Terdzo-ZHI-027

From Rinchen Terdzö

ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་

sha za mkha' 'gro mched gsum gyi srog gtad thun mong ma yin pa DA ki'i thugs bcud

by  ཀརྨ་བསྟན་འཛིན་ཕྲིན་ལས་ (Karma Tendzin Trinle)
revealed by  ཀརྨ་བསྟན་འཛིན་ཕྲིན་ལས་ (Karma Tendzin Trinle)
in cycle  ཆགས་སྤྲུལ་དབྱུག་གུ་ལྷ་མོ་མཆེད་གསུམ་ (Chags sprul dbyug gu lha mo mched gsum)
Volume 51 (ཞི) / Pages 309-325 / Folios 1a1 to 9a4

[edit]

༄༅། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་བཞུགས་སོ། ། ཤྲཱི་ཧེ་རུ་ཀ་གུ་ཧྱ་པ་ཏི་ན་མ། འདིར་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་མཆེད་གསུམ་གྱི་རྗེས་གནང་དང་བཀའ་གཏད་ཟབ་མོ་བྱེད་པ་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་སྟེགས་བུ་བཟང་གོས་ཀྱིས་བཀླུབས་པར། མཎྜལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ལྷ་ཡི་ཁ་དོག་དང་མཐུན་པའི་ཚོམ་བུ་བཀོད་པར་གཏོར་མ་དཀར་གསུམ་གྱིས་བརྒྱན་པར་ཙཀ་ལི་དར་གདུགས་དང་ལྡན་པ་བཤམ། སྔགས་བླ་རྡོ། སྲོག་འཁོར་སྤྱི་བྱེ་བྲག །ཕྱག་མཚན། ཁ་ཟས་སྣ་ཚོགས་ཀྱིས་ཕྱུར་བུར་བཀང་བའི་གཞོང་པ། དར་ཟབ་སྣ་ཚོགས། རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ། མཆོད་གཏོར་བཟང་པོ་རྒྱན་ལྡན། ཉེར་སྤྱོད། དབང་རྫས། གསེར་སྐྱེམས། ཌཱ་དྲིལ་འཐོར་ནས་སོགས་འདུ་བགྱིས། རང་ལྷའི་རྣལ་འབྱོར་ལ་གནས་པའི་བཟླས་པ་དང་། སྒྲུབ་ཐབས་དངོས་གྲུབ་གཏེར་འབྱུང་ངམ་རྒྱས་བསྡུས་གང་རུང་། སྔགས་གསུམ་སྤྱི་བྱེ་བྲག་བརྒྱ་སྟོང་ངམ་གང་འགྲུབ། གཏོར་འབུལ་བཅས་གྲུབ་ཟིན་ནས། སྙིང་འདྲའི་སློབ་མ་དམ་ལྡན་གཞན་དོན་སེམས་པ་ལ་དབང་བསྐུར་ཚེ་སྐབས་འདིར་བསྐང་གསོལ་བརྒྱ་རྩ་བརྒྱད་ཀྱི་གྲངས་འགྲོ་ངེས་བྱེད། དེ་ལྟར་མ་ཡིན་ན་ཚར་ལྔ་བདུན་གསུམ་སོགས་རིགས་པས་དཔག །ལས་བུམ་བསྒྲུབ། དེ་ནས་གཉིས་པ་དངོས་གཞི་དབང་བསྐུར་བ་དངོས་ལ། དམ་ལྡན་སློབ་མ་གསུམ་ལས་མི་མང་བ་གྲལ་དུ་འཁོད། ཁྲུས་དང་མེ་ཏོག་བཀྱེ། སྔོན་འགྲོ་བགེགས་བསྐྲད་སྲུང་འཁོར་སོགས་གྲུབ་ནས། མཎྜལ་ཕུལ་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་མཆེད་གསུམ་གྱི་རྗེས་སུ་གནང་བ་ཟབ་མོ་བྱེད་པ་ལ། ཐོག་མར་ལོ་རྒྱུས་ཅུང་ཟད་མ་བཤད་ན་དབང་གི་ས་བཅད་མི་ཚང་ཞིང་། སློབ་མ་ངེས་ཤེས་དང་སྤྲོ་བ་མི་སྐྱེ། གོ་དོན་མི་འཕྲོད་པས་ཅུང་ཟད་ཞུ་ན། རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་འཁོར་རྣམ་པ་བཞི་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་ཚེ། ཁྱིམ་གྱི་བདག་པོ་ལོངས་སྤྱོད་འབྱོར་པས་ཕྱུག་ཅིང་དད་པའི་དཔལ་གྱིས་མངོན་པར་མཛེས་པ་ཞིག་གིས་གདུགས་ཚོད་ལ་སྤྱན་དྲངས་ནས་རིན་པོ་ཆེའི་ཁྲི་བཤམས་པ་ལ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ཀྱི་དབུས་སུ་མེ་ཏོག་མཉྫུ་ཤཱི་ཀའི་སྡོང་པོ་ཡལ་འདབ་རྒྱས་པའི་ཟེའུ་འབྲུར། ལྷ་མོ་སྔོན་མོ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན་གསུམ་བྱུང་སྟེ། དམ་པའི་ཆོས་སྒྲུབ་པ་རྣམས་ཀྱི་དབུལ་ཕོངས་སེལ་བར་ཁས་བླངས་ཤིང་དམ་བཅས། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོའི་འཚོ་བ་སྤེལ་བའི་ལྷར་བྱིན་གྱིས་བརླབས་ནས། རྣམ་པར་མི་རྟོག་པའི་གཟུངས་དང་རྟོག་པ་སོགས་གསུངས་སོ། །དེ་ལྟར་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་འཇིག་རྟེན་པའི་ཚུལ་དང་མཐུན་པར་བསྟན་པ་སྲུང་ཞིང་ཕྲིན་ལས་སྒྲུབ་པར་སྨོན་ལམ་གྱི་དབང་གིས་སྐྱེ་བ་ཇི་ལྟར་བཞེས་ཞེ་ན། རྒྱ་གར་ཡུལ་གྱི་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ཆེན་པོར་ཤ་ཟ་ལས་ཀྱི་མཁའ་འགྲོ་མཆེད་གསུམ་མི་བསྲུན་སྟོབས་དང་ལྡན་པའི་གཟུགས་སུ་འཁྲུངས་ནས་མ་མོ་མཁའ་འགྲོ་འབུམ་ཕྲག་དུ་མའི་འཁོར་དང་བཅས་ཏེ་དུར་ཁྲོད་ཆེན་པོའི་ཤིང་གཅིག་གི་དྲུང་དུ་དངོས་སུ་བཞུགས་སོ། །བཞུགས་ནས་ཀྱང་ཆོས་མཛད་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་ཆར་ལྟར་འབེབ་པ་དང་། བསྟན་པ་རིན་པོ་ཆེ་སྲུང་བའི་ལས་ལ་བརྩོན་ཞིང་། དམ་ཚིག་དང་ལྡན་པའི་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་ཕྲིན་ལས་མཐའ་དག་ཐོགས་པ་མེད་པར་སྒྲུབ་པ་ལ་ལྷ་གཞན་ལས་མྱུར་ཞིང་ཁྱད་པར་འཕགས་པའོ། །དེ་ལྟ་བུའི་དབང་གི་ལྷ་མོ་མཆེད་གསུམ་པོ་འདི་ནི་ཕྱི་དུར་ཁྲོད་ཀྱི་ཤ་ཟ་ལས་ཀྱི་མཁའ་འགྲོ་མ་མཆེད་གསུམ་མམ། ལྷ་མོ་ཀུན་འཁྱིལ་མ་ཞེས་གྲགས་ཤིང་། ནང་ལྟར་ན་རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། གསང་བ་ལྟར་ན་རྒྱལ་བ་སྐྱེད་པའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་ཐ་མི་དད་ཅིང་། དོན་དམ་པར་ཀུན་ཏུ་བཟང་མོ་དང་དབྱེར་མི་ཕྱེད་པ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ནམ་མཁའ་ལྟར་འཁོར་འདས་ཀུན་ལ་ཁྱབ་ཅིང་འཕོ་འགྱུར་མེད་པའོ། །འདིའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྣམ་པར་མི་རྟོག་པའི་གཟུངས་དང་རྟོག་པ་རྒྱས་པར་བརྗོད་པ་དང་། ཤ་ཟ་མ་རིག་པ་འཛིན་པ་རྟོག་པའི་རྒྱུད་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་དང་འགྲེལ་པ། འབྱུང་པོ་འདུལ་བྱེད་ལ་བརྟེན་པའི་སྒྲུབ་ཐབས་ཀྱང་མཛད་པ་ཡོད་དེ། སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད་ཅིང་སྒྲུབ་ཐབས་ལས་ཚོགས་སོགས་གཏེར་དུ་སྦས་པ། སྣ་ཚོགས་རང་གྲོལ་དང་ལ་ལཱི་ཏ་བཛྲ་གྱིས་གཏེར་ནས་བཏོན་པ་ཉེ་བརྒྱུད་དང་། ཡང་གསང་བདག་ཕྱག་ན་རྡོ་རྗེ། ཇོ་བོ་རྗེ། ཨ་མེས་ཆེན་པོ། སྣེ་ཟུར་པ། རྒྱ་ལྕགས་རི་གང་དཀར་བ། དྭགས་པོ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན་ནས་བརྒྱུད་པ་དང་། ཛཾ་དཀར་གྱི་ལས་ཚོགས་སུ་གསུངས་པ་སོགས་མན་ངག་ལས་ཚོགས་མང་ཞིག་འབྱུང་ཞིང་། གསར་མ་རིང་བརྒྱུད་ནི། བཅོམ་ལྡན་འདས་ཀྱིས་འཕགས་པ་འཇམ་དཔལ་ལ་གནང་། དེས་སློབ་དཔོན་ཀླུ་སྒྲུབ་ལ། དེས་ཐུགས་སྲས་པཎྜི་ཏ་མ་གྲུབ། དེ་ནས་བུདྡྷ་ཛྙཱ་ན། ཁ་ཆེ་རཏྣ་བཛྲ། ཁ་ཆེ་རཏྣ་ཀིརྟི། བླ་མ་རྡོ་རྗེ་གདན་པ། ཉེ་བརྒྱུད་ནི། བཅོམ་ལྡན་འདས། ཨཱརྱ་མཉྫུ་ཤྲཱི། ཛེ་ཏཱ་རི་པ་དགྲ་ལས་རྣམ་རྒྱལ། བླ་མ་རྡོ་རྗེ་གདན་པ། དེ་ནས་གཉིས་ཀ་འདྲ་བར་བ་རི་ལོ་ཙཱ་བ་ལ་གནང་། བ་རི་པ་ཚུར་བོད་དུ་བྱོན་དུས་རྡོ་རྗེ་གདན་པ་ཆེན་པོས་རྒྱང་རིང་དུ་སྐྱེལ་མ་མཛད་ནས། བུ་ཁྱོད་བོད་དུ་འགྲོ་བ་ལ། ཁ་བ་ཅན་ཞེས་བྱ་བ་ཤིན་ཏུ་བཀྲེས་ཤིང་འབྱོར་པ་ཆུང་བ། སྙིང་རུས་དང་དད་པ་ཆུང་ཞིང་སྒྲུབ་པའི་རྟགས་དང་ཡོན་ཏན་ཐོན་པ་དཀོན་པས། སྒྲུབ་མི་དགོས་ཤིང་ཚེགས་ཆུང་ལ་དོན་ཆེ་བ། བཟའ་བཏུང་ལོངས་སྤྱོད་ཀྱིས་ཉོན་མི་མོངས་པའི་གདམས་པ་ཁྱད་པར་ཅན་ཡོད་པས་སྦྱིན་གྱིས་འདི་ཁྱོད་ཀྱི་ལམ་རྒྱགས་གྱིས་ལ། ཁ་བ་ཅན་དུ་ཆོས་སྒྲུབ་པ་པོ་རི་ཁྲོད་འགྲིམ་པ། དཀའ་ཐུབ་ཀྱིས་དུབ་པ། འབྱོར་པ་ཆུང་བ་རྣམས་ལ་རྒྱགས་ཕྱིར་སྤེལ་ཅིག །འདི་ནི་ཤ་ཟ་མོ་དབང་གི་ལྷ་དངོས་གྲུབ་གཏེར་གྱི་བདག་མོ་ཡིན་པས་ལོངས་སྤྱོད་འབྱོར་པ་སྤེལ་བ་ལ་ཕྲིན་ལས་གློག་ལྟར་མྱུར་བ་ཡིན་ནོ། ཁྱད་པར་ཟས་ཟ་ཁར་ཆངས་བུ་གསུམ་རེ་མ་ཆག་པར་ཕུལ་ན་རྣལ་འབྱོར་པ་འཚོ་བས་ཕོངས་མི་སྲིད་གསུངས་ནས་གནང་ངོ་། །ལོ་ཙཱ་བ་ནས་ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། དྷརྨ་རཱ་ཛ་སོགས་ལས་བརྒྱུད་དེ། ས་སྐྱའི་གསེར་ཆོས་ཀྱི་གྲལ་ཤིན་ཏུ་བཀའ་རྒྱ་ཆེ་ཞིང་ལྕགས་རིའི་ཕྱིར་མི་འདའ་བའི་ཟབ་ཁྱད་ཡིན་སྐད། དེ་ལྟར་གསར་རྙིང་བཀའ་གཏེར་དུ་མ་ལས་བརྒྱུད་པའི་གདམས་པ་ཅི་རིགས་པ་ནོད་པས་བྱིན་རླབས་གཅིག་ཏུ་འདུས་པ་ཡིན་ལ། དབང་དངོས་འདི་ནི། བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་སྐབས་རྟེན་འབྲེལ་ལེགས་ཚོགས་བཟང་པོ་ཞིག་བྱུང་བ་དང་མཉམ། དབང་གི་ལྷ་མོ་ཆེན་མོས་ཉམས་ཀྱི་སྣང་བར་བཀའ་བབས་བརྒྱུད་པ་ཉེ་བའི་གནད་དོན་ཁྱད་པར་ཅན་བྱུང་བས་ཡིག་ཆ་གསར་དུ་བཀོད་པ་ཡིན་ཞིང་། ལྷ་གཞན་གྱི་དབང་དང་སྲོག་གཏད་ཀྱིས་རྒྱས་འགེབ་འོལ་བཟོ་ཁ་སྒྱུར་སོགས་ལ་མིང་མང་པོ་གཏགས་པའི་གདམས་པ་ཟབ་ཁྱད་མན་ངག་སྙན་བརྒྱུད་ཟེར་བ་དེ་འདྲ་ནི་ཁོ་བོས་མ་བྱས་ལ། སྔོན་ནས་སྨོན་ལམ་འབྲེལ་བའི་དབང་གིས་དངོས་ཉམས་རྨི་ལམ་གྱི་སྐབས་སུ་ལེགས་ཉེས་བཟང་ངན་བརྡའ་དང་གཟུགས་ཀྱི་སྒོ་ནས་ལུང་སྟོན་པ་དང་། སྔགས་ཅུང་ཟད་བཟླས་པས་དངོས་རྟགས་མྱུར་དུ་མྱོང་བས་གྲུབ་ཅིང་། ཧ་ཅང་སྒྲུབ་པ་ལས་སྦྱོར་དུས་རྟགས་བསྙེན་ཚད་རྫོགས་པ་ནི་མ་བྱས་ཤིང་། ཆོས་མཐུན་འབྱོར་པ་སྤེལ་བ་དང་འཚོ་བའི་ཆ་རྐྱེན་དུ་སྐབས་འགར་གཏོར་ཆོག་དང་སྔགས་བརྒྱ་རྩ་རེ་བགྲང་པའོ། །འདི་ནི་ངོ་བོ་ཡེ་ཤེས་པ་བྱང་ཆུབ་སེམས་མའི་ཚུལ་ཏེ། སྒྲུབ་ཅིང་མཆོད་པ་དང་གསོལ་བ་བཏབ་པས་ས་དང་ལམ་གྱི་ཡོན་ཏན་ཉམས་རྟོགས་ཐམས་ཅད་རྩོལ་མེད་དུ་སྐྱེ་ཞིང་མཆོག་གི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །རྣམ་པ་འཇིག་རྟེན་པའི་ཚུལ་རྣོ་མྱུར་ཆེ་ཞིང་། ལོངས་སྤྱོད་འབྱོར་པ་ཆེས་ཆེར་འཕེལ་བ་དང་། ཇི་ལྟར་འདོད་པ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་སྟེ། གཞུང་ལས། སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་ལྟ་བུའི་དབང་བསྐུར་སྲོག་གཏད་ཐུན་མོང་མ་ཡིན་པ་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་ཧེ་རུ་ཀ །ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན། །བདག་ལ་གསན་ཅིང་དགོངས་སུ་གསོལ། །རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ལ། །མཐུན་རྐྱེན་འབྱོར་པ་སྤེལ་བའི་ཕྱིར། །ནོར་བདག་ལྷ་མོ་མཆེད་གསུམ་གྱི། །དབང་བསྐུར་རྗེས་སུ་གནང་བ་དང་། །བཀའ་གཏད་བདག་ལ་བསྩལ་དུ་གསོལ། །ལན་གསུམ་གསོལ་བ་བཏབ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ལ་དབང་བསྐུར་སྦྱིན་པ་ན། །སློབ་དཔོན་མི་བཀུར་རང་ཆེ་འབྱིན། །མཁའ་འགྲོའི་དམ་ཚིག་མི་བསྲུང་ཞིང་། །བསྟན་པའི་སྤྱི་སེམས་ཆུང་བ་དང་། །རང་དོན་ཁོ་ནར་སེམས་པ་ན། །འདི་ཉིད་སྤེལ་བའི་གནས་མེད་པས། །དེ་ཕྱིར་ཁྱོད་ཀྱིས་དྲང་པོར་སྨྲོས། །ཞེས་གསུངས་པའི་ལན་དུ། བདག་ནི་དམ་ལྡན་སྒྲུབ་པ་པོ། །བསྟན་པ་རིན་ཆེན་སྙིང་ལ་འཆང་། །བླ་མའི་བཀའ་བསྩལ་ཚུལ་བཞིན་སྒྲུབ། །དམ་ཚིག་སྲུང་ཞིང་སྒྲུབ་ལ་བརྩོན། །དེ་ཕྱིར་རྗེས་སུ་གནང་བ་ཞུ། །བརྩེ་བ་ཆེན་པོས་གཟུང་དུ་གསོལ། །ཞུ། དེ་ལྟར་ཡིན་ན་དབང་བསྐུར་སྦྱིན། །དངོས་གྲུབ་ཆེན་པོ་ཁྱོད་ཀྱིས་ཐོབ། །དགའ་ཞིང་སྤྲོ་བ་སྐྱེད་མཛོད་ཅིག །དམ་ཚིག་གཉན་པོ་སྲུང་བར་གྱིས། །ཞེས་གནང་བ་བྱིན་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། ལས་བུམ་ཆུས་སློབ་མ་བསང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་སོགས། ཨོཾ་སྭཱ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ར་གུར་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་ཉི་མའི་གདན་ལ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་གཏུམ་པ། ཞལ་གདངས་ལྗགས་འདྲིལ་རྣོ་དབལ་དང་ལྡན་པའི་མཆེ་བ་བཞི་གཙིགས་པ། ཕྱག་བཞི་དང་པོ་གཉིས་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་དང་། འོག་མ་གཉིས་རྡོ་རྗེ་སྡིགས་མཛུབ། ཞབས་གཉིས་འདོར་ཐབས་སུ་བགྲད་ཅིང་དུར་ཁྲོད་ཀྱི་ཆས་རྫོགས་པ་ཡེ་ཤེས་མེ་ཕུང་འབར་བའི་དབུས་སུ་བཞུགས་པ་གསལ་འདེབས་པར་ཞུ། དེ་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ་བཛྲ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། མ་ཕེབས་བར་བསྐྱར། ཕེབས་ནས་བརྟན་པར་མོས་ལ། ཏིཥྛ་བཛྲ་ཞེས་བརྗོད། རྡོ་རྗེ་མགོ་བོར་བཞག །རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར། དེ་ལྟར་ཁྱེད་རང་ལྷར་གསལ་བའི་མདུན་དུ་ནོར་བདག་ལྷ་མོ་མཆེད་གསུམ་འདི་ལྟར་གསལ་འདེབས་པར་ཞུ། གཏོར་མ་བྲན་ནས། མངོན་རྟོགས་བཟླས་པའི་བར་དང་། གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། རྒྱས་པར་སྤྲོ་ན་གསོལ་ཁ་གསེར་སྐྱེམས་བསང་མཆོད་རྣམས་གཞུང་ལྟར་ཕུལ་ཏེ། ཁྱོད་རང་གི་མདུན་དུ་བཞུགས་པའི་ལྷ་མོ་གསུམ་གྱིས་ཅི་ལྟར་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་མོས་པ་མཛོད། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུར་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་སྐུ་ཡི་བཀྲ་ཤིས་ཤོག །དེས་ལྷ་བསྒོམ་པ་སྐུ་ཡི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀར་རང་རང་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་པ་ལ་ཕོག །སྔགས་ཕྲེང་དྲག་ཏུ་འཁོར་ཐུགས་རྒྱུད་བསྐུལ་བས་དམ་ཚིག་རྗེས་སུ་དྲན་ཏེ་སྔགས་ཕྲེང་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ་ནས་གསུང་གི་དངོས་གྲུབ་ཐོབ་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ལན་བདུན། ལྷ་མོ་འདི་ལ་སོགས། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུར་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་གསུང་གི་བཀྲ་ཤིས་ཤོག །དེས་སྔགས་བཟླ་བ་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །བདག་ཉིད་ལྷ་ཡི་ས་བོན་ལས་འོད་ཟེར་སྔོན་པོ་འཕྲོས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀར་ཕོག །སྲོག་སྙིང་ས་བོན་ཙན་གྱིས་བླངས་ཏེ་སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ། ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ། དབང་རྟགས་སུ་བླ་རྡོ་སྲོག་གི་འཁོར་ལོ་གཏད་པར་མོས་ལ། ཧྲཱིཿ དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི། །བླ་རྡོ་དམ་ཚིག་སྲོག་གི་འཁོར་ལོ་ནི། །ལྷ་མོ་ལུས་དང་གྲིབ་བཞིན་འགྲོགས་པའི་རྟེན། །དེང་འདིར་སྐལ་ལྡན་སློབ་མ་ཁྱོད་ལ་གཏད། །སྙིང་ཉེ་ལས་སྒྲུབ་སྲོག་ལ་དབང་ཐོབ་ནས། །བྱང་ཆུབ་བར་དུ་ལུས་དང་གྲིབ་བཞིན་འགྲོགས། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །མཁའ་འགྲོའི་ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཤོག །ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་གསུམ་དང་། ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུ་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་ཐུགས་ཀྱི་བཀྲ་ཤིས་ཤོག །དེས་ཐུགས་ཀྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་ནོ། །ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་ཟས་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་པདྨ་མཁའ་འགྲོ་ཟས་སྟེར་མ་ཞེས་བགྱི་བ་ལགས། རོ་བཅུད་ཕུན་ཚོགས་ཟས་ཀྱི་དངོས་གྲུབ་འབུལ་ལོ། །ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། བདུད་རྩིའི་བཅུད་ཀྱིས་བལྟམས་པའི་བུམ་བཟང་ཁ་ཟས་སྣ་ཚོགས་པས་གང་བའི་གཞོང་པ་ཕུལ་བའི་མོས་པ་མཛོད་ཅིག །ཧ། བདག་ནི་པདྨ་མཁའ་འགྲོ་ཟས་སྟེར་མ། །རོ་བཅུད་ཕུན་ཚོགས་ཟས་ཀྱི་དངོས་གྲུབ་འབུལ། །སྦྱིན་དང་བསོད་ནམས་ལོངས་སྤྱོད་ཚོགས་ཀྱི་རྫས། །འབད་མེད་ལྷུན་གྲུབ་བཀྲ་ཤིས་ཕུན་ཚོགས་ཤོག །ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་གོས་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་རིན་ཆེན་མཁའ་འགྲོ་གོས་སྟེར་མ་ཞེས་བགྱི་བ་ལགས། ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་འབུལ་ལོ། །ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། ལྷའི་དར་ཟབ་པཉྩ་ལི་ཀའི་ན་བཟའ་སྣ་ཚོགས་ཕུལ་བའི་མོས་པ་མཛོད་ཅིག །རི། བདག་ནི་རིན་ཆེན་མཁའ་འགྲོ་གོས་སྟེར་མ། །ལྷབ་ལྷུབ་རྒྱན་མཛེས་གོས་ཀྱི་དངོས་གྲུབ་འབུལ། །ཡིད་འོང་ལྷ་ཡི་གོས་བཟང་རབ་ཐོབ་ནས། །བཀྲ་ཤིས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། བྷི་ཤྭ་ཝསཏྲ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་ནོར་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ་ཞེས་བགྱི་བ་ལགས། འཛད་མེད་ནོར་གྱི་དངོས་གྲུབ་འབུལ་ལོ་ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། ནོར་རྫས་སྣ་ཚོགས་རི་ལྟར་སྤུངས་སྤྲིན་ལྟར་གཏིབས་ནས་ཕུལ་བའི་མོས་པ་མཛོད་ཅིག །ནི། བདག་ནི་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ། །སྣ་ཚོགས་འཛད་མེད་ནོར་གྱི་དངོས་གྲུབ་འབུལ། །འདོད་དགུ་ཕོངས་མེད་ལོངས་སྤྱོད་དཔལ་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་ཤོག །ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། རཏྣ་བཱ་སུ་བི་ཤྭ་སརྦ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། མེ་ཏོག་འཐོར། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ལྷ་མོ་མཆེད་གསུམ་ལ་ཕོག་པ་ཙམ་གྱིས་ལྷ་མོའི་ཕྲིན་ལས་ཀྱི་རང་གཟུགས་ནོར་བདག་བྱི་བ་ཕོ་མོ་ཁ་ནས་གང་འདོད་པའི་ནོར་རྫས་ལྷུག་ལྷུག་སྐྱུག་པ། བ་སྤུའི་གསེབ་ནས་རིན་པོ་ཆེའི་ཆར་འབེབ་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པར་སྒོམས་ཤིག །ཧྲཱིཿ སྲིད་གསུམ་དབང་སྒྱུར་ཤ་ཟ་མཁའ་འགྲོ་མ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གཟུགས་ཀྱི། །དངོས་གྲུབ་གཏེར་མཛོད་ནོར་སྐྱུགས་ཕོ་མོ་འདི། །དེང་འདིར་སྐལ་ལྡན་བུ་ཡི་ལག་ཏུ་གཏད། །འདི་ནས་གཟུང་སྟེ་ཚེ་རབས་ཐམས་ཅད་དུ། །འཕགས་པ་མཆོད་ནས་ཉམ་ཐག་སྐྱོང་བ་ཡི། །འབྱོར་པས་ཕོངས་མེད་སྦྱིན་པའི་ཕར་ཕྱིན་རྫོགས། །མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། སརྦ་སིདྡྷི་ཕ་ལ་བྷྲཱུྃ། མངྒ་ལཾ་སྭསྟི་པུཥྚིཾ་ཀུ་རུ་ཨོཾ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་གྱི། །མཉྫུ་ཤཱི་ཀའི་མེ་ཏོག་ལས་འཁྲུངས་པ། །སྲིད་གསུམ་དབང་སྒྱུར་ཕྲིན་ལས་དབང་མོ་ཆེའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མེ་ཏོག་འཐོར། དེ་ནས་སློབ་མ་དམ་ཚིག་ཅན་ལ་བཀའ་གཏད་ནི། གཏོར་མར་སྤོས་ཀྱི་རེང་བུ་དྲི་བཟང་འཐུལ་བ་འཛུག །བདུད་རྩི་འཐོར་ཞིང་ལས་ཀྱི་རྡོ་རྗེས་བཏེགས་ལ། ཧོ་དགོངས་སུ་གསོལ་ལོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས། སྤྲུལ་པའི་མཁའ་འགྲོ་གང་འདུལ་ཐབས་ཀྱི་སྐུ་གཅིག་ལ་མཚན་དུ་མ་དང་ལྡན་པ། ནོར་བདག་དབང་གི་ལྷ་མོ་ཀུན་འཁྱིལ་མ་མཆེད་གསུམ། དབྱུག་གུ་མ་སྤུན་གསུམ། ཤ་ཟ་མཁའ་འགྲོ་མཆེད་གསུམ་འཁོར་དང་བཅས་པས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། འཇམ་དཔལ་གཞོན་ནུར་གྱུར་པ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས་སོགས་གསང་སྔགས་གསར་རྙིང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདིའི་སྦྱིན་པའི་ཟས་གསོལ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྲོགས་ལ་ཉམས་དང་རྟོགས་པའི་ཡེ་ཤེས་གོང་དུ་འཕེལ་བ་དང་། ལྷ་ཀླུ་མི་ཡི་རྒྱལ་པོ་འགྲོ་བ་མཐའ་དག་དབང་དུ་སྡུད་པ་དང་ཡིད་བསྒྱུར་རྗེས་སུ་ཆགས་ཏེ་ཟིལ་གྱིས་ནོན་པར་མཛད་དུ་གསོལ། ཁྱད་པར་འཛམ་གླིང་སྤྱི་དང་དམིགས་ཡུལ་གྱི་རྒྱལ་བློན་བཙུན་མོ་བླ་མ་དགེ་བཤེས་མི་དཔོན་དབང་ཆེ་རྩལ་དྲག་འཁོར་མང་ཡོན་ཏན་ཅན་སྟོབས་དང་སྙན་གྲགས་གདུལ་བྱ་ཕྲིན་ལས་ཅན། འཁོར་འབངས་མངའ་རིས་ལོངས་སྤྱོད་དང་བཅས་པ་ད་ལྟ་ཉིད་དུ་དབང་དུ་འགྱུར་བའི་ཕྲིན་ལས་མཛད་དུ་གསོལ། རྡོ་རྗེའི་སློབ་མ་འདི་ཡི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་མངའ་ཐང་རིགས་རྒྱུད་བཀྲ་ཤིས་བདེ་སྐྱིད་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ་དང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བསམ་པའི་འདོད་རྒུ་འབད་མེད་ལྷུན་གྱིས་འགྲུབ་པ་དང་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྲིན་ལས་མཛད་དུ་གསོལ། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་གསུམ་སྦྲེལ་མཐར། སརྦ་སིདྡྷི་ཕ་ལ་བྷྲཱུྃ། ཏདྱ་ཐཱ། བཱ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་ཧོ། གཏོར་མ་ལག་ཏུ་གཏད་ལྷ་མོས་ཁས་བླངས་པར་བསམ། གཏོར་རྫས་ནས་ཅུང་ཟད་བྱིན། སྔགས་གསུམ་བརྗོད་མཐར། བཛྲ་ས་མ་ཡ་ཧཱུྃ། དམ་ཚིག་བསྲེ། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས། །ནོར་དང་ལོངས་སྤྱོད་འདོད་དགུའི་ཕོངས་མེད་པ། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །དེ་ལྟར་དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་རྗེས་གནང་བཀའ་གཏད་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་འདི་ཞུས་པའི་བླ་མ་སྤྱི་བོར་བཀུར་བ་དང་། ལྷ་མོ་སྤྱི་བྱེ་བྲག་གི་དམ་ཚིག་དང་། བྱི་བ་ལ་མི་སྡང་། དུས་ཀྱི་གཏོར་མ་མི་གཅག །ལོངས་སྤྱོད་འབྱོར་ཚོགས་བྱུང་བ་དཀོན་མཆོག་ལ་མཆོད་པ་དང་། སྤྲང་ལོང་ལ་སྦྱིན་པ་གཏང་། ཆ་གཅིག་རང་གི་སྒྲུབ་པའི་ཆ་རྐྱེན་དུ་བྱ་བསམ་པ་གྱིས་ལ་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་བཀའ་གཏད་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་ལྷ་མོ་གསུམ་གྱི་སྲོག་གཏད་མན་ངག་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པ་དགེ། །། ཆགས་མེད་བཞི་པའི་གསུང་འདི་རྗེ་ཉིད་ནས། བླ་མ་བསྟན་འཛིན་རྒྱ་མཚོ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).