Terdzo-TSHA-038

From Rinchen Terdzö

འཇམ་དཔལ་གཤིན་རྗེ་གཤེད་ཕ་རོལ་རྒོལ་འཇོམས་ཀྱི་དབང་ཆོག་བདུད་བཞིའི་གཡུལ་འཇོམས་

'jam dpal gshin rje gshed pha rol rgol 'joms kyi dbang chog bdud bzhi'i g.yul 'joms

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཟུར་མཁར་མཉམ་ཉིད་རྡོ་རྗེ་ (Zurkhar Nyamnyi Dorje)
in cycle  གཤིན་རྗེ་ཀིང་ཀང་ནག་པོ་ (Gshin rje king kang nag po)
Volume 18 (ཚ) / Pages 605-635 / Folios 1a1 to 16a6

[edit]

༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཕ་རོལ་རྒོལ་འཇོམས་ཀྱི་དབང་ཆོག་བདུད་བཞིའི་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། གཤིན་བུ་རྗེ་ཡང་འཇིགས་མཛད་པའི། །དུས་ཆེན་གཤིན་རྗེ་ལས་འཇིགས་པ། །དེར་བཏུད་ཕ་རོལ་རྒོལ་འཇོམས་ཀྱི། །དབང་བསྐུར་ཡིག་རྙིང་ཁྲིགས་སུ་བསྡེབ། །འདིར་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་དོན་དབང་མདོར་བསྡུས་བསྐུར་བར་འདོད་པས། རས་བྲིས་ཀྱི་དཀྱིལ་འཁོར་རམ། འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ནག་གིས་སྤྲས་པ། རྒྱབ་ཏུ་དཔལ་གཏོར་འཁོར་བཞི་དང་བཅས་པའི་གཡས་གཡོན་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད། དཀྱིལ་འཁོར་གྱི་མདུན་དུ་གཙོ་བོ་གོ་ཆ་ལྷ་ལྔ་གཤེད་ཆེན་བཞི་དང་བཅས་པའི་ཙཀླི། གཡས་སུ་དབུ་རྒྱན་རྡོར་དྲིལ་དཔལ་ཆས་ཕྱག་མཚན་བཅུ་དགུ །རྒྱུད་དམ་སྒྲུབ་ཐབས་ཀྱི་པུསྟི། རྒྱབ་ཏུ་ཀ་པཱ་ལ་བདུད་རྩིས་བཀང་བ་དང་རིག་ཙཀ །ཤེལ་རྡོ། མེ་ལོང་། མར་མེ། གཡོན་དུ་ཧོམ་ཁུང་། ལིངྒ། གདབ་ཕུར། རལ་གྲི །ཕྱག་རྒྱ་བཞི། ཐུན་རྫས་སྣ་ཚོགས། མནན་ཐོད། ཕུང་རེ། ཚོན་སྐུད། སཱཙྪ་རི་རབ་དང་བཅས་པ། དམར་གཏོར་ཉུངས་དཀར་གྱིས་བརྒྱན་པ། གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་སློབ་མའི་གྲངས་མཉམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་གཤིན་རྗེ་མ་མོ་བདུད་བཙན་གྱི་གཏོར་མ། འཛོམ་ན་སྐུ་ཙཀ་བཙུགས་པ། གཞན་ཡང་སྔོན་གཏོར། ཞལ་ཟས། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཆས་སྤྱི་ལྟར་འདུ་བྱ། ཟུར་མཁར་གྱི་གཞུང་དངོས་སམ། ཆགས་མེད་ཞབས་ཀྱིས་མཛད་པའི་ལས་བྱང་དུག་རི་ལྟ་བུས་བདག་མདུན་བསྐྱེད་བཟླས་མཆོད་གཏོར་ཚོགས་སྐོང་ཡན་གྲུབ་པ་དང་། ལས་བུམ་བསྐྱེད་བཟླས་སྤྲོ་ན་བདུད་རྩི་འཁྱིལ་བ་སྤྱི་མཚམས་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། སློབ་མ་རྣམས་འདུས་ནས། ཁྲུས། བགེགས་གཏོར། མཚམས་གཅོད་སྲུང་འཁོར། མེ་ཏོག་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་སྐབས་སུ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་མཐའ་དག་ཞི་ཞིང་། མཐར་ཐུག་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་ཀྱི་སྒྲོན་མེ་གསལ་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་སྔ་འགྱུར་རྙིང་མའི་ཆོས་ཚུལ། དེ་ལ་ཐེག་དགུའི་མཐར་ཐུག་ཡོ་ག་ཆེན་པོ་གསུམ་གྱི་བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་སྡེ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་ཐོག་མ་འཇམ་དཔལ་སྐུའི་རིགས་ལ་ནང་གསེས་སུ། ཕྱག་རྒྱ་ཟིལ་གནོན་དེ་བཞིན་གཤེགས་པའི་རིགས། འཇོམས་བྱེད་ནག་པོ་རྡོ་རྗེའི་རིགས། ཁ་ཐུན་རིན་པོ་ཆེའི་རིགས། འཇིགས་བྱེད་རུ་མཚོན་དམར་པོ་པདྨའི་རིགས། ཤོར་སང་ཉི་མ་ཁྲོས་པ་ལས་ཀྱི་རིགས་ཏེ་རིགས་ལྔར་དབྱེ་བའི་དེ་བཞིན་གཤེགས་པའམ་ལས་ཀྱི་རིགས་སུ་གཏོགས་ཤིང་། ཡེ་ཤེས་དང་། ལས་དང་། འཇིག་རྟེན་པའི་གཤིན་རྗེ་གཤེད་པོ་གསུམ་དུ་དབྱེ་བའི་ཚེ་ཡེ་ཤེས་པའི་ཕྱོགས་ཡིན་ལ། སྔོན་གྱི་བཀའ་གཏེར་ཐུན་མོང་བའི་གཤིན་རྗེ་ཚེ་བདག་རྣ་ཆ་བརྒྱད་དུ་བགྲངས་པའི་ཡ་གྱལ་ཀིང་ཀང་མནན་པའི་རྣ་ཆ་རུ་གྲགས་པ་འདི་ཉིད་ཁྲོ་བོ་ཆེན་པོ་མི་གཡོ་བ་དང་ངོ་བོ་གཅིག་པར་ཡང་བཤད་ཅིང་། ཤོར་སང་ཉི་མ་ཁྲོས་པ་དང་ཟོར་བ་དམར་ནག་གི་རྒྱུད་སོགས་ལ་བརྟེན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བའི་ལུགས་རྒྱ་གར་ནས་འགྱུར་བ་དང་། རྩིས་རྒྱུད་འབྱུང་བ་ལྔའི་ཡ་གྱལ་པཱ་ལ་པ་ཏྲ་ལྕགས་ཀྱི་རྒྱུད་སོགས་ལ་བརྟེན་ནས་བཀྲལ་བ་ལོ་ཆེན་བཻ་རོ་ཙ་ནས་རྒྱ་ནག་ནས་བསྒྱུར་བ་དང་། རྒྱུད་དུ་མའི་དགོངས་པ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་བཀྲལ་བ་སོགས། གདམས་ངག་གི་ཆུ་བོ་མ་ལུས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བབས་ཏེ་སྲས་མཆོག་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ནས་རིམ་པར་བརྒྱུད་པའི་བཀའ་མ་དང་། ཟབ་མོའི་གཏེར་དུ་སྦས་པ་རྣམས་སྤྲུལ་པའི་གཏེར་སྟོན་ཆེན་པོ་གྲུ་གུ་ཡང་དབང་། རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར། གུ་རུ་ཆོས་ཀྱི་དབང་ཕྱུག །པདྨ་ལས་འབྲེལ་རྩལ། ཉི་ཟླ་སངས་རྒྱས་སོགས་ཀྱིས་སྤྱན་དྲངས་པ་ལུགས་སྲོལ་ཐ་དད་པའི་དབང་དང་གདམས་ངག་མ་ལུས་པ་ཟུར་མཁར་ཨ་བོ་ཆོས་རྗེ་ལ་བཀའ་བབས་པ་སྟེ། དེའང་ལུང་བསྟན་ཆེན་མོ་བཀའ་རྒྱ་མ་ལས་ཆོས་ཀྱི་སྤྱན་ཅན་དྲུག་གི་ནང་ཚན་དུ་ལུང་བསྟན་པར་གྲགས་པའི་མཚན་དངོས་ཆོས་རྒྱལ་དཔལ་བཟང་པོ། གསང་བའི་མཚན་མཉམ་ཉིད་རྡོ་རྗེ་ཞེས་བྱ་བ་འཇམ་དཔལ་འཆི་བདག་གི་རིགས་ནཱ་ག་རཀྴ་ལ་གྲུབ་པ་ཐོབ་པ་དེས། བཀའ་གཏེར་མང་པོའི་བཅུད་གཅིག་ཏུ་བསྡུས་པའི་ཀིང་ཀང་ཟུར་མཁར་ལུགས་ཞེས་ཁུངས་བཙུན་ཅིང་བྱིན་རླབས་ཀྱི་དྲོད་དང་ལྡན་པ་འདིའི་སྨིན་བྱེད་ཚད་མ་བཀའི་གཞུང་དང་བཅས་པའི་རྒྱུན་དང་། གཞན་ཡང་བརྒྱུད་པ་མང་པོ་ལས་འོངས་པའི་སྨིན་གྲོལ་གྱི་གདམས་པ་མང་པོའི་རྒྱུན་གྲུབ་ཆེན་ཀརྨ་ཆགས་མེད་ལ་འདུས་ཤིང་། དེ་ཉིད་ཀྱིས་ཀྱང་ཐུགས་དམ་གྱི་གཙོ་བོར་མཛད་པའི་བརྒྱུད་པ་སེལ་མེད་ལས་བྱུང་བ་འདི་ལྟ་བུའི་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་གཞུག །དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་གཤིན་རྗེ་གཤེད་དབྱེར་མེད་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་འཛིན་པའི། །སློབ་དཔོན་བདག་ལ་བརྩེར་དགོངས་ལ། །ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྡུག་བསྔལ་མཚོ་ལས་དྲང་དུ་གསོལ། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ། །ཞེས་ལན་གསུམ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའི་མཚོན་བྱེད་དུ་རས་ཡུག་དམར་པོས་གདོང་འཆིང་འཚལ། ཨོཾ་ཙཀྵུ་རྦྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། དཀྱིལ་འཁོར་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མཆོག་གི་མེ་ཏོག་ཁ་དོག་ལྔ་པའི་ཕྲེང་བ་རེ་བྱིན་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་རྒྱུད་དག་པ་གལ་ཆེ་བས་མདུན་བསྐྱེད་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་ཕྱོགས་བཅུ་དུས་གསུམ་གྱི་རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས་ནས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ཚོགས་གསག་སྡོམ་བཟུང་བསྔོ་བ་རྣམས་རིམ་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། །སྐྱོན་དག་ཡོན་ཏན་མ་ལུས་རྫོགས། །མཁྱེན་བརྩེ་ལྡན་རྣམས་དགོངས་སུ་གསོལ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་བཤགས། །བསླུ་མེད་མགོན་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསོད་ནམས་ཡེ་ཤེས་ཚོགས་མཆོག་གསོག །སྡོམ་པ་མ་ལུས་བརྟན་པོར་བཟུང་། །ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དེ་ནས་སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་ཁྱེར་གང་། །སྐུ་མཆོག་རྒྱལ་བའི་དཀྱིལ་འཁོར་འདིར། །སུ་ཡིན་འཇུག་པའི་སྐབས་མེད་ཀྱི། ཁྱོད་ཀྱིས་དམ་ཚིག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བར་མཚམས་མེད་པར་སྡུག་བསྔལ་བའི། །ཆུ་བོ་ཆེ་ལས་རབ་སྒྲོལ་ཏེ། །རྣམ་གྲོལ་ཐར་གྲོང་བགྲོད་གྱུར་ན། །དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་། །དེ་ལྟ་ན་སྤྲོ་བ་སྐྱེད་པ་འདི་ལ་གསན་འཚལ། ལོག་པའི་ལམ་དང་དམན་པའི་ལམ། །མ་རྫོགས་ལམ་ལས་ཁྱད་འཕགས་པ། །ཚེ་འདིར་ངེས་པར་འཚང་རྒྱའི་ལམ། །བླ་མས་སྟོན་གྱིས་སྤྲོ་དགའ་བྱོས། །ཅེས་བརྗོད། ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་འདོར་དུ་གཞུག་པ་ནི། ཚོམ་བུའི་དཀྱིལ་འཁོར་འདི་ཉིད་མེ་ལོང་ལ་གཟུགས་བརྙན་འཕོས་པ་བཞིན་དུ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་གཉིས་པར་གསལ་བ་ངོ་བོ་ཡེ་ཤེས་གཅིག་གི་རྣམ་རོལ་ལ་བཟང་ངན་གྱི་སྤུ་རིས་མེད་ཀྱང་། རྣམ་པར་རང་རང་གི་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ཞིག་ལ་ཕོག་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། རྣམ་དག་རིག་པའི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་དད་པས་འབུལ། །སྔོན་སྦྱངས་ལས་འཕྲོ་དང་འབྲེལ་བའི། །ཡི་དམ་ལྷ་ལ་བབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དོར་དུ་གཞུག་ལ་རིགས་དང་མཐུན་པའི་གསང་མཚན་གདག་ཅིང་ཡི་དམ་དུ་ཕོག །སྤྱི་ཙམ་དུ། ཁྱེད་རང་རྣམས་མེ་ཏོག་དབུས་སུ་ཕོག་པས་གསང་མཚན་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལྷག་པའི་ལྷ་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིན་པས་ཡི་དམ་གྱི་ལྷར་ཟུངས་ཤིག་དང་འདི་ཕྱི་བར་དོའི་འཇིགས་པ་སྐྱོབ་ཅིང་མྱུར་དུ་འཚང་རྒྱ་བར་འགྱུར་རོ། །ཞེས་བརྗོད། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། ཐོག་མེད་དུས་ནས་ད་ལྟའི་བར། །བུ་ཁྱོད་མ་རིག་རབ་རིབ་ཀྱིས། །གནས་ལུགས་མཐོང་བའི་མིག་བསྒྲིབས་པས། །དེ་རིང་ཡེ་ཤེས་སྤྱན་དུ་དབྱེ། །དཀྱིལ་འཁོར་འདི་ལྟོས་དོན་ཆེན་འགྲུབ། །ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བཀྲོལ། ལྷ་ངོ་བསྟན་པ་ནི། འབྱུང་བཞི་རི་རབ་དང་བཅས་པའི་སྟེང་བསྐལ་པའི་མེ་དཔུང་འབར་ཞིང་རྡོ་རྗེའི་ར་བ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པའི་དབུས་སུ་འཁོར་ལོ་རྩིབས་བཞི་ཆོས་འབྱུང་དང་བཅས་པའི་ལྟེ་བར། ཆུ་གླང་པདྨ་ཉི་ཟླ་དྲེགས་པ་དགྲ་བགེགས་ཀྱི་གདན་ལ་དཔལ་ཆེན་གཤིན་རྗེ་གཤེད་པོ་མཐིང་ནག་ཕྱག་དྲུག་དཔལ་དང་དུར་ཁྲོད་ཀྱིས་བརྒྱན་ཅིང་སྦྱོར་ཡུམ་བཻ་ཏཱ་ལི་དང་གཉིས་མེད་དུ་འཁྲིལ་བ་གནས་ལྔར་གོ་ཆའི་ལྷ་དང་བཅས་པ། རྩིབས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གཤིན་རྗེ་གཤེད་པོ་བཞི་ཡུམ་དང་འཁྲིལ་བ། ཕྱོགས་སྐྱོང་གཤིན་རྗེའི་ཚོགས་དང་གིང་བདུད་རྩིས་པ་ཤན་པ་སོགས་སྤྲུལ་པའི་བྲན་གཡོག་ཕོ་མོ་མང་པོ་ཉི་མ་དང་འོད་ཟེར་བཞིན་ཤར་བ། ཕྱི་རོལ་གྱི་ཁོར་ཡུག་ལ་འབུམ་ཕྲག་མཁའ་འགྲོ །གིང་དང་ལངྐ། དབང་ཕྱུག་འབར་མ་མ་སྲིང་ལ་སོགས་པ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ཁ་དོག་དང་རྫུ་འཕྲུལ་མ་ངེས་ཅིར་ཡང་འཆར་བ། མཐུ་སྟོབས་ནུས་པའི་རྩལ་གྱིས་སྲིད་པ་གསུམ་ཡང་སྐད་ཅིག་གིས་འཇིག་ནུས་པ། དེ་ལྟ་བུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བའི་མོས་པ་མཛོད། དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ། འདའ་ཀ་རྡོ་རྗེའི་དམ་ཚིག་ཆུ། ཁྱོད་ལ་ངས་སྦྱིན་སྙིང་དཀྱིལ་བབ། །ཡེ་ཤེས་སེམས་དཔར་དེ་གྱུར་ནས། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །དམ་ཚིག་མཆོག་ལས་ཁྱོད་འདས་ན། །འཆི་བདག་སྡིག་པ་མགོ་དགུར་འགྱུར། །སྙིང་ཁྲག་འཇིབ་ཅིང་དམྱལ་བར་བསྲེག །དེ་བས་དམ་ཚིག་སྲོག་ལྟར་སྲུངས། །ས་མ་ཡ་རཀྵ་ཐཾ། དམ་ཚིག་བདུད་རྩིའི་ཆུ་དེ་སྙིང་གི་དབུས་སུ་བབས་ནས་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བཞུགས་པར་མོས་ལ་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨི་དནྟུ་ན་ར་ཀན། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་འབར་བའི་སོགས་ནས། སློབ་མའི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཅེས་བསྒྱུར་ལ། གཙོ་བོ་ཡབ་ཡུམ་གོ་ཆ་སྲས་མཆོག་བཞི་བཅས་བསྐྱེད་ལ། དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ། གོ་ཆའི་ལྷ་ལྔ་སྲས་མཆོག་རིགས་བཞི་ཡབ་ཡུམ་དང་བཅས་པ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་སྐུ་ཆེ་ཆུང་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོ་དང་བཅས། ཧཱུྃ༔ ཆོས་དབྱིངས་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ༔ སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་སྐོང༔ བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་རྣམས༔ སྤྱན་འདྲེན་ཐུགས་དམ་དབང་གི་བརྩེ་བས་གཤེགས༔ སྒྲུབ་མཆོག་འདི་ལ་ཁྱེད་ཀྱི་ཐུགས་རྗེས་གཟིགས༔ དབང་བསྐུར་དམ་པ་ད་ལྟ་བསྩལ་དུ་གསོལ༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད། རྡོ་རྗེ་མགོར་བཞག་ལ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དབང་བསྐུར་དངོས་གཞི་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿ བླ་མ་དཔལ་ཆེན་གཤིན་རྗེ་གཤེད། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བརྩེ་བས་ཉེར་དགོངས་གསོལ། །སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ། །འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་ཀྱི། །ཕྱི་ནང་གསང་བ་དེ་ཁོ་ནའི། །བསྐྱེད་རྫོགས་བསྙེན་སྒྲུབ་ལས་སྦྱོར་ལ། །ཅི་དགར་འཇུག་པའི་དབང་རྫོགས་སྩོལ། །ཅེས་ཞུ། དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་དང་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བའི་བྱ་བ་མཛད་དེ། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བས་དྲི་མ་གཏོར། ཡོན་ཏན་བླུགས་པར་གྱུར་པའི་མོས་པ་མཛོད། བུམ་པ་ཐོགས་ལ། ཧཱུྃ། བློ་འདས་ཆོས་སྐུའི་ངོ་བོ་བུམ་པའི་ཀློང་། །རང་བཞིན་ལོངས་སྤྱོད་རྫོགས་སྐུ་བུམ་པའི་ལྷ། །ཐུགས་རྗེ་བུམ་པ་འགྲོ་འདུལ་སྤྲུལ་པའི་སྐུ །སྐྱོན་དག་ཡོན་ཏན་ཡོངས་རྫོགས་དབང་བསྐུར་རོ། །ཨོཾ་བཛྲ་ཀ་ལཱ་ཤ །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་སཏྭཾ་ཨཱཿཧཱུྃ། བུམ་པས་དབང་བསྐུར་བུམ་ཆུ་བླུག །དབུ་རྒྱན་ཁང་བུ་རིགས་ལྔས་མཚན་པ་དབུ་ལ་བསྐོན་ཞིང་། ཐབས་ཤེས་ཀྱི་རང་བཞིན་རྡོར་དྲིལ་ཕྱག་ཏུ་གཏད་པས་སྐུ་ལྔ་ལྷུན་གྱིས་གྲུབ། གསང་སྔགས་ཀྱི་བརྟུལ་ཞུགས་རྫོགས་པར་སྤྱོད་པའི་དབང་ཐོབ་པར་མོས་མཛོད། དབུ་རྒྱན་བསྐོན། རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ། དད་པ་དམ་ཚིག་སྐལ་ལྡན་བུ་ཁྱོད་ལ། །བདེ་གཤེགས་རྒྱལ་བ་རིགས་ལྔས་དབུར་བརྒྱན་ཅིང་། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་སངས་རྒྱས་ཀྱི། །གསུང་གི་རྗེས་འགྲོའི་དྲིལ་བུ་འདི་བྱིན་པས། །དུག་ལྔ་གནས་དག་སྐུ་ལྔ་མངོན་གྱུར་པའི། །ཟུང་འཇུག་ཐབས་ཤེས་ལོངས་སྤྱོད་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་མ་གུ་ཏ་ལ་ཛྙཱ་ན་བཛྲ་ཧཱུྃ། གྷཱཎྚ་པཱ་ལ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་འདིའི་རྗེས་ཟློས། ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་མི་ཐ་སཏྭཾ། བཛྲ་ས་མ་ཡ་ཨཱཿ སྨན་རཀ་གཏོར་གསུམ་གཏད་ལ། ཧཱུྃ། བླ་མ་ཡི་དམ་བསྟེན་ཅིང་མཆོད། །ཉན་འཆད་བསྙེན་སྒྲུབ་མཐར་སྐྱོལ་ཞིང་། །དམ་ཅན་བུ་བཞིན་འཁོར་བའི་ཕྱིར། །དམ་རྫས་དབང་བསྐུར་དེ་ཐོབ་ཤོག །སྨན་རཀ་གཏོར་གསུམ་སྔགས་ཤམ་དུ། ས་མ་ཡ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱཿཨཱཿ དཔལ་ཆས་གཏད་ལ། ཁྱེད་རང་རྣམས་དཔལ་ཆེན་གཤིན་རྗེ་གཤེད་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བ་ལ་དཔལ་གྱི་ཆས་དང་ཕྱག་མཚན་རྣམས་ཀྱིས་རིམ་པར་མངའ་གསོལ་བར་མོས་མཛོད། ཧཱུྃ། ཐོད་པ་སྐམ་རློན་ཕྲེང་བ་གླང་ཆེན་ལྤགས། །སྦྲུལ་ཆུན་ཞིང་ལྤགས་སྟག་ཤམ་ཁྲག་ཞག་ཐལ། །གོ་ཁྲབ་མེ་དཔུང་རུས་རྒྱན་གཟིག་ཤམ་སྟེ། །དཔལ་ཆས་ཡབ་ཡུམ་ཆས་ཀྱི་དབང་བསྐུར་བས། །ང་རྒྱལ་གཏི་མུག་ཞེ་སྡང་ཕྲག་དོག་ཆགས། །མ་སྤངས་རང་གྲོལ་དཔའ་བའི་འགྲོ་དོན་མཛད། །དབྱིངས་དག་འཁོར་བཅུད་སྒྲོལ་མཛད་མ་རིག་སེལ། །མི་ཤིགས་ཕྱིན་དྲུག་དོན་རྟོགས་དབང་ཐོབ་ཤོག །ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡེ་ཧཱུྃ་སྭཱ་ཧཱ་དྷརྨ་དྷ་ར་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་མཚན་སོ་སོར་གཏད་ལ། ཧཱུྃ། ཤེས་རབ་རལ་གྲི་མེ་འབར་བས། །བདག་འཛིན་རྩད་གཅོད་དབང་བསྐུར་རོ། །རྡོ་རྗེ་ཐོ་ལུམ་མེ་འབར་བས། །འདོད་ཆགས་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་གཏུན་ཤིང་མེ་འབར་བས། །ཞེ་སྡང་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་ལྕགས་ཀྱུ་མེ་འབར་བས། །གཏི་མུག་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་ཞགས་པ་མེ་འབར་བས། །ང་རྒྱལ་དགྲ་འཇོམས༴ རྡོ་རྗེ་ཐོང་གཤོལ་མེ་འབར་བས། །ཕྲག་དོག་དགྲ་འཇོམས༴ རྡོ་རྗེ་ཤཀྟི་མེ་འབར་བས། །ལྷ་བུའི་བདུད་འཇོམས་དབང་བསྐུར་རོ། །རྡོ་རྗེ་དབྱུག་ཏོ་མེ་འབར་བས། །ཉོན་མོངས་བདུད་འཇོམས༴ རྡོ་རྗེ་རྩེ་ལྔ་མེ་འབར་བས། །ཕུང་པོའི་བདུད་འཇོམས༴ རྡོ་རྗེ་བེ་ཅོན་མེ་འབར་བས། །འཆི་བདག་བདུད་འཇོམས༴ རྡོ་རྗེ་རྒྱ་གྲམ་མེ་འབར་བས། །བདུད་རིགས་ཀུན་འཇོམས༴ རྡོ་རྗེ་འཁོར་ལོ་མེ་འབར་བས། །རྣམ་རྟོག་དགྲ་འཇོམས༴ རྡོ་རྗེ་སྡིགས་མཛུབ་མེ་འབར་བས། །གཉིས་འཛིན་དགྲ་འཇོམས༴ གྲི་གུག་ཕུར་བུ་མེ་འབར་བས། །རྟག་ཆད་དགྲ་འཇོམས༴ ལྕགས་དྲྭ་བྷནྡྷ་མེ་འབར་བས། །མཐའ་དབུས་དགྲ་འཇོམས༴ རྡོ་རྗེ་བེ་ཅོན་འཁོར་ལོ་མེ་འབར་བས། །ཐོགས་བཅས་བདུད་འཇོམས༴ རིན་ཆེན་བེ་ཅོན་མེ་འབར་བས། །ཐོགས་མེད་བདུད་འཇོམས༴ པདྨ་བེ་ཅོན་མེ་འབར་བས། །དགའ་བྲོད་བདུད་འཇོམས༴ རྒྱ་གྲམ་བེ་ཅོན་མེ་འབར་བས། །སྙེམས་བྱེད་བདུད་འཇོམས་དབང་བསྐུར་རོ། །ཨོཾ་མ་ཧཱ་མུ་དྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་འཁོར་རྣམས་ཀྱི་སྐུ་ཙཀ་རིམ་པར་ཐོགས་ལ། དཀྱིལ་འཁོར་བ་གཙོ་འཁོར་རྣམས་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱུང་། ཁྱེད་རང་དམ་ཚིག་སེམས་དཔར་གསལ་བའི་སྙིང་གི་གོར་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་མཆོག་ཀུན་འདུས་པ༔ བཅོམ་ལྡན་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེ་གཤེད༔ གཉིས་མེད་དགྱེས་པའི་ཡུམ་ཆེན་བཻ་ཏཱ་འཁྲིལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་ཁྲོ་ཆས་རྫོགས༔ གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན༔ རལ་གྲི་ཐོ་བ་གཏུན་ཤིང་ལྕགས་ཀྱུ་དང༔ སྦྲུལ་ཞགས་ཐོང་གཤོལ་གཡས་གཡོན་ཕྱག་ན་བསྣམས༔ གར་དགུའི་ཉམས་ལྡན་ཡུམ་ཆེན་ཁྲོ་མོའི་ཚུལ༔ ཡོངས་རྫོགས་ཁྲོ་འཛུམ་ཕུར་བུ་གྲི་གུག་གཡས༔ ལྕགས་དྲྭ་བྷནྡྷ་འཛིན་པ་མེ་ཀློང་བཞུགས༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་སྨིན་གྲོལ་ཤོག༔ ཨོཾ་ཧྲཱིཿཥྚིཿཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ བཻ་ཏཱ་ལི་ཀྲོ་ཏཱི་ཤྭ་རཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ༔ འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱར༔ གཏི་མུག་ཆོས་དབྱིངས་རང་གྲོལ་དབང་བསྐུར་རོ༔ ཨོཾ་མཉྫུ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ༔ རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་ཐོད་དབྱུག་སྡིགས་མཛུབ་ཕྱར༔ འདོད་ཆགས་སོར་རྟོག་རང་གྲོལ་དབང་བསྐུར་རོ༔ ཨོཾ་ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ༔ ཕྱག་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱར༔ ཞེ་སྡང་མེ་ལོང་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ༔ ཆོས་རྒྱལ་སེར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱར༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རིགས་ཀྱི་ལྷ༔ བདུད་རྩི་ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་སྡིགས་མཛུབ་ཕྱར༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས༔ ཞེ་སྡང་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་རིན་ཆེན་སྡིགས་མཛུབ་མཛད༔ ང་རྒྱལ་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་རཏྣ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་པདྨ་སྡིགས་མཛུབ་མཛད༔ འདོད་ཆགས་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་པདྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀརྨ་ཡ་མཱནྟ་ཀ་ལྗང་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་བེ་ཅོན་འཛིན༔ ཕྲག་དོག་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་ཀརྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་བུམ་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩི་ལྕེའི་དབང་པོར་བྱིན་པས་རྩ་ཁམས་བྱང་ཆུབ་སེམས་ཀྱིས་གང་སྟེ་བདེ་བར་སྨིན་པར་མོས་མཛོད། ཐོད་པའི་བདུད་རྩི་བྱིན་ལ། ཧཱུྃ། བླ་མ་ཡི་དམ་ལྷ་ཚོགས་ཡབ་ཡུམ་རྣམས། །གཉིས་མེད་བདེ་ཆེན་སྦྱོར་བའི་བྱང་ཆུབ་སེམས། །སྐལ་ལྡན་ངག་ལ་བསྐུར་བས་ངག་སྒྲིབ་དག །བདེ་ཆེན་གསང་བའི་དབང་མཆོག་ཐོབ་གྱུར་ཅིག །ཨོཾ་ཛྙཱ་ན་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱཿ དེས་གསང་དབང་ཐོབ། ངག་སྒྲིབ་དག །རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རིགས་ལྡན་ལང་ཚོས་གང་བའི་ཕྱག་རྒྱ་མ་གཏད་པར་མོས་མཛོད། ཧཱུྃ། མཚན་ལྡན་ཡིད་འོང་བཀྲ་ཤིས་གཟུངས་མ་འདི། ཁྱེར་ལ་མཆོད་པ་ཆེན་པོ་རྟག་ཏུ་གྱིས། །རྒྱལ་བ་ཀུན་གྱི་གཉིས་མེད་ཡེ་ཤེས་ཐུགས། ཁྱོད་ལ་མངོན་སུམ་སྟེར་བར་ཐེ་ཚོམ་མེད། །ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཨ་དྷིཥྛི་ཏེ་ཧཱུྃ། དེ་ལྟར་གཏད་པའི་རིག་མ་དེས་ཀྱང་སྤྲོ་བ་སྦྱིན་པར་མོས་འཚལ། ཨེ་མ་སྐལ་ལྡན་བུ་ཁྱོད་སྐད་ཅིག་ལ། །གྲོལ་བར་འདོད་ན་ཁོ་མོ་གུས་པས་བསྟེན། །ང་ཡི་པདྨ་དུས་གསུམ་རྒྱལ་བ་ཡི། །དཀྱིལ་འཁོར་ཆེན་པོར་འཇུག་ལ་དགའ་བར་བྱོས། ཁྱེད་རང་དང་རིག་མ་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨ་ཡིག་འབྲུ་བཅས་གསལ་བ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་དང་ལྡན་པས་སྙོམས་པར་ཞུགས་པས་དགའ་བཞི་ལུགས་འབྱུང་དང་ལུགས་ཟློག་གི་རིམ་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟུངས་མཛོད། ཧཱུྃ། ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ཡེ་ནས་དག །གདོད་མའི་རྒྱལ་བ་ཡབ་ཡུམ་རང་བྱུང་དཔལ། །སྐུ་གསུང་ཐུགས་ཀྱི་རོལ་པ་བསམ་མི་ཁྱབ། །རྩ་ཐིག་རླུང་གི་གསང་ལམ་མཁའ་འགྲོའི་སྲོག །དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས། །འཁོར་ལོའི་གནས་བཞིར་རིམ་པས་འཆར་བ་འདི། །རང་ངོ་ཤེས་ན་ཡེ་ཤེས་གཞན་མེད་པས། །དབབ་བཟུང་ཟློག་དགྲམ་སྣོད་ལྡན་ཨེ་མ་ཧོཿ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ ཨ་ནུ་རཱ་ག་བཛྲ་ཨཱཏྨ་ཀོ྅་ཧཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་མེ་ལོང་གི་མདངས་ཀྱིས་མཚོན་ནས་རང་རིག་ཡེ་ཤེས་སྤྲོས་བྲལ་རང་གསལ་ཆེན་པོའི་རང་བཞིན་ངོ་ཤེས་པར་གྱིས་ཤིག །མན་ཤེལ་ཉི་ཟེར་ལ་བསྟན་ཏེ། ཧཱུྃ། ཤ་ཁྲག་དྲོད་དབུགས་བུ་ག་ལྔ། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །སྲ་བརླན་ཚ་གཡོ་གོ་འབྱེད་ལྔ། །དཀར་སེར་དམར་ལྗང་མཐིང་གསལ་ལྔ། །འདོད་ཁྲོ་རྨོངས་རྒྱལ་ཕྲག་དོག་ལྔ། །ཀུན་སེམས་ཉོན་ཡིད་སྒོ་ཤེས་ལྔ། །ཆོས་མེ་མཉམ་སོར་ནན་ཡེ་ལྔ། །གཟུགས་འདུ་རྣམ་ཚོར་འདུ་བྱེད་ལྔ། །རྡོར་རྣམ་རིན་མཐའ་དོན་རིགས་ལྔ། །འཁོར་རྡོར་རད་པད་རྒྱ་གྲམ་ལྔ། །སངས་མཱ་གོས་སྒྲོལ་དབྱིངས་ཡུམ་ལྔ། །སངས་རྒྱས་ལ་སོགས་མཁའ་འགྲོ་ལྔ། །རྡོ་རྗེ་གིང་སོགས་དཔའ་བོ་ལྔ། །སྣང་གསལ་རིག་བྱེད་གྲོལ་སྟོང་ལྔ། །ཡེ་ནས་དབྱེར་མེད་ངང་གིས་གྲོལ། །སྤང་བླང་རེ་དོགས་དགག་སྒྲུབ་བྲལ། །མཐའ་དབུས་ཕྱོགས་ལྷུང་དེར་འཛིན་ཞིག །ཡིད་དཔྱོད་བློ་འདས་དབང་བསྐུར་བས། །རང་ངོ་མཐོང་སྒོམ་དབང་ཐོབ་ཤོག །ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེས་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་སེམས་གང་ལའང་མི་རྟོག་པར་མཉམ་པར་བཞག །འཕྲོ་ན་རྩད་བཅད། གནས་ན་ངོས་བཟུང་། གཞི་མེད་རྩོལ་བྲལ་ནམ་མཁའི་དཀྱིལ་ལྟ་བུར་ཤེས་པར་གྱིས་ཤིག །སྡིགས་མཛུབ་ནམ་མཁར་བསྟན་ལ། ཧོཿཨ་སྣང་སྲིད་ཤེས་བྱས་ཡེ་ཁྱབ་ཆོས། །རྩ་བ་རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན། །སེམས་ཉིད་མ་གཏོགས་སེམས་ལས་མ་ཤར་བའི། །ཆོས་གཞན་རྡུལ་ཙམ་ཨེ་འདུག་སྐལ་ལྡན་ཀྱེ། །སེམས་ཀྱིས་སེམས་ལ་རྩད་མཐར་དེད་པས་ཀྱང་། །འདེད་མཁན་སེམས་ཡིན་གཞི་མེད་རྩ་བ་བྲལ། །གཞི་རྩ་འདུག་ན་གཞི་རྩའི་གཞི་རྩ་གང་། །འཚོལ་མཁན་ཁོ་ནའི་གཞི་རྩ་ཇི་ལྟར་གྲུབ། །རྩ་བ་བྲལ་བས་ངོ་བོ་ངོས་བཟུང་དང་། །བཟང་ངན་འཁྲུལ་གྲོལ་རེ་དོགས་ཇི་ལྟར་དམིགས། །རིག་རྩལ་གསལ་ཙམ་ཝལ་ཝལ་ཏུར་ཏུར་འདི། །སེམས་རང་སེམས་ཀྱི་རྩལ་ཤར་སེམས་ཀྱིས་གཏད། །སེམས་ལ་སེམས་ཀྱིས་དོན་བཟུང་ཨ་འཐས་པས། །ནམ་མཁའི་མདུད་པ་རྨི་ལམ་བྱིས་པའི་གཏམ། །བདེ་གསལ་མི་རྟོག་བྱིང་རྨུགས་འཕྲོ་རྒོད་དང་། །རྟག་ཆད་ཇི་ལྟར་སྣང་ཡང་ཁོ་རང་ལས། །གཞན་མེད་གང་ཤར་སྟེང་དུ་ལྷུག་པར་ཞོག །སྤང་སྒྱུར་རྒྱས་འདེབས་ངོ་ཤེས་བཅོས་མི་དགོས། །འགྲོ་དྲུག་སྡུག་བསྔལ་མཐའ་དག་བཅོས་མས་ལེན། །རང་ངོ་ཤེས་ནས་རང་སར་སྡོད་དུ་ཆུགས། །ཇི་ལྟར་གཞོན་ནུས་བདེ་བའི་རོ་མྱོང་བཞིན། །སྨྲ་བསམ་བརྗོད་འདས་འདི་ཀ་ཆོས་སྐུ་ཡིན། །ཐ་མལ་ཤེས་པ་མ་བཅོས་གསལ་ལེ་བ། །རང་གིས་ལྷུག་པའི་རང་བབ་འདི་ཉིད་ལ། །འཁོར་འདས་བཟང་ངན་མེད་དོ་སྙིང་གི་བུ། །ད་ལྟའི་རིག་པ་ཟང་ཐལ་སྐད་ཅིག་མ། །གང་གིས་མ་རེག་གང་དུའང་གྲུབ་མ་མྱོང་། །འགྱུ་བ་དྭངས་སང་ཤར་ཐིམ་རང་སར་དག །འོད་གསལ་སྟོང་པ་རྒྱལ་བའི་ཡུམ་ཆེན་ཡིན། །འདི་ལས་གཞན་པའི་ཆོས་སྐུ་ཡོད་རེ་ཀན། །བུ་ལྟོས་བར་སྣང་འདི་ལ་ངོས་བཟུང་གང་། །རྣམ་རྟོག་སྔ་ཕྱི་བར་དེར་སུ་ཞིག་འདུག །གནས་འགྱུ་སུས་བཏགས་སྟོང་པར་སུ་ཡིས་མཐོང་། །གཉིད་སད་མདང་གི་མཛའ་མོ་ཁྲིད་ལ་ཤོག །ཨེ་མ་རང་མགོ་རང་གིས་མ་བསྐོར་བར། །ཆུ་རླབས་ཆུ་ཡིན་རང་གིས་རང་མ་སྤོངས། །རང་ངོ་ཤེས་ཚེ་རང་སར་ཀློད་ལ་ཞོག །བུ་ཆུང་ལྷ་ཁང་མཐོང་བ་དེར་འཛིན་གང་། །དུར་ཁྲོད་མི་རོའི་ཚོགས་དྲུག་འཛིན་རྟོག་ཚོལ། །ནམ་མཁའི་བུ་རམ་མྱོང་ན་རོ་མཆོག་འབྱུང་། །ཨ་ཨ་ཨ། དེས་ལྟ་བ་འཁོར་འདས་གཞི་རྫོགས་ཀྱི་དབང་བསྐུར་ཐོབ་པ་ཡིན་ནོ། །འོད་གསལ་གྱི་མར་མེ་འདིས་མཚོན་ནས་འཛིན་མེད་རང་གསལ་ངང་སྒོམ་ལྷུག་པའི་ངང་དུ་ཞོག་ཅིག །མར་མེ་གསལ་བ་བསྟན་ལ། ཨེ་མ། འཁོར་འདས་སྲིད་ཞིའི་རྩ་བ་རང་གི་སེམས། །སེམས་ཀྱི་རང་གཤིས་རང་བབ་ངོ་ཤེས་ན། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པ་ཡིན། །གསལ་སྟོང་གཉིས་མེད་རླུང་བྲལ་མར་མེ་བཞིན། །སེམས་ངོ་ཤེས་པའི་རང་བབ་གཤིས་ལུགས་ལ། །རང་སར་མི་འཇོག་བཅོས་ཤིང་སུ་སྒོམ་པ། །བྱིས་པས་འཇའ་ཚོན་དེད་མཚུངས་ཨ་ཐང་ཆད། །སེམས་ལས་གཞན་དུ་བསྒོམ་བྱ་སྒོམ་བྱེད་ཚོལ། །དེ་ལ་བཙན་ས་ཟིན་པའི་སྐབས་མེད་དེ། །གནས་སྐབས་ཞེན་འཛིན་ཉམས་ཀྱི་ཞགས་པས་བཅིངས། །སྐུ་དང་ཞིང་ཁམས་རབ་འབྱམས་མཐོང་ཐོབ་དང་། །དམྱལ་མེར་ལྷུང་བ་གཉིས་ཀ་སེམས་ཀྱི་མདངས། །སེམས་ལ་བཟང་ངན་གདོད་ནས་མ་གྲུབ་ཕྱིར། །རང་བབ་མ་ཡེངས་མི་བསྒོམ་གཤིས་ལ་ཞོག །རྣམ་རྟོག་མི་དགག་རྟོག་པ་རང་ཞིར་ཀློད། །འདི་ལ་བཅོས་ན་སྒོམ་པའི་དམ་ཚིག་ཉམས། །སྣང་སྲིད་ཡོངས་གྲོལ་བསྒོམ་པའི་དབང་ཐོབ་ཤོག །ས་མཱ་དྷི་ཨ་ཏི་ཧོཿ དེས་བསྒོམ་པ་སྣང་སྲིད་གཞི་གྲོལ་གྱི་དབང་བསྐུར་ཐོབ་པ་ཡིན་ནོ། །དེ་ནས་ཁྱེད་རང་རྣམས་ལུས་གནད་བཞུགས་སྟངས་གསུམ། མིག་གནད་གཟིགས་སྟངས་གསུམ་གང་རུང་དང་སྦྱོར་ལ་དབྱིངས་སྣང་རིག་པ་ངོས་ཟུངས་མཛོད། ཧཱུྃ། ཡེ་དག་མཉམ་ཡངས་རང་གྲོལ་མ་རྟོགས་ན། །སེང་གེ་གླང་ཆེན་དྲང་སྲོང་འདུག་སྟངས་ཀྱིས། །མིག་གཉིས་སྨིན་མཚམས་ནམ་མཁའི་དབྱིངས་སུ་ལྟོས། །རླུང་དང་སེམས་གཅུན་བརྩོན་འགྲུས་དྲག་པོ་ཡིས། །དབྱིངས་རིག་འོད་ཐིག་རྒྱལ་བ་ཡབ་ཡུམ་མཐོང་། །མ་ཡེངས་བསྐྱང་བས་ཆོས་ཉིད་མངོན་སུམ་དེ། །ཉམས་སྣང་གོང་འཕེལ་རིག་པ་ཚད་ལ་ཕེབས། །ཆོས་ཉིད་ཟད་སར་སྐྱོལ་ནས་ཚེ་འདིར་གྲོལ། །ཟག་མེད་འཇའ་ལུས་ཐོབ་པའི་དབང་ཐོབ་ཤོག །ཨ་ཏི་ཧོཿ དེས་ཐོད་རྒལ་འོད་གསལ་ཁོར་ཡུག་བསྒོམ་དུ་རུང་བའི་དབང་བསྐུར་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ཚོགས་དྲུག་མ་བཅོས་ལྷུག་པའི་ངང་དུ་གར་བསྒྱུར་བ་སོགས་ལུས་ངག་གི་རྣམ་འགྱུར་ཅི་བདེ་བར་བྱོས་ཤིག །ཧཱུྃ། ཀ་དག་ལྷུན་གྲུབ་གཞི་ཡི་བཞུགས་ཚུལ་དེ། །གཏན་འབེབ་ཁྲེགས་ཆོད་ཐོད་རྒལ་ལམ་གྱི་མཆོག །འབྲས་བུ་སྐུ་དང་ཡེ་ཤེས་ཀུན་ཏུ་བཟང་། །དེ་ཉིད་བསྐྱང་བའི་སྤྱོད་ཡུལ་ཅི་ཕྱིར་མེད། །རབ་འབྲིང་མཐའ་མ་དབང་པོའི་བྱེ་བྲག་གིས། །རང་གི་ཉམས་མྱོང་འཆར་ཚུལ་ཤེས་བྱས་ནས། །ཉམས་གོང་འཕེལ་བའི་སྤྱོད་བརྟེན་སྒྲིབ་པ་སྤོངས། །ཤུགས་འབྱུང་རང་གྲོལ་མ་བཅོས་སྤྱོད་དབང་བསྐུར། །ས་མ་ཡ་ཨ་ཏི་ཧོཿ དེས་སྤྱོད་པ་རང་བབ་ཤུགས་འབྱུང་གི་དབང་ཐོབ་པ་ཡིན་ནོ། །བདུད་རྩི་འདིས་མཁུར་བ་བཀང་ལ་ཕཊ་བརྗོད་ཅིག །བདུད་རྩི་བླུད་ལ། ཧཱུྃ། གཞི་ལམ་འབྲས་སོགས་སྣང་སྲིད་ཤེས་བྱའི་ཆོས། །ཐ་དད་མིང་བཏགས་བློས་བཟུང་ལོག་ཤེས་ཉིད། །ཀུན་རྫོགས་རང་རིག་ཡེ་ཤེས་ཁ་གང་མ། །མ་བཅོས་འདི་ལ་སངས་རྒྱས་འབྲས་བུ་ཟེར། །དོན་ལ་སངས་རྒྱས་སེམས་ཅན་གཉིས་སུ་མེད། །སྐད་ཅིག་གྲོལ་བ་འདི་ཉིད་ཆོས་ཀྱི་སྐུ །འདི་ལས་གཞན་དུ་འབྲས་བུ་སངས་རྒྱས་མེད། །མཁུར་བཀང་སྨྲ་འདོད་དཔེ་ཡི་དོན་མཐོང་ཤོག །ཨོཾ་ཨཱཿཧཱུྃ། དྷརྨ་ཀཱ་ཡ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཨཱཿ དེས་འབྲས་བུ་མ་བཙལ་ལྷུན་གྲུབ་ཀྱི་དབང་ཐོབ་པ་ཡིན་ནོ། །དེ་ལྟར་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་རང་བྱུང་རང་ཤར་རང་གྲོལ་རང་ཆས་སུ་ངོ་འཕྲོད་པའི་དོན་གོ་བར་དེར་གྲོལ་དགོས་པས་དེའི་དོན་ངོ་སྤྲད་པ་ནི་མ་ཡེངས་པར་གསན་འཚལ། ཤེལ་དང་མེ་ལོང་མར་མེ་ལ་སོགས་པའི་ཟེར་དང་ཞི་ཁྲོའི་སྐུ་བསྟན་ལ། ཧཱུྃ། གདོད་ནས་འཁྲུལ་མ་མྱོང་བའི་ཀུན་བཟང་ཐུགས། །ཤར་དུས་འོད་གསལ་མ་བུ་མ་འདྲེས་ན། །རང་རྩལ་འཁྲུལ་སྣང་ཤར་བའི་སེམས་ཅན་རྣམས། །འཁྲུལ་ནས་མ་གྲོལ་བར་དུ་བར་མ་དོར། ཁྱད་པར་འདི་འཕོས་ཕྱི་ལུས་མ་བླངས་པར། །དོན་ལ་འཁྲུལ་དང་མ་འཁྲུལ་མ་མཆིས་ཀྱང་། །སྣང་ལོག་ཀུན་རྫོབ་འཁྲུལ་ངོར་རང་གི་སེམས། །མ་རིག་རང་རྩལ་འདི་ལ་ཨ་འཐས་པས། །རང་ལ་རང་སྐྲག་རང་ཉིད་སྡུག་བསྔལ་མྱོང་། །རང་ལུས་གདོད་ནས་རྣམ་དག་རྒྱལ་བའི་སྐུ །ཞི་ཁྲོའི་ལྷ་ཚོགས་མ་ལུས་ལྷུན་རྫོགས་པ། །སྒྲ་འོད་ཟེར་དང་སྣ་ཚོགས་སྐུར་འཆར་བས། །མ་འཇིགས་རང་ངོ་ཤེས་གྲོལ་དབང་ཐོབ་ཤོག །ཨ་ཨ་ཨ། དེ་རྣམས་ཀྱིས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་དག །རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཔལ་གཏོར་ཐོགས་ལ། དེ་དག་གིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་དྲག་པོ་མཐུའི་དབང་སྦྱིན་པའི་ཐོག་མར་གཏོར་དབང་དང་རྗེས་སུ་འབྲེལ་བར་དྲེགས་པའི་སྲོག་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། །དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་གཤིན་རྗེ་གཤེད་པོ་འཁོར་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ། ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་གདུག་པའི་ཁྲོ་ཆེན་རྔམ་པའི་སྐུ །རབ་འཇིགས་མི་བཟད་འབར་བའི་གཤིན་རྗེ་གཤེད། །ཐུགས་དམ་དབང་གིས་འདིར་གཤེགས་མཆོད་པ་བཞེས། །འཁོར་གྱི་དྲེགས་པ་སྲིད་གསུམ་བརླག་ནུས་རྣམས། །དབང་བསྡུས་ཟིལ་གནོན་ལས་ལ་བསྔགས་པ་ཡིས། །དགྲ་བགེགས་མ་ལུས་རྩད་ནས་གཅོད་པའི་ཕྱིར། །མངོན་སྤྱོད་ནུས་མཐུ་ཐོགས་མེད་དབང་བསྐུར་མཛོད། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བཛྲ་སརྦ་དུཥྚཱཾ་ཨ་མུ་ཀ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་སྤྱི་བོར་བཞག །གཏོར་མའི་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་དཔལ་ཆེན་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་འཁོར་སྲས་མཆོག་རིགས་བཞི་དང་བཅས་པ། ཁྱད་པར་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས་པ། གཟི་བརྗིད་ནུས་སྟོབས་འགྲན་ཟླ་དང་བྲལ་བར་གྱུར་པ་ལ། དྲེགས་པའི་སྡེ་དཔོན་ཆེན་པོ་བཞི་བྲན་དུ་གཏད་པས། སྡེ་བརྒྱད་འཁོར་དང་བཅས་པས་དེང་ཕྱིན་ཆད་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་ཆོས་སྐྱོང་དུ་ཁས་བླངས་པར་སྒོམས་ཤིག །གཡས་ཀྱི་དམར་གཏོར་སློབ་མའི་གཡས་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་གཤིན་རྗེའི་སྡེ་དཔོན་ནི། །ཡ་མ་རཱ་ཙ་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཡ་མ་རཱ་ཙ་ཡ་ཛཿབྷྱོ། ཤཱ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། གཡོན་གྱི་དམར་གཏོར་གཡོན་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་མ་མོའི་སྡེ་དཔོན་ནི། །ཨེ་ཀ་ཙཱ་ཏི་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨེ་ཀ་ཙཱ་ཏི་ཏྲཀ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། མདུན་གྱི་གཏོར་མ་མདུན་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་བདུད་ཀྱི་སྡེ་དཔོན་ནི། །བསྐོས་རྗེ་དྲང་དཀར་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །དུ་ཏྲཀ་དུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ལ་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། རྒྱབ་ཀྱི་དམར་གཏོར་རྒྱབ་ངོས་སུ་ལག་པ་བརྐྱང་བ་ལ་གཏད་དེ། ཧཱུྃ། སྣང་སྲིད་བཙན་གྱི་སྡེ་དཔོན་ནི། །སྲོག་ཟན་དམར་པོ་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨ་བྷི་ཙཀྵུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། དེ་ནས་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་རྗེས་སུ་གནང་བ་ལ། ལས་སྒྲུབ་ཕལ་མོ་ཆེར་བསྔགས་པའི་གཏོར་མ་ཤེས་པ་གསུམ་ལྡན་དུ་སྒྲུབ་པའི་རྗེས་སུ་གནང་བ་ཐོབ་པར་མོས་མཛོད། དཔལ་གཏོར་ལག་ཏུ་གཏད་ལ། ཧཱུྃ། ཤ་ཁྲག་གཏོར་མས་བཀའ་སྲུང་མཆོད། །དམ་རྫས་གཏོར་མ་ཡི་དམ་ལྷ། །དུག་ཁྲག་མཚོན་ཆའི་གཏོར་མ་ཡིས། །དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག །མ་ཧཱ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ། བསྒྲལ་དབང་ནི། ལྕགས་ཧོམ་དང་ལིངྒ་གཏད་ལ། ཧཱུྃ། བདག་འཛིན་ལིངྒ་བདག་མེད་ཕུར་བུས་སྒྲོལ། །རྣམ་རྟོག་ལིངྒ་རྟོག་མེད་ཕུར་བུས་སྒྲོལ། །ཉོན་མོངས་ལིངྒ་ཡེ་ཤེས་ཕུར་བུས་སྒྲོལ། །ལིངྒ་བྲི་འགུགས་སྒྲོལ་བའི་དབང་ཐོབ་ཤོག །ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ལིངྒ་འགྲིམས་ལ་མདུན་དུ་བཀོད། ཕྱག་རྒྱ་བཞི་དང་ཐུན་རྫས་སོགས་དངོས་སམ་རི་མོར་བྲིས་པ་གཏད་ལ། ཧཱུྃ། གྲུ་གསུམ་དམྱལ་བའི་བཙོན་ཁང་བྲུབ་ཁུང་དུ། །གྲངས་མེད་སྤྲུལ་པས་འགུགས་པ་ཕོ་ཉའི་དབང་། །དབང་མེད་སྙིང་ནས་འདྲེན་པ་ལྕགས་ཀྱུའི་དབང་། །དམ་ཉམས་ཐར་མེད་བཅིང་བ་ཞགས་པའི་དབང་། །དམ་ཉམས་དབང་པོ་འཆིང་སྡོམ་ལྕགས་སྒྲོག་དབང་། །དམ་ཉམས་རྣམ་ཤེས་མྱོས་བྱེད་དྲིལ་བུའི་དབང་། །དགྲ་བོ་ལྷ་དང་ཕྲལ་བྱེད་རྫས་སྔགས་དབང་། །དགྲ་བོ་ཐིབས་གྲིར་གསོད་པ་ས་ཡི་དབང་། །དགྲ་ཡུལ་རྗེས་མེད་ཁྱེར་བྱེད་ཆུ་ཡི་དབང་། །དགྲ་བགེགས་ཐལ་བར་སྲེག་བྱེད་མེ་ཡི་དབང་། །དགྲ་བགེགས་ལུས་སེམས་གཏོར་བྱེད་རླུང་གི་དབང། །སྣ་ཚོགས་མཚོན་ཆའི་ཆར་འབེབ་ཐུན་རྫས་དབང་། །མ་ལུས་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་མཱ་ར་ཡ་སཏྭམྦྷ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྤྲོ་ན་འགུགས་མནན་སྔགས་རིང་བཟླ་བར་གསུང་། མཚོན་ཆ་རྣམས་ལིངྒ་ལ་འདེབས་ཚུལ་བྱར་གཞུག །ཕུར་པ་གཏད་དེ། ཧཱུྃ། སྲས་མཆོག་རྡོ་རྗེ་ཀཱི་ལ་ཡ། །གང་ལ་བཏབ་ཀྱང་རྡུལ་དུ་རློག །སྲིད་གསུམ་དགྲ་བགེགས་ཀུན་གྱི་གཤེད། །འདྲིལ་ཞིང་འདེབས་པའི་དབང་ཐོབ་ཤོག བཛྲ་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོས། ཕུར་པ་སྲས་མཆོག་ལིངྒ་དགྲ་བགེགས་སུ་གསལ་བ་ལ་བཏབ་པས་ཁོའི་ཚེ་བསོད་ཀྱི་དྭངས་མ་ཕུར་རྩེས་བླངས་ཏེ་རང་སྲོག་གི་གསོས་སུ་ཐིམ། རྣམ་ཤེས་ཨའི་རྣམ་པས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ་པར་མོས་མཛོད། །ཅེས་ཕུར་པ་འདེབས་སུ་གཞུག །མནན་གཏད་ཀྱི་དབང་ནི། མནན་ཐོད་ཚོན་སྐུད་ཕུང་རེ་གཏད་ལ། ཧཱུྃ། མཚན་ངན་ཐོད་རློན་སྡེ་བརྒྱད་འཁྲུགས་པའི་ཁྱིམ། །དམ་ཉམས་བྲུབ་ནས་འཆི་བདག་ཁ་རུ་གཏད། །སྔོན་དམར་བྱད་བཅུག་ཕུང་རེས་དྲིལ་བྱས་ཏེ། །བསྟན་བཤིག་རྩད་ནས་གཅོད་པའི་དབང་ཐོབ་ཤོག །ཀ་པཱ་ལ་བྷནྡྷ་སརྦ་རཱུ་པ་ཊ་མཱ་ར་ཡ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། སཱཙྪ་རི་རབ་ཀྱི་གཟུགས་ཐུན་རྫས་གཏད་ལ། ཧཱུྃ། འབྱུང་ལྔ་རིམ་བརྩེགས་འདས་པའི་འོག་རོལ་དུ། །གནོད་བྱེད་དགྲ་བགེགས་འཆི་བདག་ཁ་རུ་གཏད། །འབྱུང་ལྔའི་དཀྱིལ་འཁོར་སྟེང་དུ་རི་རབ་བརྩེགས། །འཁོར་འདས་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །གནོད་བྱེད་སཏྭམྦྷ་ཡ་ནན། ཨ་བྷི་ཥིཉྩ་ཧཱུྃ། ཟློག་པའི་དབང་ནི་དམར་གཏོར་ཡུངས་དཀར་གྱིས་བརྒྱན་པ་གཏད་ལ། ཧཱུྃ། དམར་གྱི་གཏོར་ཆེན་ཡུངས་དཀར་རྒྱལ་པོས་བརྒྱན། ཁྱོད་ལ་སྦྱིན་པས་ནུས་མཐུ་མཆོག་ཐོབ་སྟེ། །ལྷ་སྔགས་ཏིང་འཛིན་རྣོ་མཚོན་སྤུ་གྲིའི་ཆར། །དྲག་པོས་ཕ་རོལ་རྦོད་ཟོར་ཟློག་པའི་དབང་ཐོབ་ཤོག །ཡ་མཱནྟ་ཀ་ཡ་མ་རཱ་ཛ། རྦོད་ཟོར་སརྦ་བྷྱོ་བྷྱོ་ཟློག་ཟློག །ཨ་བྷི་ཥིཉྩ་ཧཱུྃ་ཕཊ། བསད་པའི་དབང་ནི། སླར་ལིང་རོ་ལ་འགུགས་གཞུག་བྱ། ཁྱེད་རང་རྣམས་སྐད་ཅིག་གིས་ལས་ཀྱི་གཤིན་རྗེ་འཇིགས་སུ་རུང་བ། ལྟོ་བ་མུན་པའི་ཀློང་དུ་དྲེགས་པ་སྡེ་བརྒྱད་ཀྱིས་གང་བ། ཕྱག་གི་མཚོན་ཆས་དགྲ་བགེགས་དངོས་སུ་བསད། ཤ་ཁྲག་རུས་གསུམ་ལྷག་མེད་ཆེམས་ཆེམ་གསོལ་བར་མོས་ཤིག །ཕུར་བུ་རལ་གྲི་གཏད་ལ་སྒྲོལ་དུ་གཞུག་པའི་མཐར་ལིང་རོ་རྣམས་གཏོར་ཆུང་ཤ་ཁྲག་གིས་བརྒྱན་པའི་ནང་དུ་བླུགས་པ་རོལ་དུ་གཞུག་ལ། ཧཱུྃ། ཁྱོད་ནི་ཟ་བྱེད་ལས་གཤིན་འཆི་བདག་སྟེ། །ལྟོ་བར་ཟ་བྱེད་དྲེགས་པའི་ཚོགས་ཀྱིས་གང་། །མི་ཤ་ཁྲག་གི་དྲི་ཚོར་བཟོད་གླགས་མེད། །ལས་སུ་བསྟན་སྲུང་ཞལ་དུ་ཤ་ཁྲག་རོལ། །རབ་འཇིགས་རྔམས་པའི་ཞལ་ཕྱེ་མཆེ་གཙིགས་ཏེ། །ཕུར་བུ་ཤང་ལང་སྤུ་གྲི་འབར་བ་ཡིས། །དམ་ཉམས་འཁོར་བཅས་སྲོག་ཆོད་སྙིང་ཕྱུངས་ཤིག །གཞན་དུ་མ་གཡེངས་བརྣག་པའི་སེམས་ཀྱིས་ནི། །དམར་གཏོར་འདི་དང་དམ་ཉམས་གཟུགས་ཕུང་གཉིས། །མཉམ་དུ་རོལ་ཅིག་དམ་ཚིག་དུས་ལ་བབས། །ཤ་ཁྲག་དྲོན་མོ་བདུད་རྩི་བས་ཀྱང་ཞིམ། །བསྟན་བཤིག་རྩད་གཅོད་བསད་ལས་དབང་ཐོབ་ཤོག །དམ་ཉམས་ཞིང་བཅུ་ལྡན་པའི་ཤ་ཁྲག་སྲོག་དབུགས་ལ་ཁཱ་ཧི། །གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། དེ་དག་གིས་མངོན་སྤྱོད་དྲག་པོ་མཐུའི་དབང་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་ནོ། །དེ་ནས་ཁྱེད་རང་རྣམས་སེང་གེའི་ཁྲིའི་སྟེང་དུ་བཞག །སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེང་། ཕྱག་ཏུ་རྒྱུད་ཀྱི་གླེགས་བམ་དང་རྡོར་དྲིལ་གཏད་དེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་བའི་མོས་པ་མཛོད། ཅེས་བརྡ་སྤྲད། དངོས་སུའང་དེ་དག་གང་འཛོམ་བྱས་ལ། ཧཱུྃ། ཇི་ལྟར་བྱེ་མ་ལས་ནི་མར་བཙིར་ལྟར། །དབང་མེད་དངོས་གྲུབ་ཐོབ་པ་མི་སྲིད་པས། ཁྱོད་ལ་དུས་གསུམ་རྒྱལ་བའི་དགོངས་པ་ཡི། །དབང་མཆོག་ཡོངས་སུ་རྫོགས་པ་དེ་རིང་བྱིན། །ད་ནི་སངས་རྒྱས་རྣམས་དང་ཁྱོད་དབྱེར་མེད། །ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་བྱོས། །སྐལ་ལྡན་སློབ་མ་སྨིན་གྲོལ་ལམ་ལ་བཀོད། །རྟག་ཏུ་འགྲོ་བ་འདྲེན་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། བཛྲ་དྷ་ར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་པ་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སློབ་དཔོན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །དབང་དེ་དག་གི་སྐབས་སུ་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བསྐུར་ཡོངས་སུ་རྫོགས་པའི་གཏང་རག་ཏུ་མཎྜལ་འབུལ་འཚལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། དེ་དག་གིས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་དཀྱིལ་འཁོར་དུ་དོན་དབང་རྗེས་འབྲེལ་བཅས་ཟུར་མཁར་ཆོས་ཀྱི་རྗེའི་བཀའ་སྲོལ་ལས་ཇི་ལྟར་བྱོན་པ་ལེགས་པར་གསན་གྲུབ་པ་ཡིན་ཞིང་། སྤྱིར་འཇམ་དཔལ་གྱི་མཚན་ཙམ་ཐོས་པའམ། དེའི་རྗེས་སུ་སློབ་པའི་བློ་སྐད་ཅིག་སྐྱེས་པ་ཙམ་ཡང་བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། སྙིགས་མའི་དུས་འདིར་འཇམ་དཔལ་ཞི་ཁྲོ་རྣམས་འགྲུབ་ཐག་ཉེ་ཞིང་མཐུ་རྩལ་ཆེ་ལ། ཁྱད་པར་ཀིང་ཀང་གི་གཞུང་མང་པོ་ལས། ཉིན་གཅིག་བསྒྲུབ་ན་ལོ་གསུམ་དགྲ་མི་སྡང་། །ཞེས་གསུངས་པས་ཆོས་བྱེད་ཁོས་དམན་སྙིགས་དུས་དམུ་རྒོད་ཀྱི་དཔུང་ལས་སྐྱོབ་པའི་ཡི་དམ་མཆོག་ཏུ་གྱུར་པ་ཡིན་པས་སྤྲོ་བ་སྐྱེད་ལ་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མཛོད། །དགེ་བ་བསྔོ། སློབ་མ་གྲོལ། ཚོགས་རོལ་ཞིང་ལྷག་མ་གཏོང་བ་མན་ཆད་རྗེས་ཀྱི་བྱ་བ་ལས་བྱང་ལྟར་རྫོགས་པར་བྱའོ། །སྔགས་སྤྱོད་ཀུན་གྱི་སྙིང་གི་བཅུད། །ཆོས་ལྡན་ཉམ་ཆུང་སྐྱོབ་པའི་གོ །འདི་ཡི་སྨིན་གྲོལ་འགྲོ་ཀུན་གྱི། །རྒྱུད་འབྱོར་འཇམ་པའི་དབྱངས་འགྲུབ་ཤོག །ཅེས་པ་འདི་ནི། ད་ལྟའི་སྔགས་ཤེས་ཕལ་མོ་ཆེར་གྱེར་མོ་ཙམ་དར་སྲོལ་ཆེ་ཡང་སྨིན་བྱེད་ཀྱི་རྐང་འདི་དཀོན་པ་དང་། རྩ་བ་ཟུར་མཁར་གྱི་ཡི་གེ་མཚམས་སྦྱོར་གཞན་ལ་ལྟོས་དགོས་མ་ཟད་ལུང་རྒྱུན་ཆད་པ་ལ་ཕན་པའི་བསམ་པས། འཇམ་མགོན་ཀརྨ་སི་ཏུའི་བཀའ་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).