིན་ཏེ། །ལོངས་སྤྱོད་མི་རྟག་སྒྱུ་མའི་ཁང་བཟང་འདྲ། །ནམ་ཡང་ཡིད་བརྟན་མི་རུང་དེ་སྤོངས་ལ། །མྱུར་བ་ཉིད་དུ་ཞི་བའི་ནགས་འདབས་བརྟེན། །ཅེས་སོ། །འདུ་འཛིའི་གཡེང་བ་དེ་དག་དང་བྲལ་བ་ནི་དབེན་པའི་མཚན་ཉིད་ཡིན་ལ། དེའི་རྒྱུ་ནི་དགོན་པར་གཅིག་པུར་གནས་པའོ། །དབེན་པར་གནས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་རྣམས་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། འཁོར་བ་ལ་ཡིད་འབྱུང་བ་དང་། འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་དང་། ཉོན་མོངས་པ་མི་འཕེལ་བ་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་དབྱུང་སེམས་ཅན་གྱི། །དོན་དུ་དགོན་པའི་གནས་དེར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཆེ་བར་འཕགས། །ཞེས་དང་། དེ་བཞིན་འདུས་བྱས་རྟག་ཏུ་ཡིད་དབྱུང་འགྱུར། །དེ་བཞིན་འཇིག་རྟེན་ཅི་ལའང་འདོད་པ་མེད། ཟག་པ་རྣམས་ནི་རྣམ་པར་འཕེལ་མི་འགྱུར། །ཞེས་དང་། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུ་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འཐོབ་འགྱུར། །ཞེས་སོགས་མཐའ་ཡས་པ་འབྱུང་ངོ་། །དབེན་པར་གནས་ནས་སྒོམ་དགོས་ཏེ་མ་བསྒོམ་པའི་སྐྱོན་ནི། ཐོས་པས་དོན་སྤྱི་གོ་ཡང་སྒོམ་པས་ཉམས་སུ་མ་བླང་ན། སྤང་བྱ་སྤངས་ཤིང་བསྒྲུབ་བྱ་སྒྲུབ་མི་ནུས་ཏེ། བང་མཛོད་ལས། ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་དེ་མི་འགྱུར། །བསྒོམས་པས་ཆོས་ཉིད་དོན་དང་ལྡན། །ཞེས་པས། དཔེར་ན་ཆུ་ཀླུང་ཆེན་པོའི་འགྲམ་དུ་སྐོམ་གྲིར་ཤི་བའམ། མི་ལ་ཟས་བྱིན་ཀྱང་རང་ལྟོགས་ནས་ཤི་བ་དང་འདྲ་སྟེ། ཕལ་པོ་ཆེ་ལས། དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་བཞིན། །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་རྐྱལ་བར་དུ་ཐར་བར་མི་འགྱུར་བས། །ཤེས་ནས་མ་བསྒོམ་ཆོས་ཀྱང་དེ་དང་མཚུངས། །ཞེས་སོགས་དཔེ་མང་པོ་དང་བཅས་ཏེ་གསུངས་སོ། །བསྒོམས་པའི་ཡོན་ཏན་ནི། གང་གིས་བསྐལ་པའི་བར་དུ་ཉན་པ་འམ། ཀློག་པའམ། དགེ་བའི་རྩ་བ་བྱེད་པ་ལ་སོགས་པ་བྱས་པ་བས། སྐད་ཅིག་ཙམ་ལ་ཏིང་ངེ་འཛིན་བསྒོམས་པས་བསོད་ནམས་ཆེ་སྟེ། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གི་སེ་གོལ་གཏོགས་ཙམ་ཞིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ། དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ། །ཞེས་དང་། རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། ཁམས་གསུམ་པ་ཡི་མི་རྣམས་ལ། །སྲོག་སྦྱིན་པ་བས་འདི་དོན་ཆེ། །ཞེས་དང་། གཙུག་ཏོར་རིན་པོ་ཆེའི་མདོ་ལས། བསྐལ་པ་མང་པོའི་བར་དུ་ཐོས་པ་དང་བསམ་པ་བས་ནི། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པས་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྲལ་བར་བྱེད་པའི་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། བསོད་ནམས་ཀྱི་ཚོགས་དང་ལམ་གྱི་ཆོས་ཐམས་ཅད་ཀྱང་ཏིང་ངེ་འཛིན་བསྒོམས་པ་ལ་འདུས་པ་བཀའ་དང་བསྟན་བཅོས་རྣམས་ལས་མང་དུ་འབྱུང་ཞིང་། ཇོ་བོ་རྗེས། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་ལས་བརྩམ་མི་བྱ། །ཞེས་གསུངས་པས་མཉམ་བཞག་ལ་སེམས་བརྟན་པོར་གྱུར་ན་ལུས་ངག་གི་དགེ་སྦྱོར་གཡེང་བའི་རྒྱུ་ཡིན་པས་སྤང་བར་བྱ་བའང་གསུངས་སོ།། །།གསུམ་པ་རྒྱུད་དག་པར་བྱེད་པའི་རིམ་པ་ལ་ལྔ། འཁོར་བའི་སྡུག་བསྔལ་དང་ལམ་ལོག་པ་ལས་སྐྱོབ་པ་སྐྱབས་འགྲོ། ཅི་བྱས་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བ་སེམས་བསྐྱེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ། སྣོད་ཀྱི་སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས། བཅུད་ཀྱི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཡུལ་གང་ལ་འགྲོ་ན་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལའོ། །གང་གི་ཆེད་དུ་འགྲོ་ན། སྡུག་བསྔལ་ཅན་གྱི་འཁོར་བ་ལས་རང་གཞན་སེམས་ཐམས་ཅད་སྐྱོབ་པའི་སླད་དུ། ཇི་སྲིད་ཀྱི་བར་འགྲོ་ན། དེ་དང་དགོངས་པ་མཉམ་པར་མ་གྱུར་གྱི་བར་དུའོ། །ཇི་ལྟར་འགྲོ་ན། བདེ་བའི་སྟན་ལ་འདུག །སེམས་རྣལ་དུ་ཕབ་ནས་དམིགས་པ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་ཚངས་པ་རྔ་སྒྲའི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པའི་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་ལྔ་པ། ལོ་འདབ་མེ་ཏོག་འབྲས་བུ་སོགས་ཕུན་སུམ་ཚོགས་པའི་དབུས་ཀྱི་ཡལ་གར་སེང་ཁྲི་པདྨ་ཉི་ཟླའི་གདན་བཀོད་པ་ཁྱད་པར་དུ་འཕགས་པ་ལ། རྩ་བའི་བླ་མ་དེ་ཉིད་བརྒྱུད་པའི་བླ་མ་ཀུན་འདུས་རྣམ་པ་རྡོ་རྗེ་འཆང་ཆེན་པོ་མཐིང་ག་ཡུམ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་པའི་མཚན་ཉིད་རྫོགས་ཤིང་འོད་ཟེར་མུ་མེད་དུ་འཕྲོ་བ། མདུན་གྱི་ཡལ་གར་ཁྱད་པར་གྱི་སངས་རྒྱས་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་ཀྱི་ཡལ་གར་ཐུན་མོང་གི་སངས་རྒྱས་ཤཱཀ་ཐུབ་སོགས་མཆོག་གི་སྤྲུལ་སྐུ་རྣམས་དང་། གཡོན་གྱི་ཡལ་གར་ཐུན་མོང་བ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཀྱི་ཡལ་གར་ལུང་རྟོགས་ཀྱི་ཆོས་རྣམ་པ་གླེགས་བམ་བརྩེགས་པ། མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་དཔའ་བོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ། ཤིང་གི་རྩ་བར་རང་ཉིད་ཀྱིས་ཐོག་དྲངས་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་འཁོད་པ་ཐམས་ཅད་ལུས་སྐྱབས་ཡུལ་ལ་ཕྱོགས་པའི་ཐལ་སྦྱར་པུས་བཙུགས། ངག་རང་གིས་བྱང་དྲངས་པའི་སྐྱབས་འགྲོའི་ཚིག་འདོན། སེམས་སྐྱབས་ཡུལ་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། གཏན་གྱི་སྐྱབས་ཡུལ་དུ་ཤེས་པས་བློ་གཏད་ལིང་བསྐྱུར་གྱིས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་ཅི་འགྲུབ་བྱས་རྗེས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་བྱུང་སྟེ་མཐའ་སྐོར་གྱི་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་དྲངས། སྐྱབས་ཡུལ་ཀུན་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་ནས་སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་མཁན་སེམས་ཅན། སྐྱབས་སུ་འགྲོ་བའི་ཀུན་སློང་གསུམ་ཀ་མི་དམིགས་པ་སྟེ། འཁོར་གསུམ་མི་རྟོག་པ་དོན་དམ་པའི་སྐྱབས་འགྲོ་ལ་ཅི་གནས་སུ་གཞག །མཐར། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཕྱམ་གཅིག་སྐུ་གསུམ་མངོན་གྱུར་ཤོག །ཅེས་དགེ་བ་བསྔོ། བསླབ་བྱ་སྤྱི་ལྟར་ལ། ཕན་ཡོན་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་སོགས་དང་རྣམ་གྲངས་བརྒྱད་ཡོངས་གྲགས་སུ་བཤད་པ་ལྟར་རོ། །གཉིས་པ་ཅི་བྱས་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བ་སེམས་བསྐྱེད་ནི། དང་པོ་ངོ་བོ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པའོ། །མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། སྔར་བདག་ལ་མ་བསྐྱེད་པའི་སེམས་གཞན་དོན་བྱ་བའི་བློ་བསྐྱེད་པའི་དོན་ནོ། །གསུམ་པ་དབྱེ་བ་ནི། རྣམ་གྲངས་མང་དུ་གསུངས་ཀྱང་། དོན་དམ་དང་ཀུན་རྫོབ་གཉིས་སོ། །དང་པོ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བའོ། །ཞེས་དགོངས་པ་ངེས་འགྲེལ་ལས་གསུངས་པ་ལྟར་རོ། །གཉིས་པ་ཀུན་རྫོབ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་སྨོན་འཇུག་གཉིས་ལས་སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་འདོད་པའི་བསམ་པ་ཡིན་ལ། འཇུག་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་ལ་སྦྱོར་བ་ཡིན་ཞིང་དཔེར་ན་འགྲོ་བར་འདོད་པ་དང་། འགྲོ་བ་དངོས་གཉིས་དང་མཚུངས་པ་སྟེ། དེ་ཉིད་ཉམས་སུ་ལེན་པ་ན། ཚད་མེད་པའི་སེམས་ཅན་འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་གླེན་ཞིང་ཐབས་མི་མཁས་པས་མི་དགེ་བ་ཁོ་ན་ལ་སྤྱོད་པ་ལག་ལེན་ཞེ་འདོད་ཕྱིན་ཅི་ལོག་ཏུ་གྱུར་ནས་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ནི་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་ལ་བལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་ཀྱི་ལོང་ཁྲིད་ནི་མེད། འཁོར་བའི་གཡང་ས་ཆེན་པོར་ལྟུང་བ་ཤིན་ཏུ་ནས་སྙིང་རྗེ་བ་འདི་དག་ཡལ་བར་བོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ལྷུང་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུ་གྱུར་པ་ལ། །སྐྱེ་ཤི་འཕོ་བས་ངོ་མ་ཤེས་པ་དེ་བོར་ནས། །བདག་ཉིད་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས། དེས་ན་བདག་གིས་འདི་དག་འཁོར་བ་ལས་བསྒྲལ་ནས་ཐར་པ་མཆོག་ལ་འགོད་ནུས་ན་ཅི་མ་རུང་སྙམ་པ་སྨོན་སེམས་དང་། དེའི་ནུས་པ་སྒྲུབ་པའང་ད་ལྟ་བདག་ལ་མེད་ཅིང་། ཐེག་པ་འོག་མ་རྣམས་ལ་ཞུགས་ན་ཡུན་རིང་པོར་དཀའ་སྤྱད་ལ་ལྟོས་དགོས་པས་དེའི་བར་འགྲོ་བ་རྣམས་སྡུག་བསྔལ་བས་སྙིང་རྗེ། དེ་བས་ན་ཚེ་གཅིག་ལ་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ལམ་ཟབ་འདི་ལྟ་བུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་འཇུག་སེམས་ཟུང་འཇུག་གི་བློ་རྩེ་གཅིག་པས་ངག་ཏུ། བདག་གིས་དེང་ནས་བྱང་ཆུབ་མ་ཐོབ་བར། །རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས། །གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ། །འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ། །ཞེས་ཅི་ནུས་དང་། དོན་དམ་བྱང་སེམས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྒྱས་བཏབ་སྟེ་ཅི་གནས་སུ་གཞག །མཐར་རང་བཞིན་དག་པའི་སོགས་ཀྱིས་དགེ་བ་བསྔོ། སེམས་བསྐྱེད་ཀྱི་བསླབ་བྱ་སོགས་དོན་རྒྱས་པ་ཡོངས་སུ་གྲགས་པ་ལྟར་དང་། ཕན་ཡོན་ནི། སངས་རྒྱས་ཀྱི་ས་བོན་གྲུང་པོ་ཡིན་པས་སྤྱིར་བསམ་གྱིས་མི་ཁྱབ་པ་ལུང་རྣམས་ལས་འབྱུང་བ་ལྟར་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་པས་མཚོན་ནོ། །གསུམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ་ནི། སངས་རྒྱས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཚོགས་གསག་པ་ཡིན་ཞིང་། དེའི་གནད་ཀྱི་སྙིང་པོ་མཎྜལ་འབུལ་བ་ལ་འདུས་པ་དམ་པ་རྣམས་མགྲིན་གཅིག་བཞེད་པས། སྔོན་འགྲོ་ཆེད་དུ་གསོག་པའི་སྐབས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་ལ་རྟེན་བྱས། མཆོད་པའི་མཎྜལ་ལག་ཏུ་ཐོགས་ནས་འབུལ། མཎྜལ་གྱི་རྒྱུ་དང་འབུལ་བྱའི་དངོས་པོ་སོགས་སྤྱི་ལྟར་འབྱོར་པས་གང་དཔོགས་གཙང་ཞིང་དག་པ་འདུ་བྱས་ལ། འབུལ་བའི་ཚུལ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་གཏབ་ལ་སྐུ་གསུམ་གྱི་མཎྜལ་འབུལ་སྟེ། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་བྱི་དོར་བྱས་པ་དྲི་བཟང་གིས་བྱུག་ཅིང་དབང་ཆེན་གསེར་གྱི་ས་གཞིར་བསམ། དེ་ལ་སྲིན་ལག་གིས་མཐའ་བསྐོར་བ་མུ་ཁྱུད་དང་ཧཱུྃ་གི་སྲུང་འཁོར་རྣམས་སྔོན་དུ་འགྲོ་བའི་མེ་ཏོག་གི་ཚོམ་བུ་ཡོངས་གྲགས་སོ་བདུན་མའམ། ཡང་ན། རི་རབ་གླིང་བཞི་གླིང་ཕྲན་བརྒྱད། རྒྱལ་སྲིད་རིན་པོ་ཆེ་བདུན། གཏེར་བུམ་ཉི་ཟླ་དབུས་ཀྱི་རི་རབ་བཅས་ཚོམ་བུ་ཉེར་གསུམ་མ་བཀོད་ཀྱང་རུང་སྟེ། དམིགས་པའི་ཡུལ་དུ། དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་དང་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་གཏམས་པ། སོ་སོའི་རྣམ་པ་གསལ་ལ་མ་ཚང་བ་མེད་པས་གང་བར་བསམ་ལ་ངག་ཏུ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་སྤྲུལ་སྐུའི་ཞིང་སྤྱོད་ཤོག །ཅེས་དམིགས་པ་གསལ་འདེབས་ལ། ཚིག་འདོན་པ། ཚོམ་བུ་གསོ་བ་སུམ་ཕྲུགས་ཀྱིས་སྤྲུལ་པའི་སྐུ་ལ་འབུལ། གཉིས་པ་ནི། མཚོན་བྱེད་ཚོམ་བུ་བདུན་བཀོད་ལ། རང་གི་པགས་པ་ས་གཞི། ཁྲག་བྱུགས་པ། སྒལ་ཚིགས་རི་རབ། ཡན་ལག་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་ཏེ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་ལོངས་སྐུའི་ཞིང་སྤྱོད་ཤོག །ཅེས་པས་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་འབུལ། གསུམ་པ་ནི། མཚོན་བྱེད་ཚོམ་བུ་ལྔ་བཀོད་ལ། འཁོར་གསུམ་ཡོངས་དག་དམིགས་པ་མེད་པའི་ཤེས་རབ་ཉིད་དགོངས་སྤྱོད་རྣམ་པར་དག་པའི་དབྱིངས་སུ་འབུལ་ཏེ། སེམས་ཉིད་ཆོས་སྐུར་དག་པའི་ཞིང་ཁམས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་ལ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་འགྲོ་ཀུན་ཆོས་སྐུའི་ཞིང་སྤྱོད་ཤོག །ཅེས་བླ་མ་ཆོས་ཀྱི་སྐུ་ལ་འབུལ་ཞིང་། དེ་དག་གི་དགེ་བས་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་དགེ་བ་བསྔོ་འོ། །དེ་ལྟ་བུ་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཚོགས་རྫོགས་པའི་རྟགས་ཡང་ཡང་མ་མཐོང་བར་དུ་འབད། ཕན་ཡོན་མཐའ་ཡས་པར་གསུངས་ཤིང་། མཎྜལ་གྱི་མདོ་ལས་ཀྱང་། འདིར་ནི་ལུས་ཀྱི་ལས་བྱས་ན། ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟར་གསལ་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་ཡང་། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཚང་བས་དེ་ཐམས་ཅད་ཀྱི་འབྲས་བུའང་འཐོབ་པར་འགྱུར་རོ། །བཞི་པ་སྣོད་ཀྱི་སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་ནི། སྦྱང་བྱ་ཚེ་རབས་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་གསུམ་གྱིས་བསགས་པའི་སྡིག་སྒྲིབ་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱིས་བར་དུ་གཅོད་པ་དང་། སྦྱོང་བྱེད་སྟོབས་བཞིའི་བཤགས་པ་ཚད་དུ་ཕྱིན་པས་སྦྱོང་བ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པས། དཀོན་མཆོག་སྐྱབས་སུ་གཟུང་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་སྐྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་དུ་ཉེས་པ་ལས་ལྡོག་པ་སོར་ཆུད་པའི་སྟོབས། སྔར་བྱས་སྡིག་པའི་གཉེན་པོར་སྡིག་སྦྱོང་གི་སྒོ་དྲུག་ཏུ་གྲགས་པ་སོགས་ཉམས་སུ་ལེན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་རྣམས་ཚང་བའི་བཤགས་པ་ཚད་ལྡན་གཅིག་གིས་ཀྱང་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་འབྱང་བར་གསུངས་ཏེ། མདོ་སྡེ་གསེར་འོད་དམ་པ་ལས། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་མི་བཟད་བགྱིས་པ་གང་། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཅེས་སོ། །བཤགས་ཚུལ་ཐབས་ཀྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །རེ་རེའི་བསྐྱེད་རྫོགས་གྲངས་ལས་འདས། །མ་ལུས་ཀུན་བསྒྲུབ་འདི་ལྟར་བྱ། །ཧཱུྃ་ལས་བླ་མ་རྡོ་རྗེ་སེམས། །ཞེས་ལྷ་སྔགས་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་ལྷ་སྔགས་འདུས་པར་གསུངས་པ་དང་། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླས་བྱེད་པ། །དེ་ཡིས་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོར་སེམས་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་བྱེད། །ཅེས་སོགས་སྡིག་སྦྱོང་ལྷག་པར་བསྔགས་པ་ལྟར་སྟོབས་བཞིའི་བསམ་སྦྱོར་ཚང་བའི་སྒོམ་བཟླས་དངོས་ནི། རང་ཉིད་ཐ་མལ་པའི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་དེ་ཉིད་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཕྱགས་གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་དུ་ཡུམ་སྙེམས་མ་དཀར་དམར་གྲི་ཐོད་འཛིན་པ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། གཉིས་ཀའང་མཚན་དཔེའི་གཟི་བྱིན་མཚུངས་པ་མེད་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་སྤྲས་པའི། ཡབ་ཀྱི་ཐུགས་ཀར་ཟླ་དཀྱིལ་སེན་གང་ཙམ་གྱི་དབུས་སུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ནས་འབྲུ་ཙམ་པ་འགྲེང་སྟབས་སུ་གནས་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་དང་། རྡོ་རྗེའི་མཐར་ཟླ་དཀྱིལ་ལ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གཡས་སྐོར་དུ་གནས་པའི་ཡི་གེ་གསལ་མ་ཐེབས་ན་མུ་ཏིག་གི་དོག་པ་ལྟ་བུའི་ཐིག་ལེ་འབའ་ཞིག་གི་རྣམ་པར་བསྒོམས་ཀྱང་རུང་སྟེ། དེ་ཉིད་གསལ་འདེབས་པའི་ཕྱིར། རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཨ་ལས་རྡོ་རྗེ་སེམས་དཔའ་དཀར༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ཅེས་བརྗོད། དེ་ཉིད་སངས་རྒྱས་ཀུན་འདུས་སུ་ཤེས་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་དེ་བཤགས་སྡོམ་གྱི་བསམ་པ་རྩེ་གཅིག་པས། སྔགས་ཕྲེང་ལ་དམིགས་པ་གཏད་དེ་ངག་ཏུ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལཱ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་ཚེ་ཐུགས་ཀའི་རྡོ་རྗེ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་འོ་རྒྱུན་ལྟར་བབས་པ་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་རང་གི་ཚངས་བུག་ཏུ་ཞུགས། ལུས་ནང་གི་ནད་གདོན་སྡིག་སྒྲིབ་རྣམས་དུད་སོལ་གྱི་ཁུ་བ་ལྟ་བུ་དང་སྲོག་ཆགས་ཕྲ་མོའི་རྣམ་པར་གནས་པ་དེ་དག་བ་སྤུའི་བུ་ག་དང་དབང་པོའི་སྒོ་སོགས་ནས་ཕྱིར་ཐོན་ཏེ་སྦྱངས་རྗེས། ལུས་ནང་ཐམས་ཅད་བདུད་རྩིས་མེར་གང་སྟེ་ཤེལ་གོང་ཕྱིས་པ་ལྟར་བསམ། སླར་ཡང་། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་དགྱེས་འཛུམ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཡོངས་སུ་དག་གོ །ཞེས་གནང་བ་བྱིན་ཏེ་རང་དང་དབྱེར་མེད་དུ་སིབ་ཀྱིས་ཐིམ་པས། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར་ནས་དོན་དམ་གྱི་སྡིག་སྦྱོང་འཁོར་གསུམ་མི་རྟོག་པ་དམིགས་མེད་ལ་བློ་གཞག་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་པས་དགེ་བ་བསྔོ། དེ་ལྟ་བུས་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་དུ་ཡེངས་མེད་ནན་ཏན་དུ་བྱ་དགོས་ཏེ་སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས། སྡིག་པ་བྱང་བའི་རྟགས་ནི་གཞན་ལས་བཤད་པ་ལྟར་དངོས་སུ་རིག་པ་དྭངས་པ་དང་། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་རྣམས་ཡང་དག་པའི་རྟགས་ཡིན་ནོ། །ལྔ་པ་བཅུད་ཀྱི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། གསང་སྔགས་སྤྱི་དང་ཁྱད་པར་གྱི་རྩ་བ་ནི་བླ་མ་ཡིན་པས། བླ་མའི་མཚན་ཉིད། བསྟེན་ཚུལ། དགོས་ཆེད། མ་མཉེས་པའི་སྐྱོན། མཉེས་པའི་ཡོན་ཏན་སོགས་གཞན་དུ་རྒྱས་པར་འབྱུང་བ་ལྟར་ལ། འདིར་ཉམས་ལེན་དངོས་གཞིའི་དབང་དུ་བྱས་ན། ཚིག་གསུམ་པའི་རྒྱུད་ལས། གང་ཞིག་རྡོ་རྗེ་སློབ་དཔོན་ནི། །བཀུར་ཞིང་སྤྱི་བོར་སུས་བསྒོམས་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །ཞེས་དང་། ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་ལག་པའི་མཐིལ། །སྙིང་གི་དཀྱིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར་ལམ་ཟབ་འདི་རྣམས་རྒྱུད་ལ་སྐྱེ་བའི་གནད་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་པས། ཇི་ལྟར་གདབ་པའི་ཚུལ་ཡང་། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་ན། སེང་ཁྲི་པདྨ་དར་ཟབ་ཀྱི་གདན་ལ་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་ཡུམ་དང་བཅས་པར་གསལ་བའི་སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྙོམས་པར་འཇུག་པ། དེའི་དབུ་གཙུག་ན་ཡར་ལ་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་གྱི་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མཐའ་སྐོར་དུ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ། དེ་དག་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པ། རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པ་ལས་ཤར་བ། བདག་གཞན་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པའི་ཚུལ་དུ་བྱིན་ཐིབས་སེ་བཞུགས་པར་གསལ་འདེབས་པའམ། ཡང་ན་རྩ་བའི་བླ་མ་གཅིག་པོ་ཀུན་འདུས་ཀྱི་ངོ་བོར་བསྒོམས་པས་ཆོག་གོ །དེ་ནས་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་གསུངས་པ་ལྟར་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སམ་དེ་བས་ཀྱང་ལྷག་པས་ཅི་མཛད་འགྲོ་འདུལ་གྱི་ཕྲིན་ལས་སུ་མཐོང་བ། བྱས་པ་བཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོག་པས་རིག་པ་བསྒྱུར་ནུས་པ། མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་པའི་ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོ་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ལ། ངག་ཏུ། ཨོཾ་ཨཱཿཧཱུྃ། དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །ཞེས་སོགས་ཀྱི་བརྒྱུད་འདེབས་རྒྱས་པ་ལན་འགའ་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཡང་ཏིག་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །བར་དོར་རང་ངོ་ཤེས་པར་བྱིན་གྱིས་རློབས། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཉོན་མོངས་གློ་བུར་དུ་འགགས་ནས་བློ་སྣ་མོས་གུས་སུ་མ་ཤར་གྱི་བར་བློ་གཏད་ལིང་བསྐྱུར་བྱས་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་གསོལ་བ་ཕུར་ཚུགས་སུ་གདབ། ཐུན་མཐར་བླ་མ་ཡས་ནས་རིམ་གྱིས་འོད་དུ་ཞུ་སྟེ་རྩ་བའི་བླ་མའི་བར་དང་། མཐའ་སྐོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང་བླ་མ་ལ་ཐིམ་པས་དེ་ཉིད་སྔར་བས་ཀྱང་གཟི་བརྗིད་ཆེར་འབར་བའི་གནས་གསུམ་དུ་འབྲུ་གསུམ་གསལ་བཏབ་ལ། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཤེས་བྱའི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་བསམ་སྟེ་དབང་བཞི་བླངས་རྗེས། བླ་མ་རང་དང་དབྱེར་མེད་དུ་ཐིམ་ནས་གཉིས་སུ་འཛིན་པའི་རྟོག་པ་སྤངས་ཏེ་སྣང་གྲགས་བླ་མའི་རོལ་པར་བལྟས་ལ་དོན་དམ་པའི་གསོལ་བ་གདབ་པ་ལ་བློ་ཅི་གནས་སུ་གཞག་མཐར། དགེ་བ་འདི་ཡིས་སོགས་བསྔོ་འོ། །དེའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པས་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གི་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམས་བྱས་བས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་སོ། །དེ་དག་ནི་སྔགས་ལམ་ཕལ་ཆེར་ལས་འབྱུང་བའི་ཕྱིར་ན་ཐུན་མོང་གི་སྔོན་འགྲོ་ཞེས་བྱའོ།། ༈ །།གཉིས་པ་རང་ལུགས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གཉིས། བྱེ་བྲག་གུད་སྦས་ཀྱི་མན་ངག་དང་སྤྱི་ལྟར་དཀྱུས་སུ་བསྟན་པའོ། །དང་པོ་ལ་གཉིས། ཆགས་མེད་རླུང་ལ་བསླབ་པ་དང་། ཆགས་པ་ཅན་ཐིག་ལེ་ལ་བསླབ་པའོ། །དང་པོ་ལ་ལྔ། རླུང་གི་ཁ་དོག་ལ་བསླབ་པ། དེ་བཞིན་དུ་དབྱིབས་དང་། གྲངས་དང་། འགྲོ་འོང་དང་། བུམ་པའི་སྦྱོར་བ་ལ་བསླབ་པ་དང་ལྔ་ལས། དང་པོ་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། རླུང་རོ་ལན་དགུ་ཕྱིར་དབྱུང་ལ། རླུང་གསར་པ་ཐུན་གསུམ་གཟུང་བ་ལས། དམིགས་པ་ནི། རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ངོ་བོ། དབྱིབས་ཟླུམ་ཞིང་ཁ་དོག་དཀར་ལ་འཚེར་བ། ཡུངས་དཀར་ཙམ་ཞིག་ལ་ཤེས་པ་གཏད་ལ་ཡུན་རིང་དུ་བསྒོམ། དེ་ལ་འདྲིས་ནས་རིམ་པ་ལྟར་རང་གི་མགོ་ཡང་དེ་དང་མཚུངས་པར་བསྒོམ། དེ་ནས་ལུས་ཙམ་པ། དེ་ནས་རང་གི་ཐོ་ཕྱི་ཉེ་འཁོར་ཐམས་ཅད། མཐར་སྟོང་གསུམ་ལ་སོགས་པའི་སྣང་བ་ཐམས་ཅད་དཀར་མེར་མེར་བ་ལ་བློ་བཞག་ཅིང་། ཡང་ཡང་གོམས་པར་བྱས་ལ། ཟིན་པའི་རྟགས་སུ་ལུས་ཤིང་བལ་ལྟར་ཡང་ཞིང་འབུ་སྲིན་མེད་པ་དང་། ངག་གི་ནུས་པ་འབར་ཞིང་གྲེ་ལྕེ་བདེ་བ་དང་། སེམས་གནས་ཤིང་ཏིང་ངེ་འཛིན་འཕེལ་བ་ལ་སོགས་པའི་ཡོན་ཏན་མང་པོ་འབྱུང་བར་འགྱུར་རོ། །གཉིས་པ་དབྱིབས་ལ་བསླབ་པ་ནི། རླུང་ཐིག་ལེ་ཟླུམ་པོ་སྔོ་སྐྱ་སྲན་མ་ཙམ་ཞིག་སྨིན་མཚམས་སམ་སྣ་རྩེར་བསྒོམ། མིག་གི་ལྟ་སྟངས་ཀྱང་དེ་ཉིད་ལ་གཏད་ཅིང་། རླུང་དལ་ལ་རིང་བ་ཕྱིར་ན་ར་ར་བཏང་བས། ཐིག་ལེ་དེ་ཡང་ཧྲིལ་ལི་ལི་ཕར་སོང་ཞིང་། ལུས་སེམས་སྟོང་སང་སང་སོང་བར་བསམ། རླུང་ནང་དུ་རྔུབ་པ་དང་བསྟུན་ནས། ཐིག་ལེ་དེ་ཡང་སྨིན་མཚམས་སུ་བྱུང་ཞིང་། ལུས་བསིལ་སང་སང་སོང་བ་ལ་བློ་གཞག །ལུས་གྲང་ཤས་ཆེ་བའི་རིགས་སམ་གྲང་ཞིང་འདར་ན། ཐིག་ལེ་དྲོད་ཚ་ཆིལ་ཆིལ་ཡོད་པར་བསྒོམ། དེ་ལ་གོམས་པའི་ཚད་སྨིན་དབྲག་ཚ་འུབ་འུབ་པའམ། མི་བདེ་བ་སྙམ་བྱེད་པ་བྱུང་ན། སེམས་ཟིན་ཞིང་དམིགས་པ་གར་གཏད་དུ་ཕེབ་སྟེ་འབྱོངས་པའོ། །གསུམ་པ་གྲངས་ལ་བསླབ་པ་ནི། ལུས་གནད་སྔར་ལྟར་བྱས་ལ། ཤེས་པ་རླུང་དང་འགྲོ་ལྡོག་གཅིག་ཏུ་བསླབ་པར་བྱ་སྟེ། རླུང་ཕྱིར་འགྲོ་དུས་ཤེས་པ་དེ་དང་དུས་གཅིག་ཏུ་གཏད་ལ་བསྒོམ། ཚུར་འོང་དུས་ཀྱང་དེ་བཞིན་བྱ། དེ་ལྟར་འགྲོ་འོང་གཉིས་གཅིག་ཏུ་བགྲང་བའི་གྲངས་བཟུང་བས། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས། ཐུན་དུ་བཅད་དེ་བརྒྱ་བརྒྱའི་བར་དུ་ཤེས་པ་མ་ཡེངས་པ་གལ་ཆེའོ། །དེ་ནས་རྣམ་རྟོག་གནས་པ་དང་། རླུང་འགྲོ་བ་དང་། རྔུབ་པ་ཕར་ཚུར་དལ་གྱིས་ཇེ་རིང་ཇེ་རིང་ལ་བཏང་བས། མཐར་ཡུན་རིང་དུ་གནས་ཤིང་། ལུས་བདེ་ལ་ཡང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། རླུང་གར་གཏད་དུ་སྡོད་པ་བྱུང་ན་འབྱོངས་པའི་ཚད་ཡིན་ནོ། །བཞི་པ་འགྲོ་འོང་ལ་བསླབ་པ་ནི། རང་གི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་སྒོམ་པའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་གཅིག་གི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གཅིག་བསམ། རླུང་ཕྱིར་གཏང་བའི་དུས་རྡོ་རྗེ་དེ་སྣ་བུག་ནས་རྒྱང་རིང་པོར་སོང་བར་བསམ། ཚུར་རྔུབ་པ་དང་ཐོད་པའི་ནང་དུ་མེར་གྱིས་བྱུང་བར་སྒོམ་ཞིང་ལུས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག་ཅིང་རླུང་ཅི་ཐུབ་འཛིན། དེ་ནས་རྣམ་རྟོག་འཕྲོ་བ་ཆུང་ན་རྡོ་རྗེ་དེ་ཚུར་ཉེ་བར་ཉེ་བར་མཐར་སྣ་རྩེ་སོར་བཅུ་དྲུག་པ་ཙམ་དང་། ནང་གི་འགྲོ་འོང་ལ་སྦྱོང་ཞིང་། ཕར་གཏང་བ་དང་ཚུར་རྔུབ་པ་རྣམས་རྒྱུན་རིང་བ་གལ་ཆེའོ། །དེས་ལུས་བདེ་ཕྲིལ་ཕྲིལ་བྱུང་ན་འབྱོངས་པའི་ཚད་ཡིན་ནོ། །ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། རླུང་སྔར་ལྟར་ལན་འགའ་་་ད་རླུང་རྔུབ་པ་དང་། དགང་བ་དང་། གཞིལ་བ་གསུམ་ལ།སྦྱང་ལ་ཐོད་པ་ནང་གི་རླུང་གི་རྡོ་རྗེ་ལ་ཐིམ་ནས་ཐམས་ཅད་ཞུ་ཞིང་ལྟེ་བར་ཡི་གེ་ཧའི་རང་བཞིན་གཅིག་ཏུ་གནས་གྱུར་པར་བསམ། ལྟེ་བར་རླུང་གིས་མེར་གྱིས་བཀང་ཞིང་འོག་སྒོ་དྲག་ཏུ་བསྡམ། རླུང་དང་ལུས་ཐམས་ཅད་ན་བུན་ལྟར་ཡལ་བར་བསམ་ཞིང་། རླུང་ཕར་གཏང་ཙ་རླུང་སེམས་ནམ་མཁའ་དང་འདྲེས་པས་སྟོང་སང་སང་སོང་ནས། རྣམ་པར་མི་རྟོག་པ་དང་བསྲེ་ལ་བསྒོམ། དེས་ལུས་ཡོད་པ་མི་ཚོར་བ་དང་། རླུང་གར་འགྲོ་བའི་སར་འབྱོངས་པ་དང་། ཟས་གོས་ཡིད་ལ་མི་འབྱུང་བ་དང་། རྟོག་འགྱུ་རང་འགགས་སུ་འགྲོ་བ་ལ་སོགས་པ་ཡོན་ཏན་གང་བྱུང་ཡང་འབྱོངས་པའི་རྟགས་ཡིན་ནོ། །དེ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་འཇིག་རྟེན་གྱི་མངོན་ཞེན་ཆོད་ཅིང་། མཐར་ཐུག་འཇིག་རྟེན་ལས་འདས་པའི་ཡོན་ཏན་མྱུར་དུ་ཐོབ་པའི་དགོས་ཆེད་ཡོད། རླུང་གནད་ལ་མ་སྦྱང་ན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །གཉིས་པ་ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་ལ་གཉིས་ཏེ། གཟུངས་མ་ལ་བསྟེན་པ་དང་། རང་ལུས་རླུང་སེམས་ཀྱི་བདེ་བ་སྒོམ་པ་གཉིས་ལས། དང་པོ་ནི་གཞན་དུ་ཤེས་ལ། གཉིས་པ་རང་ལུས་རླུང་སེམས་ཀྱི་བདེ་བ་སྒོམ་པ་ལ་བཞི། རྩ་གསུམ་གསལ་གདབ་ཅིང་གཏུམ་མོ་སྒོམ་པ་དང་། གཏུམ་མོ་འབར་འཛག་གི་ཐིག་ལེ་དབབ་པ་དང་། འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་དང་། འཁོར་ལོ་ལྔའི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་བྱ་བའོ། །དང་པོ་ནི། ལུས་མེ་ཐབ་དྲུག་ཆིངས་སུ་བྱས་ལ། ལུས་གོང་ལྟར་སྟོང་པར་བསྒོམ་པའི་དབུས་སུ། རྩ་དབུ་མ་ཀ་བའི་ཚུལ་དུ་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཚད་དུ་ཡོད་པ། རྩ་རོ་རྐྱང་གཉིས་ནི་གཡས་གཡོན་དུ་གཅིག་ལ་གཅིག་མ་རེག་པར། སྦོམ་ཕྲ་གྲོ་སོག་ཙམ་སྟོང་གསལ་འོད་ཀྱི་རྩ་རུ་གནས་པ། རོ་རྐྱང་གཉིས་ཀྱི་ཡར་སྣ་ཀླད་པའི་ནང་ནས་སྣ་བུག་གཉིས་ལ་ཟུག་པ། མར་སྣ་ལྟེ་འོག་སོར་བཞི་ནས་དབུ་མ་དང་གསུམ་ཡི་གེ་ཆའི་འཕོངས་ལྟ་བུའོ། །ལྟེ་འོག་སོར་བཞིའི་སུམ་མདོ་ན་གཏུམ་མོ་ཨ་ཐུང་གི་རྣམ་པ་རེག་བྱ་ཚ་བ་ཁ་དོག་གསལ་བ་བསྒོམ། དེ་ལ་རོ་རྐྱང་གཉིས་ནས་རླུང་བསྣུན་པས་མེ་འབར་ཏེ་ལྟེ་བར་སླེབས། དེ་བཞིན་དུ་སྙིང་ག །མགྲིན་པ། སྤྱི་གཙུག་མན་ཆད་ཡེ་ཤེས་མེས་གང་། ལུས་བདེ་དྲོད་དང་ལྡན་པར་བསམ་མོ། །གཉིས་པ་གཏུམ་མོ་འབར་འཛག་གི་ཐིག་ལེ་དབབ་པ་ནི། ཡང་ལུས་གནད་སྔར་ལྟར་ལས། རྩ་གསུམ་གསལ་གདབ། དབུ་མའི་ཡར་སྣ་སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་གཅིག་བསམ་ལ། སྔར་ལྟར་གཏུམ་མོའི་མེ་འབར་བས། སྤྱི་བོའི་ཧཾ་ཡིག་དེ་ལ་ཕོག །དེ་ལས་བྱང་སེམས་བདུད་རྩི་བབས། སྤྱི་བོ་གང་།་་་དགའ་བའི་ཡེ་ཤེས་ངོས་གཟུང་། ཡང་མེ་སྦར་བས་བདུད་རྩི་བབས། མགྲིན་པ་གང་།་་་མཆོག་དགའི་ཡེ་ཤེས་ངོས་གཟུང་། དེ་བཞིན་དུ་རིམ་པར། སྙིང་ག་་་དགའ་བྲལ་གྱི་ཡེ་ཤེས་ངོས་གཟུང་། ལྟེ་བ་ཡན་ཆད་གང་།་་་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ངོས་གཟུང་། ལུས་ཐམས་ཅད་དཀར་ལྟེམས་ཀྱིས་གང་བས། བདེ་སྟོང་གི་ཡེ་ཤེས་ཀྱིས་ལུས་བདེ་ཕྲིལ་གྱིས་འབྱུང་། དེའི་ངང་ལ་མཉམ་པར་གཞག་གོ །གསུམ་པ་འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་ནི། ཡང་ལུས་གནད་གོང་ལྟར་ལས། རྩ་གསུམ་དུ་འཁོར་ལོ་གསུམ་གསལ་གདབ་ལ། སྤྱི་བོ་རྩེ་མོ་རྣམ་བཀོད་ན་རྣམ་སྣང་ཡབ་ཡུམ། མགྲིན་པ་རོ་རྣམས་འདུས་པ་ན་སྣང་མཐའ་ཡབ་ཡུམ། སྙིང་ག་དྲན་པ་རྣམ་བཀོད་ན་རྡོ་རྗེ་སེམས་དཔའ་རྣམས་གསལ་གདབ་ལ། དེ་ལ་སྔར་བཞིན་གཏུམ་མོའི་མེ་བསྣུན་པས་ཐིག་ལེར་ཞུ་ནས། ཐིག་ལེའི་འོད་ཟེར་ལུས་སྟོད་སྨད་བ་སྤུ་ཐམས་ཅད་གང་ནས་ཟིལ་པ་ཕྲོམ་ཕྲོམ་བསམ་ལ་མཉམ་པར་གཞག་གོ །བཞི་པ་འཁོར་ལོ་ལྔའི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་ནི། ལུས་གནད་གོང་བཞིན་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྣམ་སྣང་ཡབ་ཡུམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་སྣང་མཐའ་ཡབ་ཡུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྡོར་སེམས་ཡབ་ཡུམ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རིན་འབྱུང་ཡབ་ཡུམ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་དོན་གྲུབ་ཡབ་ཡུམ་རྣམས་གསལ་གདབ་ལ། དེ་ལ་སྔར་བཞིན་གཏུམ་མོའི་མེ་སྦར་བས་རིམ་པ་ལྟར་དུ་ཐིག་ལེ་རྣམས་སུ་གྱུར་པ་དེ་རྣམས་འོད་དུ་ཞུ་ནས་རྩ་འཁོར་ཐམས་ཅད་གང་། ལུས་བདེ་སྟོང་གིས་གང་བར་བསམ་ལ་དེའི་ངང་ལ་མཉམ་པར་གཞག་གོ །དེ་དག་རྣམས་ཀྱི་དགོས་ཆེད་ནི། ལུས་ཐམས་ཅད་བདེ་སྟོང་དུ་འགྲོ་བ་དང་། ཟས་གོས་ཀྱི་སྲེད་པ་ཆོད་པ་དང་། རིག་པ་རྩེ་གཅིག་ཏུ་གནས་པ་དང་། རླུང་དང་ཐིག་ལེ་འབྱོངས་པ་དེས། རིག་པ་མངོན་སུམ་དུ་ཉམས་སུ་ལེན་པའི་ཚེ་འབྱུང་བ་དག་པ་ལ་ཚེགས་མེད་དོ། ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བ་ལ། རང་བཞིན་རྫོགས་པ་ཆེན་པོ་འདིར་ཐབས་ཀྱི་རིམ་པ་དཔག་ཏུ་མེད་པར་གསུངས་སོ། །དེ་ལྟར་སེམས་གནས་པའི་ཐབས་བྱས་ནས། རིག་པ་མངོན་སུམ་གྱི་དོན་ལ་འཇུག་པར་བྱ་བ་ཡིན་ནོ།། །།གཉིས་པ་སྤྱི་ལྟར་དཀྱུས་སུ་བསྟན་པ་ལ་གསུམ། ཕྱི། ནང་། གསང་བའོ། །དང་པོ་ལ་གསུམ། ལུས་སྦྱོང་བ། ངག་སྦྱོང་བ། སེམས་སྦྱོང་བའོ། །འདི་ལ་ཁམས་ཕྱོགས་ཀྱི་ཁྲིད་རྒྱུན་དུ་འཁོར་འདས་རུ་ཤན་དབྱེ་བ་དང་སྦྲེལ་ནས། ཐོག་མར་དབེན་པའི་གནས་སུ་ལུས་ཀྱི་རུ་ཤན་དབྱེ་བའི་སྤྱོད་པ་བྱ། དེ་མཚམས་ལུས་སྦྱོང་རྡོ་རྗེའི་འདུག་སྟངས་ལ་འཇུག །ངག་དང་ཡིད་ལའང་དེ་བཞིན་དུ་མཛད་པར་སྣང་བས་དེ་ལྟར་གྲུབ་ན་རུ་ཤན་དབྱེ་བའི་ཚུལ་ནི་རྫོགས་ཆེན་སྤྱི་ལྟར་བྱ་ཆོག་པས་འདིར་མ་སྨྲོས། དང་པོ་ལུས་སྦྱོང་ནི། བདེ་ཞིང་ཡངས་པའི་གདན་འབོལ་པོ་ལ་ལུས་གཅེར་བུར་ཕྱུང་། ལུས་ནི་རྡོ་རྗེའི་ཚུལ་དུ་བསྒོམ། །ཞེས་པ་ལྟར་རྐང་མཐིལ་གཉིས་སྦྱར་སོར་མོ་བཅུ་པོ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱངས་ལུས་འདི་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་ཙམ་དུ་ཐལ་མོ་སྦྱར་བའི་གྲུ་མོ་ཐད་སོར་ཕྱིར་བརྒྱངས། མགྲིན་པ་ཨོལ་མདུད་ནོན་པ་ཙམ་དུ་ས་ལ་ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་པའི་ལུས་གནད་བཅས་ལ། དམིགས་གནད་ལུས་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ཡར་ཚངས་པའི་འཇིག་རྟེན་དང་མར་གསེར་གྱི་ས་གཞི་ལ་ཐུག་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བར་སྒོམ། དེ་ནས་མེ་ལྕེའི་རྩེ་ལས་རང་མདོག་དང་མཚུངས་པའི་རྡོ་རྗེ་ནས་འབྲུ་ཙམ་པ་གྲངས་མེད་ཕྱོགས་བཅུར་འཕྲོ་བས་ནད་གདོན་བགེགས་སོགས་བར་གཅོད་ཐམས་ཅད་ཚར་བཅད་ནས། སླར་རང་ལུས་ཀྱི་རྡོ་རྗེ་ལ་ཐིམ་པར་བསམས་ལ་མ་ཡེངས་པར་བཞག །དེས་ངལ་ནས་ཚུགས་མ་ཐུབ་ན་རང་བབས་སུ་ཁྲེས་སེ་བསྐྱུར་ཏེ་ངལ་གསོ། ཡང་སྔར་བཞིན་བསྒོམ་སྟེ། དེ་ལྟ་བུའི་རྡོ་རྗེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུའང་བསྒོམ་པར་བྱའོ། །འབྱོངས་པའི་ཚད་ནི་ལུས་གནད་རྒྱུན་རིང་དུ་འཆའ་ནུས་པ་དང་ནད་གདོན་སོགས་མི་འབྱུང་བའོ། །དེ་ཡང་ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་འོ། །ཅེས་སོ། །གཉིས་པ་ངག་སྦྱོང་བ་ནི། རང་གཞུང་ལས། ངག་སྦྱང་བ་ལ་རྒྱས་གདབ་པ་དང༔ རྩལ་སྦྱང་བ་དང༔ མཉེན་བཙལ་བ་དང༔ ལམ་དུ་གཞུག་པ་སྟེ་བཞི་ཡོད༔ ཞེས་གསུངས་པའི་དང་པོ་རྒྱས་གདབ་པ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་ནི། ལུས་གནད་བཅས་ལ་སྙིང་གར་ཧཱུྃ་སྔོན་པོ་གཅིག་བསམ། དེ་ནས་ངག་ཏུ་ཧཱུྃ་སྙན་ལ་རིང་བར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་འོད་འབར་བ་མང་པོ་ཐོལ་ཐོལ་བྱུང་བ་སྣ་བུག་གཡས་ནས་ཐོན་ཏེ། ཁང་ཁྱིམ་དང་། ཡུལ་ཁམས་སོགས་ཚད་མེད་པའི་བར་གྱི་སྣོད་ཀྱི་འཇིག་རྟེན་ཧཱུྃ་གིས་ལྟེམས་མེར་གང་བར་བསམ། གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱིའི་ཧཱུྃ་རྣམས་རེ་རེ་ནས་སྣ་བུག་གཡོན་དུ་ཞུགས། མཐར་ཕྱིར་གཅིག་ཀྱང་མ་ལུས་པ་ལུས་ནང་དུ་ཞུགས་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལྟེམས་མེར་ཁེངས་པར་བསྒོམ་མོ། །འབྱོངས་རྟགས་ནི་ཕྱི་སྣང་ཡུལ་གྱི་རང་བཞིན་བདེན་མེད་དུ་འཆར་ཞིང་ནང་ལུས་མི་བདེ་བ་སྙམ་བྱེད་པའོ། །དེས་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ཧཱུྃ་དྲག་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་རྣོ་བ་སྤུ་གྲི་ལྟ་བུ། དྲག་པ་དཔག་ཆེན་གྱི་མདའ་ལྟ་བུ། མྱུར་བ་རླུང་ལྟ་བུ། ཚ་བ་མེ་ལྕེ་ལྟ་བུ་སྟེ་མཚན་ཉིད་བཞི་ལྡན་ཕྱིའི་དངོས་པོ་དེ་དང་འཚམ་པ་མང་པོ་བྱུང་སྟེ་སྣ་བུག་གཡོན་ནས་ཐོན། སྣང་བ་ཐམས་ཅད་ཐལ་བྱུང་སང་སེང་ཁྲལ་ཁྲོལ་དུ་བཏང་ནས་དངོས་མེད་དུ་སྦྱངས་པར་བསྒོམ། ཡང་གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་དེ་དག་མཐོ་གང་ཙམ་པས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཕུག་ནས་མཐར་དངོས་མེད་དུ་བཏང་བར་བསམ། འབྱོངས་རྟགས་སུ་ཕྱི་སྣང་བ་དངོས་མེད་དང་། ནང་ལུས་ཀྱི་ཤ་འཕར་ཞིང་ན་བ་དང་། ཆུ་ཟླ་ལྟ་བུའི་ཉམས་འཆར་རོ། །དེས་ཕྱི་སྣང་བ་བདེན་མེད་འོད་གསལ་དང་ནང་ཕུང་པོ་འཇའ་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པས་རང་ལུས་ཧཱུྃ་ནག་པོ་གཅིག་དང་དེའི་མདུན་ཧཱུྃ་དམར་པོ་གཅིག་བསྒོམ། ཧཱུྃ་ནག་པོ་དེ་ལས་ཧཱུྃ་ནག་པོའི་ཕྲེང་བ་འཕྲོས། མདུན་གྱི་ཧཱུྃ་དམར་པོ་དེ་ལ་དཀྲིས། ཡང་ཕྱིར་གྲོལ་ནས་ཧཱུྃ་ནག་པོ་ལ་དཀྲིས། དེ་ལྟར་ཕར་དཀྲི་ཚུར་དཀྲི་མང་དུ་བྱས་པའི་མཐར་ཚུར་དཀྲིས་པས་རི་བོ་མཆོག་རབ་ཙམ་དུ་གྱུར། ཡང་ཧཱུྃ་དམར་པོ་དེ་ལས་ཧཱུྃ་གི་ཕྲེང་བ་བྱུང་ནས་ཧཱུྃ་ནག་པོ་ལ་གཡོན་སྐོར་དུ་དཀྲིས་ནས་ཕར་དཀྲི་ཚུར་དཀྲི་མང་པོའི་མཐར་ཧཱུྃ་དམར་རི་ཙམ་གྱུར། དེ་ནས་ཧཱུྃ་ནག་པོས་དམར་པོ་ལ་གཡས་སྐོར། དམར་པོས་ནག་པོ་ལ་གཡོན་སྐོར་ཀྱི་ལི་ལི་བྱས། ཧཱུྃ་གཉིས་ཁ་སྦྱོར་དུ་གནས་པ་དེ་གཡས་གཡོན་མདུན་རྒྱབ་སོགས་སུ་འཁྱམ་ཞིང་འཁྲབ་ལྡིང་བྱེད་པར་བསམ་རྗེས། ཧཱུྃ་གི་ཕྲེང་བ་སོ་སོ་ལ་ཐིམ་སྟེ་དེ་གཉིས་ཇེ་ཆུང་ཇེ་ཆུང་ངུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་དམིགས་པ་གཏད་དེ་སེམས་ཅི་གནས་སུ་བཞག་མཐར་དེ་ཡང་རང་བཞིན་མེད་པར་ཡལ་བར་བསམ། དེ་དག་གི་བར་མཚམས་རྣམས་སུ་ངལ་གསོ་ཞིང་དལ་བུས་དམིགས་པ་གསལ་ཐེབས་པ་བྱ། འབྱོངས་རྟགས་ནི་དམིགས་པ་གང་དུའང་བསྒྱུར་རུང་བའོ། །དེས་སེམས་གར་གཏད་ཟིན་ཞིང་བློ་ལས་སུ་རུང་བའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་སེམས་རླུང་གསུམ་གཅིག་ཏུ་འདྲིལ་བ་ཧཱུྃ་དཀར་པོ་ཁྲུ་གང་བ་གཅིག་ཏུ་བསམས་ལ། མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་རི་མོ་བྱས་ཏེ་ངག་ཏུ་ཧཱུྃ་ཞེས་དལ་བུས་བརྗོད་དེ་ལམ་དེ་ལ་སར་མ་རེག་ཙམ་དུ་འགྲོ་བར་བསམ་ཞིང་འཁྱོག་མཚམས་སུ་ངལ་གསོ། ཡང་ཧཱུྃ་ཧཱུྃ་ཞེས་མྱུར་བར་བརྗོད་དེ་ཤིན་ཏུ་མགྱོགས་པར་འགྲོ་བ་དང་། ཡང་ལམ་དེ་ལས་ཚུར་ལོག་སྟེ་བྱུང་བར་བསམ་ཞིང་། དེ་ལ་གོམས་པ་དང་རང་གིས་འགྲོ་མྱོང་བ་དང་མ་མྱོང་བའི་ཡུལ་ལྗོངས། གྲོང་ཁྱེར་གྲུ་ཟམ། ནགས་ཐང་འབྲོག་དགོན་སོགས་མཐའ་དག་ལའང་དེ་བཞིན་དུ་འགྲོ་བ་དང་། ཡང་དམྱལ་བ་སོགས་རིགས་དྲུག་གང་གནས་ཐམས་ཅད་དུའང་སོང་སྟེ་ཧཱུྃ་དེས་སླེབས་ཚད་ཀྱི་མ་དག་པའི་སྣང་བ་དེ་རྣམས་འཇའ་ལྟར་ཡལ་བར་བསམ། ཡང་ཧཱུྃ་དྲག་པོར་བརྗོད་པས་ཧཱུྃ་དེ་བར་སྣང་ལ་རྒྱངས་ཀྱིས་སོང་སྟེ། སྟུག་པོ་བཀོད་པ། མངོན་དགའ། དཔལ་དང་ལྡན་པ། བདེ་བ་ཅན། ལས་རབ་བརྩེགས་སོགས་རིགས་ལྔའི་ཞིང་དུ་སོང་སྟེ། རིགས་ཀྱི་བདག་པོ་རྣམས་ལ་ཕྱག་མཆོད་བྱ་བ་དང་། ཆོས་ཉན་ཞིང་ལུང་བསྟན་གནང་བ་ཐོབ་པར་བསམ་པ་སོགས་ཀྱང་བྱའོ། །འབྱོངས་རྟགས་སུ་ཐོག་མར་དགའ་སྐྱོའི་ཉམས་མཐོ་དམན་ཅན་དང་མཐར་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་འཆར་བའོ། །དེས་མ་དག་པའི་གནས་སྦྱོང་ཞིང་དག་པའི་ཞིང་ཁམས་མངོན་དུ་བྱེད་པའི་དགོས་པ་ཡོད་དེ། དེ་ཡང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པའི་དོན་ཏོ། །གསུམ་པ་སེམས་སྦྱོང་བ་བྱུང་གནས་འགྲོ་གསུམ་ལ་དཔྱད་པ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ན་དེའི་དམིགས་ཨེ་རྙེད། དེ་ཡང་བཙལ་བྱའི་སེམས་ལ་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བལྟས་ནས་ནན་ཏན་དུ་རྩད་བཅད་ནས་བསྐྱར་རོ། །བར་དུ་གནས་པ་ལ་བརྟག་པ་ནི། ད་ལྟའི་དྲན་རིག་ལམ་གྱིས་ཤར་བ་འདི་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གང་དུ་ཡང་མ་གྲུབ་ན་རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་ཏེ་རྩད་གཅད་པར་བྱའོ། །མཐའ་མ་སེམས་ཀྱི་འགྲོ་ས་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའི་ཡུལ་དང་། ཡུལ་ཅན་གྱི་སེམས་དེའི་ཡང་ངོ་བོ་ངོས་བཟུང་ལ་བརྟག་སྟེ་བྱུང་གནས་འགྲོ་བ་གསུམ་ཀའི་ཡུལ་དང་ཡུལ་ཅན་རང་བཞིན་མེད་པར་གཏན་ལ་མ་ཕེབས་བར་དུ་བསྐྱར། དེ་ལྟར་ཡང་སངས་རྒྱས་དང་སེམས་ཅན་གྱི་ངོ་བོ། ཉོན་མོངས་དང་ཡེ་ཤེས། ཚོགས་དྲུག་གི་ཡུལ་སོ་སོའི་བཟང་ཅན་སོགས་ངོ་བོ་རིག་ཐོག་ཏུ་ཕེབས་ཤིང་རིག་པའང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ། གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་བར་དེ་སྲིད་དུ་དྲི་བས་གནད་ལ་བཀར་ཏེ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་བྱའོ། །དེ་ལྟར་ཡང་ཐལ་འགྱུར་ལས། སེམས་ནི་དང་པོར་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པའི་དོན་ཏོ།། །།གཉིས་པ་ནང་གི་སྔོན་འགྲོ་ནི། ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་ནང་སྒོ་གསུམ་གྱི་འཁྲུལ་པའི་རྒྱུ་དང་ས་བོན་ཟད་པར་བྱེད་དགོས་པས། ལུས་གནད་བཅས་ལ་སེམས་བསྐྱེད་དང་། བླ་མ་ལ་རིགས་དྲུག་གི་ས་བོན་བག་ཆགས་ཟད་པའི་གསོལ་བ་བཏབ། རང་ཐ་མལ་དུ་གནས་པའི་ལུས་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་སོ་སོའི་བག་ཆགས་དང་བཅས་པར་གསལ་བ་ལ་དེ་དག་ཏུ་སྐྱེ་བའི་ལས་སྒྲིབ་བག་ཆགས་ཐམས་ཅད་འདུས་ཤིང་ཐིམ་པར་བསམ། དེ་ལྟར་སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྤྱོད་བྱེད་སྐུ་གསུམ་གྱི་ཡི་གེས་སྦྱང་བ་ནི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་ལ་འོད་ཟེར་འཕྲོ་བ། དེ་གསུམ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟར་འཕྲོས་པས། ལུས་ངག་ཡིད་ཀྱི་སྡིག་སྒྲིབ། རིགས་དྲུག་གི་ས་བོན་མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་གྱིས་ཚིག་ནས་མི་གནས་པར་བྱས་ཏེ། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རིགས་དྲུག་གི་གནས་ཐམས་ཅད་དུ་འོད་ཟེར་གྱི་འདུ་འཕྲོས་ཁྱབ་ཅིང་། རིགས་དྲུག་སོ་སོའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཐུལ་གྱིས་བསྲེགས་ནས། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསྒོམ་ཞིང་། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་བས། འབྲུ་གསུམ་པ་འབུམ་ཕྲག་བདུན་ལ་སོགས་པ་མཚན་མ་མ་བྱུང་གི་བར་དུ་བཟླ། སྡིག་སྒྲིབ་དག་པའི་རྟགས་སྒོ་གསུམ་ལ་འབྱུང་བའི་ཚུལ་སྤྱི་དང་མཚུངས་སོ།། །།གསུམ་པ་གསང་བའི་སྔོན་འགྲོ་ལ་གཉིས། རྣལ་དུ་དབབ་པ་དང་། སོར་གཞུག་པའོ། །དང་པོ་ནི། རང་གཞུང་ལས། ལུས་ངག་ཡིད་གསུམ་རྣལ་དུ་ཕབ༔ ལུས་སོག་ཕོན་ཐག་པ་ཆད་པ་བཞིན་དུ་ལྷོད༔ ངག་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་དུ་སྨྲ་བ་གཅད༔ སེམས་སྐྱེས་བུ་སྙིང་བཏོན་པ་བཞིན་དུ་དྲན་མེད་དུ་གཞག༔ ཅེས་སོགས་གསུངས་པ་ལྟར། དང་པོ་ལུས་རྣལ་དུ་དབབ་པ་ནི་བྱ་བ་དགུ་ཕྲུགས་སུ་གཏང་སྟེ། ལུས་ཕྱིའི་བྱ་བ། སོ་ནམ་ལ་སོགས་པ་འཁོར་བའི་བྱ་བ་ཐམས་ཅད་ལིང་གིས་གཏང་། ནང་ཕྱག་དང་སྐོར་བ་ལ་སོགས་པའི་ཆོས་སྤྱོད་ཐམས་ཅད་ཀྱང་གཏང་། གསང་བ་ལུས་ཀྱི་བསྒུལ་བསྐྱོད་ཙམ་ཡང་མི་བྱ་བར་ལུས་གནད་ཀྱི་ཐོག་ཏུ་ཙེན་ནེ་མ་ཡེངས་པར་སྒོམ་མོ། །དེས་ལུས་རྣལ་དུ་ཕེབས་ནས་སྒོམ་སྐྱེ་བའི་ཡོན་ཏན་ཡོད་དོ། །གཉིས་པ་ངག་རྣལ་དུ་དབབ་པ་ལ་གསུམ་གྱི། དང་པོ་ཕྱི་ཁ་སྨྲ་དང་འཇིག་རྟེན་གྱི་འཁྲུལ་གཏམ་བྲེ་མོ་ཐམས་ཅད་ཅམ་གྱིས་བཞག་ལ་སྨྲ་བ་གཅད། གཉིས་པ་ནང་འདོན་པ་ཆོས་སྤྱོད་ཀྱི་བྱ་བ་བཏང་ལ་སྨྲ་བ་གཅད། གསུམ་པ་གསང་བ་བཟླས་བརྗོད་སྔགས་ཀྱི་བྱ་བ་ཡང་བཏང་ལ། ངག་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་དུ་བཞག་ལ་རྣལ་དུ་ཕབ་བོ། །གསུམ་པ་ཡིད་རྣལ་དུ་དབབ་པ་ལ་གསུམ་གྱི། དང་པོ་ལུས་གནད་གོང་ལྟར་བཅས་པའི་ངང་ནས། ཡིད་ཕྱི་ཐ་མལ་གྱི་འཁྲུལ་སྣང་སྔ་ཕྱི་དུས་གསུམ་གྱི་རྟོག་པ་གང་ཡང་མི་བྱེད་པར་ལྷན་ནེ་གཞག །གཉིས་པ་ནང་ལྷ་བསྒོམ་པ་ལ་སོགས་བཟང་རྟོག་གི་རྟོག་པ་གང་ཡང་མི་བྱེད་པར་ཕྱམ་མེ་གཞག །གསུམ་པ་གསང་བ་སེམས་འཛིན་ལྷ་སྒོམ་ཡིད་ལ་བྱེད་པའི་རྟོག་པ་ཐམས་ཅད་ཅི་ཡང་མི་བྱེད་པ། རང་ལུགས་སུ་ཧྲིག་གེ་ཡེར་རེ་ས་ལེ་བཞག་སྟེ་རྣལ་དུ་ཕབ་པར་བྱའོ། །མདོར་ན་ལུས་བསྒུལ་བསྐྱོད་དང་བྲལ་བ། ངག་སྨྲ་བརྗོད་དང་བྲལ་བ། ཡིད་དྲན་བསམ་དང་བྲལ་བར་བྱའོ། །དེ་ཡང་ལུས་རྣལ་དུ་ཕབ་པས་མི་འགུལ། ངག་རྣལ་དུ་ཕབ་པས་སྨྲ་སྙིང་མི་འདོད། ཡིད་རྣལ་དུ་ཕབ་པས་འཕྲོ་འདུའི་རྟོག་པ་ཐམས་ཅད་རང་སར་ཞིའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་སོར་དུ་གཞུག་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་པས་འདི་ལ་གསུམ། ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད་པ། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། ལུས་གནད་ལྟ་སྟངས་དང་། ཞི་གནས་སྒྲུབ་པའི་ཐབས་སོ། །དང་པོ་ལུས་གནད་ལྟ་སྟངས་ནི། རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ་སྟེ། རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་མདའ་ལྟར་དུ་བསྲང་། གསུས་པ་སྒལ་པ་ལ་སྦྱར། མགྲིན་པ་བག་ཙམ་དགུག །ལྕེ་ཡར་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བསྒོམ་རྒྱུ་ཅི་ཡང་མེད་པར་ཧྲི་གེ་བལྟ་བ་དང་བདུན་པོ་འདི་སྐྱོན་མེད་པར་ལེགས་པར་བཅའ་འོ། །འཕྲུལ་འཁོར་རྣལ་མར་བཅའ་ཤེས་ན་སྒོམ་རང་བབས་སུ་འོང་། དེ་ཡང་ལས་དང་པོ་པའི་སེམས་རྟ་རྨུ་རྒོད་དང་འདྲ་སྟེ། རྟ་རྨུ་རྒོད་དེ་གཟུང་བ་ལ་ཡང་ཁོའི་ཐད་དུ་དྲག་པོར་རྒྱུག་ན་འདྲོགས་ནས་མི་ཟིན་པས། ཐབས་སྣ་ཚོགས་ཀྱིས་བྲིད་ཅིང་དལ་གྱིས་བཟུང་ན་ཟིན་ཏེ་བཀོལ་དུ་བཏུབ་པ་ལྟར། དེ་བཞིན་དུ་སེམས་རྨུ་རྒོད་འདི་ཡང་དྲག་ཏུ་འཛིན་ན་རྟོག་པ་ཇེ་མང་དུ་འགྲོ་ཞིང་། སྙིང་རླུང་ལ་སོགས་པའི་མི་འདོད་པ་དུ་མ་བསྐྱེད་པའི་གེགས་སུ་འགྲོ་བས། ཐབས་སྣ་ཚོགས་ཀྱི་དམིགས་པས་དལ་གྱིས་རྣལ་དུ་ཕབ་པས། ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེ་བ་ཡིན་ནོ། །གཉིས་པ་ཞི་གནས་སྒྲུབ་ཚུལ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལ་གསུམ། མཚན་མའི་རྟེན་ལ་སེམས་འཛིན་པ། དག་པ་ལྷ་ལ་འཛིན་པ། རླུང་རྩོལ་ལ་འཛིན་པའོ། །དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། ཐམས་ཅད་ལ་གནས་ཤིན་ཏུ་དབེན་པར་བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་ལྡན་བཅས་ལ་སེམས་རྣལ་དུ་དབབ། སེམས་བསྐྱེད་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། དང་པོ་མཚན་མའི་རྟེན་ལ་སེམས་འཛིན་པ། མདུན་དུ་ཤིང་བུའམ་རྡེའུ་ལ་སོགས་དངོས་པོ་ཕྲ་མོ་ཞིག་བཞག་ལ། དེ་ལ་མིག་ཅེར་རེ་བལྟ་བ་དང་ལྷན་ཅིག་ཏུ་སེམས་ཀྱང་གཞན་གང་དུའང་མ་ཡེངས་དེའི་ཐོག་ཏུ་ཧྲིག་གེ་གསལ་ལེ་ལྷན་ནེར་གཞག །དེ་ལ་མདུང་ཚུགས་ཙིར་ཟིན་དུའང་མི་བྱ། ཐ་མལ་དུ་ཡེངས་སུའང་མི་བཅུག་པར། རིག་པ་མ་ཡེངས་པའི་རྟེན་ཙམ་དུ་བཞག་པའོ། །ལྷན་ནེར་གནས་བདོ་བ་ལ་ཀློད་ཀྱིས་ལྷོད་ལ་ཅུང་ཟད་ངལ་གསོ། དེའི་རིང་ལ་རྟོག་པ་འབྱམ་དུ་མི་གཞུག་པར། ཡང་རྟེན་དེ་ལ་ཡེངས་མེད་དུ་སེམས་རང་བབས་སུ་གཞག །ཡུན་ཐུང་ལ་གྲངས་མང་བ་བྱ། ཐུན་འཇོག་པའི་ཚེ་ཧར་ལང་མི་བྱ་བར་བག་ཡོད་དང་ལྡན་པས། དེའི་ངང་མ་ཤོར་བར་དལ་གྱིས་སྤྱོད་ལམ་དང་བསྲེ་ཞིང་ལམ་དུ་ཁྱེར་བ་ཕྱིན་ཆད་འགྲེ། གཉིས་པ་ཐིག་ལེ་ལ་སེམས་འཛིན་པ་ནི། བྱིང་འཐིབས་ཤས་ཆེ་བས་སྨིན་ཕྲག་མཚམས་ཀྱི་ནམ་མཁའ་ལ་མདའ་གང་ཙམ་དུ་འོད་དཀར་པོའི་ཐིག་ལེ་རང་གི་མགོ་ཙམ་ཞིག་ལ་རྣམ་པར་ཤེས་པ་མ་ཡེངས་པར་མདུང་ཚུགས་སུ་གཏད། གཞན་གང་དུའང་མ་འཕྲོ་བར་མཉམ་པར་གཞག །འཕྲོ་རྒོད་ཆེ་བའི་རིགས་རྣམས་ཀྱིས་ལྟེ་བའི་གནས་སུ་འོད་སེར་པོ་རང་གི་ཁུ་ཚུར་ཙམ་ཞིག་ལ་ཤེས་པ་མ་ཡེངས་པར་གཏད་ཅིང་མཉམ་པར་གཞག །བློ་རང་བབས་སུ་གནས་པ་རྣམས་ཀྱིས་རང་གི་སྙིང་གར་འོད་མཐིང་ག་སྲན་མ་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་བྱ། གསལ་བདོ་བ་ལ་ཀློད་ཀྱིས་ལྷོད་ལ་སེམས་རང་བབས་སུ་གཞག །རྟོག་པས་བར་མ་ཆོད་པར་བྱ་བ་སོགས་སྔ་མས་འགྲེ། གསུམ་པ་སྙིང་གར་སེམས་འཛིན་པ་ནི། རང་གི་ལུས་ཀྱི་ནང་སྟོང་སང་ངེ་བའི་སྙིང་གའི་ཐད་དུ་རླུང་སེམས་འདུས་པའི་ངོ་བོ་འོད་ཀྱི་ཐིག་ལེ་མར་མེ་འབྲིང་པོ་ཙམ་ཞིག་འཚེར་ཙེ་རེ་བ། ཁ་དོག་སྔོ་ལ་གསལ་བ། རེག་བྱ་ཚ་བ་ཞིག་གསལ་གདབ་ལ་ཤེས་པ་གཏད། གསལ་བདོ་བ་ལ་འཕྲོ་བཅད་ནས་ཡེངས་ན་དམིགས་པ་གསལ་གདབ། དེའི་དུས་སུ་ཤེས་པ་ཟ་ཟིར་གྱུར་ནས་དམིགས་པ་མ་གསལ་ན། རླུང་ཁམས་སྐྱེས་པའི་རྟགས་ཡིན་པས། ཟས་བཅུད་ཆེན་གཏང་། དམིགས་པ་ཅུང་ཟད་ཀློད་ལ་ངལ་གསོ། དེས་སེལ་བ་ཡིན་ནོ། །ཡང་སྐྱོ་བའམ་འཚེར་བ་བྱུང་ན་ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། སྐབས་སུ་བཀའ་བརྒྱུད་ཀྱི་རྣམ་ཐར་གསུང་སྒྲོས་དང་། ངོ་མཚར་ཅན་གྱི་སྒྲུང་རྒྱུད་ལ་སོགས་ངེས་འབྱུང་སྐྱོ་ཤས་སྐྱེ་བའི་ཆོས་བཤད་པའམ། དཔེ་ལ་བལྟ་བ་སོགས་བྱ། གཉིས་པ་དག་པ་ལྷ་ལ་སེམས་འཛིན་པ་ལའང་གསུམ་ལས། དང་པོ་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའི་སྐུ་མཐོ་གང་ཙམ་པ། སྣང་ལ་རང་བཞིན་མེད་པ་ཤེལ་ལྟ་བུ། དཀར་ལ་གསལ་བ་འོད་ཀྱི་རང་བཞིན་ཅན་གཅིག་ས་ལེར་བསྒོམ། དེའི་ཐུགས་ཀར་རིག་པ་གཏད་ལ་གསལ་ཡེར་རེ་བསྒོམ། གཉིས་པ་ནི། ཡང་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་ལྟ་བུ་འོད་ལམ་མེ་བ་ལ་ཤེས་པ་གཏད། གསུམ་པ་ནི། མདུན་མཁར་སྤྱན་རས་གཟིགས་དབང་ཕྱུག་སྐུ་ལམ་མེར་གསལ་བའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་ཅན་ལ་སེམས་མ་ཡེངས་ཙམ་དུ་ལྷན་ནེར་གཏད། ཡུན་ཐུང་ལ་གྲངས་མང་བར་བྱ། དེ་རེ་རེ་ལའང་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །གསུམ་པ་རླུང་གི་སེམས་འཛིན་ལའང་གསུམ་ལས་དང་པོ་རླུང་སེམས་གཉིས་མེད་ནི། རྣམ་རྟོག་ཁོ་རང་དམིགས་པའི་རྟེན་བྱས་ཏེ། འདོད་ཆགས་ཞེ་སྡང་བག་ཆགས་ངན་གོམས་གང་ཤར་བ་དེ་ངོས་བཟུང་ལ་དེ་ཀའི་ཐོག་ཏུ་སེམས་ཀློད་ཀྱིས་ལྷོད་ལ་གཞག །རེས་རྟོག་པ་ཅི་སྐྱེས་ངོས་ཙིར་གྱིས་བཟུང་ལ་རང་གྲོལ་དུ་གཏང་། གཅིག་སྐྱེས་གཉིས་སྐྱེས་ངོས་བཟུང་གང་ཤར་གྱི་རྗེས་སུ་མི་འབྲང་བར་རང་གྲོལ་དུ་གཏང་། རེས་དམིགས་པ་ལ་གཏད། རེས་རྟོག་པ་རང་གྲོལ་དུ་གཏང་། རྗེས་སུ་མ་བཅོས་པའི་ངང་ལ་ལྷོད་ཀྱིས་ཀློད། དེ་རེས་མོས་སུ་བྱས་པས། རྣམ་རྟོག་ལུ་གུ་རྒྱུད་དུ་མ་འབྲེལ་བར་རྟོག་པ་དུམ་བུར་སོང་བས། ངན་རྟོག་ཇེ་ཉུང་དུ་འགྲོ་སྟེ། གནས་པ་བཟང་པོ་སྐྱེའོ། །གཉིས་པ་རླུང་བུམ་ཅན་ལ་བརྟེན་པ་ནི། ལུས་གནད་ཆོས་བདུན་ལ་ལག་གཉིས་ས་གནོན་བྱ། རླུང་གཡས་གཡོན་དབུས་གསུམ་ནས་འབུད་པ་དང་མཉམ་དུ། སྡིག་སྒྲིབ་ཐམས་ཅད་སྡིག་པ་རྭ་ཅན་གྱི་རྣམ་པར་སང་སང་སྣ་སྒོར་ཐོན་ནས། མདུན་དུ་ཡེ་ཤེས་ཀྱི་མེས་ཐུལ་གྱིས་ཚིག་པར་བསམ་པ་ནི་རླུང་གི་དུག་སྦྱོང་བའོ། །དེ་ནས་ཚུར་རྔུབ་པ་དང་མཉམ་དུ་མཆིལ་མ་གཅིག་མིད་པས་ལྟེ་འོག་ཏུ་ཏིག་གིས་མནན་ལ། དམིགས་པ་ཅི་ལའང་མི་བསམ་པར་ལྷན་ནེ་གཞག །མི་ཐུབ་པ་དང་སང་སང་འབུད་དོ། །གསུམ་པ་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ་ནི། རླུང་རོ་དབྱུང་བ་དང་། ལུས་གནད་སོགས་སྔར་ལྟར་ལས། རླུང་རྔུབ་པའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཡི་གེ་ཨོཾ་དཀར་པོའི་རྣམ་པར་ཚུར་བསྡུས་ནས། སྟེང་རླུང་མནན་འོག་རླུང་འཐེན་ཏེ་ལྟེ་འོག་ཏུ་སྐྱིལ་བ་ཙམ་བྱས། སྟེང་རླུང་འོག་རླུང་ཁ་སྦྱར་གྱི་བར་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོ་རང་བཞིན་མེད་པར་གསལ་སྟོང་ཡེ་རེ་བ་ལ་རིག་པ་ཅི་གནས་ཀྱི་བར་དུ་གཞག །མི་ཐུབ་པ་དང་རླུང་གཏོང་བའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པར་འཕྲོས་པས། དེ་དག་ཀྱང་འགྲོ་བའི་དོན་དུ་སྤྲུལ་སྐུ་རྒྱུན་མི་ཆད་པར་འཕྲོ་བར་བསམ་ལ། དེ་ལྟར་རླུང་རྔུབ་པ་ཨོཾ་གནས་པ་ཨཱཿའབུད་པ་ཧཱུྃ་གི་རང་བཞིན་ལ་རིག་པ་ཡེངས་མེད་དུ་སེམས་གཟུང་། འདི་ནི་དུས་ནམ་དུའང་བྱས་པས། སྐྱེ་མེད་རྡོ་རྗེའི་བཟླས་པ་ཞེས་བྱ་སྟེ། ཞག་རེ་ལ་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ཐེམས་པས། ཡོན་ཏན་བརྗོད་ལས་འདས་པའོ། །གཉིས་པ་མཚན་མེད་ལ་གསུམ། སྒྲིམ། ཀློད། སྤེལ་མའོ། །དང་པོ་ནི། ལུས་གནད་སྔར་ལྟར་ལ། དམིགས་པ་ཅིའང་མི་བསྒོམ་པར་མིག་དང་ཤེས་པ་མདུན་གྱི་ནམ་མཁར་ཡེངས་པ་མེད་པར་ཧྲིལ་ལེ་བསྒྲིམ། གནས་བདོ་བ་དང་ཡང་ངལ་གསོ། སྐབས་སུ་སྒྲིམ་མཁན་གྱི་ཤེས་པ་དེ་ཅི་འདྲ་ཞིག་འདུག །གང་ཡིན་རྩད་གཅད། ཡང་ཧྲིག་གེ་བསྒྲིམ། ཡང་རྩད་གཅད། དེ་རེས་མོས་སུ་བྱ། དེས་བྱིང་རྨུག་གི་སྐྱོན་ཡོད་ནའང་སེལ་ལོ། །སྤྱོད་ལམ་ཐམས་ཅད་དུ་དྲན་པ་ཡེངས་མེད་དུ་བརྟེན་ནོ། །གཉིས་པ་ཀློད་པ་ནི། ལྟ་སྟངས་ཐུར་དུ་ཕབ། སེམས་ལྷོད་ཀྱིས་ཀློད་དེ། འདི་བསྒོམ་བྱ་བའི་དམིགས་པ་ཅི་ཡང་མེད་པར་ཀློད་དེ། ལུས་སེམས་གཉིས་ཀ་རང་བབས་སུ་ཀློད་ལ། སྒོམ་རྒྱུ་ཅི་ཡང་མེད་པ་ལ་མ་ཡེངས་ཙམ་དུ། རང་བབས། རང་གདངས། གཤིས་ལུགས་ཅི་བཞིན་གྱི་ངང་ལ་བཅོས་བསླད་དང་བྲལ་བར་གཞག་གོ །གསུམ་པ་སྤེལ་མ་ནི། རེས་ཤེས་པ་གྲིམ་གྱིས་བསྒྲིམས་ལ་ཡེངས་མེད་དུ་ཕྲི་ལི་ལི་བསྒྲིམ། ཡང་ལྷོད་ཀྱིས་ཀློད་ལ་གུ་ཡངས་སུ་ཕྱལ་ལེ་གཞག །ཡང་བསྒྲིམ། ཡང་ཀློད། དེ་ལྟར་སྒྲིམ་ཀློད་སྤེལ་ཞིང་བསྒོམ། རེས་ལྟ་སྟངས་ཀྱིས་ནམ་མཁའི་དབྱིངས་སུ་གྱེན་ལ་ཅེར་རེ་བལྟ། རིག་པ་ཡང་སྒོམ་རྒྱུ་མེད་ཀྱང་འདུན་པ་དེ་ཧྲིག་གེར་གཏད། ཡང་ཀློད། རེས་གཡས་སུ་ལྟ་སྟངས་ཧྲིག་གེ །དབྱིངས་རིག་མ་ཡེངས་པ་གཏད། རེས་གཡོན་དུ་གཏད། རེས་ཐུར་དུ་གཏད་པ་རྣམས་རེས་མོས་ཐུན་རེར་འཁོར་མར་བསྒྱུར། སྐབས་སུ་འདུན་པ་གཏད་མཁན་གྱི་རིག་པ་དེ་ཅི་འདྲ་ཞིག་འདུག་རིག་པ་ཁོ་རང་གིས་ཁོ་རང་ཅེར་རེ་བལྟ། རེས་སེམས་སྙིང་གི་དཀྱིལ་དུ་ཕབ་ལ་ཕྱམ་མེ་གཞག །རེས་ནམ་མཁའ་གར་ཁྱབ་ཏུ་ཕྱམ་གྱིས་བཏང་ལ་གཞག །དེ་ལྟར་རེས་མོས་སྣ་ཚོགས་ཀྱིས་ལྟ་སྟངས་བསྒྱུར་བས་སེམས་རྣལ་དུ་ཕེབས་པར་འགྱུར་རོ། །དེ་རྣམས་ལ་ཞག་གསུམ་རེ་སྦྱང་བར་གསུངས་ཤིང་། གནས་པ་གང་ལ་སྐྱེ་ཁམས་དང་བསྟུན་པ་ལས་མཐའ་གཅིག་ཏུ་ཐམས་ཅད་རིམ་འདེད་དགོས་པའང་མ་ཡིན་ནོ། །དེ་དག་གིས་ཞི་གནས་གྲུབ་པའི་རྟགས་ནི། སེམས་ཉིད་ངལ་གསོ་ལས། དེ་ལྟར་བཞག་པས་སེམས་ནི་ལས་རུང་ཞིང་། །གཞན་དུ་མི་འཕྲོ་གར་གཏད་ཡུལ་ལ་ཟིན། །ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས། །ལུས་ངག་སེམས་ནི་དགའ་བདེས་ཁྱབ་པས་ན། །རྩེ་གཅིག་མི་གཡོ་ཞི་གནས་འགྲུབ་པ་ཡིན། །ཅེས་གསུངས་པ་ལྟར་དང་། འདི་སྐབས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ལ་འཛིན་ཞེན་ཞུགས་ན་ཁམས་གསུམ་དུ་གོལ་བར་འགྱུར་བས། ཉམས་བཟང་ངན་ཇི་ལྟར་སྐྱེས་ཀྱང་དེ་ལ་འཛིན་པ་མ་ཞུགས་པར་རྩིས་མེད་བྱུང་རྒྱལ་དུ་བསྐྱངས་པས་ལམ་དུ་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ་བ་ནི། སྐྱིལ་ཀྲུང་བཅའ་ལ་མིག་མདུན་གྱི་ནམ་མཁའ་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཙམ་ཙུམ་དང་གྱ་གྱུ་མེད་པར་ཐད་སོར་ཅེ་རེ་ཧྲིག་གེ་བལྟ་བས་སེམས་རང་ལུགས་སུ་གཞག །དེའི་ངང་ལ་ཕྱི་དབང་པོའི་ཡུལ་དུ་སྣང་བའི་ཡིད་དུ་འོང་མི་འོང་གང་ཤར་ཡང་ཤར་མ་ཐག་བཟོ་བཅོས་མ་བྱས་པར་རང་ཐོག་ན་རྩོལ་མེད་དུ་བཞག་ནས། བསམ་མཁན་ཁོ་རང་གི་རང་གཟུགས་མིན་པའི་གཞན་ཡུལ་སྣང་གཅིག་ལོགས་སུ་ཨེ་སྣང་རང་གི་བསམ་མཁན་ཁོ་རང་གི་རྒྱུད་ནས་རྒྱང་འཚོ་བྱེད། དེ་ཡང་བསམ་མཁན་དང་བསམ་ཡུལ་གཉིས་སྐད་གཅིག་མའི་སྟེང་དུ་འཛོམས་པ། དེ་འཆུག་མ་ཤོར་བར་རང་ཐོག་ནས་ཆོད་དགོས་སོ། །སྐད་ཅིག་དང་པོར་སྣང་སེམས་ཡ་མ་བྲལ་བ་དེ་རང་ཐོག་ནས་རྩོལ་མེད་འཚོ་བ་ཞིག་གིས་ཆོད་ན་བློ་ཡུལ་དུ་སྣང་བ་ཤར་ཚད་སེམས་སུ་ཆོད་པའི་གནད་ཅིག་ཡོད། དེ་ལྟར་མ་ཤེས་ན། སྣང་བ་གང་ཤར་སྐད་ཅིག་མའི་ངང་ནས་སྣང་སེམས་ངོ་བོ་གཅིག་པ་མ་རིག་ནས། སྐད་ཅིག་མ་གཉིས་པར་སོང་ནས། སྣང་བ་ཕར་ལུས། རིག་པ་ཚུར་ལུས་ནས་ཡུལ་ཡུལ་ཅན་གྱི་འཁྲུལ་པ་རང་ཁ་མ་ལ་བློ་རྩེ་གཏད་ནས་ཆོད་པའི་དུས་མེད། དེས་ན་གང་ཤར་གྱི་སྐད་ཅིག་མ་ཡ་མ་བྲལ་བའི་སྟེང་དུ་དཔྱོད་ཤེས་པ་གལ་ཆེའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པ་ནི། རྐང་པ་གཉིས་གྱད་ཀྱི་འདོར་ཐབས་ཀྱིས་བསྒྲད། མིག་བར་སྣང་ལ་གྱེན་དུ་བསྒྲད། ཧ་ཧཱ་དང་ཧི་ཧཱི་ལ་སོགས་པ་བརྗོད་ཅིང་། སེམས་སྤྲོས་པ་དང་བྲལ་བར་གཞག་གོ། ༈ །།རྩ་བའི་གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གཉིས། ཀ་དག་གི་གནས་ལུགས་ངོ་སྤྲོད་པ་ཁྲེགས་ཆོད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་སྟོན་པ་ཐོད་རྒལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ་གསུམ་གྱི་རྟོགས་པ་མ་སྐྱེས་པ་སྐྱེད་པ། དངོས་གཞི་གཉིས་ཀྱིས་སྐྱེས་པ་ངོ་སྤྲོད་པ། རྗེས་རང་གྲོལ་གསུམ་གྱིས་བོགས་འདོན་ཞིང་རྩལ་སྦྱོང་བའོ། །དང་པོ་ལ་གསུམ་གྱི་ཐོག་མར་རྟོག་པ་རྩད་གཅོད་པ་ནི། ལུས་ངག་ཡིད་གསུམ་འཁོར་བར་འཁྱམས་མཁན་སུ་ཡིན། དགག་སྒྲུབ་བྱེད་པ་པོ་སུ་ཡིན། སྐྱེ་བ་སྔ་མ་ནས་ད་ལྟ། འདི་ནས་ཕྱི་མར་འགྲོ་མཁན་གང་ཡིན། གཙོ་གང་ཆེ། ཞེས་དྲི་ཞིང་བརྟགས་པས། སེམས་གཙོ་ཆེ་བར་ཤེས་པའོ། །གཉིས་པ་བར་དུ་སེམས་ཀྱི་མཚང་བཙལ་བ་ནི། དེ་ལྟར་བྱེད་པ་པོའི་སེམས་འདིས་ཐམས་ཅད་བདག་ཏུ་འཛིན་ཅིང་ང་ཞེས་བརྟགས་པར་འདུག་ན། ལུས་ངག་ཡིད་གསུམ་པོ་དེ་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག །གཅིག་ན་སེམས་བལྟར་མེད་པ་བཞིན་དུ་ལུས་ཀྱང་མེད་པར་འགྱུར་ལ། ལུས་གཟུགས་སུ་གྲུབ་པ་བཞིན་དུ་སེམས་དང་ངག་ཀྱང་གཟུགས་སུ་གྲུབ་དགོས། ངག་སྒྲར་གྲགས་པ་བཞིན་དུ་ལུས་སེམས་གཉིས་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེས་པ་ལ་སོགས་པས་བརྟགས་པས། གཅིག་ཐ་དད་ཡིན་མིན་དགག་སྒྲུབ་ཐམས་ཅད་སེམས་ཀྱིས་བཟོས་པ་ལས་ལོགས་སུ་མ་གྲུབ་པར་ཤེས་པའོ། །གསུམ་པ་ཐ་མ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། བདག་ཏུ་འཛིན་མཁན་གྱི་སེམས་དེ། དང་པོ་གང་ནས་བྱུང་བའི་རྣམ་པར་འདུག །ད་ལྟ་གར་གནས། ཐ་མ་གང་དུ་འགྲོ་བར་འདུག །ཅེས་སེམས་དེ་ཉིད་ལ་བརྟགས་པས་བྱུང་གནས་འགྲོ་གསུམ་མ་གྲུབ་ཅིང་ངོ་བོ་ངོས་གཟུང་དང་བྲལ་བའི་རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་པའོ། །སྔར་བཤད་པ་དང་མི་ཟློས་ཏེ། སྔར་གྱི་དེ་ཡུལ་ལ་བརྟགས་ནས་མ་གྲུབ་པ་ཡིན་ལ། འདི་ཉིད་ཡུལ་ཅན་དུ་བརྟགས་ནས་ངོ་བོའི་ཐོག་ཏུ་ཕེབས་པའོ། །ཚོལ་མཁན་གྱི་སེམས་དང་ཚོལ་རྒྱུའི་སེམས་གཉིས་སུ་འདུག་གམ་གཅིག་ཏུ་འདུག །སེམས་དེ་ལ་ཟླུམ་པོ་ལ་སོགས་པའི་དབྱིབས་དང་དཀར་དམར་ལ་སོགས་པའི་ཁ་དོག་ཇི་ལྟར་འདུག །ཅང་མེད་སྟོང་པ་ཞིག་འདུག་ན་སྟོང་པར་སྙམ་མཁན་དེ་གང་ན་ཅི་འདྲ་འདུག །བདེ་གསལ་མི་རྟོག་པའི་མྱོང་ཚོར་བྱུང་ན་ཉམས་ཁོ་རང་མིན་པའི་མྱོང་ཡུལ་དང་མྱོང་མཁན་གང་ན་འདུག །གནས་དུས་འགྱུ་བ་དང་། འགྱུ་དུས་གནས་པ་ཨེ་འདུག །དེ་གཉིས་གཅིག་གམ་ཐ་དད་ལེགས་པར་བརྟགས་པས། གང་ཡང་ཚོལ་མཁན་སྐད་གཅིག་མའི་སྟེང་དུ་དབྱེར་མེད་པའི་གསང་ཡོད་པས་རྩོལ་མེད་ཀྱི་ངང་ནས་རྒྱང་བསྲུང་བྱས་པས་རྟོག་མེད་ཀྱི་ངོ་བོ་ཡུལ་མེད་དུ་ཧྲིག་གེར་རིག་པ་འབྱུང་ངོ་། །གཉིས་པ་དངོས་གཞི་གཉིས་ཀྱིས་སྐྱེས་པ་ངོ་སྤྲོད་པ་ལ་གཉིས། སྐྱོང་ཚུལ་གསུམ་དང་། ངོ་སྤྲོད་བརྟན་ཐོབ་བྱ་བའོ། །དང་པོ་ལ་གསུམ། གནས་འགྱུ་གཉིས་མེད་དོ། །དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ཤེས་པ་ནི། རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་པས། རི་བོ་ཅོག་གཞག་ནི། ལུས་རྡོ་རྗེའི་སྐྱིལ་ཀྲུང་མི་གཡོ་བའོ། །རྒྱ་མཚོ་ཅོག་གཞག་ནི། མིག་མདའ་གང་ཙམ་དུ་གཏད་དེ་མི་འགུལ་བའོ། །རིག་པ་ཅོག་གཞག་ནི། རང་བབས་སུ་ཆོས་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དེ་ལྟར་བཞག་པས་སེམས་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་རང་བཞིན་ལ་གནས་པ་ཉིད་དེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུའང་མ་ཕྱེས་ཆོས་ཉིད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་པ་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་པས། དེའི་དུས་ན་ལྷག་མཐོང་གི་ཉམས་བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། གསལ་ལ་མ་འགག་པའི་ཤེས་པ་རྗེན་པ། རང་རིག་རང་གསལ་སང་ངེ་ཡེ་རེ་གསལ་བ། དེ་ལ་ཡུལ་ཡུལ་ཅན་གྱི་བསྒོམ་བྱ་སྒོམ་བྱེད་མེད་པས་མི་རྟོག་པ། དེ་ལ་འབད་རྩོལ་མེད་པ་རང་ལུགས་སུ་གནས་པ་དེ་བདེ་བའོ། །དེ་ནས་ལྷག་མཐོང་གི་རྟོགས་པ་ནི། གོང་དུ་ཡུལ་ཡུལ་ཅན་གྱི་མྱོང་ཚོར་རིམ་པར་དག་ནས། གང་ཤར་གྱི་སྐད་ཅིག་སོ་མ་ཡུལ་མེད་རང་རིག་ཏུ་ཤར་བའོ། །དེ་ལ་ལྷག་མཐོང་རྟོགས་པའི་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་ཏེ། གཉུག་མ་ཡུལ་མེད་ཤར་བས་གསལ་བ། གསལ་བྱ་གསལ་བྱེད་ཀྱི་རྟོག་པ་མེད་པས་མི་རྟོག །རིག་སྟོང་དབྱེར་མེད་དུ་བདེ་བས་བདེ་བ་ཞེས་བྱའོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ་ནི། ནོར་བུ་ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། ཞེས་པས། རྒྱ་མཚོ་ལས་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོ་ལས་མ་འདས་པ་བཞིན་དུ་སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ། །དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་བསུ་སྐྱེལ་མི་བྱེད་པར། རང་ཤར་གྱི་ངང་ལ་རང་ཡན་དུ་འཇུག་པ་ནི། རྟོག་པ་ཆོས་ཉིད་ཀྱི་རོལ་པར་རྟོགས་པས་སྤངས་བླང་དགག་སྒྲུབ་ཀྱི་ཡུལ་ལས་འདས་པ་སྟེ། ཇི་ལྟར་ཤར་ཡང་ཤར་དུས་ནས་གཉེན་པོ་མེད་པར་སྦྲུལ་མདུད་བཞིན་རང་གྲོལ་བའོ། །ཨོ་རྒྱན་རིན་པོ་ཆེས། སྤྲིན་དང་ན་བུན་ཁུ་རླངས་གསུམ། །བྱུང་ཡང་ནམ་མཁའི་ངང་དུ་ཐིམ། །ཞེས་གསུངས་པ་ལྟར། རྟོག་པ་གང་ཤར་ལ་སྐྱོན་དུ་མི་ལྟ་ཞིང་རྗེས་སུ་མི་འབྲང་བར་མ་ཡེངས་པའི་ངང་ནས་རྟོག་པ་ཅི་བྱུང་ཐམས་ཅད་རིག་པའི་རྩལ་ཡིན་པས་དགག་པར་མི་བྱ་བར་ཡན་དུ་བཅུག་པས་དང་པོའི་བྱུང་སར་རང་གྲོལ་བར་འགྱུར་རོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་རྒྱ་མཚོ་ལ་རླབས་ཤར་བ་ལྟ་བུ་ནི། གནས་ལ་སྣ་ཚོགས་སུ་ཤར་བ། འཕྲོ་ལ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ། ཕྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་མའི་བུ་ལྟ་བུ། ཡུལ་ཚོགས་དྲུག་སྣ་ཚོགས་སྤྱད་ཀྱང་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། གང་ཤར་འཛིན་པ་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ་སྟེ། ཡུལ་སྣང་ལ་བློ་དེར་འཛིན་མེད་པའི་ཚེ། ཕྱི་ནང་སྟོང་ཉིད་རྟོགས་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན། བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་སོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར་ཞིང་། མཉམ་ན་གཉིས་མེད་ཀྱི་ར་བར་ཡན་པ་ནི། ཇི་ལྟར་བྱས་ཀྱང་ཆོས་ཉིད་རོལ་པ་ལས་མ་འདས་པའོ། །དེའི་ཚེ་རྣམ་རྟོག་མ་སྤང་གདོད་ནས་གྲོལ་བས་བསྐྱར་ནས་གྲོལ་བའི་གཞི་མ་དམིགས་པའི་གདིང་ཐོབ། གང་ཤར་རང་སར་གྲོལ་བས་དྲན་འཛིན་གཉེན་པོ་ལ་མི་ལྟོས་པའི་གདིང་ཐོབ། ཡུལ་དྲུག་གཅེར་མཐོང་དུ་གྲོལ་བས་སྔ་ཕྱིར་འཛིན་པའི་ཤེས་པ་དང་བྲལ་བའི་གདིང་ཐོབ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་གྱི་འབད་རྩོལ་ཞིག་པའི་གདིང་ཐོབ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །གཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །མདོར་ན་གང་ཤར་གྱི་རིག་པ་གཟའ་གཏད་དང་བྲལ་བ་འདི། རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབས་སུ་འདུག་པས་བཅར་ཕོག་ཏུ་གྲོལ། ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ། །དེ་ཇི་ལྟ་བ་རྟོགས་པའི་ཚེ་གང་ལའང་སྤང་བླང་མེད་དེ། ཅིར་སྣང་ཆོས་ཉིད་ཀྱི་རང་སྣང་དུ་ཤེས་པས། སྒོམ་བཟང་པོ་ཞིག་ལོགས་ན་བསྒོམ་རྒྱུ་མེད་ལ། རྣམ་རྟོག་ངན་པ་ཞིག་གུད་དུ་སྤང་དུ་མེད་དེ། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟར། ཐམས་ཅད་ཆོས་ཉིད་ཀྱི་ཀློང་ཆེན་པོར་འུབ་ཆུབ་ནས། སྒོམ་པའི་དམིགས་འཛིན་རང་སར་གྲོལ་ཏེ། བར་དོ་མེད་པར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ངོ་སྤྲོད་བརྟན་ཐོབ་བྱ་བ་ལ་གསུམ། ངོ་སྤྲོད་པ། གོམས་འདྲིས་དགོས་པ། ཉམས་ལེན་སྐྱོང་ཚུལ་ལོ། །དང་པོ་ནི། ཐོག་མར་རྟོགས་པ་སྐྱེས་ཀྱང་རགས་པ་ཆོད་པ་དང་ཕྲ་བ་ཆོད་པ་གཉིས་ཁྱད་པར་ཆེ་བ་སོགས་འདྲ་མིན་གྱི་ནོར་འཁྲུལ་བླ་མ་མྱོང་བ་ཅན་གྱིས་ཤན་ཕྱེ་དགོས། དེ་ནས་གནས་དབེན་པར་བླ་མ་བརྒྱུད་པ་ལ་གསོལ་བ་གདབ། ལུས་གནད་ལྟ་སྟངས་མཉམ་གཞག་བྱེད་དུ་བཅུག་ལ། བླ་མས་འདི་སྐད་དུ། འོ་ན་ཁྱོད་ཀྱི་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་ལྷན་ནེར་གནས་པ་ཞིག་མི་འདུག་གམ། དེ་ལ་ཞི་གནས་བྱ་བ་ཡིན་ཏེ་སེམས་ཀྱི་ངོ་བོ་མིན་ནོ། །དེང་སང་སྒོམ་ཉམས་སུ་ལེན་པ་སྐད་ཕལ་ཆེར་དེ་ཀ་ལ་སྒོམ་དུ་བྱེད། རང་ཡང་རློམ། གཞན་ལ་ཡང་དེ་བསྟན་པ་མང་སྟེ། དེས་སྒོམ་དུ་ཅུང་མི་བཏུབ་པ་ཡིན། དེ་མེད་ཐབས་ཀྱང་མེད་པ་ཡིན་ནོ། ཁྱོད་རང་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ལྟོས་དང་། དེའི་ངང་ལ་རྨུགས་པའམ། ལུང་མ་བསྟན་ནམ། བཏང་སྙོམས་སུ་མ་ལུས་པར། སེམས་ཀྱི་ངོ་བོ་འདི་འདྲ་ཞིག་འདུག་བྱ་རྒྱུའམ། ངག་ཏུ་བརྗོད་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། ཚིག་ཏུ་བརྗོད་རྒྱུའི་ངོས་གཟུང་མེད་ལ། ངོས་གཟུང་མེད་བཞིན་དུ་གསལ་ལ་མ་འགགས་པའི་ཤེས་པ། སང་ངེ་། ཡེ་རེ། རྗེན་ནེ། ལྷང་ངེ་བ་དེ། མ་མཐོང་བའི་མཐོང་རྒྱུ། མ་མྱོང་བའི་མྱོང་རྒྱུ། ཁར་འདོན་དུ་མི་བཏུབ་པའི་གསལ་ལ་ངོས་གཟུང་མེད་པ་ཞིག་མི་འདུག་གམ། འདི་ལ་ལྷག་མཐོང་ཟེར་བ་ཡིན། འདི་ཚིག་ལ་སྔ་ཕྱི་བྱུང་ཡང་། དོན་ལ་ཐ་དད་མེད་པར། སྒོམ་སྐད་ཅིག་མའི་ཐོག་ནས་ཚང་བ་དེ་ལ་སྒོམ་སྐྱོན་མེད་སྐྱེས་པ་ཟེར་བ་ཡིན། སེམས་ཀྱི་ངོ་བོ་དེ་ཉིད་ལ་བལྟས་ཙམ་ན། དབྱིབས་ཁ་དོག་དངོས་པོ་མཚན་མ་ཅིའི་ངོ་བོར་མ་གྲུབ་པའི་ཅིར་ཡང་མེད་པའི་སྟོང་ལྷང་ངེ་བ་ཞིག་མི་འདུག་གམ། འདི་ལ་ངོ་བོ་སྟོང་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། །སྟོང་པ་དེའི་གདངས་མ་འགགས་པར་སལ་ལེ་བ་རང་བཞིན་གྱིས་གསལ་ཆ་མ་འགགས་པ་ཞིག་མི་འདུག་གམ། འདི་ལ་རང་བཞིན་གསལ་བའི་ཡེ་ཤེས་ཞེས་བྱའོ། །སེམས་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་དང་། རྩལ་མ་འགགས་པར་སྣ་ཚོགས་སུ་འཆར་བ་འདི་གཉིས་མིང་དང་ཚིག་ཙམ་ལས། དོན་ལ་གཉིས་སུ་མེད་པའི་རིག་པ་ཧྲིག་གེ་བ་འདི་ལ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་བྱ་བ་ཡིན་ནོ། །བསམ་པར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས་སེམས་ཞེས་མིང་དུ་བཏགས་པ་ཡིན། མི་དྲན་དགུ་དྲན་གྱི་མཁན་པོ་ཡང་འདི་ཡིན་པས་དྲན་པ་ཞེས་མིང་དུ་བཏགས་པ་ཡིན། བྱེ་བྲག་ཐམས་ཅད་ཤྭ་མང་གི་སུལ་བཞིན་འབྱེད་པར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཅེས་མིང་དུ་བཏགས་པ་ཡིན། རིག་པ་སྐད་ཅིག་མ་འདི་ལ་དབྱིབས་ཁ་དོག་ཅིར་ཡང་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། མེད་བཞིན་དུ་གསལ་སང་ངེར་འདུག་པས་ཆད་པའི་མཐའ་དང་བྲལ། དེ་ཡང་དུས་འདི་ཙམ་ནས་བྱུང་། རྒྱུ་རྐྱེན་འདི་ལས་བྱུང་བྱ་བ་མེད་པས་སྐྱེ་བའི་མཐའ་དང་བྲལ། དུས་འདི་ཙམ་ན་སེམས་ཤི་བའམ་འགགས་བྱ་བ་མེད་པས་འགག་པའི་མཐའ་དང་བྲལ། མེད་བཞིན་དུ་འགག་མེད་ཀྱི་རྩལ་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་བྲལ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པར་གྲོལ་བས་དུ་མའི་མཐའ་དང་བྲལ། དེས་ན་མཐའ་བྲལ་དབུ་མའི་ལྟ་བ་ཞེས་བྱ་བ་ཡིན་ནོ། གོ་མཁན། མྱོང་མཁན། ལྟ་མཁན། སྒོམ་མཁན། སྤྱོད་མཁན། ཤེས་མཁན་སྐད་ཅིག་མ་ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ནོ། །ཚོགས་དྲུག་སྣང་བ་གང་ཤར་ལ། ཡིད་བྱེད་ཀྱིས་སྤང་བླང་དགག་སྒྲུབ་བཟོ་བཅོས་མི་དགོས་པར་སྐད་ཅིག་སོ་མ་རང་གྲོལ་དུ་ཤེས་པས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །རང་གི་སེམས་སུ་སྣང་སྲིད་འཁོར་འདས་ཀྱི་རྣམ་པ་མ་འདྲེས་པ་གང་འཆར་ཡང་། འཆར་དུས་ཉིད་ལ་རིག་པ་སྐད་ཅིག་མའི་ངོ་བོར་ཡོངས་སུ་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །རྣམ་རྟོག །བག་ཆགས། སེམས། སེམས་བྱུང་། དྲི་མ་ཐམས་ཅད་འགོག་པའམ། སངས་པའམ། དག་ཅིང་རིག་པ་ཡེ་ཤེས་དྲ་བས་ཀ་དག་ཆོས་སྐུར་རྟོགས་པས་གཞི་དོན་ཁྲེགས་ཆོད་ཀྱི་དགོངས་པ་ཟེར་བ་ཡིན་ནོ། །སྐད་ཅིག་མ་ངོ་བོའི་ཐད་ནས་མ་རིག་པ་ཞེས་བྱ་བའི་མིང་ཡང་མེད་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཆོས་ཉིད་ཡོངས་གྲུབ། དེ་བཞིན་ཉིད། དོན་དམ་པ། བདེ་གཤེགས་སྙིང་པོ། ཁམས་རང་བཞིན་རྣམ་དག །མཐའ་བྲལ། ཟུང་འཇུག །བློ་འདས། ཐིག་ལེ་ཉག་གཅིག་དང་། དབྱིངས། ཡེ་ཤེས། སྟོང་པ་ཉིད། ཞི་བྱེད། དོན་དམ། གསང་སྔགས། རིག་པ་རྩལ་དབང་། རང་བྱུང་ཡེ་ཤེས། ཀ་དག་ལ་སོགས་པའི་མིང་དུ་མར་འདོགས་པ་ཡིན་ནོ། །དེ་ལྟར་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། དེས་ན་རང་སེམས་སྐད་ཅིག་མ་རང་ངོ་ཤེས་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ཇི་སྐད་དུ་མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་གསུངས་སོ། །དེ་ལྟར་ངོ་སྤྲད་ལ་རྫོགས་ཆེན་རྒྱུད་ལུང་མན་ངག་ལས་འབྱུང་བ་སྤྱི་དང་ཁྱད་པར་ཀར་གླིང་ཞི་ཁྲོའི་ངོ་སྤྲོད་གཅེར་མཐོང་རང་གྲོལ་གྱིས་ཡིད་ཆེས་སྐྱེད་པ་ཕྱག་ལེན་ཡིན་ནོ། །གཉིས་པ་གོམས་འདྲིས་དགོས་པ་ནི། དེ་ལྟར་རང་ངོ་འཕྲོད་པའི་རྟོགས་པ་ཙམ་ཐོབ་ཀྱང་རྒྱུན་དུ་གོམས་འདྲིས་ཀྱིས་བརྟན་པ་མ་ཐོབ་ན་གོ་མི་ཆོད་པས། ལས་དང་པོ་པས་ཡེངས་མེད་ཀྱི་དྲན་པས་སྐྱོང་ཞིང་བསྒོམ་དགོས་ཏེ། རྟ་རྒོད་པོ་མ་དུལ་བའི་དུས་སུ་ཡེངས་མེད་བརྩོན་འགྲུས་ཀྱིས་འདུལ་དགོས་ཤིང་ཡེངས་ན་རྟ་ཤོར་རང་བརྡབ་ནས་ཕུང་བ་ལྟར། འདིར་ཡང་ལས་དང་པོ་པས་ཡེངས་ན་རྟོག་པ་རང་ཁར་ཤོར་ནས་ངན་སོང་དུ་ལྟུང་ཞིང་ཕུང་བར་འགྱུར་བས། ཡེངས་པ་མེད་པའི་དྲན་པས་སྒོམ་འཚོ་བ་གལ་ཆེ་སྟེ། མན་ངག་མཛོད་ལས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་རྫོགས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཤེས་རབ་ཆེ་ཡང་ཉམས་སུ་མ་ལོན་ན། །དགོས་དུས་མི་སྟོངས་གཡུལ་ངོར་མཚོན་སྟོར་འདྲ། །ཞེས་སོགས་མང་དུ་འབྱུང་བ་ལྟར་རོ། །གསུམ་པ་ཉམས་ལེན་སྐྱོང་ཚུལ་ནི། ལུང་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་སྟེ། །ཆོས་ཀྱི་དབྱིངས་ལ་བསྒོམ་རྒྱུ་ཅི་ཡང་མེད། །ཅེས་གསུངས་པས། འདི་སྒོམ་ཞེས་པའི་དམིགས་གཏད་བྲལ་བ། གཉེན་པོ་དང་བློ་ཡི་འབད་རྩོལ་གྱིས་མ་བསླད་པ། རང་བབས་སུ་མ་ཡེངས་པ་ལ་སྒོམ་ཞེས་བྱ་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམ་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་བསྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འོ། །ཞེས་སོ། །དེའང་སྒོ་གསུམ་གྱི་ནར་ཀློད་ནས་མ་ཡེངས་ཙམ་ལ་འཇོག་གི །ཧ་ཅང་དྲན་པ་སྒྲིམ་པའང་མི་དགོས་སོ། །ཡང་རྒྱ་ཡན་དུ་ཡེངས་ནའང་ཐ་མལ་དུ་ལུས་པས་ན། ཐ་མལ་གྱི་ཤེས་པ་རང་བབས་མ་ཡེངས་པའི་ངང་ལ་གཞག་གོ །དེ་ལྟར་སྒོམ་པའི་བོགས་འདོན་དུ་ནམ་མཁའ་སུམ་ཕྲུགས་ཀྱི་རྣལ་འབྱོར་བྱ་སྟེ། སྤྲིན་དང་སེར་བུ་མེད་པའི་ནམ་མཁའ་དྭངས་པའི་སྐབས་སུ། ལུས་གནད་རྣམ་སྣང་ཆོས་བདུན་བཅའ། ནང་སེམས་ཉིད་སྟོང་པ་འདི། བར་འགྱུ་བའི་ལམ་རྩ་སྦུབས་སྟོང་པ་ལ་གཏད་དེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་རིག་པ་མིག་ལ་གཏད། མིག་ཕྱིའི་ནམ་མཁའ་སྟོང་པ་འདི་ལ་ཅེ་རེ་བལྟས་ཏེ། རིག་པ་ཡང་མདུན་གྱི་ནམ་མཁའ་ལ། དམིགས་པ་དང་སྒོམ་རྒྱུ་ཅི་ཡང་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེ །ས་ལེ། ཡེར་རེ། ཕྱམ་མེར་གཞག་གོ །དང་པོ་ཐུན་ཆུང་བ་ལ་བསླབ། གོམས་ནས་ཇེ་རིང་ཇེ་རིང་ལ་བསླབ་ཅིང་། འཕྲོར་འཇོག་པའི་ཚེ་ཧར་ལང་དུ་མི་བྱ་བར། སྒོམ་ཉམས་དེ་མ་ཤོར་བར་དལ་བུས་ལངས་ལ། རིག་པ་ངང་མ་ཤོར་བར་ཡེངས་མེད་འཛིན་མེད་ཀྱི་ངང་དུ། འགྲོ་འདུག །བཟའ་བཏུང་། སྨྲ་བརྗོད། བྱ་བ་གང་བྱེད་ཀྱང་ཡེངས་མེད་ཀྱི་དྲན་པ་སོ་མ་ཤོར་བར་སྐྱོང་། མཉམ་བཞག་ལ་བྱུང་ནས་རྗེས་ཐོབ་དུ་མ་བྱུང་ན། ཆོས་སྤྱོད་དང་འགྲོ་འཆག་ཉལ་འདུག་སྤྱོད་ལམ་གང་བྱེད་པ་དེ་དང་བསྲེས་པས་ཅི་བྱེད་སྒོམ་དུ་འཆར་རོ། །འདི་དག་རྣམས་ཀྱི་སྐབས་སུ་སྐྱོན་ངོས་གཟུང་ཞིང་བཅོས་པ་སོགས་ནི་གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །གསུམ་པ་རྗེས་རང་གྲོལ་གསུམ་གྱིས་བོགས་འདོན་ཞིང་རྐྱེན་དང་བསྲེས་ཏེ་རྩལ་སྦྱོང་བ་ལ། དང་པོ་དུག་ལྔ་རང་གྲོལ་ནི། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་གི་རྟོག་པ་ཅི་ཤར་ཡང་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས། རབ་གསལ་སྟོང་གཉུག་མའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྲོལ་ལོ། །དེ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་བྱུང་བས་སྤོང་དུ་མེད། སྤང་ཡང་མི་སྤང་། ཁོ་རང་གི་གཤིས་རང་གྲོལ་དུ་གནས་པས། གཉེན་པོ་གཞན་གྱིས་བཤིག་པའམ་བཀྲོལ་དུའང་མེད་དེ། གཅེར་མཐོང་རང་གྲོལ་དུ་ཡེ་ནས་གནས་ཤིང་། འབད་མེད་རང་སར་གྲོལ་བ་ཞིག་འདུག་པས། ད་བཟོད་གྲོལ་གཞི་བསྐྱར་དུ་མེད་དེ། དུག་ལྔ་ཡེ་ཤེས་སུ་ངོ་འཕྲོད་པས། སྒོམ་གྱི་དངོས་གཞིར་ལམ་དུ་ཁྱེར་བས་ཅིར་སྣང་སྒོམ་དུ་འཆར་ནས་སྒོམ་པ་ལོགས་སུ་བཙལ་མི་དགོས་པར་ཞི་གནས་སེམས་འཛིན་འཇུར་བུ་རང་སར་གྲོལ་ལོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་འཛིན་པ་གང་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཆོས་སྐུ་ཀ་དག་ཆེན་པོར་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་དང་ཡིད་ཀྱི་བྱུང་ཚོར་དྲན་རིག་དགག་སྒྲུབ་ཆགས་སྡང་ཅི་སྐྱེས་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས། ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟློས་ཏེ། གནས་ལུགས་སྟོང་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། རྒྱ་མཚོའི་སྤྲིན་ལས། དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་བབས་གཞི་བྲལ་ཡེ་གྲོལ་རང་བདག་གཞག །མི་སྤང་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་རང་ཤར་ཡིན། །ཞེས་སོ། །དེ་ལ་སོགས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མ་ཅི་སྐྱེས་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་པས། རྣམ་རྟོག་སྤངས་ནས་མི་རྟོག་པ་སྒོམ་དུ་མེད་དེ། འདམ་བུ་གཅིག་ཁོང་སྟོང་ན་ཐམས་ཅད་སྟོང་། ཚར་བུ་ཅིག་རྐང་རུབ་ན་ཚར་བུ་ཐམས་ཅད་རུབ། ཆུ་ཐིགས་གཅིག་རླན་པར་ཤེས་ན་ཆུ་ཐམས་ཅད་རླན་པར་ཤེས་པ་བཞིན་དུ། རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས། རྟོག་པ་ཅི་སྙེད་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་ཏེ། ཤེས་པ་སྐད་ཅིག་མའི་རྣམ་རྟོག་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལ། ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱའོ། །ཤེས་པ་སྐད་ཅིག་མ་དེ་སྤངས་ནས། དེ་མ་ཡིན་པའི་གཞན་ཞིག་བཙལ་ནས་ངོ་སྤྲོད་རྒྱུ་མེད་པས། ངོ་རང་ཐོག་ཏུ་སྤྲད་པ་ཞེས་བྱའོ། །དེའི་གཤིས་རང་གྲོལ་དུ་བསྟན་པས། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་བ་ཡིན་པར་གསུངས་སོ།། ༈ །།གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་སྟོན་པ་ཐོད་རྒལ་གྱི་ཁྲིད་ལ་གཉིས། མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། རྒྱ་མཚོ་ཨར་ལ་གཏད་པ། སྣང་བ་ལ་དངོས་སུ་འཇུག་པ། ཁྱད་པར་གྱི་མན་ངག་བསྟན་པའོ། །དང་པོ་ནི། མུན་ཁང་འདོམ་གང་གྲུ་བཞི་པ་སྒོ་སྐྱོག་སོགས་ཀྱི་ཐབས་ལ་བརྟེན་ནས་སྣང་བ་ཅུང་ཟད་ཀྱང་མི་འཇུག་པ་ལ་སྟོད་ནས་ཡར་ལུས་ཀྱི་རླངས་ཐོན་པའི་བུག་སྐྱོག་ཡོད་པར་བྱས་ལ། དེར་ནང་ཚངས་ཅན་གྱི་གདན་ལ་འདུག་སྟེ། སྐྱབས་སེམས་སྔོན་འགྲོའི་སྐབས་ལྟར་བྱ། ཆོས་ཐམས་ཅད་སྟོང་པར་སྦྱང་བ་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་མེད་སྣང་འཁོར་བ་ལ་སྙིང་རྗེ་བ་ཀུན་ཏུ་སྣང་བའི་ཏིང་འཛིན་ཟུང་དུ་འཇུག་པ་ལས། པདྨ་དང་ཉི་མའི་གདན་ལ་རང་སེམས་རྒྱུའི་ཏིང་ངེ་འཛིན་ཧྲཱིཿདམར་པོ་འོད་འབར་བ་དེའི་འོད་ཀྱིས་འཕགས་པ་མཆོད། ལས་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱས་ཏེ་འདུས་པ་ལས་རང་ཉིད་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཁྲོ་ཞིང་སྒེག་ལ་དཔའ་བ། དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿམཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ། མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བཏབ། དེ་ནས་ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླ་ཞིང་དེའི་ཚེ་སྐུའི་ཆ་དང་ཐུགས་ཀའི་ས་བོན་སྔགས་འཁོར་རྣམས་ལས་ཡེ་ཤེས་ཀྱི་མེ་ལྕེ་འབར་བ་འཕྲོས་པས་བགེགས་ཐམས་ཅད་བསྐྲད་དེ། སླར་མེ་དེ་དག་ཚུར་འདུས་པའི་གུར་ཁང་བར་ཆད་ཀྱིས་མི་ཤིགས་པར་བསམ་པ་ནི་སྲུང་འཁོར་རོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་དབྱིངས་སུ་པདྨ་དཀར་པོ་གེ་སར་ལྗང་སེར་ཅན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྐུ་མདོག་དཀར་ལ་འཚེར་བ། ཕྱག་གཡས་ཤེལ་དཀར་གྱི་རྡོ་རྗེ་ཐུགས་ཀར་གཏད་དེ་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། མཚན་དཔེ་ཡོངས་སུ་རྫོགས་ཤིང་ལོངས་སྐུའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་རྩ་བའི་བླ་མ་ཉིད་ནས་ཀུན་བཟང་ལ་ཐུག་གི་བར་གྱི་བརྒྱུད་པའི་བླ་མ་རྣམས་བླ་མའི་རྣལ་འབྱོར་གྱི་སྐབས་ལྟར་བསྒོམ་ལ། གསོལ་འདེབས་ཅི་མང་བྱས་ནས་རྩ་བའི་བླ་མའི་བར་བསྟིམས་ཏེ་དེ་ལས་དབང་བཞི་བླངས་ནས་རང་དང་དབྱེར་མེད་དུ་ཐིམ་པར་བསམ་པ་རྣམས་སྔོན་དུ་འགྲོ་བའོ། །དངོས་གཞི་ལུས་གནད་རྐང་པ་ལོང་བུ་བསྣོལ་བའི་ཙོག་པུ་བྱ། སྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་གྲུ་མོ་པུས་མོ་ལ་བརྟེན་པའི་མཐེ་བོང་དང་གུང་མོ་མཛུབ་མོ་གསུམ་གྱིས་མིག་ཡ་ལྤགས་བཅས་གཅར་གྱིས་མནན་པའམ། ཡང་ན་མཐའ་ནས་དལ་བུས་བཙིར་བས། འོད་ཀྱི་ཐིག་ལེ་དཀར་སེར་དམར་ལྗང་སོགས་དང་། རི་མོའི་རྣམ་པ་སྐྱ་ཙེམ་ཙེམ་པ་དང་། དཀར་ཕྲོམ་ཕྲོམ་པ་དང་། དྲྭ་མིག་རིས་དང་། ཟ་འོག་རིས་དང་། རྨ་བྱའི་མདོངས་ལྟ་བུ་འཆར་ཏེ། དེའི་ཚེ་མཛུབ་མོའི་རྩོལ་བ་བོར་ནས་དེ་དག་མ་ཡལ་བར་བལྟ་ཤེས་ཙམ་གྱིས་བལྟ། ཡང་ཡལ་བ་དང་སྔར་བཞིན་བསྐྱར་རོ། །གཉིས་པ་སྣང་བ་ལ་དངོས་སུ་འཇུག་པ་ནི། སྔ་མ་ལ་གོམས་པ་དང་ཐབས་དེ་དག་ལ་བརྟེན་མི་དགོས་པར་སྟོང་གཟུགས་རྣམས་དབྱིངས་ཀྱི་ར་བར་བཅུན་པས། ཆེས་ཆེར་མཆེད་དེ་གཅིག་ཏུ་ཡངས་པའི་གཟུགས་དབྱིངས་སྣང་བ་མཐའ་མ་འགགས་པ་དུ་མ་འཆར་ཞིང་རིམ་གྱིས་སྣང་བ་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་ཀྱང་འཆར་བར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་མན་ངག་བསྟན་པ་ནི། ཁྱད་པར་དེ་དག་གི་བོགས་འདོན་ལམ་འདིའི་ཟབ་གནད་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀྱི་ཤོག་དྲིལ་གསུམ་པོ་བསྡེབས་ནས་ཉམས་སུ་བླང་ཐབས། བླ་མའི་ཞལ་གྱི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་སྔ་མ་སྔ་མའི་རྟགས་ཚད་རྫོགས་ནས་ཕྱི་མ་ཕྱི་མ་ལ་འཇུག་ཅིང་། དེ་དག་གི་དམིགས་སྐོར་རེ་རེའི་སྔོན་དུ་སྐྱབས་འགྲོ་ནས་དབང་བཞི་བླང་བའི་བར་སྔ་མ་ལྟ་བུ་ལན་རེ་དང་། རྒྱུན་དུའང་སྤྱི་བོར་བརྒྱུད་པའི་བླ་མ་བསྒོམས་པ་ལ་རྟག་ཏུ་གསོལ་བ་གདབ་པའང་གནད་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་དུས་ཀྱང་མེད་དུ་མི་རུང་བའི་གེགས་སེལ་མང་དུ་ཡོད་དེ་གཞུང་གི་མན་ངག་དང་ཁྱད་པར་བླ་མ་མྱོང་བ་ཅན་བསྟེན་པ་གལ་ཆེའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་ནི། རང་གཞུང་ལས། དེ་ཉམས་སུ་ལེན་པ་ལ་སྒྲོན་མ་དྲུག་སྟེ༔ ཙིཏྟ་ཤའི་སྒྲོན་མ༔ དཀར་འཇམ་རྩའི་སྒྲོན་མ༔ རྒྱང་ཞགས་ཆུའི་སྒྲོན་མ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ༔ ཐིག་ལེ་སྟོང་པའི་སྒྲོན་མ༔ ཤེས་རབ་རང་བྱུང་གི་སྒྲོན་མའོ༔ ཞེས་གསུངས་པའི་སྒྲོན་མ་དྲུག་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་བལྟ་བ་ལ་གསུམ། ཐབས་ཀྱི་གནད་བསྟན་པ། སྣང་བཞི་ངོས་གཟུང་བ། མཐའ་རྟེན་གྱི་མན་ངག་བཤད་པའོ། །དང་པོ་ལ་གསུམ་བྱ་བ་དགུ་ཕྲུགས་སུ་གཏང་བ། སྒོ་གསུམ་གྱི་གནད་ལ་གཟིར་བ། ཡེ་ཤེས་རང་སྣང་གི་གསང་ལམ་མཚོན་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུགས་གཏང་། །ལུས་ཀྱི་བྱ་བ་གཏང་བའི་ཕྱིར། །ཆོས་དང་འཇིག་རྟེན་བྱ་བ་བཏང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་གི་འཁྲུལ་རྟོག་ཆོས་སྤྱོད་བཏང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །སེམས་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་བྱ། །ཞེས་པས་ལུས་ངག་ཡིད་གསུམ་གྱི་བྱ་བ་མ་གཏང་ན་ཉམས་ལེན་ལ་མི་གནས་པས། དགུ་ཕྲུགས་སུ་གཏང་བ་ནི། གོང་དུ་བསྟན་པ་ལྟར་ལུས་ངག་ཡིད་གསུམ་རེ་རེ་ལ་ཕྱི་ནང་གསང་གསུམ་སྟེ་གོང་དུ་བཤད་པ་ལྟར་རོ། །གཉིས་པ་སྒོ་གསུམ་གྱི་གནད་ལ་གཟིར་བ་ནི། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་གཅུན། །ཅེས་པ་ལྟར་ལུས་ངག་ཡིད་ཀྱི་གནད་གསུམ་གཅུན་དགོས་པས་དང་པོ་ལུས་གནད་ནི། དེ་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་གསུངས་པས་ལུས་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་ལས་མི་འདའ་བ་བྱ་དགོས་ཏེ། དེ་ལ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། དེའི་སྟེང་དུ་ཁྱི་ཚུགས་མོར་འདུག་ལ། རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྒྲད་ལ། ལག་མཐིལ་ས་ལ་བཙུགས་ཏེ་མཐེ་བོང་བཅང་། རོ་སྟོད་སེང་གེ་ལྟར་གཟེངས་བསྟོད་ལ། མཇིང་པ་ཡིད་ཙམ་གྱེན་དུ་བསྟོད། སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་སྟེ། སྟན་ལ་ཁ་སྦུབ་སྟེ། པུས་མོ་གཉིས་སྦྱར། གྲུ་མོ་གཉིས་ས་ལ་བཙུགས་ཏེ། ལག་མཐིལ་གཉིས་ཀྱིས་ཨོག་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲང་སྟེ། མིག་ནམ་མཁར་ཟུར་གྱིས་ཧྲིལ་པོར་བལྟའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་སྟེ། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག་ལ། ལག་པ་གཉིས་མཁལ་ཁུང་ངམ་པུས་མོར་འཁྱུད། སྒལ་ཚིགས་བསྲང་སྟེ། མིག་ཟིམ་བུས་བར་སྣང་ལ་གཏད་དོ། །ངག་བརྗོད་མེད་དུ་བཞག་སྟེ། སྔ་མ་ལས། ལ་བཟླ་བ་ཉིད་བསྟན་པར་བྱ། །ཞེས་པས། དང་པོ་སྨྲ་གཅད་ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བ་ལ་བསླབ། དེ་ནས་གནས་སྐབས་སུ་ངག་གནས་པའི་རིམ་པ་རང་གི་ཆོས་སྤྱོད་རྣམས་གསལ་བར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་བས་ལུས་ཀྱི་བརྡ་ཙམ་བྱ། དེ་ནས་བརྗོད་པ་མཐའ་དག་བཀག་ལ་ལྐུགས་པ་ལྟར་གནས་པར་བྱའོ། །སེམས་གནད་ནི། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་གཏད་པས། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་མཐོང་བའོ། །གསུམ་པ་ཡེ་ཤེས་རང་སྣང་གི་གསང་ལམ་མཚོན་ཚུལ་ལ་གཉིས། དངོས་དང་། དེ་ངོ་སྤྲོད་པའོ། །དང་པོ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྱམས་མི་བྱ། །དེ་ཡང་སྒོ་དང་ཡུལ་གནད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པ་ལྟར། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་རླུང་རིག་གི་གནད་ལ་བརྟེན་པའོ། །དང་པོ་ནི། ཡེ་ཤེས་དངོས་དེ་སྙིང་གི་ནང་ན་བུམ་ནང་གི་མར་མེ་ལྟར་གསལ་བའི་མདངས་རྩ་རྣམས་ཀྱི་ནང་ན་སྒྲོན་མ་བཞིའི་འཆར་གཞི་འོད་དང་ཐིག་ལེར་ཡོད་པའི་རང་མདངས། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ནས་ཡར་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་བས་ན་ཡེ་ཤེས་ཀྱི་ལམ་རྩ་ཤེལ་སྦུག་ཅན་སྙིང་ཁའི་དབུས་ན་གནས་པའི་ཡན་ལག་གཉིས་མིག་ལ་ཟུག་པ་དེ་ཡིན་ནོ། །ལམ་དེ་གཉིས་ལ་ཐོན་ནས་སྒོ་མིག་གཉིས་ལ་འཆར་བས་མིག་གི་གནད་གོང་སྨྲོས་གཟིགས་སྟངས་གསུམ་གྱིས་ཉི་མ་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་གཏད་པ་སྟེ། འདས་རྗེས་ལས། སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ། །ཞེས་པ་ལྟར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། སྔ་མ་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་སྣང་། །ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་ཚེ་ན་སྣང་བའོ། །གསུམ་པ་ཇི་ལྟར་འཆར་བ་རླུང་རིག་གི་གནད་ནི། དེ་ཉིད་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། མཆུ་དང་སོ་གཉིས་བག་ཙམ་མ་རེག་པར་བྱས་ལ། རླུང་སྣ་ནས་མི་གཏང་བར་ཁ་ལས་དལ་བུས་ཕྱི་རྒྱུ་ནང་རྒྱུ་སྙོམས་ཤིང་ཕྱི་འཛིན་ཅུང་ཟད་བྱ། རིག་གནད་ལུག་རྒྱུད་བཙོན་དུ་གཟུང་། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཀྱིལ་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་བྱད་དང་འདྲ་བ་ལྷག་གིས་ཤར་བ་ལ་གཡོ་འགུལ་མེད་པར་གཏད་པའོ། །དེ་ལྟར་བཤད་པ་དེ་དག་ཉམས་ལེན་དུ་ཧྲིལ་དྲིལ་ན། སྔ་དྲོ་ཆོས་སྐུ། ཉིན་གུང་ལོངས་སྐུ། ཕྱི་དྲོ་སྤྲུལ་སྐུ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་གཟིགས་སྟངས་ཉིད་བདེ་བས་དེ་ལ་བརྟེན། རླུང་གནད་སྒོ་གནད་གོང་སྨྲོས་ཀྱིས་སྤྲིན་དང་སེར་བུ་སོགས་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་དེ་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། ཡང་ན་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་ཉི་མའི་འོག་ཏུ་ཁྲུ་གང་ངམ་གསུམ་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་སེམས་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་ཏེ་བལྟས་པས། ཙིཏྟ་ཤའི་སྒྲོན་མ་རིན་པོ་ཆེའི་ནང་ན་གཞི་དབྱིངས་ཀ་དག་གི་འོད་གསལ་སྙིང་པོ་ལྔ་ལྡན་གྱི་རིག་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ། ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་དཔེར་ན་བུམ་ནང་གི་མར་མེ་ལྟ་བུ་ལས། རིག་པའི་རང་མདངས་ཕྱིར་གསལ་སྐར་ཁུང་ལྟ་བུའི་ལམ་དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་བརྒྱུད། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ལས་ཐོན་ཏེ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས། འཇའ་ཚོན་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་སུ་འཆར་ཞིང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་རྟ་རྔ་ལ་མདུད་པ་བོར་བའམ། མུ་ཏིག་གི་ཕྲེང་བ་དང་མེ་ཏོག་གི་ཆུན་པོ་ལྟར་འལ་འོལ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་དལ་བུས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཤེས་པ་མ་འགྱུས་པར་ཧྲིག་གེ་བཞག་པས། ཕྱི་སྣང་བ་མ་འགགས་ལ་ནང་འཛིན་པས་མ་བསླད་པར་བརྗོད་མེད་སྤྲོས་བྲལ་གྱི་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ནས་རིག་པ་སྨིན་མཚམས་ནས་དྲལ་ཏེ། སྣང་བཞིའི་སྣང་ཤེས་ཀྱི་ཉམས་སྣང་རྣམས་རིམ་གྱིས་འཆར་བར་འགྱུར་རོ། །གཉིས་པ་དེ་ཉིད་ངོ་སྤྲད་པ་ནི། དབེན་པར་ཉི་མའི་ཟེར་མདངས་ཀྱིས་སྣང་བ་མཚོན་པའི་དུས་སུ། ལུས་གནད་གསོལ་འདེབས་སོགས་ཁྲེགས་ཆོད་སྐབས་ལྟར་བྱས་ལ། འོ་སྐལ་ལྡན་གྱི་བུ་མཆོག་ལྷུན་གྲུབ་ཡེ་ཤེས་ཀྱི་ལམ་སྣང་འདིའི་མཚོན་ཏེ་རང་བྱུང་འོད་གསལ་ཉིད་སངས་རྒྱས་ཐམས་ཅད་འདུས་པར་ངོ་སྤྲོད་པ་ལ་གསུམ། སྐུ་གསུམ། དཀོན་མཆོག་གསུམ། ལྔ་ཚན་བདུན་དུ་ངོ་སྤྲད་པའོ། །དང་པོ་སྐུ་གསུམ་དུ་ངོ་སྤྲོད་པ་ནི། ཐལ་འགྱུར་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །ཞེས་པ་སྟེ། ཐོག་མར་ཡེ་ཤེས་ལྔའི་རང་མདངས་ལས་གྲུབ་པའི་རང་གི་ལུས་ངག་ཡིད་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པས། ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱའོ། །ཞེས་སོ། །གཉིས་པ་དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་ནི། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་ལ་མ་འཁྲུལ་པ་གཞིའི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བས་གཉིས་མེད་དོན་དམ་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ། ཡེ་ནས་ལྷུན་གྲུབ་ཏུ་གནས་སོ། །ཞེས་གསུངས་སོ། །གསུམ་པ་ལྔ་ཚན་བདུན་དུ་ངོ་སྤྲོད་པ་ནི། ཀློང་གསལ་ལས། སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས། །སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས། །ཞེས་གསུངས་པས། གདོད་མའི་གཞི་ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་ཚོམ་བུར་བཅས་པའི་རིག་པ་ཉིད་ཙིཏྟ་རིན་པོ་ཆེའི་སྦུབས་ན་ངོ་བོ་སྐུར་གནས། རང་བཞིན་འོད་དུ་གནས་པའི་མདངས་འཁོར་ལོ་ལྔས་ཐོག་དྲངས་རྩ་ཐམས་ཅད་ཀྱི་ནང་ན་གནས་པའི་རང་མདངས། སྙིང་དང་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས་ཐུགས་རྗེའི་རྩལ་སྣང་བཞི་འཆར་བའི་རྟེན་བྱེད་པས། ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་རང་ལུས་ལ་རྫོགས་པ་ཡིན་ཞིང་། ཁྱད་པར་དུ། དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་པས། དང་པོ་སྐུ་ལྔ་ནི། ཀློང་གསལ་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །ཞེས་པས། ཙིཏྟ་རིན་པོ་ཆེའི་སྦུབས་ནས་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལས། ངོ་བོ་ཀ་དག་དྲི་མེད་དེའི་རང་མདངས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་མར་མེ་ལྟར་གསལ་བའི་ཆ། འོད་མདངས་ནམ་མཁའི་མཐོངས་སུ་འོད་དང་ཐིག་ལེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་ལ་སྐུ་ལྔར་མཚོན་ནོ། །དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི། རང་ངོ་འོད་གསལ་དུ་སྣང་བས་རྣམ་སྣང་གི་སྐུ། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། དེ་ཉིད་འཕེལ་དང་བཅས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། འོད་གསལ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པའི་སྐུ་སྟེ་ལྔ། དེར་སྣང་གཟུང་འཛིན་དང་བྲལ་བ་སྟོང་གསལ་དུ་སྒོམ་པ་ལམ། རིགས་ལྔ་སོ་སོའི་སྐུ་གསལ་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔར་ངོ་སྤྲད་པ་ནི། ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་པས། འོད་གསལ་དེ་ཉིད་དྲི་མ་མེད་ཅིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོར་རྟོག་ཡེ་ཤེས། དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་རྣམས་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་ཏེ་ལྔའོ། །དེ་ལ་གསལ་སང་ངེར་སྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་དུ་ཤར་བ་འབྲས་བུའོ། །གསུམ་པ་རིགས་ལྔར་ངོ་སྤྲད་པ་ནི། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པས། འོད་གསལ་གྱི་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། དེ་ཉིད་འོད་གསལ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་ཆེན་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ནས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་ལྔ། དེའི་ངང་ལ་ཡེ་རེ་ཝལ་ལེ་སང་ངེ་སྒོམ་པ་ལམ། མཐར་ཕྱིན་པས་ཕྱིར་མི་ལྡོག་པ་འབྲས་བུའོ། །བཞི་པ་འོད་ལྔར་ངོ་སྤྲད་པ་ནི། ཀློང་གསལ་ལས། རིག་པའི་ཡོན་ཏན་འོད་ལྔར་གསལ། །ཞེས་པས། འོད་གསལ་དེ་ཉིད་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་སྣང་བས་དམར་པོ། བྱ་རྩོལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་ལྔའོ། །དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ལྔ་པ་རླུང་ལྔ་ལ་ངོ་སྤྲད་པ་ནི། རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པ་འོ། །ཞེས་པས། འོད་གསལ་གྱི་སྣང་བ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་པའི་རླུང་། དེ་ཉིད་གོམས་པས་འཁོར་འདས་སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། དག་དང་མ་དག་ཀུན་ལ་རླུང་ལྔ་དང་ཡེ་ཤེས་ཀྱིས་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པའི་ལས་རླུང་དང་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །འོད་གསལ་འདི་རྟོགས་ན་མྱ་ངན་ལས་འདས། མ་རྟོགས་ན་འཁོར་བའི་སྲོག་འཛིན། དེ་ཉིད་ལེགས་པར་གོམས་པས་འཁོར་འདས་དྭངས་སྙིགས་འབྱེད། དག་མ་དག་ཐམས་ཅད་འོད་ལྔས་ཁྱབ་བོ། །དྲུག་པ་ཤེས་རབ་ལྔར་ངོ་སྤྲད་པ་ནི། རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། །ཞེས་པས། འོད་གསལ་འདི་རྟོགས་མ་རྟོགས་ལས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་ཆ་འགྲོ་འོང་དང་བཅས་པས་སྐྱོད་བྱེད་ཀྱི་ཤེས་རབ། དེ་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་པས། འོད་གསལ་མཐིང་ག་སངས་རྒྱས་མཁའ་འགྲོ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་ལྔའོ། །དེ་ཉིད་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན། དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག་པ་རིག་པའི་རང་བཞིན་འོད་གསལ་ཆེན་པོ་ཐབས་ཏེ། ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་ཅིང་། འཇིག་རྟེན་གྱི་མིག་འཕྲུལ་སྣང་བ་ལྟ་བུའང་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གནས་པ་འོ། །ཞེས་སོགས་རྒྱ་ཆེར་གསུངས་པས། ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་མཛོད་ཅིག །ཅེས་བརྗོད་དོ། །གཉིས་པ་སྣང་བཞིའི་འཆར་ཚུལ་ངོས་གཟུང་དུ་བསྟན་པ་ནི། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་དུ་འགྱུར། །ཞེས་པས། དང་པོ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྔར་ལྟར་གནད་གཅུན་པས་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྟ་བུ་བྲེང་ཆགས་སུ་ཤར་བ་བཙོན་དུ་བཟུང་བས། ཐོག་མར་སྐར་མ་ཤར་བ་ལྟ་བུ་སྐྱ་ཕྲོམ་ཕྲོམ་པ་ལས་ཐིག་ལེ་ཁ་དོག་ལྔ་ལྡན་རེ་རེ་ཡང་སུམ་འབྲེལ་གྱི་བར་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ། འོད་ལྔའི་རང་བཞིན་གྱེན་འགྲེང་རྩིབས་ཤར་དྲྭ་ཕྱེད་པདྨ་དང་མིག་མང་རིས་ཉི་ཟླ་མཁར་ཐབས་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་དང་མེ་ལོང་དང་ཁམ་ཕོར་དང་བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་འདབ་ཆགས་འཕུར་སྐྱེན་པ་ཙམ་དང་། རི་དྭགས་རྩིབས་ལ་རྒྱུག་པ་ཙམ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པའམ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་གནས་པའི་བར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་འབྱུང་བཞིའི་སྣང་བ་རང་སར་དག །འོད་གསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས་ཐིག་རེ་རེའི་ནང་དུ་ཡང་རྣམ་སྣང་སོགས་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམ་ཡང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་སྤྲོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་སྟེ་བག་ཆགས་ཀྱི་འབྲེལ་ཆད། དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ལ་སྤྱོད་པའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། རྒྱང་ཞགས་ཆུ། ཐིག་ལེ་སྟོང་པ། རྣམ་དག་དབྱིངས་ཏེ་སྒྲོན་མ་གསུམ་མི་འགུལ་བར་གཏད་པས། རང་རིག་དྭངས་སངས་ཕྱེད་པས་དགོངས་པ་ཀློང་རྡོལ། ཤེས་རབ་རང་བྱུང་གི་སྒྲོན་མ་ཆོས་ཉིད་ཟད་པའི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་སྟེ། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་ནས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ཅིང་འཁོར་འདས་ཀྱི་འདུ་ཤེས་བྲལ། འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོ་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །གསུམ་པ་མཐའ་རྟེན་གྱི་མན་ངག་བཤད་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པ་ལྟར་འདི་ལ་བཞི། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་དྲོད་ཚད་བསྟན་པའོ། །དང་པོ་ནི། ལུས་གནད་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་ནི་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་སྒྲོན་མ་མི་འགུལ། དེས་སེམས་མི་འགུལ་བས་རྣམ་རྟོག་མི་འབྱུང་། དེས་ནི་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། དབྱིངས་རིག་ལ་རྒྱུན་དུ་བལྟས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་མི་རྨི། འབྲིང་ལ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི། སྣང་བ་བཞི་ལ་རྟགས་བཞི་གསུམ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་རྟགས་གསུམ་ནི། ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབ་ཆགས་སྙིས་ཟིན་པ་ལྟར་མི་འཕྲོ་བར་གནས་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་བཞིན་བྱི་དོར་དང་རྒྱན་གྱི་སྒེག་འཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་བཅུག་པ་སྐད་གཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་མེད་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་པ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདེང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཡང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་ལྟར་བག་ཆགས་ཀྱི་རྟེན་མི་སྣང་བར་རང་སངས་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། འདིའི་དུས་སུ་སྐྱེ་བ་དང་། འཇུག་པ་དང་། རླུང་སེམས་གསུམ་ལ་རང་དབང་ཐོབ་པས་འདོད་ན་འཕོ་བ་ཆེན་པོའི་སྐུས་འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད་པ་དང་། གདོད་མའི་གཞི་དབྱིངས་སུ་ནང་གསལ་གཞོན་ནུ་བུམ་སྐུར་བཞུགས་པ་དང་། མཚམས་མེད་བྱས་པ་སོགས་ཀྱི་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་རང་དང་མཉམ་པར་གྲོལ་བ་སོགས་ནུས་སོ། །བཞི་པ་གདེང་བཞིའི་དྲོད་ཚད་བསྟན་པ་ནི། གདེང་བཞི་ལས་ཡར་གྱི་གདེང་གཉིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་ལྟུང་དུ་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་ནས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ།། ༈ །།རྩ་བའི་གསུམ་པ་རྣལ་འབྱོར་བཞིའི་ཉམས་ལེན་དང་གྲོལ་ཚུལ་བཤད་པ་མཐའ་རྟེན་རྗེས་ཀྱི་རིམ་པ་ལ་གཉིས། རྣལ་འབྱོར་བཞིས་ཉམས་སུ་ལེན་པ། གྲོལ་ཚུལ་གྱིས་འབྲས་བུ་བསྟན་པའོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་པ། །ངེས་པའི་དོན་དུ་བློ་འདྲེས་པའོ། །ཞེས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལ་རྣལ་འབྱོར་དུ་བྱ་དགོས་པས། དེ་དག་སོ་སོའི་ངོ་བོ། རྟོགས་ཚུལ། ངེས་ཚིག །དབྱེ་བ། ཉམས་ལེན། མཚན་ཉིད་བཅས་རྒྱས་པར་གཞུང་གཞན་དུ་འབྱུང་བ་ལྟར་ལ། འདིར་དེ་རྣམས་ཉམས་སུ་ལེན་ཚུལ་ཙམ་བཤད་ན། ལྟ་བ་ནི། ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས་ཐམས་ཅད་སྒྱུ་མར་མཐོང་ནས་འཁྲུལ་པ་རང་སར་དག་སྟེ་ཉོན་མོངས་པ་རང་སར་གྲོལ་བའོ། །ནང་འགྱུ་བྱེད་དྲན་པའི་སེམས་ལ་ཁྲེགས་ཆོད་ལྟར་བལྟས་པས་རྟོག་པ་སྣ་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་བའོ། །གསང་བ་འོད་གསལ་ལ་བལྟས་པས་ཆོས་ཅན་དང་ཆོས་ཉིད་སྐྱེ་མེད་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་དེ། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་པ་འདི་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་བལྟ་བྱ་ངང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཡི་ངང་དུ་གནས་པར་བྱ། །ཞེས་གསུངས་པ་ལྟར་རོ། །སྒོམ་པ་ནི། དང་པོ་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ཏེ། སྔ་དྲོ། ཕྱི་དྲོ། སྲོད། ཐོ་རངས་སོ། །དེ་ཡང་ནམ་ལངས་ཉི་མ་རྩེ་ཤར་གྱི་བར་ལ་ཁ་འདོན་དང་དཔེ་བལྟ་བ་ལ་སོགས་པ་བྱའོ། །ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་བསྒོམ་ཞིང་། གུང་ལ་ཕྱག་དང་བསྐོར་བ་ལ་སོགས་བྱའོ། །ཕྱི་དྲོ་ཐོད་རྒལ་སྒོམ་ཞིང་། དགོང་མོ་གཏོར་མ་དང་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱ། སྲོད་དང་པོ་ལ་འཆི་བ་མི་རྟག་པ་སྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ལ་གཉིད་ལོག །ཐོ་རངས་དང་པོ་བླ་མ་ལ་གསོལ་བ་གདབ། བར་པ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་གི་གཏུམ་མོ་བསྒོམ། ཐུན་མགོ་ཐམས་ཅད་ལ་སེམས་བསྐྱེད་དང་། དངོས་གཞི་མི་དམིགས་པ་དང་། ཐུན་མཇུག་ཏུ་བསྔོ་བ་སྨོན་ལམ་བྱ། གཉིས་པ་སྤྲོས་པ་མེད་པའི་གང་ཟག་གིས། ཉིན་མཚན་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་མི་འདའ་བར་བྱ། དེའང་ཉིན་དུས་འོད་གསལ་གྱི་དོན་ལ་བསླབ་སྟེ། ཐོག་མར་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ཁྲུ་གང་གི་སར་གཏད་ལ་མིག་མི་འགུལ་པར། དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་སྣང་བའི་དབུས་སུ། ཐིག་ལེ་སྟོང་པའི་སྒྲོན་མ་ཕུབ་སྐོར་ལྟ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་འོང་བར་བྱས་ལ་དར་ཅིག་བལྟས་ནས། ལོངས་སྐུའི་གཟིགས་སྟངས་ཀྱིས་ཟུར་ནས་ཉི་མ་དང་ཁད་ཀྱིས་ཕྲལ་ལ་གཡས་སུ་གཏད་དེ་བལྟའོ། །དེ་ནས་ཆོས་སྐུའི་གཟིགས་སྟངས་ཀྱིས་སྟེང་དང་གཞན་གཉིས་པོ་ཐུར་དང་ཐད་སོ་གང་མོས་སུ་གཏད་དེ་བལྟས་པས། དབྱིངས་ཀྱི་སྣང་བ་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་མཐོང་ཞིང་། སྒྲོན་མའི་སྣང་བ་ཐིག་ལེ་ཟླུམ་ཁྲིགས་དང་རིག་པའི་སྣང་བ་ལུ་གུ་རྒྱུད་ཕྲ་ལ་འགྱུ་བ་མཐོང་ངོ་། །དེ་ལྟར་བལྟས་ཀྱང་དབྱིངས་ཀྱི་ཐིག་ལེ་མ་མཐོང་ན། མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ནོ། །མཐོང་ནས་ཟུར་ལ་ཁྲིད་པར་བྱའོ། །དེ་ལྟར་བལྟ་ལུགས་གང་བྱེད་ཀྱང་སྟེང་དུ་སེང་གེ་ལྟ་བུར་གྱེན་ལ་ལྟའོ། །ཐད་ཀར་རི་བོང་ལྟར་ཧད་པོར་གཏད། ཟུར་ལ་མདའ་སྲོང་བ་ལྟར་དྲང་པོར་བལྟ། དེ་ནས་ཅུང་ཟད་ཐུར་དུ་ཕབ་ལ་གླང་པོ་ལྟར་བལྟ་བར་བྱའོ། །མཚན་མོ་སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་མ་བཞིའི་སྟེང་དུ། ཨ་ཐུང་དམར་པོ་གསལ་ཞིང་ཚ་བ་ལས་མེ་འབར་བས་དབུ་མ་ནས་ཡར་སོང་བས། སྤྱི་བོར་ཧཾ་ལ་ཕོག་པ་ཐིག་ལེ་འཐིག་པས་མེའི་གསོས་བྱས་ཏེ་ལྟེ་བར་འབར་བས་ལས་དང་བག་ཆགས་བསྲེགས། བདེ་བ་རྒྱས་ན་བདེ་སྟོང་གི་ངང་ལ་གཞག་གོ །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། སྙིང་གི་ནང་དུ་ཡི་གེ་ཨ་དཀར་པོ་འཚེར་བ་ཞིག་དང་། ཚངས་པའི་བུ་གར་ཨ་དཀར་པོ་ཞིག་གསལ། དེ་གཉིས་ཀྱི་བར་ལ་ཨ་ཝ་དྷཱུ་ཏིའི་ནང་དུ་ཨ་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་ཡོད་པ་རྣམས་གཅིག་ཐིམ་གཉིས་ཐིམ་ལ་སྙིང་གར་འོད་གསལ་གྱི་ངང་ནས། འོད་ཟེར་རྩའི་ནང་ནས་རྒྱ་སྐར་གྱི་ཉི་ཞུར་ལྟར་གསལ་བར་བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦ་བའོ། །ཐོ་རངས་ལངས་ཏེ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་སྤྱི་གཙུག་གི་ནམ་མཁར་གཞུག་པ་ཙམ་ན། སྙིང་གའི་ཨ་ལས་ཨ་དཀར་པོ་ཞིག་མཆེད་དེ་ལིང་ལིང་འདུག་པར་སེམས་བཟུང་ལ་བསྒོམས་པས། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མའི་ཀ་དག་གི་གནས་ལུགས་ཤེས་པར་འགྱུར་རོ། །དེའང་སྲོད་ལ་དྲང་སྲོང་། གུང་ལ་གླང་པོ། ཐོ་རངས་ཆོས་སྐུའི་འདུག་སྟངས་གསུམ་བྱའོ། །དེ་ནི་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ལྟར་སྟོང་གསལ་ཉིན་མཚན་དུ་སྒོམ་པ་ཉིད་སྒོམ་པ་ཀུན་གྱི་མཆོག་ཡིན་པ་ནི། ཀློང་གསལ་ལས། སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ། །སྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །སྤྱོད་པ་ནི། ལས་དང་པོ་པས་ཆོས་སྤྱོད་བཅུ་དང་། རྣལ་འབྱོར་པས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ལས་འབྱུང་བ་ལྟར་སྤྱོད་པའི་རྣམ་གྲངས་བདུན་པོ་དུས་སྐབས་དང་བསྟུན་ལ་སྤྱོད། གང་ཡང་ཤུགས་འབྱུང་འགག་པ་མེད་པར་རྐྱེན་ཐོག་ཏུ་ལམ་ཁྱེར་གྱི་སྤྱོད་པ་བསྐྱང་ངོ་། །འབྲས་བུ་ནི། རིག་པ་གང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་རྣམས་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ཅེས་སོ། །གཉིས་པ་གྲོལ་ཚུལ་གྱིས་འབྲས་བུ་བསྟན་པ་ལ་གསུམ། དབང་པོ་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་བསྟན་པའོ། །དང་པོ་ནི། སྙིང་གི་མེ་ལོང་ལས། ཡང་དག་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས། ཉོན་མོངས་རང་ཁ་མ་དང་འབྱུང་འདུས་ཀྱི་གདོས་པ་ཐམས་ཅད་དག་ནས་ངོ་བོ་སྐུ་རུ་སངས་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲིང་བར་དོར་འཚང་རྒྱ་བ་ནི། འཆི་ཁའི་བར་དོ་ལ་ཕྲ་རགས་ཀྱི་འབྱུང་བ་རྣམས་ས་ཆུ་མེ་རླུང་གི་བར་དུ་རིམ་བཞིན་ཐིམ་པས་ལུས་དང་ཤེས་པ་གནས་འགྱུར། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་གནས་པའི་ཚེ་སྔར་གོམས་པའི་གདམས་པ་གསལ་ཐེབས་ན་རྣམ་ཤེས་ནམ་མཁའ་དང་། ནམ་མཁའ་འོད་གསལ་ལ་ཐིམ་ནས་སྣང་གསུམ་གྱི་མཐའི་སྟོང་ཆེན་ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བར་འགྱུར་རོ། །ཡང་དེར་ངོས་མ་ཟིན་ན་ཆོས་ཉིད་ཀྱི་བར་དོར་འོད་གསལ་ཟུང་འཇུག་ལ་ཐིམ་པས་སྔར་གྱི་སྟོང་ཉིད་དེ་ལས། ཆོས་ཉིད་ཀྱི་སྣང་བ་འོད་གསལ་གྱི་འཁོར་ལོ་རིགས་ལྔའི་ཚོམ་བུ་ཅན་ཞལ་ཕྱག་གི་རིམ་པ་ཅན་དུ་འཆར་བ་གནད་རྣམ་པ་གཉིས་ཀྱིས་འཇུག་ཚུལ་ཤེས་པས་གྲོལ་བར་འགྱུར་ཞིང་། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་འོད་ལྔའི་ར་བར་ཅིག་ཅར་དུ་སྣང་ཞིང་། རང་གི་སྙིང་ཁ་ནས་འོད་ཟེར་མཐིང་དཀར་སེར་དམར་རང་མདོག་ཐིག་ལེ་ཅན་དུ་འཆར་ཞིང་འབྱུང་བ་དང་ཉོན་མོངས་ཕྲ་རགས་ལས་གྲོལ་བས་རང་སྣང་ངོ་ཤེས་པའོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་འོད་གསལ་གྱི་སྣང་བ་དེ་དག་དབྱིངས་སུ་ཐིམ་ནས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སྐད་ཅིག་ལ་གསལ་ཞིང་རང་སྣང་ལ་སྒྲོ་འདོགས་ཆོད་པས་གདོད་མའི་དབྱིངས་སུ་གྲོལ་བར་འགྱུར་རོ། །གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་ནི། སྔར་གྱི་ཆོས་ཉིད་འོད་གསལ་གྱི་སྣང་བ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་གྱིས་བསྐུལ་ནས། རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པས་རྒྱུ་རྐྱེན་བྱས་ནས་བར་དོའི་ལུས་དྭངས་ཤིང་ཐོགས་པ་མེད་པ་ཉིད་འགྲུབ་པར་བྱེད་ལ། དེ་ཡང་ལས་མཐུན་གྱི་དབང་པོ་དྲུག་ཚང་བ། གང་དུ་སྐྱེ་འགྱུར་མ་གཏོགས་ཐོགས་བཅས་ལ་མི་ཐོགས་པ། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་ཅིང་། བར་དོ་ན་ཕན་ཚུན་ལྷའི་མིག་གིས་མཐོང་བ། དབང་པོ་རྣོ་ཞིང་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བས། སྔོན་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཅུང་ཟད་སྦྱངས་པའི་མཐུས། སྤྲུལ་པ་སྐུའི་ཞིང་ཉིད་དྲན་པ་ཙམ་གྱིས་གཉིད་སད་པ་ལྟར་སྲིད་པའི་བར་དོ་ལས་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང་བ་ཐོབ་པས། ཉོན་མོངས་པའི་འཆིང་བ་གྲོལ་ཏེ་གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་ལས་མི་གཡོ་བཞིན་སྤྲུལ་པའི་རྣམ་རོལ་ཆུ་ཟླའི་གར་གྱིས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལ་འཇུག་པ་ཡིན་ཏེ། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུར་སྤྲུལ་པའི་ཞིང་རྣམས་སུ། །གནས་པ་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཁྱད་པར་འཕགས་པ་བཅུ་དང་ལྡན་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ཞེས། འབད་རྩོལ་མི་དགོས་པར་མཐོང་བས་གྲོལ་ཞིང་ལས་དགེ་སྡིག་གིས་ཕན་གནོད་བྲལ་བ། སྙིགས་དུས་ཐ་མ་འདིར་ལམ་འདི་མ་གཏོགས་གཞན་གྱིས་གྲོལ་བར་མི་ནུས་ཤིང་འབྲེལ་ཚད་གདོད་མའི་ས་ལ་སྐྱེལ་བ། ཐོས་པས་འཚེངས་པའི་ཟབ་ཆོས་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་དཀོན་པ་སྟེ། སྙན་བརྒྱུད་ཡིད་བཞིན་ནོར་བུ་ལས། ཨེ་མ་འདི་འདྲའི་གདམས་པ་མཐོང་ན་གྲོལ་བའི་ཆོས། །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་ཞེས། །ཉམས་སུ་བླང་ན་ཚེ་འདིར་རྫོགས་སངས་རྒྱས། །ཐོས་པ་ཙམ་གྱིས་བསྐལ་པའི་སྡིག་སྒྲིབ་དག །གོ་བ་ཙམ་གྱིས་བདེ་ཆེན་ས་ལ་གཤེགས། །འདི་འདྲའི་ཟབ་ཆོས་འཛམ་གླིང་འདི་ན་དཀོན། །ཨོ་རྒྱན་ཐུགས་སྲོག་མཁའ་འགྲོའི་སྙིང་ཁྲག་འདི། །མངོན་སུམ་ད་ལྟར་སྟོན་པ་ཟབ་མོའི་ཆོས། །སྟོང་གསུམ་བསྐོར་ཡང་མི་རྙེད་ཆོས་ཀྱི་མཆོག །འགྲོ་བའི་དབུས་སུ་མངོན་པར་བྱས་པ་ནི། །འདི་འདྲའི་ཟབ་ཏིག་བདག་འདྲ་པདྨའི་ལུགས། །ཐོབ་ན་འཚེངས་ཏེ་ཚེ་གཅིག་སངས་རྒྱས་ལམ། །བདེ་ཆེན་ཞིང་དུ་འཕོ་བའི་རྒྱལ་པོར་འགྱུར། །ཞེས་སོགས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པ་འདི་ཉིད་རང་གིས་ཉམས་སུ་ལེན་པ་དང་། བློ་ལྡན་སྐལ་བཟང་གཞན་དག་ལ་འཆད་ཅིང་སྤེལ་བ་སོགས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་རྩོལ་མེད་ཐེག་པའི་ཡང་རྩེའི་གསང་ལམ་ལས་གདོད་མའི་རྒྱལ་སར་ཕྱམ་གཅིག་འཛེགས་པ་ལ་བརྩོན་པ་བསྐྱེད་འཚལ་ལོ། །དུས་མཐར་བདག་ཅག་སྟོན་པའི་ཐུགས་བསྐྱེད་མཐུས། །ལམ་བཟང་གཞན་དག་རྒྱུད་ལ་མི་འབྱོར་བའི། །རྨུ་རྒོད་འགྲོ་རྣམས་བཙན་ཐབས་སྒྲོལ་བ་ཡི། །གདོད་མའི་མགོན་པོའི་ཐུགས་ཏིག་འདི་ཀོ་བྱུང་། །འོན་ཀྱང་སྐལ་དམན་ཡི་དྭགས་མགྲིན་ལམ་དུ། །བདུད་རྩིའི་ཐིགས་པ་ནམ་ཡང་མི་མཛའ་མོད། །སྨོན་ལམ་ལས་ཀྱི་འཕྲོ་ལྡན་སྐྱེ་དགུའི་ཚོགས། །འབྲེལ་ཚད་རྣམ་གྲོལ་བདེ་བས་དབུགས་ཆེན་ཕྱུངས། །དེ་ཕྱིར་འདིས་ཀྱང་སྐལ་པ་བཟང་ལྡན་རྣམས། །འབད་མེད་གྲོལ་གཞིར་སྙེགས་པའི་བཙས་གྱུར་ནས། སྲིད་པའི་ཆུ་བཞིའི་འབྱུང་ཁུངས་རང་སར་ལྡོག །སྐུ་དང་ཡེ་ཤེས་སྣང་བ་རབ་རྒྱས་ཤོག །ཅེས་པའི་ཟབ་ཁྲིད་ཁྱད་པར་ཅན་འདིའི་ཡིག་ཆས་མ་ཕོངས་ཀྱང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབྱིག་གི་སྙིང་པོའི་བཅུད་དམ་པར་བཞུགས་སུ་གསོལ་བའི་ཆེད་དུ། བོད་ཁམས་གཉིས་ཀྱི་ཁྲིད་ཚུལ་ལས་གཙོ་ཆེ་བའི་ལེགས་བཤད་སྙིང་པོར་དྲིལ་ཏེ། རང་བཞིན་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་གཏད་མེད་ཀྱི་རྣལ་འབྱོར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).