Terdzo-YA-019

From Rinchen Terdzö

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་

thugs rje chen po bde gshegs kun 'dus kyi spros bcas bum dbang gi mtshams sbyor ngag 'don skal ldan kun dga'

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 24 (ཡ) / Pages 339-372 / Folios 1a1 to 17b5

[edit]

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་གཤེགས་ཀུན་འདུས་ཐུགས་རྗེའི་གཏེར། །པདྨ་གར་དབང་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ཡངས་པ་རུ། །དབང་བསྐུར་ཆོ་གའི་མཚམས་སྦྱོར་བྲི། །དེ་ལ་ཐོག་མར་སློབ་མ་ལྷག་གནས་ཀྱི་མཚམས་སྦྱོར་ནི། སྙན་གསན་མ་གཏོགས་ལྷ་བུམ་སྟ་གོན་ཚར་བ་དང་། བཅས་གཤོམ་རྣམས་ཡོལ་བས་བསྒྲིབས་ཏེ་བཞག །སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་རྟས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སོགས་དང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཕེཾ་ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་སློབ་མ་འདི་རྣམས་ལ་ལྷག་གནས་ཀྱི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་ལས་སྔགས་དང་སུམྦྷའི་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་ཐེག་ལ་རིམ་པ་དགུའམ། དེའང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཀྱང་ཐབས་ཀྱིས་ཟིན་མ་ཟིན་ལས་ཕན་གནོད་ཀྱི་བྱ་བ་བྱེད་པར་ཤེས་ནས་ཀུན་རྫོབ་ཙམ་དུ་རྫས་ཡོད་དུ་ཤེས་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟས་ནས་སྦྱོང་བའི་ཐབས་ལ་བརྟེན་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་སྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་དང་། ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་ལའང་བཀའ་གཏེར་གྱི་སྲོལ་ཁ་ཆེན་མོ་གཉིས་སུ་ཡོད་པ་ལས། འདིར་ཟབ་མོ་གཏེར་གྱི་ནང་ཚན་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཞེས་གསུངས་པ་ལྟར་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་ལ་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་གསུངས་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞི་ལས། འདིར་ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན། ས་ཆོག་སྟ་གོན་བྱ་བ་དང་། ཞེས་པས། ནུབ་དང་པོར་སའི་ཆོ་ག་དང་། གཉིས་པར་སྟ་གོན། རས་བྲིས་ལྟར་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་སྟེ། དེ་ལའང་གསུམ་ལས་ལྷ་དང་བུམ་པའི་སྟ་གོན་གཉིས་སྔར་སོང་བས། ད་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མ་རྣམས་ཀྱིས་སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་བློ་བཅོས་པ་ནི། ཁྱེད་ཅག་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱ་བའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་བྱ་ཡི། དེ་ལས་གཞན་དུ་འདི་ཕྱིའི་འཁོར་བའི་བདེ་འབྱོར་མངོན་པར་མཐོ་བའི་གོ་འཕང་དང་། ཞི་བདེ་དོན་གཉེར་ཉན་རང་གི་བྱང་ཆུབ་ཀྱང་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། དེ་བས་ན། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག་ཕན་ཚུན་མ་བུ་ཁྱོ་ཤུག་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས་ཕན་བཏགས་པ་ལ་ཚད་མེད་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནི་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བར་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པ་ལ་བརྩོན་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྨྱོན་པ་ལྟ་བུ་འདི་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་ཚད་མེད་པས་ཀུན་ནས་བསླངས་ཏེ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ་ལམ་ལ་ཚུལ་བཞིན་དུ་བསླབ་པར་བྱ་སྙམ་དུ་རྙོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད་འཚལ། དེ་ནས་གསོལ་བ་གདབ་པ་ནི། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཧོ༔ སྟོན་པ་ཐབས་མཁས་ཐུགས་རྗེའི་བདག༔ འཁོར་བའི་མུན་སེལ་འགྲོ་བའི་སྐྱབས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མཐའ་མེད་འཁོར་བའི་མཚོ་ནང་དུ༔ བྱིང་བའི་མགོན་མེད་འགྲོ་བདག་ལ༔ བརྩེ་བར་དགོངས་ནས་དཀྱིལ་འཁོར་འདིར༔ ལྷག་པར་གནས་པར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པ་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བ་རྡོ་རྗེའི་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ལས་སད་འཁྲུལ་པ་ཞིག༔ དུས་གསུམ་གཤེགས་པའི་རྒྱལ་བས་ཀྱང༔ ཐེག་མཆོག་གསང་བའི་ལམ་ཆེན་འདིར༔ མངོན་པར་བྱང་ཆུབ་གོ་འཕང་བརྙེས༔ དཔུང་ཆེན་བདུད་སྡེར་བཅས་པ་ཡང༔ ཐམས་ཅད་འདི་ཡིས་བཅོམ་པ་སྟེ༔ དེ་ཕྱིར་ཁྱོད་ནི་སྐལ་བཟང་དཔལ༔ དཀྱིལ་འཁོར་འདིར་ནི་གཟུང་བར་བྱ༔ ཡང་དག་པ་ཡི་བསླབ་པ་རྣམས༔ ཁྱོད་ཀྱིས་གུས་པས་བཟུང་བར་གྱིས༔ ཞེས་བརྗོད། དེ་ནས་ཐུན་མོང་གི་སྡོམ་བཟུང་སྐྱབས་སེམས་དང་། ཁྱད་པར་གྱི་སྡོམ་པ་བཟུང་བ་རྣམས་ཀྱི་མཚམས་སྦྱོར་འོག་ཏུ་འཇུག་པའི་སྐབས་སུ་འཆད་པ་ལྟར་སྐབས་འདིར་བླང་། དེ་ནས་ལྷར་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་ཞུ་བ་ལས་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་ཁྱོད་རང་གི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རེག་པས་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བྱུང་། ཡང་མས་ནས་ཡར་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ་ཧཱུྃ་ཨཱཿཨོཾ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གསལ་བར་གྱུར། ཡང་དཔྲལ་བ་ནས་མར་རེག་སྟེ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ལྷར་བསྐྱེད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ཤངས༴ ༴དྷཱུ་པེ༴ མར་མེ་སྤྱན༴ ཨཱ་ལོ་ཀེ༴ དྲི་ཆབ་ཐུགས་ཀར༴ གྷནྡྷེ༴ ཞེས་ཉེར་སྤྱོད་བཞི་སྦྱིན་ནོ། །དེ་ནས་དངོས་གྲུབ་ཀྱི་སྐལ་བ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུགས་ལ་རྩེར་མེ་ཏོག་གི་ཅོད་པན་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རང་རྣམས་ཀྱི་ཐལ་མོའི་བར་དུ་བྱིན་པས་རྩེ་མོས་སོ་དྲུད་ནས་ཁ་ཤར་དུ་ཕྱོགས་པས་དམོད་བོར་ལ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ཅིང་སོ་ཤིང་གི་ར་བར་ལྟོས་པ་མེད་པར་དོར་ཅིག །ར་བ་ཁྲུ་གང་གྲུ་བཞི་པ་བ་བྱུང་དང་དྲིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་ཁར་དོར་དུ་བཅུག་ནས། རྩེ་མོ་སྟེང་དུ་བསྟན་ན་མཆོག་འགྲུབ། ཕྱོགས་བཞིར་ཞི་སོགས་ལས་བཞི་འགྲུབ་པས་འབྲིང་། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སྭཱ་ཧཱ༔ ཞེས་སྔགས་ཀྱིས་ཁྱོར་ཆུ་ལན་གསུམ་བླུད་དོ། །གཉིས་པ་རྨི་ལམ་ལ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྐུད་པ་དམར་པོ་སུམ་བལྟབ་ཏུ་བསྒྲིལ་བར་མདུད་པ་གསུམ་བཏབ་སྟེ། སྲད་བུ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས་རྡོ་རྗེའི་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ཅན་དུ་གྱུར། ཧཱུྃ་དང་ལས་སྔགས་ཀྱིས་བསྔགས་ལ་སྐྱེས་པའི་དཔུང་གཡོན་དང་བུད་མེད་ཀྱི་དཔུང་གཡས་སུ་གཉིས་བསྐོར་གྱིས་བཅིང་ལས་བུམ་གྱི་ཆུས་གཏོར་ནས་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ་བོ། །གསུམ་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པ་ལས་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར། དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་གཡས་དང་། ཧཱུྃ་བཟླས་པའི་ཆེ་བ་སྟན་གྱི་དོན་དུ་གཡོན་པར་གཏད། དེ་ནས་མི་ལྡོག་པའི་ཆེད་དུ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེའང་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ཀྱང་ཆོས་གསུང་བ་དང་ཁྱད་པར་ཐེག་ཆེན། དེའི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་གསུང་པ་དཀོན། དེ་ལྟར་དཀོན་པ་ཙམ་དུ་མ་ཟད་དཀོན་ལ་རྙེད་ན་ཕན་ཡོན་ཆེན་པོ་དང་ལྡན་ཏེ། དེའི་རྒྱུ་མཚན་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འདག་པར་འགྱུར་ན། དེར་ཞུགས་ནས་དབང་ཐོབ་ཅིང་རྟོགས་སྒོམ་གྱི་སྦྱོར་བས་ཉམས་སུ་བླངས་ན་སྲིད་པ་ལས་ཐར་བ་ལྟ་ཅི་སྨོས། དེའི་ཕྱིར་ཁྱེད་ཅག་རྣམས་བདེ་ཞིང་མྱུར་བའི་ལམ་འདི་ལ་བརྟེན་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གདོན་མི་ཟ་བའི་ཕྱིར་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པས་དགའ་བ་སྒོམ་པར་མཛད་འཚལ། དེ་ནས་དངོས་གཞི་རྨི་ལམ་བརྟག་ཅིང་ངན་ན་ཟློག་པའི་ཆོ་ག་ནི། བུ་ཀྱེ་ཀུ་ཤའི་སྔས་སྟན་ལ༔ མི་སྨྲ་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་མཚན་མ་གང་མཐོང་བ༔ ནངས་པར་ང་ལ་སྨྲ་བར་གྱིས༔ ཞེས་བཤད་པས། དོ་ནུབ་བླ་མའམ་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱིས་ཉོལ་ལ། དེ་ལས་ཐོ་རེངས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ནངས་པར་ཁོ་བོ་ལ་སྨྲོས་ཤིག །དེས་སྟ་གོན་གྱི་ཆོ་ག་རྣམས་གྲུབ། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་ཞེས་བརྡ་སྤྲད་དེ་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །སློབ་དཔོན་གྱིས་སྔར་གྱི་ལྷ་སྟ་གོན་གྱི་འཕྲོས་སྙན་གསན་དབབ་པ། ཨོཾ༔ བདེ་གཤེགས་ཀུན་འདུས་ཐུགས་རྗེའི་བདག༔ སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ༔ བདག་དང་སློབ་མ་རྣམས་དོན་དུ༔ བཅོམ་ལྡན་ཁྱོད་ལ་མཆོད་བགྱིད་ན༔ དགྱེས་མཛད་བརྩེ་བས་དགོངས་ནས་ནི༔ ནངས་པར་འདིར་ནི་འབྱོན་པར་མཛོད༔ ལེགས་སྦྱར་མཆོད་པས་མཉེས་པ་དག༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ ཅེས་དང་རྗེས་ཆོག་རྣམས་བྱ། དེ་ལ་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ནངས་པར་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའམ་དྲག་པོའི་སྲེག་བླུགས་སོགས་ཟློག་པའི་ཐབས་བྱ་ཞིང་། དེ་ཙམ་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་གོ ༈ །དེ་ནས་དབང་དངོས་གཞི་བསྐུར་བའི་མཚམས་སྦྱོར་ནི། སློབ་བུ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱས་ནས་ཕྱག་དང་ཡོན་འབུལ་ཏེ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཡོལ་བའི་ཕྱིར་གྲལ་དུ་འཁོད། བགེགས་གཏོར་གཏང་། སྲུང་འཁོར་གསལ་བཏབ་ནས། ལས་རྡོར་གྱིས་མེ་ཏོག་བཀྲམ་བསྡུ་བྱ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཞེས་པ་ནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐོར་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ལུང་བྱང་ལས། དག་པའི་ཞིང་གི་སྙིང་པོ་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་ཡེ་ཤེས་ཀྱི༔ རང་སྣང་ལས་གྲུབ་ཆོས་ཀྱི་ཁང་བཟང་ན༔ མངོན་རྫོགས་སྟོན་པ་སངས་རྒྱས་འོད་དཔག་མེད༔ ཁྱབ་བརྡལ་དངོས་མེད་ཆོས་སྐུའི་ངོ་བོར་བཞུགས༔ དེ་ཉིད་སྤྲོས་བྲལ་ངང་ལས་ཐུགས་རྗེའི་རྩལ༔ རང་བྱུང་ཡེ་ཤེས་སྤྲུལ་པའི་ཆོ་འཕྲུལ་ནི༔ ཕྱི་ལྟར་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ནང་ལྟར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གསང་བར་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ གདུལ་བྱའི་མོས་ངོར་རྣམ་པ་ཐ་དད་ཀྱང༔ དོན་ལ་དབྱེར་མེད་ངོ་བོ་གཅིག་ཉིད་དེ༔ ཞེས་དང་། མདོར་ན་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ ཟབ་རྒྱས་ཐེག་པ་ཀུན་གྱི་སྟོན་པ་ཆེ༔ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་གསུངས་པ་ལྟར། དག་པའི་ཞིང་ཁམས་བདེ་བ་ཅན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་ཉིད། ཐུགས་འོད་གསལ་ཆོས་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་འགག་པ་མེད་པའི་ཆོ་འཕྲུལ། ཕྱི་ནང་གསང་བ་གསུམ་གྱི་སྤྲུལ་པའི་རོལ་གར་གང་ལ་གང་འདུལ་གྱི་རྣམ་པར་བསྟན་ནས་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ལས། བྱེ་བྲག་ཏུ་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྡོང་པོ་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། ངོ་མཚར་བའི་མཛད་པ་མཐའ་ཡས་པར་སྟོན་པའི་ཆོ་འཕྲུལ་ཆེན་པོས་རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་མཱ་ར་ཏི་ཀར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཚེ་དབང་རིག་འཛིན་མངོན་དུ་མཛད་དེ་རྒྱུའི་ཐེག་པའི་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ། ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ་རྒྱུའི་ས་བཅུ་པའི་སེམས་དཔའ་དང་དགོངས་པ་མཉམ་པའི་ཚུལ་བསྟན་མོད། དོན་ལ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་བཞུགས་པ་ལགས། དེ་ལྟ་བུའི་འགྲན་ཟླ་དང་བྲལ་བའི་སློབ་དཔོན་ཆེན་པོ་དེ་ཉིད་བྲག་དམར་གཡའ་མ་ལུང་དུ་ལས་ཅན་གྱི་འཁོར་རྗེ་འབངས་རྣམས་ལ་གསང་སྔགས་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ཞིང་བཞུགས་པའི་ཚེ། མངའ་བདག་རྒྱལ་པོར་རྨི་ལམ་དུ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མས་བསྐུལ་བ་ལྟར་སློབ་དཔོན་ལ་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རྗེ་འབངས་བདུན་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ཁྲིད་དང་བཅས་པ་རྫོགས་པར་མཛད་ནས། རྒྱུད་དང་མན་ངག་རྒྱ་ཆེ་བའི་སྐོར་རྣམས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ཐུན་མོང་གི་ཡི་གེ་ལྔ་སྲིན་སྦར་གྱི་བྲག་ལ་སྦ་བར་གདམས་ཤིང་། ཐུན་མོང་མ་ཡིན་པ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དགོངས་ཉམས་སྙིང་པོར་དྲིལ་བའི་མན་ངག་འདི་ཉིད། རྗེ་འབངས་བདུན་གྱིས་ཟླ་བ་གཅིག་ཏུ་ཉམས་སུ་བླངས་པས་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པར་གྱུར། དེའི་ཚེ་སློབ་དཔོན་གྱི་བཀའ་ལས། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་དགོངས་ཉམས་དྲིལ་བ་སྟེ༔ ཟབ་མོའི་ནང་ན་ཡང་ཟབ་ཡིན༔ རྟ་རྨིག་ལྕགས་ཀྱིས་གཏུམས་བྱས་ནས༔ སྟོང་གསུམ་བཙལ་ཀྱང་ག་ལ་རྙེད༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ འོན་ཀྱང་ད་ལྟ་སྤེལ་མི་བྱ༔ མ་འོངས་དོན་ཕྱིར་གཏེར་དུ་སྦོས༔ ཞེས་གདམས་པ་ལྟར་སློབ་དཔོན་གྱི་བཀའ་བཞིན་དབྲི་བསྣན་མེད་པར་བཀའི་སྡུད་པ་པོ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་ཡི་གེར་བཀོད་ནས། ཤ་འུག་སྟག་སྒོའི་ཡུལ་རང་བྱུང་རྡོ་རྗེ་ཕག་མོའི་ལུས་ཀྱི་རྣམ་པ་ཅན་གྱི་འཁོར་ལོ་ལྔ་ཡི་ས་ཚིགས་ལས་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་མི་ཤིགས་པའི་རྒྱས་བཏབ་སྟེ་གཏེར་དུ་སྦ་བར་མཛད་པ་ཕྱིས་པདྨ་བཀའ་ཐང་ལས། ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་པ་ལྟར་ལོ་ཆེན་བཻ་རོ་ཙཱ་ནའི་ཡང་སྲིད་མཚན་བརྗོད་པར་དཀའ་བ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཐེག་ནས་ལོ་བརྒྱད་བརྒྱ་དང་བཅུ་དྲུག་འདས་པ་ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བདུན་པའི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་དགེ་བར། མོན་བོད་ཀྱི་སྐྱེ་བོ་བརྒྱ་ཕྲག་ཙམ་ཚོགས་པའི་ཁྲོམ་གྱི་དབུས་སུ་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་གྲུབ་ནས། དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་རྣམས་བླ་མ་དམ་པའི་ཕྱག་གཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས། འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག་ཁྲུས་དང་བགེགས་བསལ་བ་སོང་ནས། འདིར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་བས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གར་དབང་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ ཅེས་སོགས་གསུམ། དེ་ནས་རིགས་ངེས་པར་བྱ་བའི་སླད་དུ་འདོད་དོན་ལ་སྤྲོ་བ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཁྱོད་དཀྱིལ་འཁོར་སོགས་ཀྱིས་འདྲི། ཞེས་དྲིས་པར་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་བཟང་སོགས། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་གར་དབང་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལན་གསུམ། དེ་ནས་མཁའ་མཉམ་ཀྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བརྒལ་དཀའ་སྲིད་པའི་སོགས་ལན་གསུམ། དེ་ལྟར་སྐྱབས་སུ་འགྲོ་བ་ནི་ཉན་རང་དང་སེམས་བསྐྱེད་པ་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་ཡིན་པས་དེ་གཉིས་ཐུན་མོང་གི་སྡོམ་པ་བཟུང་བ་ཡིན། དེ་ནས་ཚོགས་གསག་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚིག་ཕྱིར་ཐུགས་གཞོལ་བའི་སྒོ་ནས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། སྲས་བཅས་རྒྱལ་བ་སོགས་ལན་གསུམ། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལུས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་གཟུང་བར་བྱ་སྟེ། རིགས་ལྔའི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ ཞེས་སོགས་གསུམ། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་གི་སྙིང་གར་ཀུན་རྫོབ་ཅེས་པ་ནས། གཟུགས་སུ་གནས་པར་མོས་ཏེ་བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏཱ་ཡ་མི༔ཞེས་ལན་གསུམ། དེ་ལྟར་སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ དེ་ནས་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ་ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། ཚད་མེད་པ་བཞིའི་འཇུག་པས་བསྐོར་ཕྱོགས་སུ་དཀྱིལ་འཁོར་གྱི་སྒོ་བཞི་དང་སླར་ཡང་ཤར་སྒོ་ནས་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུྃ་ཛ༔ དེ་ལྟར་དཀྱིལ་འཁོར་གྱི་ཤར་སྒོའི་ནང་གི་ཁྱམས་ལ་གནས་པས་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སོགས། དེ་བཞིན་གཡས་སྐོར་གྱིས་ལྷོའི་ཁྱམས་ལ་གནས་པས་སོགས་ཕྱོགས་བཞི་ནས་སྔར་ལྟར་ཕྱག་བྱ། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དཀྱིལ་འཁོར་སོགས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་གཏུགས་ཏེ། ཐུགས་རྗེ་ཆེན་པོ་དེང་ཁྱོད་ཀྱི༔སོགས་བརྗོད། གསུམ་པ་ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བུམ་པའི་ཆུ་དུང་ཆོས་སུ་བླུགས་པའམ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ སོགས་བརྗོད། དེ་ལྟར་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ་གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་། ཕྱི་མར་དམྱལ་བའི་གནས་སུ་ལྷུང་ནས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་ཁྱོད་ཀྱི་སྤྱན་རས་གཟིགས༔སོགས་བརྗོད། དེ་ལྟར་དམ་ལ་བཞག་པ་བཞིའི་སྒོ་ནས་རྒྱུད་བརྟན་པར་བྱས་ནས། ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ། འོག་མ་གཉིས་པད་ཕྲེང་དང་ཨུཏྤལ་དམར་པོའི་སྡོང་བུ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་གསལ་གཅེར་བུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་གྲི་ཐོད་འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་པ། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་ཞེས་པ་ནས། བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱི༔སོགས་དྲག་ཏུ་བཟླ་ཞིང་དབབ། གལ་ཏེ་དེས་མ་ཕེབ་ན་སྤོགས་པའི་ཆོ་ག་ནི། ཁྱོད་རང་རྣམས་ལུས་གནད་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དྲང་པོར་སྲོངས་ལ་དམིགས་པ་འདི་བཞིན་དུ་མཛོད། སྣ་རྩེར་གཡུང་དྲུང་དམར་པོ་མེ་སྟག་ལྟ་བུའི་འོད་ཟེར་འཕྲོ་བ་གསལ་ཐོབ། དེ་ནས་རླུང་ཕྱིར་བུས་པའི་རྐྱེན་གྱིས་སྣ་རྩེའི་གཡུང་དྲུང་དེ་གཡོན་དུ་ཇེ་མྱུར་ཇེ་མྱུར་གྱིས་འཁོར། རླུང་ཕྱིར་བཟུང་བས་གཡོ་མེད་དུ་འཆིང་བའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད། གར་དབང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྣམ་པ་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་རང་རང་གི་སྤྱི་བོར་སྤྱན་དྲངས། རྗེས་ཆགས་ཀྱི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བབས་པ་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། རྩ་སྔགས་ལ་ཕེཾ་ཕེཾ་ཧྲཱི༔ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་སྤོས་རོལ་དང་བཅས་པས་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། པྲ་ཏི་བཛྲ་ཧོ༔ ཞེས་དོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གི་ཕྲེང་བ་དེ་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་མགོ་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྷྲྀཧྞ་སོགས་ཀྱིས་མེ་ཏོག་མགོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཨོཾ༔ སྤྱན་རས་གཟིགས་དབང་སོགས། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔སོགས་ནས། ཁྱོད་འགྱུར་རོ༔ཞེས་པས་བལྟ་བར་བསྐུལ་བ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་ཅིང་སྒྱུ་མའི་དཔེ་བརྒྱད་མཚོན་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། ཉེས་སྐྱོན་གྱིས་མ་གོས་པའི་ཆོས་ཉིད་ཀྱི་བརྡར་པདྨའི་ཕྲེང་བ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་བརྡར་ཉི་གདན། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། ཆོས་ཉིད་ཀུན་ཏུ་མི་མཉམ་པ་མེད་པའི་བརྡར་གྲུ་བཞི་པ། ཆོས་དབྱིངས་ཡེ་ཤེས་ཀྱང་པདྨའི་རིགས་སུ་སྣང་བའི་བརྡར་ནང་གི་གཞི་ཐམས་ཅད་དམར་པོ། ཡེ་ཤེས་བཞིའི་བརྡར་སྒོ་ཁང་སོགས་ཕྱོགས་མདོག །སྒོ་བཞི་ནི་ཚད་མེད་པ་བཞི། ཐེམ་སྐས་བརྒྱད་ནི་ལམ་སྟེགས་ཀྱི་ཐེག་པ་བརྒྱད། རྟ་བབས་བཞི་ནི་བསྡུ་བའི་དངོས་པོ་བཞི། འཁོར་ལོ་དང་རི་དྭགས་སོགས་ནི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ། འདོད་སྣམ་དུམ་བུ་བཞི་ནི་དྲན་པ་ཉེར་བཞག་བཞི། རྟ་བབས་ཀྱི་ཀ་བ་བཞི་ནི་ཡང་དག་སྤོང་བ་བཞི། སྒོ་ཁང་བཞི་ནི་རྫུ་འཕྲུལ་རྐང་པ་བཞི། རྩིག་པ་ལྔ་ནི་དབང་པོ་ལྔ། ཕ་གུ་བྲེ་ཕུལ་ཤར་བུ་མདའ་ཡབ་ཕྱུར་བུ་ལྔ་ནི་སྟོབས་ལྔ། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད། མེ་ཏོག་གི་ཕྲེང་བ། དར་དཔྱང་། མེ་ལོང་། ཟླ་གཟུགས། རྔ་ཡབ་རྣམས་ནི་བྱང་ཆུབ་ཡན་ལག་བདུན། ཀ་བ་བརྒྱད་ཚན་རྣམས་ནི་འཕགས་ལམ་བརྒྱད། ཀ་ཞུ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད། གདུང་བཞི་ནི་མི་འཇིགས་པ་བཞི། ཁྱམས་ཉེར་བརྒྱད་སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད། དྲལ་ཐོག་བསམ་གྱིས་མི་ཁྱབ་པའི་ཡོན་ཏན། ཕྱུར་བུའི་ཀ་བ་བཞི་སོ་སོ་ཡང་དག་རིག་པ་བཞི། རྩེ་མོའི་ཏོག་འབྲས་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ། ཆོས་ཉིད་རྣམ་པར་དག་པའི་བླ་བྲེས། འགྲོ་བ་སྐྱོབ་པའི་གདུགས། སྙིང་རྗེ་ཆེན་པོའི་བ་དན། བདུད་ལས་རྒྱལ་བའི་རྒྱལ་མཚན། སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོག་པའི་དྲིལ་བུ་སོགས་མ་འདྲེས་ཤིང་མི་སྒྲིབ་པར་གསལ་བའི་ནང་དུ་སྙིང་པོའི་ཕོ་བྲང་གི་ཆོས་འབྱུང་འོག་མ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཤེས་རབ་སྟོང་པ་ཉིད། གོང་མ་དེའི་རང་གདངས་ཐབས་སྙིང་རྗེ་ཆེན་པོ། དེ་གཉིས་ཀ་ལ་གདེངས་ཀ་དང་རྩ་བ་སྟེ་ཟུར་བཞི་བཞི་ནི་རྣམ་ཐར་སྒོ་བཞི་དང་སྙིང་རྗེ་རྣམ་པ་བཞི། ཆོས་འབྱུང་གཉིས་པདྨའི་ཕྲེང་བས་གཅིག་ཏུ་བསྐོར་བ་ནི་ཟུང་འཇུག་གི་ཡེ་ཤེས། ལྟེ་བར་འདོད་ཆགས་ཆེན་པོའི་དམ་ཚིག་ལས་བྱུང་བའི་བརྡར་པདྨ་འདབ་བཞིའི་སྙིང་པོ་དམར་པོ་དང་། ལྷ་གནས་ཐམས་ཅད་ཀྱི་གནས་སུ་གདན་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། དེའི་སྟེང་དུ་གཙོ་བོ་ལ་ཐབས་ཤེས་མཚོན་པའི་ཉི་ཟླ་དང་། འཁོར་རྣམས་ལ་ཤེས་རབ་འོད་གསལ་བའི་བརྡར་ཉི་མའི་གདན་རེ་རེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། དཀྱིལ་འཁོར་གྱི་དབུས་སུ་གཏི་མུག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་བརྙན་དུ་བཞེངས་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཆོས་དབྱིངས་ཡེ་ཤེས་ཉིད་ཀྱང་སོ་སོར་རྟོག་པའི་བྱེ་བྲག་ཏུ་སྣང་ཞིང་བདེ་བ་ཆེན་པོས་རྗེས་སུ་ཆགས་པའི་བརྡར་སྐུ་མདོག་དམར་པོ། སྟོང་ཉིད་ཡེ་ཤེས་མཚོན་པའི་ཞལ་གཅིག །ཡེ་ཤེས་བཞི་མཚོན་པའི་ཕྱག་བཞི། ཟུང་འཇུག་གི་བདེ་ཆེན་མཚོན་པའི་ཕྱག་དང་པོ་གཉིས་ཐལ་སྦྱར་གྱི་བར་དུ་རྡོ་རྗེ་བསྡམས་པ། འོག་མ་གཉིས་ཐུགས་རྗེས་འགྲོ་བ་འདྲེན་པའི་བརྡར་པད་ཕྲེང་དང་། འཁོར་བའི་ཆགས་པས་མ་གོས་པའི་བརྡར་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་དར་གྱི་རྒྱན་དང་། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རོལ་པར་རྫོགས་པའི་བརྡར་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེའི་པང་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྣང་བརྙན་གྱི་ངོ་བོར་བཞེངས་པ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་གསལ་ཕྱག་བཞིའི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་ཐུགས་ཀར་ཞེ་སྡང་རྣམ་པར་དག་པའི་སྣང་བརྙན་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པད་ཕྲེང་དང་པདྨ། སྤྱི་བོར་སེམས་ཉིད་སྐྱེ་འགག་མེད་པའི་ཟུང་འཇུག་གི་སྣང་ཆ་རིགས་བདག་འོད་དཔག་མེད་དམར་པོ་སྤྲུལ་སྐུའི་ཆས་ཅན་མཉམ་གཞག་ཚེ་བུམ། པདྨའི་འདབ་མ་བཞི་ལ་ཕུང་པོ་བཞི་རྣམ་པར་དག་པ་ཡེ་ཤེས་བཞིའི་བདག་ཉིད་མཁའ་འགྲོ་རིགས་བཞི། འབྱུང་བཞི་དག་པ་ཁམས་བཞིའི་དྭངས་མའི་ངོ་བོ་མཁའ་འགྲོ་མ་བཞི་དང་མཉམ་པར་སྦྱོར་བ། ཐམས་ཅད་རིགས་ཀྱི་ཁ་དོག་ཅན། ཡབ་རྣམས་རང་རྟགས་དང་ཐོད་ཁྲག །ཡུམ་རྣམས་གྲི་གུག་དང་ཐོད་ཁྲག་བསྣམས་པ། སྒོ་བཞིར་བསྡུ་བའི་དངོས་པོ་བཞི་དང་ཚད་མེད་བཞིས་འགྲོ་བའི་དོན་མཛད་པའི་བརྡར། ཁྭ་གདོང་མ། ཕག་གདོང་མ། ཁྱི་གདོང་མ། འུག་གདོང་མ་སྟེ་ཕྲ་མེན་བཞི་ལས་བཞིའི་མདོག་ཅན་གཡས་རྣམས་ལྕགས་ཀྱུ་སོགས་བཞི་དང་། གཡོན་ཐམས་ཅད་ཁ་ཊྭཱཾ་ག་འཛིན་པ། ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་བདེ་གཤེགས་ཀུན་འདུས་ཞེས་པ་ནས། མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། གསོལ་བ་གདབ་པའི་རིམ་པ་སོང་ནས། དངོས་གཞི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་མངོན་དུ་སྐྱེད་ནུས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། གང་ཞིག་སྔགས་ཀྱི་ལམ་ཆེན་པོར། །སྨིན་པར་བྱེད་པ་དབང་བསྐུར་ཏེ། །ཞེས་གསུངས། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པས་ན་དབང་ངོ་། །དེ་ཡང་སྤྱིར་དབང་གི་སྦྱང་གཞི་ནི། ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའོ། །སྦྱང་བྱ་ནི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་ནི་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་དབང་ཐོབ་པ་སྟེ་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། སྤྲོས་བཅས་བུམ་པའི་དབང་དང་། སྤྲོས་མེད་མཆོག་དབང་གསུམ་ལས་འདིར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་ལགས། དེ་ལའང་ཕན་པ་དང་། ནུས་པའི་དབང་གཉིས་ལས། དང་པོ་དད་པ་ཅན་རྗེས་སུ་འཛིན་པ་ཕན་དབང་ངམ་རིག་པའི་དབང་ལྔ་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། ཞེས་པ་ནས། སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་ཞེས་པ་ནས། བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་སོགས་། ཕྱོགས་བཅུའི་སངས་རྒྱས་ཞེས་པ་ནས། ངོ་བོར་གྱུར་ནས་ཁྱེད་རང་ལ་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། དེ་ལྟར་བུམ་པའི་ཆུས་ཞེས་པ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེས་དབུ་རྒྱན་ནས་མིང་དབང་གི་བར་བཞི་ཀ་ལ་འགྲེ་ཤེས་པར་བྱ་ཞིང་། མིང་དབང་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་པའི་རྗེས་སུ། དེ་ལྟར་དབང་ལྔ་པོ་ཐོབ་པས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ནས། ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པས་རིག་པའི་དབང་ངམ། རིགས་ལྔ་སོ་སོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཙམ་ལས་ད་ལྟ་ཉིད་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་ཏུ་མེད་པས་ན་ཕན་པའི་དབང་ཞེས་གྲགས་པ་ཡིན་ནོ། །དེ་ནས་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནུས་པའི་དབང་ལ་གཉིས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་དང་། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་དབང་སྦྱིན་པ་དང་གཉིས་ཀྱི། དང་པོ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སླད་དུ་སྔོན་འགྲོ་དབང་སྟེགས་ལ་བཞག་པ་ནི། ཁྱེད་རང་རྡོ་རྗེ་སློབ་དཔོན་མཆོག་ཏུ་ཞེས་པ་ནས། ཡུམ་དང་བཅས་པའི་སྐུར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དངོས་གཞི་དམ་ཚིག་གསུམ་སྦྱིན་པ་ནི། གཙོ་བོ་ཡབ་ཀྱི་ངོ་བོ་རྡོ་རྗེ་གཏད་པ་གསོར་ཞིང་སྙིང་གར་ཟུངས། ཡུམ་གྱི་ངོ་བོ་དྲིལ་བུ་གཏད་པ་དཀྲོལ་ཞིང་དཀུར་བརྟེན། སྙིང་གར་རྡོར་དྲིལ་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་ཁྱོད་རང་རིགས་འདུས་གར་གྱི་དབང་ཕྱུག་ཏུ་གསལ་བའི་པང་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་གསང་ཡེ་ལོ་བཅུ་དྲུག་ལོན་པ་ལྟ་བུས་ཡང་དག་པར་འཁྱུད་པས་ཐུགས་རྒྱུད་བདེ་བས་ཡོངས་སུ་ཁྱབ་པའི་མོས་པ་མཛོད། ཧཱུྃ༔ རྡོ་རྗེ་ཆེ་དང་དྲིལ་བུ་ཆེ༔ ཞེས་སོགས། དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་སྦྱིན་པས་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ནོ། །དེ་ཉིད་ལ་རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་པུསྟི་ཕྱག་ཤིང་རྣམས་སྦྱིན་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་འཕྲིན་གྱི་གནང་བ་སྦྱིན་པར་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྐལ་ལྡན་ཁྱོད་ཀྱིས་སོགས། དེས་ནི་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ནས་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱི་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་གྱི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨཱོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩཱ་མི། ཞེས་བུམ་པའི་ཆུས་ཞེས་པ་ནས། དབང་ལྷ་ཐམས་ཅད་ཀྱང་ཁྱེད་རང་ལ་ཐིམ། དེ་ཉིད་ལ་དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་སོགས། ཞེས་མེ་ཏོག་འཐོར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་གྱུར་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར། དེ་ལྟར་ཐོབ་པས་ནི་རིགས་དྲུག་དང་འབྲེལ་བའི་ཕྱི་དཀྱིལ་ཉན་སྒོམ་འཆད་པ་དང་ལས་ཚོགས་སྒྲུབ་པ་སོགས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་སྐུ་གསུང་ཐུགས་དབང་སྦྱིན་པ་ལས། དང་པོ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་ནི། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ཐུགས་ཀར་ཞེས་པ་ནས། སོ་སོའི་གནས་སུ་བཞུགས་པའི་མོས་པ་མཛོད། ཧྲཱི༔ ཁྱབ་བདག་ཡེ་ཤེས་སོགས་ཀྱིས་སོ་སོའི་ལྷ་ཙཀ་སྤྱི་བོར་བཞག །འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཞེས་པ་ནས། འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ངག་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་གསུང་གི་དབང་ནི། སྙིང་གའི་ལྷ་ཚོགས་རྣམས་ཞེས་པ་ནས། ཡི་གེའི་འཁོར་ལོ་ལ་ཐིམ་པའི་མོས་པ་མཛོད། ཨོཾ༔ ཐུགས་རྗེ་ཆེན་པོ་སོགས་ཀྱིས་སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ཅིང་། དེ་ནས་སྔགས་ཕྲེང་སྙིང་གའི་འཁོར་ལོ་ལ་ཐིམ་པའི་དམིགས་པ་དེ་དང་སྦྱར་ཏེ་འདི་རྣམས་ཀྱི་རྗེས་ཟློས་མཛོད། གཙོ་འཁོར་གྱི་སྔགས་རྣམས་བཟླ། འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་ཞེས་པ་ནས། འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ཡིད་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་ཐུགས་ཀྱི་དབང་ནི། ལྷ་སྔགས་ཀྱི་སྣང་ཆ་ཞེས་པ་ནས། སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་ཞོག །དེའི་དོན་མེ་ལོང་གི་གཟུགས་བརྙན་སྣང་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧཱུྃ༔ ཆོས་ཀུན་མེ་ལོང་སོགས་ནས། འཁོར་འདས་ཀྱི་རྟོག་ཚོགས་ཞེས་པ་ནས། ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་འབྲང་དང་བཅས་པ་ཐོབ་པས་ནི་རང་གཞན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་པའི་ནུས་པ་བཞག་པས་ན་ནུས་པའི་དབང་ཞེས་གྲགས་ཤིང་། གལ་ཏེ་སློབ་མ་ཚེ་འདི་ལ་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པར་མི་འགྱུར་བ་དག་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་དང། དེའི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་དབང་བསྐུར་དུ་མི་རུང་བའི་རིགས་ཡིན་ནའང་། བདག་དོན་ནུས་པའི་བརྩོན་འགྲུས་དང་ལྡན་པས་ནང་ཟབ་མོའི་བསྐྱེད་རིམ་བསྒོམ་པར་མོས་པ་དག་ལ་ནི་རིག་པའི་དབང་ལྔའི་མཐར་སྐུ་གསུང་ཐུགས་དབང་ཙམ་བཏགས་ཏེ་བསྐུར་བས་རྡོ་རྗེ་སློབ་མའི་དབང་ཚང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ཅེས་པ་ནས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གལ་ཏེ་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་བརྟུལ་ཞུགས་ཅན་ལ། མཆོག་དབང་གསུམ་བསྐུར་བར་འདོད་ན། སྐབས་འདི་ཉིད་ཀྱི་དཀྱུས་སུའམ་དུས་ཚིགས་བཅད་ནས་གནས་སྐབས་གཞན་དུ་བསྐུར་ཀྱང་རུང་ངོ་། །གང་ལྟར་ཡང་མཇུག་ཏུ། དེ་ལྟར་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་བསྒྲུབས་ཟིན་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོ་བ་བྱའོ། །མན་ངག༵་་སྙིང་པོའི་མཛེས་རྒྱན་བཞིན། །དབ༵ང་བསྐུར་ཆོ་གའི་མཚམས་སྦྱོར་དུ། །སྤེལ་ལོ་ཆོ༵ས་འདིར་འཇུག་འདོད་ཀྱི། །སྐལ་ལྡན་ཀུན་དགའི་དཔ༵ལ་དུ་ཤོག །ཅེས་པ་འདིའང་རྩ་བའི་བླ་མ་དམ་པ་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་ཧོར་བླ་མ་དགེ་སློང་བསྟན་འཛིན་འགྱུར་མེད་ཀྱིས་བསྐུལ་ངོར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་སྦྱར་བའི་ཡི་གེ་པ་ཉེ་བར་གནས་པ་དགེ་སློང་ཨཱ་ནནྟ་མ་ཏིས་བགྱིས་པ་སྟེ། རྩ་བའི་དབང་ཚིག་དང། ལྷན་ཐབས་ཀྱི་མཚམས་སྦྱོར་ཧོར་ཁོངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འབྲི་བར་མི་བྱའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).