Terdzo-ZI-027

From Rinchen Terdzö

རྟེན་གྱི་གཟུངས་གཞུག་སྒྲུབ་པའི་ཆོ་ག་དགེ་ལེགས་ནོར་བུའི་གཏེར་མཛོད་

rten gyi gzungs gzhug sgrub pa'i cho ga dge legs nor bu'i gter mdzod

by  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Jikdral Yeshe Dorje)
Volume 52 (ཟི) / Pages 361-380 / Folios 1a1 to 10b5

[edit]

༄༅། །རྟེན་གྱི་གཟུངས་གཞུག་སྒྲུབ་པའི་ཆོ་ག་དགེ་ལེགས་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་དངོས། ཁྱབ་བདག་བླ་མར་ཕྱག་བྱས་ཏེ། །རྟེན་གྱི་གཟུངས་སྒྲུབ་ཆོ་གའི་ཚུལ། །ཚད་མའི་གཞུང་བཞིན་འདིར་གསལ་བྱ། །དེའང་རྟེན་ལ་གཟུངས་འབུལ་བའི་ཚེ་ཐོག་མར་གཟུངས་སྒྲུབ་ལ་བརྩོན་པ་ཉིད་ཤིན་ཏུ་གལ་ཆེ་བར་གསུངས་ཤིང་དེའི་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུ་ཇི་ལྟར་མཛད་པ་བཞིན་འཇུག་བདེ་བཀླག་ཆོག་ཏུ་འགོད་པ་ལ་གཉིས། སྦྱོར་བ་དང་། དངོས་གཞི་འོ། །དང་པོ་ལ་གཉིས་ཀྱི། ཐོག་མར་བྱ་བའི་སྦྱོར་བ་ནི། གང་དུ་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བྱས་པའི་མདུན་དུ་ཀ་ཊོ་ར་སོགས་རིན་པོ་ཆེའི་སྣོད་གྲོས་བཀང་བའི་དབུས་སུ་སྲོག་ཤིང་ཉིད་མདུན་བསྟན་གྱིས་བརྟན་པར་བཙུགས་པའི་མཐར་གཟུངས་སྒྲིལ་རྣམས་དབུ་ཞབས་མ་ལོག་པར་འབུལ་དུས་ཀྱི་གོ་རིམ་དང་མཐུན་པར་བསྐོར་ཐབས་སུ་འགོད། སྐུ་རྟེན་བྲིས་འབུར། གླེགས་ བམ། སཱཙྪ། ཕྱག་མཚན། ཆོས་སྐྱོང་གི་བླ་རྡོ་སྲོག་རྟེན། ཀ་པཱ་ལ། གཏེར་བུམ་སོགས་ཡོད་ན་གཡས་གཡོན་མདུན་རྒྱབ་ཀྱི་སྟེགས་བུ་ཁེབས་ལྡན་ལ་སོ་སོའི་གོ་རིམ་བཞིན་འགོད་ཅིང་། གནོད་སྦྱིན་འཁོར་ལོའི་བཞུགས་སྣོད་ཟངས་དཀར་དངུལ་གཞོང་དཀར་ཡོལ་གང་འོས་མར་ཁུས་གཏམས་པའི་ཁར་མོ་འཁོར་སྟེང་དང་ཕོ་འཁོར་འོག་ཏུ་དབུ་མདུན་བསྟན་དུ་བྱས་པའི་ལྟེ་བའི་ཡི་གེ་ཁ་སྦྱར་བ་སྦྲང་རྩིས་མཐའ་སྦྱར་ལ། དར་སྐུད་སེར་པོས་རྒྱ་གྲམ་དུ་བཅིངས་པའི་མདུན་སྣེ་སྟེང་དུ་ཐོན་པའི་ཁུག་པར་གཟུངས་རྡོར་སེར་པོ་བཞག །ཚོགས་བདག་འཁོར་ལོ་ཡོད་ན་དེའི་འོག་ཏུ་འགོད། མཐར་རིན་ཆེན་འབྲུ་སྨན་དར་ཟབ་ས་རྡོ་ཤིང་རྩི་ཆུ་སྣའི་རིལ་བུ་ལྗོན་འབྲས་དྲི་བཟང་གི་ཕུར་མ་སོགས་མདོར་ན་ནང་གཞུག་ཏུ་འབུལ་བར་འོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བཀོད་ལ་མཐའ་མཆོད་པས་བསྐོར། ཕུགས་ལོགས་སུ་བདག་བསྐྱེད་ཀྱི་མཆོད་པ་དང་། ཆོས་སྐྱོང་གནོད་སྦྱིན་ཚོགས་བདག་རྣམས་ཀྱི་མཆོད་གཏོར། ཉེར་ལྔའི་བཅུད་ལྡན་གྱི་ཁྲུས་བུམ། རབ་གནས་ཀྱི་མེ་ཏོག །སྤོས་དང་རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ནི། སློབ་དཔོན་གྱིས་བསྙེན་པ་སྔོན་དུ་སོང་བའི་ཡི་དམ་གང་ཡིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། རྣམ་འཇོམས་སམ་སྨེ་བརྩེགས་ཀྱི་བསྐྱེད་བཟླས་བྱས་ལ་ཁྲུས་བུམ་བསྒྲུབ། སྦྱོང་ཆས་འདུ་བྱས་ལ་ཞི་དྲག་གི་སྦྱོང་བའི་སྐབས། དེང་འདིར་མི་མཐུན་པའི་ཚོགས་སྦྱོང་ཞིང་། ལེགས་པའི་ཚོགས་སྤེལ་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་ཅེས་ཁ་བསྒྱུར་བས་བགེགས་བསྐྲད། ཏིལ་སྦྱོང་། ཁྲུས་གསོལ་རྒྱས་པ་བཅས་རབ་གནས་ཀྱི་སྐབས་བཞིན་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལའང་གཉིས། སྤྱིར་རབ་ཏུ་གནས་པ་དང་། བྱེ་བྲག་གཟུངས་སྒྲུབ་དངོས་སོ། །སྔ་མ་ལ་དགུ་ལས། དང་པོ་རྟེན་བསྐྱེད་པ་ནི། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐུ་རྟེན་བྲིས་འབུར་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གསུང་རྟེན་གཟུངས་སྒྲིལ་དང་གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཱཾ་ལས་པདྨ་ཨཱཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐུགས་རྟེན་སཱཙྪ་དང་ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཡོན་ཏན་ནོར་ལྷའི་རྟེན་དང་དར་གོས་རིན་ཆེན་རྒྱན་ཆས་སོགས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྲིན་ལས་ཆོས་སྐྱོང་གི་རྟེན་དང་རོལ་མོ་གོ་ཆ་སོགས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་དང་འོད་ཟེར་མཐའ་ཡས་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པ་འོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། གཉིས་པ་སྤྱན་དྲང་བ་སོགས་ནི། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། སུམྦྷ་ནི་བཟླ་ཞིང་ཕྱིར་འབྲངས་ཀྱི་བགེགས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །གསུམ་པ་དགུག་གཞུག་བྱ་བ་ནི། སོ་སོའི་ཕྱག་རྒྱ་བཅིང་སྟེ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོཿ བཞི་པ་རྒྱས་གདབ་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་ལ། གནས་བྱའི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པས་རྒྱས་བཏབ་པར་གྱུར། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱཿས་མཚན་པས་རྒྱས་བཏབ་པར་གྱུར། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྔ་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ་ཞིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་པ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ཨོཾ་ཏྲུཾ། ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ །ཨོཾ་བཛྲ་ཏུཥྱ་ཧོཿ ཞེས་ཐལ་མོས་མཉེས་པར་བྱའོ། །དྲུག་པ་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། ཞེས་སྦྱར་བ་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ། རྣམས་བཅུག་པས་མཆོད། བདུན་པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། བརྒྱད་པ་སྤྱན་དབྱེ་ཞིང་རྟེན་སྒྱུར་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་དབྱེ། རྡོ་རྗེ་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བར་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས། ཡིག་བརྒྱ་ལ་ཧཱུྃ་ཕཊ་སྦྱར་བ་ལན་གསུམ་དང་། ལྷ་ཚོགས་རྣམས་འོད་དུ་ཞུ་བ་རྟེན་སོ་སོའི་རྣམ་པར་གྱུར་པར་བསམ་མོ། །དགུ་པ་བརྟན་བཞུགས་ཤིས་པ་བརྗོད་པས་མངའ་གསོལ་བ་ནི། ཨོཾ་སུ་པྲ་ཏིཥྛ་དང་། ཡེ་དྷརྨ་མང་དུ་བཟླས་ནས། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་བརྟན་བཞུགས་དང་། ཕུན་སུམ་ཚོགས་པའི་ཤིས་བརྗོད་བཅས་བྱའོ། །སྐབས་འགའ་ཞིག་ཏུ་རབ་གནས་ཀྱི་ཚུལ་ཆོ་ག་བསྡུས་པའི་སྒོ་ནས་བསྒྲུབ་པར་འདོད་ནའང་འདི་ཙམ་བགྱིས་པས་ཀྱང་དོན་འགྲུབ་པ་ཡིན་ནོ།། ༈ །།གཉིས་པ་བྱེ་བྲག་གཟུངས་སྒྲུབ་དངོས་ནི། གཟུངས་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པས། དབུས་སུ་སེང་ཁྲི་པདྨ་ཉི་ཟླར་བུདྡྷའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དཀར་པོ་འོད་ཟེར་འབར་བ། ཤར་དུ་གླང་པོའི་ཁྲི་དང་པདྨ་ཉི་ཟླར་རྡོ་རྗེའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་སྔོན་པོ་འོད་ཟེར་འབར་བ། ལྷོར་རྟ་མཆོག་གི་ཁྲི་དང་པདྨ་ཉི་ཟླར་རིན་ཆེན་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་སེར་པོ་འོད་ཟེར་འབར་བ། ནུབ་ཏུ་རྨ་བྱའི་ཁྲི་དང་པདྨ་ཉི་ཟླར་པདྨའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དམར་པོ་འོད་ཟེར་འབར་བ། བྱང་དུ་ཤང་ཤང་གི་ཁྲི་དང་པདྨ་ཉི་ཟླར་ལས་ཀྱི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་ལྗང་གུ་འོད་ཟེར་འབར་བ། དམ་ཚིག་པའི་ངོ་བོར་གསལ་བར་གྱུར། བདག་དང་མདུན་རྟེན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཡིག་འབྲུ་ས་བོན་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ནས་ཐིམ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱང་གཟུངས་སོ་སོའི་རྣམ་པར་བྱོན་ནས་དེ་དག་ལ་ཞུགས་པར་བསམ་ཞིང་། གཟུངས་པར་གང་བཞུགས་ཀྱི་གཟུངས་རྣམས་ཚར་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་དང་། བརྟན་བཞུགས་ཤིས་བརྗོད་རྣམས་གོང་ལྟར་བྱའོ།། ༈ །།གཉིས་པ་ཞར་བྱུང་གནོད་སྦྱིན་འཁོར་ལོ་བསྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་ར་གུར་བླ་བྲེ་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ། བཾ་དང་ཛཾ་ཡོངས་སུ་གྱུར་པ་ལས་ནོར་རྒྱུན་མ་དང་ཛམྦྷ་ལ་གཙོ་འཁོར་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི། ཐམས་ཅད་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཀུན་གྱི་ཕྱག་གཡས་བི་ཛ་པཱུ་ར་ཀ་འཛིན་ཅིང་། ཡུམ་རྣམས་ཀྱི་གཡོན་པས་འབྲས་ཀྱི་སྙེ་མ་དང་། ཡབ་རྣམས་ཀྱི་གཡོན་པས་ནེའུ་ལེ་བཙིར་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་ཤམ་ཐབས་མཛེས་པར་གསོལ་བ། ཞབས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའི་ཞབས་འོག་ན་གསེར་གྱི་པདྨ་དང་གཏེར་མནན་པ། ལྷ་མོ་རྣམས་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བར་གྱུར་པའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཱ་སུ་དྷཱ་རི་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་སོགས་ཀྱིས་མཆོད། འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་མུན་པའི་རུམ། །ཐུགས་རྗེ་ཉི་མའི་འོད་ཀྱིས་བསལ་མཛད་པ། །ནོར་རྒྱུན་ལྷ་མོ་ཨཱརྻ་ཛམྦྷ་ལ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡུམ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་བཾ་ཡིག་དང་། ཡབ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་ཛཾ་ཡིག་གི་མཐར་རང་རང་གི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་དྲངས་ཏེ་འོད་དུ་ཞུ་ནས། སྦྱིན་པའི་བདག་པོ་དང་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐིམ་པས་དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་འབྱོར་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཱ་སུ་དྷཱ་རི་ཎི་ཡཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟྱཱེ་ཡཻ་སྭཱ་ཧཱ། ཨོཾ་དཱ་ཏཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བཱི་ཡཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏཱི་ཡཻ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་དྷ་ནཾ་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀེ་ལི་མཱ་ལི་ནཱ་སྭཱ་ཧཱ། ཨོཾ་པི་ཙུ་ཀུཎྜ་ལཱི་ནཱ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙརེྱནྡྲཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་དང་རྟེན་སྙིང་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཱ་སུ་དྷཱ་རི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་སོགས་ལན་གསུམ་རེས་གཏོར་མ་ཕུལ། གོང་ལྟར་མཆོད་ཅིང་བསྟོད་ནས། ནོར་རྒྱུན་མ་ཡབ་ཡུམ་གཙོ་འཁོར་རྣམས་སྒྲུབ་གཞི་ལ་བརྟན་པར་བཞུགས་ནས་རྟེན་རྣམས་ལ་མཆོད་པ་དང་སྦྱིན་པའི་བདག་པོའི་གཙོས་སེམས་ཅན་ཐམས་ཅད་ལ་དཔལ་འབྱོར་རྒྱ་ཆེན་པོ་རྒྱུན་མི་ཆད་དུ་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ནོར་རྒྱུན་མ་ཡབ་ཡུམ་གཙོ་འཁོར་རྣམས་འོད་དུ་ཞུ་ནས་འཁོར་ལོའི་རྣམ་པར་གྱུར། ༈ ཚོགས་བདག་འཁོར་ལོ་ཡོད་ན་སྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བཻ་ཌཱུརྱའི་བྲག་རི་བརྩེགས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བྱི་བ་སྔོན་པོ་མགོ་གཡས་སུ་བསྟན་པའི་སྟེང་དུ་གཾཿཡོངས་སུ་གྱུར་པ་ལས་ཚོགས་ཀྱི་བདག་པོ་སྐུ་མདོག་དམར་པོ་གླང་པོ་ཆེའི་གདོང་པ་ཅན་རལ་པའི་ཐོར་ཅོག་ལ་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། རྟེན་འབྲེལ་གྱི་ཕྱག་གཡས་པ་རྣམས་ན་དགྲ་སཏྭ། མདའ་ཆེན། ལྕགས་ཀྱུ། རྡོ་རྗེ། རལ་གྲི། འཕང་མདུང་། གཡོན་པ་རྣམས་སུ། གཏུན་ཤིང་། གཞུ། ཁ་ཊྭཱཾ་ག །ཁྲག་གིས་གང་བའི་ཐོད་པ། ཤ་ཆེན་གྱིས་གང་བའི་ཐོད་པ། ཕུབ་དང་བ་དན་བརྟེན་ནས་འཛིན་པ། དར་གྱི་ཤམ་ཐབས་དང་རིན་པོ་ཆེའི་ཕྲེང་བ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། རང་བཞིན་དག་པ་བྱང་ཤར་ཕྱོགས་མཚམས་ནས། །ཐུགས་རྗེ་ཆེན་པོ་ཚོགས་བདག་སྐུར་སྤྲུལ་པ། །མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པའང་གོང་ལྟར་བརླབ་ནས། ཨོཾ་ག་ཎ་པ་ཏིཿཨརྒྷཾ་སོགས་ཀྱིས་མཆོད། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་ཅན། །འགྲོ་རྣམས་དབུལ་ཕོངས་སེལ་ཕྱིར་ནོར་ལྷར་སྤྲུལ། །དགོས་འདོད་སྩོལ་ཕྱིར་གསེར་གྱི་ཁྲི་ལ་བཞུགས། །ནོར་གྱི་འབྱུང་གནས་ཁྱོད་ལ་བདག་བསྟོད་དོ། །ཞེས་བསྟོད། ཚོགས་བདག་གི་ཐུགས་ཀར་ཉི་མའི་གདན་ལ་གཾཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། སྦྱིན་པའི་བདག་པོའི་གཙོས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐིམ་པས་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿག་ཎ་ཧཱུྃ་སྭཱ་ཧཱ། ཞེས་དང་། ཨོཾ་གཾཿག་ཎ་པ་ཏིཿཡ་དཱ་ན་པ་ཏི་ས་པ་རི་ཝཱ་ར་བཱ་སུ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་ཨ་དུ་ཤ་མ་ཛ་ཏ་ག་ཏ་པི་ཏ་ཨཱ་ཀརྵཱ་ཡ་དཱ་ན་བཱ་སུ་ཨཱཿཡུ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ག་ག་ག་ག་ག །ཞེས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་དང་རྟེན་སྙིང་བརྗོད། གཏོར་མ་སྔར་ལྟར་བརླབ། ཚོགས་ཀྱི་བདག་པོས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ག་ཎ་པ་ཏིཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། མཆོད་ཅིང་བསྟོད། ཚོགས་ཀྱི་བདག་པོ་སྒྲུབ་གཞི་འདི་ལ་བརྟན་པར་བཞུགས་ནས་རྟེན་ལ་མཆོད་པ་དང་སྦྱིན་པའི་བདག་པོའི་ཐོག་དྲངས། བདག་སོགས་སེམས་ཅན་ཐམས་ཅད་ལ་དཔལ་འབྱོར་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཚོགས་ཀྱི་བདག་པོ་འོད་དུ་ཞུ་ནས་བྲིས་པའི་འཁོར་ལོའི་རྣམ་པར་གྱུར། ༈ བུམ་རྫས་ཉེར་ལྔའམ་སུམ་ཅུ་བྱིན་གྱིས་རློབ་པའི་སྔགས་ལས། སྨན་ལྔ་ལ། ཨོཾ་པཉྩ་བྷེ་ཥ་ཛྱེ་ཨཱཿཧཱུྃ། དྲི་ལྔ་ལ། ཨོཾ་པཉྩ་གནྡྷེ་ཨཱཿཧཱུྃ། རིན་ཆེན་ལྔ་ལ། ཨོཾ་པཉྩ་རཏྣ་ཨཱཿཧཱུྃ། འབྲུ་ལྔ་ལ། ཨོཾ་པཉྩ་བེ་ག་ཨཱཿཧཱུྃ། སྙིང་པོ་ལྔ་ལ། ཨོཾ་པཉྩ་གརྦྷཱ་ཨཱཿཧཱུྃ། བདུད་རྩི་ལྔ་ལ། ཨོཾ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ། ཞེས་པ་རྣམས་ཅི་རིགས་བཟླ། བང་མཛོད་ཀྱི་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྡན་པའི་ལྷ་རྫས་ཕུན་སུམ་ཚོགས་པ་རྟེན་ལ་མཆོད་པ་དང་། སྦྱིན་པའི་བདག་པོའི་གཙོས་བདག་སོགས་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་ཡོ་བྱད་ཟད་མི་ཤེས་པ་རྒྱུན་མི་ཆད་དུ་འབྱུང་བའི་གཏེར་ཆེན་པོར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། རྟེན་སྙིང་ཅི་འགྲུབ་བཟླས་ཏེ་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གཞན་ཡང་རྩ་གསུམ་ཆོས་སྐྱོང་ནོར་ལྷའི་སྲོག་འཁོར། གྭའུ། ཐོད་པ། གཏེར་བུམ་སོགས་གང་ཡོད་རྣམས་སོ་སོའི་གཞུང་བཞིན་ཚད་ལྡན་དུ་བསྒྲུབས་ཏེ་བརྟན་བཞུགས་བྱ་བ་ལས་སྒྲུབ་པ་མ་བྱས་པར་གཟུངས་གཞུག་ཏུ་འཇོག་མི་བཏུབ་ཅིང་ཕན་གནོད་གང་ཡང་མེད་ལ། སྔོན་གྱི་ཆོས་རྒྱལ་ཡོན་མཆོད་དང་གང་ཟག་སྐྱེས་ཆེན་རྣམས་ཀྱིས་དགེ་འདུན་ཚད་ལྡན་མང་པོའི་འདུ་ཚོགས་དང་བཅས་ཟླ་བ་སྦྲེལ་མར་གཟུངས་སྒྲུབ་མཛད་པས་རྒྱལ་ཁམས་སུ་ལོ་གྲངས་མང་པོའི་བར་དུ་སྣོད་བཅུད་ཀྱི་དགེ་མཚན་ཕུན་ཚོགས་མཐོང་ཆོས་སུ་བྱུང་བའི་ལོ་རྒྱུས་ཚད་མར་སྣང་བ་ལྟར་གལ་ཆེ་ཞིང་། དེ་ཙམ་ནུས་པས་མ་ལྕོགས་ཀྱང་ཞག་བདུན་ནམ་ཉིན་གསུམ་གྱིས་མཐའ་རྟེན་པ་ཙམ་དུ་སྒྲུབ་པ་ནི་མ་བྱུང་ཐབས་མེད་ཡིན་ནོ། །དེ་ལྟར་གཟུངས་སྒྲུབ་གྲུབ་མ་ཐག་ཏུ་གཟུངས་འབུལ་གྱི་བྱ་བ་ལ་འཇུག་ཅིང་། གཟུངས་འབུལ་ཟིན་མ་ཐག་པར་རབ་གནས་འགྲུབ་པ་ཞིག་དགོས་པས། སྤྱིར་བཏང་བསླབ་བཏུས་སོགས་མདོ་ལུགས་དང་མཐུན་པའི་རབ་གནས་བསྡུས་པ་ནི། རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབ། མེ་ཏོག་ཐོགས་པས་འགྲེངས་ཏེ་དཀོན་མཆོག་གསུམ་གྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ལྡན་པས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་བྱོན་ནས་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད་ཅིང་གནས་བྱའི་སྔགས་དང་རྟེན་སྙིང་མང་དུ་བཟླས་ལ་སྤོས་དང་རོལ་མོ་བཅས་པས་མེ་ཏོག་གི་ཆར་དབབ། བཟང་སྤྱོད་ནས་འབྱུང་བ་བཞིན་ཡན་ལག་བདུན་པ་ཕུལ་ཞིང་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ནས་སླར་ཡང་ཆོ་གའི་གཟུགས་བརྙན་ཙམ་མིན་པའི་ཕུན་ཚོགས་ལྔ་ལྡན་གྱི་སྒོ་ནས་སྔགས་ལུགས་ཀྱི་རབ་གནས་རྒྱས་པར་མཛད་དེ་གྲོལ་བ་བཞི་ལྡན་དུ་བསྒྲུབ་པར་བྱའོ། །རྟེན་མཆོག་རིང་བསྲེལ་སྙིང་པོ་རུ། །སྒྲུབ་པའི་ཐབས་ཚུལ་འཇུག་བདེའི་སྐྱེས། །ལྷག་པའི་བསམ་པས་བསྡེབས་འདིས་ཀྱང་། །ཀུན་ལ་སྨན་པའི་དཔལ་གྱུར་ཅིག །ཅེས་པའང་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་གྱི་རི་བོ་གླང་ཆེན་འགྱིང་འདྲའི་སྤྱི་གཙུག་ཏུ་འོག་མིན་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྒྲུབ་པའི་ཚེ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེའི་ངག་འདོན་བཀླག་ཆོག་ཏུ་བསྡེབས་པ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).