Terdzo-TSHI-023

From Rinchen Terdzö

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་

thugs rje chen po 'khor ba dong sprug gi dbang bskur bltas chog tu bkod pa nyi ma'i 'dzum zer

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ (Thugs rje chen po 'khor ba dong sprug)
Volume 48 (ཚི) / Pages 341-360 / Folios 1a1 to 10b3

[edit]

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀ་ནཱ་ཐཱ་ཡ། སྙིང་རྗེའི་གཟི་བརྗིད་ཚད་མེད་པས། །འཁོར་བའི་མུན་པ་དོང་ནས་སྤྲུགས། །ཕྱོགས་བཅུའི་རྒྱལ་བའི་སྲས་གཅིག་པུ། །དེ་ལ་གུས་པས་ཕྱག་བགྱི་འོ། །ཐུགས་རྗེ་ཆེ་མགོན་ཆོས་དབང་གི །ཟབ་གཏེར་ལས་བྱོན་སྡིག་པོ་ཆེ། །ཚེགས་མེད་ངན་འགྲོ་ལས་སྒྲོལ་བའི། །སྨིན་བྱེད་གསལ་བར་བཀོད་འདི་འོ། །དེ་ལ་བཞི། དབང་རྫས་ཇི་ལྟར་བཤམས་པ། དབང་སྒྲུབ་ཇི་ལྟར་བྱ་བ། དབང་དངོས་ཇི་ལྟར་བསྐུར་བ། དབང་གི་རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་ཡོད་ན་བཤམ་པའི་མདུན་དུ་སྟེགས་བུ་གཙང་མ་ལ་མཎྜལ་བ་བྱུང་གིས་ཆག་ཆག་གདབ་པ་ལ་པདྨ་འདབ་དྲུག་མུ་ཁྱུད་དང་བཅས་པ་དམར་པོ་གོང་རས་དཀར་པོ་ཅན་གྱི་དབུས་སུ་ཧྲཱིཿ འདབ་མ་དྲུག་ལ་ཡིག་དྲུག་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། བནྡྷ་མཚན་ལྡན་ཆང་གིས་བཀང་བའི་སྟེང་མེ་ལོང་ལ་མཚལ་གྱིས་ཡི་གེ་བདུན་པ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག །མདུན་ངོས་སུ་སྐུ་ཙཀ་དང་སྔགས་བྱང་མཚལ་གྱིས་བྲིས་པ། སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱིས་དྲིལ་བ། རྒྱབ་ངོས་སུ་གཏོར་ཆེན་པདྨ་བརྩེགས་པ། དེའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་ཕྱི་མཆོད། གཞན་ཡང་ལས་བུམ། སྔོན་གཏོར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་རྣམས་དང་། ཚོགས་ཀྱི་ཕྲིན་ལས་གཏོང་ན་དེའི་ཡོ་བྱད་ཀྱང་ཚོགས་པར་གསག་གོ །གཉིས་པ་དབང་སྒྲུབ་ཇི་ལྟར་བྱ་བ་ལ། གཞུང་འདིར་ཕྱི་ནང་གསང་སྒྲུབ་གསུམ་དུ་གསུངས་ཀྱང་ལྷ་དབང་གི་སྐབས་ཕྱི་སྒྲུབ་ལྟར་གསུངས་པ་དང་། དེ་ཉིད་རྒྱུད་ལས་བསྟན་པའི་རྩ་བའི་ལྷ་ཡིན་པས་རྒྱུའི་དབང་བསྐུར་དེ་ཉིད་ལ་བསྟེན་པར་རིགས་ཤིང་། དེའང་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སྒྲུབ་པ་གཏེར་གཞུང་ཇི་ལྟ་བར་བྱས་ནས་དབང་དོན་བུམ་པ་སོགས་སྒྲུབ་ཅིང་ལམ་དུས་ཀྱི་དབང་བླངས་པས་འཐུས་མོད། སྤྱི་འགྲེའི་ཕྲིན་ལས་ལ་བརྟེན་པར་སྤྲོ་ན་ལས་བྱང་པདྨའི་འཛུམ་ཟེར་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་འགྲུབ་བྱས་རྗེས། བྷྲཱུྃ་ལས་བུམ་པ་ཐོད་པ་མེ་ལོང་རྣམས་འོད་ཟེར་དམར་པོའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་དུས་གསུམ་སངས་རྒྱས་ཀྱི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ཐུགས་རྒྱུད་བསྐུལ་པས་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས། བུམ་པ་དང་ཐོད་པ་ཁེངས་ཤིང་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས། སླར་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་བདག་དང་སློབ་མའི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་གྱུར། ཅེས་པའི་དམིགས་པ་དང་བཅས་གཟུངས་ཐག་དྲངས་ལ་ཡིག་བདུན་དང་གཟུངས་ཅི་འགྲུབ་བཟླ། མཆོད་བསྟོད་མདོར་བསྡུས་བྱ། ལས་བུམ་དུ་པད་ཉིའི་གདན་ལ་ཁྲོ་བོ་རྟ་མགྲིན་པདྨའི་དབྱུག་ཏོ་དང་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་སྐུར་གསལ་བར་གྱུར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ། ཞེས་བཟླས་ལ་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་བས་བུམ་ཆུ་བགེགས་སྲུང་བའི་ནུས་པ་དང་ལྡན་པར་གྱུར། དེ་ནས་ལམ་དུས་ཀྱི་དབང་རྒྱས་པར་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པས་ཀྱང་འགྲུབ་བོ། །གསུམ་པ་དབང་དངོས་ཇི་ལྟར་སྐུར་བ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ལའང་འཇུག་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་། མཚམས་བཅད་སྲུང་འཁོར་བཅས་སྤྱི་འགྲོ་དང་། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བརྒལ་བ་མཐའ་དག་འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཕྱིར་དུ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གངས་ཅན་གྱི་ལྗོངས་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་བའི་ཞིང་དུ་གྱུར་པའི་དོན་གྱིས། དངོས་དང་བརྒྱུད་ནས་འཕགས་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ལས་བྱུང་བའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་དུས་གསུམ་དུ་འདུལ་ཞིང་ཁ་ལོ་སྒྱུར་བར་མཛད་པས། དེའི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསར་རྙིང་བཀའ་གཏེར་ལས་བྱོན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། འཕགས་པ་ཉིད་གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་བའི་གཟུགས་སུ་རྣམ་པར་རོལ་པ་༧སྤང་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཁྲུ་གང་བ་སྤྱན་དྲངས་པའི་སྐུ་སྐེད་ལས་བྱོན་པའི་ཆོས་སྡེ། ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩའི་ནང་ཚན་ཏེ། བཀའ་གཙིགས་ལས། ཐུན་མོང་ཐུགས་རྗེའི་སྒྲུབ་སྐོར་ཆེས་མང་གི༔ ཁྱད་པར་ཞག་བདུན་ངེས་འགྲུབ་འདི་ན་མཆིས༔ དེ་གང་ཞེ་ན་འཁོར་བ་དོང་སྤྲུགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་མན་ངག་སྐོར༔ ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་ལྔ་བརྒྱ་བརྒྱད༔ ལུང་སྡེ་བསམ་ཡས་མན་ངག་རྒྱ་མཚོའི་བཅུད༔ ཨོ་རྒྱན་ངས་བསྡུས་ཉམས་སུ་བླངས་ཤིང་ངེས༔ དེ་ཕྱིར་རིན་ཆེན་ཀླུ་བདུད་ཐུགས་ཀ་རུ༔ སྐུ་དང་བཅས་ཏེ་གསེར་གྱི་ཁྱུད་མས་བཅིངས༔ བསྟན་པའི་སྙིང་པོ་ཡིན་གྱིས་འགྲོ་བ་ཡོངས་ཀྱི་དཔལ༔ རྒྱུད་སྦྱོང་འགྲོ་འདུལ་རྩ་བ་ཐུགས་རྗེ་ཆེ༔ རྒྱུད་སྡེ་ལྔ་བརྒྱའི་བཅུད་བསྡུས་འཁོར་དོང་སྤྲུགས༔ དུས་མཐའི་སེམས་ཅན་གདུལ་དཀའ་འདི་ཡིས་ཐུལ༔ ལྟ་ཡངས་སྤྱོད་བདེ་སྒྲུབ་རྟགས་འཕྲལ་ལ་འབྱུང༔ ཨོ་རྒྱན་སྙིང་ཁྲག་བསྟན་པའི་བཙས་སུ་བཞག༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་ཁྱད་པར་འཕགས་པ་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་པ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་ནས་གསུངས་པའི་འཁོར་བ་དོང་སྤྲུག་གི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས། ལེའུ་བདུན་པ་ཡིག་བདུན་གསང་སྒྲུབ་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་གིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག །ཅེས་དར་སྣའི་ཅོད་པན་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དང་བཅས་ཏེ་མེ་ཏོག་གིས་བརྒྱན་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ། ཐུགས་རྗེའི་བདག་པོ་དགོངས་སུ་གསོལ། །བདག་སོགས་འཁོར་བའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡི་དམ་དུ་ཡང་ཞུ་བར་བགྱིད། །ལན་གསུམ། བླ་མ་ཐུགས་རྗེ་ཆེན་པོ་དབུ་གཙུག་སྣང་བ་མཐའ་ཡས་དང་བཅས་པ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ སྐུ་གསུམ་ཐུགས་རྗེར་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཟབ་མོའི་ལམ་འདིར་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སོགས་ལན་གསུམ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་གསག་སྦྱོང་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་བརྗོད་དུ་གཞུག །སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་པ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་པཱུ་ཛ་ཧོ༔ ཞེས་དཀྱིལ་འཁོར་ལ་འདོར་དུ་གཞུག །དེ་ནས་ཡེ་ཤེས་ཀྱི་བྱིན་རླབས་འབེབ་པ་ཡིན་པས། འོ་ཁྱེད་རང་རྣམས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སྣང་བ་ཐམས་ཅད་འོད་དམར་པོའི་རང་བཞིན་གྱི་ཞིང་ཁམས་ཡ་ལ་ལ་སྒོམས་ཤིག༔ རང་རང་གི་སྤྱི་གཙུག་ན་བླ་མ་སྣང་བ་མཐའ་ཡས་དང་ཐ་མི་དད་པར་གཟི་བརྗིད་དང་ལྡན་པ་བཞུགས་ནས༔ རིགས་ཀྱི་བུ་བདེ་བ་ཅན་གྱི་ཞིང་དུ་ཡར་ཤོག་ཡར་ཤོག་གསུང་པར་སྒོམས་ཤིག༔ རང་ཉིད་ཐུགས་རྗེ་ཆེན་པོ་དམར་པོ་རྒྱན་མེད་གཅེར་བུ་པད་ཕྲེང་དང་བུམ་པ་བསྣམས་པ་ཞབས་བཞེངས་སྟབས་ཅན༔ སྣང་སྲིད་ཐམས་ཅད་ཡི་དམ་ལྷ་དང་མཁའ་འགྲོ༔ དཔའ་བོ་དང་དཔའ་མོས་གར་བྱེད་ཅིང་རོལ་མོ་མང་པོ་སྒྲོག་སྟེ་བྱིན་གྱིས་རློབ་པར་མོས་ལ༔ རིག་པའི་དཔངས་བསྟོད་དེ་གསོལ་འདེབས་དང་ཡིག་བདུན་ཛཔ྄་དབྱངས་ལྷན་ཅིག་ཏུ་གསུང་འཚལ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསོལ་འདེབས་རེ་དང་ཡིག་བདུན་སྤེལ་བ་འགྲེའོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ༴ ཌཱ་ཀི་གར་གྱི་དབང་ཕྱུག་ལ་གསོལ་བ༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ༴ མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ་གསོལ་བ་འདེབས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་གསོལ་འདེབས་དང་ཡིག་བདུན་དབྱངས་སུ་བླང་། དེ་ལྟར་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ཡི་གེ་བདུན་པའི་སྐུར་བཞེངས་ཏེ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་སྟེང་ནས་ཆར་བཞིན་བབས། བར་ནས་བུ་ཡུག་བཞིན་དུ་འཚུབ། འོག་ནས་ན་བུན་བཞིན་དུ་ཕྱུར་ཏེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་དང་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། སྒོ་གསུམ་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྤོས་བསྲེག་རོལ་མོ་བསྒྲག་ལ། སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བརྗོད་ཀྱང་རུང་། དཀྱུས་སུ་ཡིག་བདུན་གྱི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨཱཿཨཱཿབཏགས་པ་བརྗོད། དེ་ལྟར་དབབ་པས་རྗེས་ཀྱི་ཤེས་པ་གསལ་སྟོང་འཛིན་མེད་དུ་ལྷག་གེར་ཤར་བ་དེ་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་པས་ཤེས་པར་གྱིས་ལ། དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་གོ །གཉིས་པ་དབང་སྐུར་བ་ནི། དེ་ནས་དབང་གི་དངོས་གཞི་བསྐུར་བ་ལ་ཐུན་མོང་མ་ཡིན་པ་དབང་བཞིའི་བྱིན་རླབས་རྗེས་འབྲེལ་བཅས་པ་དང་། ཐུན་མོང་གཏོར་མ་དང་བཀའ་ལུང་གི་དབང་གཉིས་སུ་ཡོད་པ་ལས། དང་པོ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྣམ་རྒྱལ་བུམ་པ་འོད་ཕུང་དམར་པོའི་རང་བཞིན་གྱི་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་བཞུགས་པའི་སྤྱི་བོའི་ཨོཾ་ལས་འོད་དཀར་པོ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཕོག །ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད། དེའི་རྗེས་འབྲེལ་ལྷ་དབང་ལུས་ལ་བསྐུར་བ་ལ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་མཆེད་དེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཙཀླི་སྤྱི་བོར་བཞག་ལ། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ རྒྱན་མེད་གཅེར་བུ་འཛུམ་མདངས་ལྡན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ རྡོ་རྗེ་སློབ་དཔོན་བདག་གིས་ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཐུགས་རྗེ་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་སངས་རྒྱས་ནས༔ འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེའི་རྐྱེན་གྱིས་ཁྱེད་རང་ཐུགས་རྗེ་ཆེན་པོའི་སྐུ་ཤིན་ཏུ་གསལ་བར་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ། ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་ཅན་དུ་གསལ་ཐོབས་ཤིག །རང་ལུས་སྣང་སྟོང་དབྱེར་མེད་ལྷའི་སྐུ་འཇའ་ཚོན་དང་ཆུ་ཟླ་ལྟ་བུར་ཤེས་པར་མཛོད་ལ་དུས་རྟག་ཏུ་བསྐྱེད་པའི་རིམ་པ་འདི་ལྟ་བུ་དང་མི་འབྲལ་བར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བྷནྡྷ་རང་བྱུང་པདྨའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་དམར་པོ་ནར་གྱིས་བྱུང་། བདག་གི་མགྲིན་པར་ཕོག །ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ངག་སྙིང་པོ་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ གསང་དབང་བདུད་རྩིའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ གསང་དབང་ངག་གིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན། དེའི་རྗེས་འབྲེལ་སྔགས་དབང་ངག་ལ་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡི་གེ་བདུན་པའི་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོ་བ་བྱོན། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་རེ་གསལ་བའི་མཐར་འཁོད་པར་མོས་ཤིག །སྔགས་བྱང་སྤྱི་བོར་བཞག་ལ། སྤྱན་རས་གཟིགས་དབང་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ རང་བྱུང་ཡི་གེ་བདུན་དུ་ཤར༔ ཡིག་དྲུག་རིགས་དྲུག་སྒྲིབ་པ་སྦྱོང༔ ཧྲཱིཿནི་ངན་སོང་སྐྱེ་སྒོ་གཅོད༔ དུས་གསུམ་སངས་རྒྱས་ཡང་སྙིང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་གསུམ་སངས་རྒྱས་གསུང་འགྲུབ་ནས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གསུང་ཡི་གེ་བདུན་པའི་དབང་བསྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་དུ་འགྲུབ་ནས་གྲགས་སྟོང་དབྱེར་མེད་ཀྱི་ངང་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཁྱེད་རང་རྣམས་ཀྱིས་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་གུས་འདུད་དུང་པ་རེ་མཛད་པས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོའི་རྣམ་པ་ཅན་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཕོག་པས་སྒོ་གསུམ་དུག་ལྔ་བག་ཆགས་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། སླར་ཡང་བདག་མདུན་གྱི་ཐུགས་ཀའི་ཡི་གེ་བདུན་པ་ལས་འོད་ཟེར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན། ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོག་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ལན་གསུམ། དེང་ནས་གཟུང་སྟེ་ངག་གྲགས་སྟོང་དབྱེར་མེད་རང་བྱུང་ཆོས་ཉིད་ཀྱི་རང་སྒྲ་སྙིང་པོ་སྔགས་ཀྱི་རང་བཞིན་དུ་ཤེས་པར་མཛོད་ལ་དུས་རྟག་ཏུ་བཟླས་པའི་རྣལ་འབྱོར་ལ་བརྩོན་པར་མཛོད་ཅིག །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མེ་ལོང་འོད་ཀྱི་གཞལ་ཡས་ཁང་དུ་ཡིག་བདུན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག །ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལུས་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཤེས་རབ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཆོས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པ་མེ་ལོང་ལྟར་གསལ་ལ་འཛིན་མེད་ཀྱི་ངང་དུ་བདེ་ལྷན་ནེར་ཞོག་ཅིག༔ དེའི་རྗེས་འབྲེལ་ཆོས་དབང་སེམས་ལ་བསྐུར་བ་ཡིན་པས་ཡིད་མིག་ཤེས་པ་གཅིག་དྲིལ་དུ་འདི་ལ་གཏོད་ཅིག །ཤེལ་རྡོ་མེ་ལོང་བཅས་སྤྱི་བོར་བཞག་ལ། ཐུགས་རྗེ་ཆེན་པོ་རང་དང་གཉིས་སུ་མེད༔ གཞན་ནས་བཙལ་མེད་ཆོས་སྐུ་སྐྱེ་བ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་བྱུང་རིག་པ་རང་གསལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུག་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་བསྟན་ལ། ལས་དང་སྐལ་པར་ལྡན་པའི་སློབ་མ་རྣམས་ལྟོས་ཤིག༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་ཤེལ་ལྟ་བུ༔ སྣ་ཚོགས་སུ་ཤར་ཀྱང་ཤེལ་གྱི་གདན་དང་མདངས་གཞན་གྱིས་ཁ་དོག་བསྒྱུར་པ་ཡིན་གྱི༔ ངོ་བོ་ཤེལ་ལས་གཡོས་པ་མེད་པ་བཞིན་དུ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཐུགས་རྗེ་ཆེན་པོ་ལས་གཡོས་པ་མེད་དོ༔ དེ་ནས་རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུ་ཡང་མི་དམིགས་པར་གྱུར་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །བྱས་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེའི་ངང་ལས་སྐད་ཅིག་གིས་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་ཐུགས་རྗེ་ཆེན་པོའི། སྐུ་སྣང་སྟོང་དབྱེར་མེད༔ གསུང་གྲགས་སྟོང་དབྱེར་མེད༔ ཐུགས་རིག་སྟོང་དབྱེར་མེད་དུ༔ ལམ་གྱིས་གྱུར་པར་མོས་ཤིག །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། བླ་མ་ལྷ་དང་བཅས་པས་དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུངས་པས། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་མོས་ཤིག །ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཚིག་དབང་རིན་ཆེན་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ སྙིང་གར་བླ་མའི་མཛུབ་མོ་བཙུགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀློང་ཡངས་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་བཞུགས༔ གསལ་ལ་མི་རྟོག་བདེ་བར་བཞུགས༔ ཐུགས་རྗེ་ཆེན་པོར་དབང་བསྐུར་རོ༔ སེམས་ཉིད་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་དབྱིངས་སུ། རང་རིག་རང་གསལ་གྱི་སྐུ་དང་ཡེ་ཤེས་སུ་ཤར་བ་ཉིད། དབྱེར་མེད་ཟུང་འཇུག་གསལ་ལ་མི་རྟོག་པའི་ངང་དུ་མཉམ་པར་བཞག་པས་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོའི་རང་ཞལ་མཇལ་བ་ཡིན་པས། དེང་ཕྱིན་ཆད་སེམས་ཉིད་རིག་སྟོང་དབྱེར་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་ཆེན་པོའི་གཤིས་ལུགས་སུ་ལ་ཟློ་བ་ལ་བརྩོན་པར་གྱིས་ཤིག །དེའང་གང་ཟག་གི་རྒྱུད་ལ་ཇི་ལྟ་བུ་ཞིག་བསྒོམ་ན། ཐོས་པའི་ཤེས་རབ་ཀྱིས་སྣང་བ་སེམས་སུ་རྟོགས་པར་བྱ། བསམ་པའི་ཤེས་རབ་ཀྱིས་སེམས་སྟོང་པར་རྟོགས་པར་བྱ། སྒོམ་པའི་ཤེས་རབ་ཀྱིས་སྣང་སྟོང་དབྱེར་མེད་དུ་ཤེས་ཤིང་རྟོགས་པར་བྱ་བར་གསུངས་སོ། །གཉིས་པ་ཐུན་མོང་གི་དབང་གཉིས་ལས་ཐོག་མར་གཏོར་མ་འདི་ཉིད་སྣོད་པདྨའི་སྣང་བ་རྒྱས་པའི་གཞལ་མེད་ཁང་དུ། བཅུད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་རིགས་བདག་འོད་དཔག་མེད་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པའི་ཚེ་སྐུའི་གནས་རྣམས་ནས་བྱིན་རླབས་ཀྱི་རང་བཞིན་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱོན། ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་ཡོངས་རྫོགས་སུ་ཐོབ་པར་མོས་མཛོད། པད་གཏོར་ཐོགས་ལ། གཏོར་སྣོད་རིན་ཆེན་གཞལ་ཡས་ཁང༔ གཏོར་མ་འདོད་ཡོན་རྣམ་པ་ལྔ༔ ཡི་དམ་ལྷ་རུ་མངའ་གསོལ་ནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་འཁོར་བ་དོང་སྤྲུག་གི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཞེས་གནས་ལྔར་གཏུགས༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གཏོར་མའི་དབང་བསྐུར་པས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་ཐོབ་ནས་འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག༔ དེ་ནས་བཀའ་ལུང་གི་དབང་ནི། སྒྲུབ་ཐབས་གླེགས་བམ་སྤྱི་བོར་བཞག་ལ། ལས་དང་སྐལ་པར་ལྡན་པའི་སློབ་མ་ཁྱོད་ལ༔ འཁོར་བ་དོང་སྤྲུག་གི་ཆོས་ཉན་དུ་རུང་བའི་དབང་དང༔ སྒོམ་པར་བྱེད་པ་ཏིང་ངེ་འཛིན་གྱི་དབང་དང༔ འགྲོ་དོན་བྱེད་པ་བྱིན་རླབས་ཀྱི་དབང་རྣམས་ཐོབ་ནས་ཁྱོད་རྣམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ རྡོ་རྗེའི་སློབ་མ་སོ་སོའི་མིང་སྦྱར་ལ། ཞེས་བགྱི་བ་འདིས། ཞེས་སམ། མང་པོ་ཡོད་ན། རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས། སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ གཉིས་ཀྱི་དོན་བྱེད་པར༴ གསུམ་སོགས་རེ་རེ་བཞིན་སྦྱར་ལ། བཅུའི་འགྲོ་དོན་བྱེད་པར་གྱུར་ཅིག༔ ཉི་ཤུ་ནས་བརྒྱའི་བར་གྱི་འགྲོ་དོན༴ སྟོང་གི་འགྲོ་དོན༴ ཁྲི་ཡི་འགྲོ་དོན༴ འབུམ་གྱི་འགྲོ་དོན༴ ས་ཡའི་འགྲོ་དོན༴ བྱེ་བའི་འགྲོ་དོན༴ དུང་ཕྱུར་གྱི་འགྲོ་དོན༴ ཐེར་འབུམ་གྱི་འགྲོ་དོན༴ ཁྲག་ཁྲིག་གི་འགྲོ་དོན༴ སྟོང་དང་པོའི་སེམས་ཅན་གྱི་འགྲོ་དོན༴ སྟོང་གཉིས་པའི་སེམས་ཅན་གྱི་འགྲོ་དོན༴ སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་འགྲོ་དོན༴ སྤྲུལ་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ལོངས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཆོས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་ལུང་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ༔ ཞེས་བརྗོད། རྟེན་སྙིང་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ལ་མེ་ཏོག་འཐོར། དེ་ལྟར་འབྲེལ་ཚད་དོན་དང་ལྡན་པའི་ཟབ་ཆོས་གཏེར་ཁ་གཞན་ལ་མ་གྲགས་པའི་ཁྱད་ནོར་འཁོར་བ་དོང་ནས་སྤྲུག་པའི་སྨིན་བྱེད་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ། །གཉིས་པ་འཕྲོས་དོན་ནི། གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་རྒྱུན་དུ་འདིའི་འཕྲོས་སུ་ལམ་དུས་ཀྱི་དབང་ཡང་མཛད་པའི་སྲོལ་ལྟར། རྗེ་བླ་མས་ཀྱང་དེ་ལྟར་མཛད་པས་སྐབས་འདིའམ། རྗེས་ཆོག་གྲུབ་ནས་ཀྱང་རུང་སྟེ་སློབ་དཔོན་རང་ཉིད་ཀྱིས་མཁྱེན་བརྩེའི་ཡིག་ཆ་ལྟར་ལམ་དུས་ཚར་གཅིག་ཉམས་ལེན་བྱ། དེ་ཇི་ལྟ་བར་སློབ་མ་ལའང་དམིགས་པ་སྤོད་ཅིང་མཐར་གཏོར་མ་མགོར་བཞག་ཅིང་མཎྜལ་ཕུལ་བས་འགྲུབ་བོ། །བཞི་པ་རྗེས་ཀྱི་བྱ་བ་ནི། སྒྲུབ་ཐབས་ལྟར་བླ་མ་ཡི་དམ་སོགས་དང་། ཆོས་སྐྱོང་གཏེར་གཞི་རྣམས་ལ་དམ་ཅན་སྤྱི་གཏོར་ལྟ་བུས་གཏོར་མ་འབུལ་ཞིང་། ཚོགས་ཡོད་ན་བྱིན་རླབས་ནས་བརྩམ། ཤིས་པ་བརྗོད་པའི་བར་རྒྱས་པར་བྱ། ཚོགས་མི་བྱེད་ན་གཏོར་འབུལ་འཕྲོས་སུ། མཆོད་བསྟོད་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ལམ་ཟབ་འདི་ཡིས་འགྲོ་ཀུན་གྱི། །རྒྱུད་སྨིན་འཁོར་བ་དོང་ནས་སྤྲུགས། །ཆམ་གཅིག་བདེ་ཅན་ཞིང་ཁམས་སུ། །སྒྲིབ་སངས་ཡེ་ཤེས་རབ་རྒྱས་ཤོག །ཚུལ་འདིའི་སྨིན་བྱེད་ཀྱི་ཡིག་ཆ་རྙིང་པ་ཅུང་མི་གསལ་བས་གཞུང་དང་བླ་མའི་དགོངས་པ་གསལ་བར་ཕྱེས་ཏེ། ལྷ་དང་རིག་སྔགས་འདི་ལ་མོས་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་གིས་མཚན་པའི་ལྷུན་པོ་གླང་ཆེན་འགྱིང་འདྲའི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).