Terdzo-YA-033
མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་
by སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
revealed by སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle ཐུགས་རྗེ་ཆེན་པོ་མི་ཏྲ་སྙིང་ཐིག་ (Thugs rje chen po mi tra snying thig)
Volume 24 (ཡ) / Pages 605-610 / Folios 1a1 to 3b5
Tibetan Text
༁ྃ༔ མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་བཞུགས་སོ༔ ྈྈ རྒྱ་གར་སྐད་དུ༔ གུ་རུ་ཀཱ་ཡ་ཏྲི་ཡ་ནི་ཏུཏྟསྟབ་ནཱ་མ༔ བོད་སྐད་དུ༔ བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་ཞེས་བྱ་བ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་ནི༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཨེ་མ༔ སྤྲུལ་པའི་མི་བཞིས་བདག་ལ་ཉོན༔ ད་དུས་བསྐལ་པ་བཟང་ཞིང་དམ་ཆོས་དར༔ ཡ་རབས་མང་བས་དགེ་བཅུའི་ཁྲིམས་ལ་གནས༔ སྙིགས་མའི་དུས་སུ་སྡིག་སྤྱོད་འགྲོ་བ་ནས༔ སྡིག་པའི་འབྲས་བུ་སྨིན་པས་མི་དགེ་བཅུ་ལ་སྤྱོད༔ ངན་འགྲོར་ལྟུང་བས་ཐར་པ་ཐོབ་པར་དཀའ༔ དེ་དོན་པདྨ་བདག་གིས་རྟོགས་གྱུར་ནས༔ ཕྱི་རབས་དོན་དུ་ཟབ་དོན་སྙིང་པོའི་བཅུད༔ བདེར་གཤེགས་རྣམས་ཀྱི་ཐུགས་ཀྱི་ཚལ་པ་ནི༔ འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས་ཟབ་མོ༔ ཤར་ལྷོ་ནུབ་བྱང་སྟོད་སྨད་ཐམས་ཅད་དུ༔ རིན་ཆེན་གཏེར་དུ་གཏམས་ནས་བཀའ་རྒྱ་གདབ༔ དུས་མཐར་སྨོན་ལམ་ལས་དག་སྐྱེས་བུ་ནི༔ ཆ་ལུགས་མ་ངེས་སྤྲུལ་པའི་སྐུ་བཞི་ཡང༔ ཐར་ཐོར་འབྱུང་ཞིང་ཟབ་མོ་རྒྱ་བཀྲོལ་ཞིང༔ འགྲོ་བ་འགའ་ཞིག་ཐར་པའི་ལམ་ལ་བཀོད༔ སྤྲུལ་པ་ཡིན་པས་འཇའ་ཡལ་ལྟ་བུར་གཤེགས༔ དེ་དུས་པདྨ་ང་ནི་ལྷོ་ནུབ་ཏུ༔ གདུག་པའི་སྲིན་པོ་འདུལ་བའི་རྒྱལ་པོར་འགྱུར༔ འོག་མིན་པདྨ་འོད་དུ་ཆོས་སྐུ་ལས༔ ལོངས་སྐུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་རྒྱས༔ དེ་ཡིས་མདངས་ལས་སྲིན་པོའི་རྒྱལ་པོ་ནི༔ མ་ངེས་སྣ་ཚོགས་སྤྲུལ་པའི་སྐུ་རེ་འབྱོན༔ སྤྲུལ་སྐུ་བྱེ་བ་ཕྲག་བརྒྱས་བོད་ཁམས་ཁྱབ༔ ཚེས་བཅུའི་དུས་སུ་འཛམ་གླིང་སྲིད་པ་འདི༔ ས་རྡོ་ཤིང་གསུམ་ཡན་ཆད་པདྨ་ཡིས༔ ཐུགས་རྗེས་ཁྱབ་ཅིང་བྱིན་རླབས་འབྱུང་ངེས་པས༔ ཕྱི་རབས་དེ་དུས་ལས་ལྡན་སྐྱེས་བུ་དང༔ དམ་ཆོས་སྤྱོད་པའི་འགྲོ་བ་ཕོ་མོ་རྣམས༔ དུས་བཟང་ཡར་ངོ་ཁྱད་པར་ཚེས་བཅུའི་དུས༔ འབྱོར་ཚོགས་བཤམས་ཤིང་མོས་གུས་གདུང་སེམས་ཀྱིས༔ སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་ཐོབ༔ འཛབ་སྒྲོགས་སྐྱོ་ཤས་དད་པ་དག་སྣང་སྤྱོད༔ པད་འབྱུང་འཇིག་རྟེན་དབང་ཕྱུག་མི་ཏྲ་བཅས༔ བརྩེ་བར་སེམས་ནས་དད་ལྡན་ཚོགས་ཁང་དུ༔ སྤྲུལ་པ་མ་ངེས་འཇའ་འོད་སྤོས་དང་ནི༔ ཁྱེ་འུ་རྣལ་འབྱོར་ཕོ་མོ་ལྷ་ཡི་གཟུགས༔ སྣ་ཚོགས་མ་ངེས་ཅིར་ཡང་སྤྲུལ་ནས་འོང༔ དེ་དུས་སྨོན་ལམ་གང་བཏབ་འགྲུབ་པ་དང༔ བྱིན་རླབས་ཞུགས་པའི་རྟགས་ནི་སྣ་ཚོགས་འོང༔ ཁྱད་པར་བག་དྲོ་ཉམས་དགའ་ཤེས་པ་གསལ༔ གླུ་གར་ཉམས་དང་རྩེད་དགའ་འཁྲབ་སྙིང་འདོད༔ བདེ་གསལ་མི་རྟོག་ཉམས་མྱོང་ཕྱོགས་མེད་རྒྱས༔ དེ་དུས་རྟོག་པ་དེ་ལ་སྣ་མི་བསྐྱིལ༔ གང་ཤར་བཟོ་མེད་ལྷུག་པར་སྤྱོད་པ་སྐྱོངས༔ དག་སྣང་ཅན་གྱིས་བདག་ཉིད་མངོན་སུམ་མཇལ༔ དེ་ཕྱིར་གསོལ་འདེབས་ཟབ་མོ་འདི་ལྟར་ཐོབ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཆོས་ཉིད་རྣམ་དག་ནམ་མཁའ་ལྟ་བུ་ལ༔ ཡེ་ཤེས་འཇའ་སྤྲིན་ལྟ་བུར་སྐུ་བཞེངས་པ༔ མཚན་དང་དཔེ་བྱད་ཡོངས་རྫོགས་པདྨའི་ཞལ༔ ཐུབ་དབང་སྟོན་པ་མཁྱེན་རབ་དཀྱིལ་འཁོར་རྒྱས༔ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་རུ༔ ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་འཛིན་ཅིང༔ ཉོན་མོངས་ནད་ཀྱིས་གདུངས་པའི་སེམས་ཅན་ལ༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འབེབ་མཛད་པ༔ འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་སྐུ་ལ་གསོལ་བ་འདེབས༔ ྈྈ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན༔ གར་གྱི་དབང་ཕྱུག་བདེ་ཆེན་རོལ་པའི་སྐུ༔ སྲིད་གསུམ་གདུག་པ་མ་ལུས་འདུལ་མཛད་པའི༔ དཔའ་བོ་རྟ་མཆོག་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བྲག་དཀར་ཡེ་ཤེས་གསང་བའི་རྫོང་ཕུག་ཏུ༔ ཡེ་ཤེས་དབྱིངས་ལས་རོལ་པའི་མཁའ་འགྲོ་མ༔ ལས་ཅན་ལས་འཕྲོ་མཐུད་པའི་ལུང་བསྟན་ཅིང༔ དམ་ཉམས་བདུད་ཚོགས་བཅོམ་པའི་མཐུ་སྟོབས་ལྡན༔ རྫུ་འཕྲུལ་སྤྲུལ་པས་བསྟན་འགྲོའི་དོན་བྱེད་པའི༔ མ་མོ་ཨེ་ཀ་ཙཱ་ཏི་ལ་གསོལ་བ་འདེབས༔ ྈྈྈྈ གྲོང་ཁྱེར་ན་ལེ་ནན་མཁར་ཕོ་བྲང་དུ༔ དབྱིངས་ལས་སྤྲུལ་པའི་ཤེས་རབ་ཡུམ་གྱི་གཟུགས༔ ཟག་མེད་བདེ་སྟོང་མཁའ་འགྲོ་བྱེ་བའི་གཙོ༔ ཆགས་རབ་དོན་གྱི་འགྲོ་བ་དབང་དུ་སྡུད༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་མཛད་པ༔ དྷེ་ཝ་མཁའ་འགྲོའི་ཞབས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་ཡུལ་ཝཱ་ར་ཎཱ་སཱིའི་གྲོང་ཁྱེར་དུ༔ འཇིག་རྟེན་དབང་ཕྱུག་འཕགས་པའི་འོད་ཟེར་ལས༔ སྤྲུལ་པའི་ཟློས་གར་བསྟན་པའི་སྒྲོན་མེ་མཆོག༔ རྫུ་འཕྲུལ་མཐུ་སྟོབས་བདུད་དང་མུ་སྟེགས་བཏུལ༔ འཆི་མེད་རྡོ་རྗེའི་སྐུར་གྱུར་མཁའ་སྤྱོད་གཤེགས༔ མི་ཏྲ་ཛྭ་ཀིའི་ཞབས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷོ་ནུབ་རྒྱ་མཚོ་ཆུ་གླིང་ཨོ་རྒྱན་དུ༔ ཡབ་དང་ཡུམ་མེད་པདྨའི་སྙིང་པོ་ལ༔ རྫུས་སྐྱེས་སྐུ་འཁྲུངས་རྡོ་རྗེ་ལྟ་བུའི་སྐུ༔ མངལ་གྱི་སྐྱོན་དང་དྲི་མས་མ་གོས་པའི༔ རྫུ་འཕྲུལ་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི༔ པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གྲཱ་ཡི་ཚའུ་ལུང་དཔལ་གྱི་ཡོངས་རྫོགས་ཕུག༔ ཚེ་རབས་ལས་སད་དཔལ་གྱི་རྗེ་དང་མཇལ༔ དགོངས་པས་ཡོངས་བཟུང་འདུ་འབྲལ་མེད་པར་གཟིགས༔ ཏི་སྒྲོར་གྲུབ་བརྙེས་མན་ངག་ལྡེ་མིག་ཐོགས༔ མདོ་རྒྱུད་དགོངས་པ་མ་ལུས་འགྲོལ་མཛད་པ༔ ཡེ་ཤེས་མཚོ་རྒྱལ་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཇིགས་པ་བརྒྱད་དང་ནད་གདོན་ཞི་བྱེད་པ༔ དཔའ་བོ་རྟ་མགྲིན་པདྨ་གར་དབང་ཕྱུག༔ འབྱོར་པས་འདོད་དགུ་ལོངས་སྤྱོད་ནོར་ཀུན་རྒྱས༔ རྣམ་སྲས་ནོར་བདག་གཏེར་གྱི་དབང་ཕྱུག་ཚོགས༔ དབང་གིས་སྲིད་གསུམ་མ་ལུས་དབང་གྱུར་པའི༔ རིགས་བྱེད་ལྷ་མོ་ཀུ་རུ་ཀུལླེའི་ཚོགས༔ དྲག་པོས་དགྲ་བགེགས་མ་ལུས་ཚར་བཅད་པའི༔ དཔལ་མགོན་དྲག་རྩལ་དམ་ཅན་རྒྱ་མཚོའི་ཚོགས༔ གསོལ་བ་འདེབས་སོ་ལས་བཞིའི་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་གསོལ་འདེབས་ཕྱི་རབས་དོན་དུ་པདྨས་མཚོ་རྒྱལ་ལ་གནང་བའོ༔ ཐའཅ༔ ྈ