Terdzo-THI-014

From Rinchen Terdzö

ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་

thun mong gi sngon 'gro'i chos bshad rin chen them skas

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ (Thun mong gi sngon 'gro'i chos bshad rin chen them skas)
Volume 40 (ཐི) / Pages 285-333 / Folios 1a1 to 25a4

[edit]

༄༅། །ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་ཆེན་ཞི་བའི་དབྱིངས་ལས་མི་གཡོ་ཡང་། །སྣ་ཚོགས་སྒྱུ་མའི་རོལ་གར་མཐའ་ཡས་པས། །ཕན་བདེའི་དངོས་ཀུན་སྩོལ་བའི་ཕྲིན་ལས་ཅན། །མཆོག་གསུམ་ངོ་བོ་བླ་མར་ཕྱག་བགྱི་འོ། །སྲིད་པའི་གྲོང་ཁྱེར་ཉམ་ངའི་གཡང་ས་ལས། །རྣམ་གྲོལ་ཐར་པ་མཆོག་གི་གྲོང་ཁྱེར་དུ། །སྐལ་བཟང་མྱུར་བདེར་འཇུག་པ་རིན་ཆེན་གྱི། །ཐེམ་སྐས་ལམ་གྱི་རིམ་པ་འདིར་གསལ་བྱ། །དེ་ཡང་སྤྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་གདོད་མ་ནས་སངས་རྒྱས་སུ་གནས་པ་དེ་ཉིད་མངོན་དུ་བྱེད་པ་ལ། བློ་དམན་ཐོས་བསམ་རིམ་འཇུག་གི་ལམ་ལ་བརྟེན་པ་དང། བློ་རབ་མོས་གུས་ཐོད་རྒལ་གྱི་ལམ་ནས་འཇུག་པའི་ཚུལ་གཉིས་ནི་མདོ་སྔགས་ཀྱི་བསྟན་པ་གཉིས་ཀའི་ཚུལ་ལ་ཡོད་ཅིང་། དེ་ལས་དང་པོའི་དབང་དུ་བྱས་ན་མ་ཆགས་པ་གསུམ་ལ་བརྟེན་ནས་དོན་གཉེར་གསུམ་གྱི་བློ་སྐྱེ་བ་ལ་བསླབ་པར་བྱ་བ་ཡིན་ནོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་། དེ་ཉིད་མི་རྟག་པར་བསམ་པ་ལས་ཚེ་འདིའི་ཆགས་ཞེན་གྲོལ་ནས་ཕྱི་མ་མཐོ་རིས་ཀྱི་བདེ་བ་དོན་གཉེར་གྱི་བློ་བཅོས་མིན་དུ་སྐྱེའོ། །གཉིས་པ་ནི། འཁོར་བའི་སྡུག་བསྔལ་དང་། ལས་རྒྱུ་འབྲས་བསམ་པས་འཁོར་བའི་ཆགས་ཞེན་བྲལ་ནས་རང་ཉིད་ཐར་པའི་ལམ་ངེས་ལེགས་དོན་གཉེར་གྱི་བློ་རྣལ་མ་སྐྱེའོ། །གསུམ་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་དོན་གྱི་ཆགས་ཞེན་བྲལ་ནས་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་བཅོས་མིན་དུ་སྐྱེ་བར་འགྱུར་ཞིང་། དེ་ལྟར་སྐྱེས་བུ་གསུམ་གྱི་བློ་རིགས་དེ་ཤེས་པ་འགྱུར་ཐུབ་པ་མ་བྱུང་གི་བར་དུ་བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། འདི་གསུམ་རྒྱུད་ལ་མ་སྐྱེས་ན། ལྷ་སྒོམ་སྔགས་བཟླ་སོགས་ཇི་ལྟར་བྱས་ཀྱང་གར་འགྲོའི་གཏད་སོ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ནི་འདི་ལྟར་ཤེས་པར་བྱ་བ་ཡིན་ཏེ། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ། ལས་རྒྱུ་འབྲས་བསམ་པ་དང་བཞིའོ། །དང་པོ་ལ་དལ་འབྱོར་ངོས་གཟུང་བ། དེ་ཉིད་རྙེད་དཀའ་ཚུལ། དེ་དོན་ཆེ་བ་བསམ་པ་གསུམ་གྱི་དང་པོ་ནི། བཟོད་པར་དཀའ་བའི་སྡུག་བསྔལ་ཅན་གྱི་འཁོར་བ་འདིར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་། དེ་ཉིད་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་ལུས་འདི་ཉིད་ཡིན་ཏེ། དེ་ཡང་ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་དཀའ་བས། ད་རེས་འདི་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བྱ་ཞིང་། དེ་ཡང་། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་ཅིང་ལུས་རྟེན་ཤིན་ཏུ་ངན་པས་ཆོས་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ནི་འདོད་ཡོན་ལ་ཆགས་པས་གཡེངས་ཤིང་སྐྱོ་ཤས་ཆུང་། གཟུགས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཡང་ཏིང་ངེ་འཛིན་གྱིས་རྟག་ཏུ་མྱོས་པས་ཆོས་མི་ཁོམ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱིས་སྟོངས་པའི་སར་སྐྱེས་པའམ། བྱོན་ཡང་ཆོས་མ་དར་བའི་ས་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པ་དང་། ཆོས་དར་བའི་སར་སྐྱེས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། ཀླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བས་འཇུག་ལྡོག་གི་བསམ་པ་མེད་པར་སྐྱེས་པ་རྣམས་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ལ། དེ་ཡང་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པ་དང་། གཞན་བཞི་ནི་མིའི་མི་ཁོམ་པ་ཡིན་ནོ། །མི་ཁོམ་པའི་ལྷ་ནི་འདུ་ཤེས་མེད་པའི་ལྷ་ཉིད་ལ་ངོས་འཛིན་འཐད་པར་ཡང་བཤད་དོ། །དེ་ལྟར་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ནི་དལ་བ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་བ། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བགྱི། བཀའ་བསྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །ཞེས་དང་། སྡུད་པར། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པའོ། །འབྱོར་བའི་ཆོས་བཅུ་ལས་རང་འབྱོར་ལྔ་ནི། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། དེ་ལ་བདག་གིས་སྤྱིར་མི་ལུས་ཐོབ། སྒོས་ཡུལ་དབུས་ཆོས་དར་བའི་སར་སྐྱེས། དབང་པོ་སྒོ་ལྔ་སོགས་ཚང་བས་བླང་དོར་ཤེས་སུ་རུང་། མཚམས་མེད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ་སངས་རྒྱས་ཀྱི་གསུང་རབ་ལ་དད་པ་དང་ལྡན་པ་ཙམ་འདུག་སྟེ། ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །དེ་ཡང་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་དང་རང་འབྱོར་ལྔ་ནི་གནད་གཅིག་གོ །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པས་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། དེའི་བསྟན་པ་མ་ནུབ་པར་གནས་པ། བསྟན་པ་ལ་རྗེས་སུ་འཇུག་པ་གཞན་ཡང་མང་དུ་ཡོད་པ། ཆོས་བྱེད་པ་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས་ཟས་གོས་སོགས་མཐུན་རྐྱེན་སྦྱོར་བ་པོ་ཡང་མང་དུ་ཡོད་པའོ། །གཞན་བརྩེ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཆོས་ལ་བརྩེ་བས་འདྲེན་པ་ཉིད་ཡིན་པར་བཤད་པ་ཡང་ཡོད་དོ། །དེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་གཞན་འབྱོར་རོ། །དེ་ཡང་མདོ་ལས། འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་བྱའོ། །ཞེས་གསུངས་པས། དེ་ལ་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་བས། ད་རེས་ཆོས་ལ་འབད་དགོས་པ་འདུག་སྙམ་བློ་རྩེ་གཅིག་ཏུ་དྲིལ་བར་བྱ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ཉིད་རྙེད་དཀའ་བའི་ཚུལ་ནི། སེམས་ཅན་གྱི་ནང་ན་ངན་སོང་གསུམ་གྱི་འགྲོ་བ་ནི་ཤིན་ཏུ་མང་སྟེ་ས་ཆེན་པོའི་རྡུལ་བཞིན་མཐའ་མེད། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང་སྟེ་སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་ཤིང་། ངན་སོང་གསུམ་གྱི་ནང་ནས་ཉུང་ཤོས་དུད་འགྲོ་དང་། དེའི་ཡང་བྱིངས་ནི་རྒྱ་མཚོ་ཆེན་པོར་གནས་ཤིང་བསམ་གྱིས་མི་ཁྱབ། ཁ་འཐོར་གྱིས་ཀྱང་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི་དེ་ལ་ལྟོས་ན་སྲིད་མཐའ་ཙམ་དང་། དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པའི་མི་ཉུང་། ཡང་སྒོས་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་སྟེ། དེ་ལྟར་ཉུང་བ་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བ་བྱེད་པ་ནི་ཅི་ནས་ཀྱང་ཉུང་ཞིང་། དེའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་བསྲུང་བ་ཤིན་ཏུ་དཀོན་པས་མི་ལུས་རྙེད་པར་དཀའ་བ་སྟེ། དབུ་མ་འཇུག་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། ཅེས་མངོན་མཐོའི་རྒྱུ་ཚུལ་ཁྲིམས་ཁོ་ནར་ངེས་པ་དང་། དེ་ཉིད་དཀོན་པའི་དཔེ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་འོ་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པའི་དཔེས་ཀྱང་མཚོན་པར་བྱས་ནས་སྤྱིར་མི་ལུས་རྙེད་དཀའ་དང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི་བསོད་ནམས་མང་པོ་བསགས་པའི་མཐུ་ལས་བྱུང་བས་ན། ད་རེས་རྙེད་པར་དཀའ་བའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་གཏན་གྱི་བདེ་བའི་ཕྱིར་དུ་ཆོས་རྣམ་དག་ཅིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པའོ། །གསུམ་པ་རྙེད་པ་དོན་ཆེ་བར་བསམ་པ་ནི། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་དེ་ཐོབ་པ་ལ་དགོས་པ་ཅི་ཡོད་སྙམ་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། གནས་སྐབས་སུ་སྐྱེ་བ་ནས་སྐྱེ་བར་མཐོ་རིས་ཀྱི་བདེ་བ་ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་ཀྱང་བདེ་བླག་ཏུ་སྒྲུབ་ནུས། དེར་མ་ཟད་ཐེག་པ་འོག་མའི་མྱང་འདས་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་སྒྲུབ་ནུས་ཤིང་། འདི་མ་ཐོབ་ན་ཐར་པ་ལྟ་ཅི་སྨྲོས་འཁོར་བའི་བདེ་བ་ཙམ་ཡང་སྒྲུབ་པའི་ཐབས་མེད་པས། དེས་ན་ད་རེས་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་མ་བྱས་ན་རིན་པོ་ཆེའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟར་དོན་མེད་དུ་སོང་ན་འཕུང་ཚབས་ཤིན་ཏུ་ཆེ་སྟེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བསྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་འདོད་དོན་ཁྱད་པར་ཅན་འགྲུབ་ཏུ་རུང་བའི་རྟེན་ལན་གཅིག་ཐོབ་པ་དེ་ཉིད་སྔར་དོན་མེད་དུ་དེ་ཙམ་ཐལ། ད་ནི་ཅི་ནས་ཀྱང་དམ་པའི་ཆོས་ལ་རྩེ་གཅིག་ཏུ་འབད་པར་བྱའོ་སྙམ་པའི་བསམ་པ་སྙིང་ཐག་པ་ནས་དྲན་པར་བྱས་ནས་དལ་འབྱོར་མདོ་མེད་དུ་མ་སོང་བ་གལ་ཆེའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། མཐར་འཆི་བ་འོང་སྙམ་པ་ཐམས་ཅད་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་དེ་འཆི་ཁ་ཚུན་ཆད་ལ་འབྱུང་། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས། ཕྱི་མའི་དོན་བསྒྲུབ་པ་ཕྱི་བཤོལ་ལེ་ལོའི་དབང་དུ་འགྲོ་བས་མི་རྟག་པ་བསྒོམ་དགོས། དེ་ལ་ངེས་པར་འཆི་བ་བསམ་པ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་བསམ་པ་གསུམ་གྱི་དང་པོ་ངེས་པར་འཆི་བ་བསམ་པ་ནི། དལ་འབྱོར་གྱི་རྟེན་དེ་ཉིད་ཐོབ་ཟིན་ནས་མི་འཆི་བ་ཞིག་ཡིན་ན་དེ་ཀ་ཡིན་མོད་རྟག་པའི་ངེས་པ་ཅུང་ཟད་ཀྱང་མེད་དེ། ལུས་ཅི་འདྲ་ཞིག་བླངས་པ་དང་། གནས་གྲོགས་གང་ལ་བརྟེན་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་བྱུང་བ། ད་གཟོད་འབྱུང་འགྱུར། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། མདོར་ན་རང་རེ་བཙས་ནས་དེ་རིང་ཡན་ཆད་དུ་དགྲ་གཉེན་བར་མའི་འགྲོ་བ་ཇི་ཙམ་ཞིག་ཤི། དེས་ན་བདག་ལ་མི་འཆི་བའི་གདིང་ཅི་ཞིག་ཡོད་དེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་གཏོང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་དང་། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་པ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་གསུངས་པ་ལྟར་སྤྱིར་འཆི་བ་ལས་མ་འདས་ཤིང་། འོན་ཀྱང་ཚེ་རིང་པོར་འཚོ་བ་ཞིག་ཡིན་དུ་སྲིད་ཀྱང་། ལོ་དང་ཟླ་བ་ཞག་དང་ཟ་མ་སྐད་ཅིག་རེ་རེས་ཀྱང་སྡོད་པ་མེད་པར་འཆི་བ་ལ་ཇེ་ཉེར་སོང་བས་སྔར་དེ་ཙམ་ཞིག་འདས། ལྷག་མ་ཡང་བསྣོན་པ་མེད་ཅིང་བར་མ་ཆད་དུ་འགྲིབ་པ་ཡིན་ཏེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུར་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པས། དེས་ན་དང་པོར་གཞོན་པའི་དུས་སུ་ནི་བསམ་པ་མ་རྙེད་པས་ཆོས་མ་བྱུང་། མཐར་རྒས་ནས་ནི་ཆོས་བྱེད་ལོ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང་། དེའི་བར་གྱི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་རྣམ་གཡེང་འགྲོ་འདུག་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་ཆོས་བྱེད་པའི་གནས་སྐབས་ཅུང་ཟད་ཙམ་དེར་འདུག་པས། ཚེ་འདིའི་ཕུན་ཚོགས་དང་བསླུ་བྲིད་ཐམས་ཅད་རྨི་ལམ་ཐུན་གཅིག་གི་བདེ་བ་ལྟར་ངེས་ཤེས་བསྐྱེད་ནས་དམ་པའི་ཆོས་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །གཉིས་པ་ནམ་འཆི་ཆ་མེད་པར་བསམ་པ་ནི། མཐར་འཆི་ཡང་རེ་ཞིག་མི་འཆི་བས་དེ་ཙམ་དུ་རིངས་ཅི་དགོས་སྙམ་ན། སྤྱིར་སྒྲ་མི་སྙན་པ་མ་གཏོགས་པ་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་འཛམ་བུ་གླིང་པའི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོར་ཚེ་ལོ་དཔག་མེད་ཐུབ་པའང་བྱུང་མོད། མཐར་ལོ་བཅུ་ལ་རིང་མཐའ་བྱེད་དགོས་ཤིང་། ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་ཡང་ནམ་འཆིའི་ངེས་གཟུང་མེད་དེ། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་སོ། །གལ་ཏེ་སྔོན་གྱི་ལེགས་བྱས་ཀྱིས་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕངས་སུ་སྲིད་ཀྱང་། དེ་རིང་ནས་བརྩི་རྒྱུ་མིན་ཏེ། སྔར་དེ་ཙམ་འདས། ད་ཇི་ཙམ་ཐུབ་ཚོད་མི་དཔོགས། ཡང་སུམ་ཅུའམ་བཞི་བཅུ་ཙམ་ལས་མ་འཕངས་པའང་སྲིད། གང་ནའང་མཐོང་ཐོས་ཀྱི་འགྲོ་བ་གློ་བུར་དུ་ཤི་བ་རྣམས་ལ་བརྟགས་ན། རང་ཅག་དེ་ལྟ་བུའི་ཆོས་ཅན་ལས་མ་འདས་ཏེ། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། སང་གནངས་དང་འོ་སྐོལ་གྱི་ཚེ་ཕྱི་མ་གང་སྔ་མི་ཤེས་པས་ཚེ་འདིའི་བྱ་བྱེད་ཐམས་ཅད་ཀྱི་འཁྲི་བ་རྦད་ཀྱིས་ཆོད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨྲོས་ཅི་འཚལ། །ཞེས་པ་ལྟར་ལུས་ནི་ཆུའི་ལྦུ་བ་ལྟར་ཉམ་ཆུང་། དབུགས་ནི་སྟོན་ཀའི་ན་བུན་བཞིན་ནམ་ཡལ་ཆ་མེད། རང་དབང་མ་ཐོབ་པའི་སེམས་ནི་གར་འགྲོའི་བརྟོལ་མ་མཆིས་ཏེ། ཇི་སྐད་དུ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། ཕྱིའི་རྐྱེན་མི་དང་དུད་འགྲོ་གདོན་བགེགས་ལ་སོགས་པས་འཚེ་བ་དང་། མེ་ཆུ་གཡང་ས་ལ་སོགས་པའི་འབྱུང་བའི་གནོད་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་འདིས་མི་བྱེད་བྱ་བ་མེད་དེ། འཚོ་བའི་རྐྱེན་དུ་རེ་བའི་ཟས་གོས་དང་སྨན་སོགས་བརྟེན་པ་ཡང་འཆི་རྐྱེན་དུ་མི་འགྲོ་བའི་ཆ་མེད། དེས་ན་འཆི་བའི་རྐྱེན་ངན་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། ནམ་འཆི་ཆ་མེད་སྙམ་དུ་བསྒོམ་པར་བྱ་སྟེ། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་ནས་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འཆི་བ་ལ་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པར་བསམ་པ་ནི། དེ་ལྟར་འཆི་བའི་གནས་སྐབས་མངོན་དུ་གྱུར་པ་ན། བསགས་པའི་ནོར་རྫས་མང་ཡང་ཁྱེར་དབང་མེད་དེ་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འཇོག་དགོས། འགྲོགས་པའི་གཉེན་བཤེས་དང་འཁོར་གཡོག་བརྩེ་དུངས་ཆེ་བས་མཐའ་བསྐོར་ཡང་འཁྲིད་པའི་དབང་མེད། བརྩིགས་པའི་ཁང་ཁྱིམ་བཙན་ཡང་འཁྲི་ས་དང་སྡོད་དབང་མེད་པར་ཚེ་འདིའི་ཕུན་ཚོགས་ཐམས་ཅད་དང་བྱེ་བྲལ་བྱས་ནས་རྒྱུས་མེད་ཀྱི་ཕྱོགས་སུ་རང་དབང་མེད་པར་འགྲོ་བ་ལ། ཟས་ནོར་ཤེད་སྟོབས་རིག་སྔགས་རྟེན་འབྲེལ་གང་གིས་ཀྱང་མི་བཟློག་སྟེ། མདོ་ལས། རྒྱལ་པོ་ཆེན་པོ། ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་། རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་། རྒུད་པས་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་། འཆི་བས་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལ་མགྱོགས་པར་འབྲོས་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་སླ་བ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པ་དང་། འོ་ན་དེ་དག་རྗེས་སུ་མི་འབྲང་ན་ཅི་ཞིག་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང་བ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པ་དང་། དེས་ན་ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བ་ཐམས་ཅད་རང་ལ་མི་རྟག་པ་སྟོན་པའི་བརྡར་ངེས་ཤེས་བསྐྱེད་ནས། ཚེ་འདིའི་བྱ་བྱེད་ཐམས་ཅད་ནི་ཟིན་ཚར་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་ཕན་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ལ། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསམ་པ་གལ་ཆེའོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་པ་དང་། དམ་པས། བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུགས་ཤིག་དིང་རི་བ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གསུམ་གྱི་རང་བཞིན་སྤྱིར་བསམ་པའོ། །དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལྟར་ངེས་པར་འཆི་བས་ཚེ་འདིར་སྡོད་པའི་དབང་མེད། ཤི་བས་མི་ཆོག་སྐྱེ་བ་ལེན་དགོས། དེ་ཡང་བདེ་འགྲོ་དང་ངན་འགྲོ་གཉིས་ལས་མ་འདས། དེ་ཉིད་ལས་དཀར་ནག་གིས་འཕངས་པའི་རྗེས་སུ་འགྲོ་བ་ལས་རང་དབང་ཅན་མ་ཡིན་ན་བདག་གིས་ཀྱང་མི་དགེ་བའི་ལས་ཇི་སྙེད་ཅིག་བསགས་མོད། བདག་ངན་སོང་དུ་སྐྱེས་ན་སྡུག་བསྔལ་ཅི་འདྲ་ཞིག་མྱོང་བར་འགྱུར་སྙམ་དུ་བསམ་དགོས། དེ་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱིས། །རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཅེས་གསུངས་པ་ལྟར། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལ་གནས་ཀྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་རི་རོང་ངམ་གྲོག་ཅན། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་ཞིང་ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་འབབ་པ། ལྕགས་བསྲེགས་ཀྱི་སྡོང་པོ་མེ་འབར་བས་གཏམས་པ། གདུག་པའི་བྱ་དང་གཅན་གཟན་དང་དམྱལ་སྲུང་གཤེད་མ་མི་བསྲུན་པ་དུ་མས་གང་བ། ལྕགས་བསྲེགས་ཀྱི་རྩིག་པ་དང་མེ་འོབས་ཀྱིས་ཀུན་ནས་བསྐོར་བ། དེ་ཡང་བསྐལ་པ་འཇིག་དུས་ཀྱི་མེ་ལས་ཚ་ཞིང་། དེ་བས་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བར་བཤད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པར་ཤར་བས་ཚ་དམྱལ་གྱི་གནས་མཐོང་སྟེ། དེ་དྲོ་བར་ཤེས་ནས་སྲེད་པས་བརྒྱུགས་པས་དེར་ཚུད་པའི་སྐད་ཅིག་ལ་གཉིད་སད་པ་ལྟར་སྐྱེ་བ་ལེན་པར་འགྱུར་ཞིང་། དེ་ཡང་རིག་པ་ཚོར་ངེས་སྐྱེན་ཞིང་ལུས་འཇམ་ཞིང་མཉེན་པས་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བས་ཀྱང་སྡུག་བསྔལ་ལྷག་པར་ཆེའོ། །སྡུག་བསྔལ་གྱི་ཁྱད་པར་ནི། ཡང་སོས་པ་རྣམས་ལས་དབང་གིས་མཚོན་ཆ་སྣ་ཚོགས་ལག་ཏུ་བྱུང་སྟེ། ཕན་ཚུན་དགྲའི་འདུ་ཤེས་ཀྱི་ཞེ་སྡང་དྲག་པོས་བསྣུན་རེས་བྱས་པས་ཤིན་ཏུ་སྡུག་བསྔལ་བས་བརྒྱལ་ཞིང་འགྱེལ་བ་ན་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་མྱོང་ངོ། །ཐིག་ནག་པ་རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་ནས་དེའི་སྟེང་དུ་སོག་ལེས་འདྲལ་བ་དང་། སཏྭ་གྲི་ལ་སོགས་པས་གཤོག་ཅིང་གཅོད་པའི་སྡུག་བསྔལ་གྲུབ་ཟིན་མེད་པའོ། །བསྡུས་འཇོམས་པ་རྣམས་ཀྱི་ལུས་གཅིག་ཏུ་འདུས་པ་ན། དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་ར་ལུག་དང་སྟག་སེང་ལ་སོགས་པའི་གདོང་པ་ལྟ་བུའི་བར་དུ་བཅུག་ནས་བཙིར་བས་བུ་ག་ཀུན་ནས་ཁྲག་གི་རྒྱུན་འབབ་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་ཐོ་གཏུན་ཆེན་པོས་ཏིལ་བཞིན་དུ་འཚིར་བ་དང་། ལྕགས་བསྲེགས་ཀྱི་ཕ་བོང་ཆར་དུ་བབས་པས་བརྡུང་ཞིང་འཇོམས་པར་འགྱུར་བའི་སྡུག་བསྔལ་དང་། ངུ་འབོད་པ་རྣམས་འཇིགས་སྐྲག་གིས་གནས་འཚོལ་བ་ན་ལྕགས་ཀྱི་ཁང་པ་མཐོང་སྟེ་དེར་ཞུགས་མ་ཐག་སྒོ་ཟུམ་ཞིང་ཕྱི་ནང་ཀུན་ཏུ་མེ་འབར་བས་བསྲེགས་པས་ངུ་ཞིང་འོ་དོད་འབོད་ཀྱང་སྐྱབས་མི་རྙེད་པའི་སྡུག་བསྔལ་དང་། ངུ་འབོད་ཆེན་པོ་གཞན་སྔ་མ་དང་འདྲ་བ་ལས་ལྕགས་ཁང་ཉིས་རིམ་དུ་སྔར་བཞིན་བསྲེགས་པས་སྡུག་བསྔལ་ཤིན་ཏུ་དྲགས་པར་མྱོང་བ་དང་། ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་ཉ་བཞིན་སྲེག་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་བཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་དུ་ཕུག་པས་ནང་ཁྲོལ་ཐམས་ཅད་འཚིག །བུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་བསྲེགས་ཀྱི་ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་འབར་བས་རྡུང་བར་བྱེད་དོ། །རབ་ཏུ་ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་གསལ་ཤིང་རྩེ་མོ་གསུམ་པ་མེ་འབར་བས་བཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་པ་བུ་ག་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་ལེབ་མེ་འབར་བས་ལུས་དཀྲི་ཞིང་ལྕགས་ཟངས་འགྱུར་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འབྲས་བཞིན་བཙོས་པས་ཤ་ཁྲག་ཞིག་ནས་ཀེང་རུས་ཙམ་ལུས་པ་དང་། ལྕགས་ཀྱི་གཞི་ལ་བཀྲམ་པས་ཤ་ཁྲག་སྐྱེས་པ་ན་སླར་ཡང་འཚོད་པར་བྱེད་དོ། །མནར་མེད་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བ་འོངས་ཏེ། དེའི་པགས་པ་ཤ་རྒྱུས་པ་རུས་པ་རྐང་གི་བར་དུ་སྲེག་ཅིང་མར་མེའི་སྙིང་པོ་བཞིན་དུ་ལུས་དང་མེ་དབྱེར་མི་ཕྱེད་པར་འབར་བས་སྨྲེ་སྔགས་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་དང་། ལྕགས་ཀྱི་ཞིབ་མར་མདག་མེ་འབར་བ་དང་ལྷན་ཅིག་རྔོད་པ་དང་། ལྕགས་བསྲེགས་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུང་སྟེ་ལྕགས་བསྲེགས་ཀྱི་གཞི་ལ་བརྒྱངས་ནས་ཕུར་པས་འདེབས་པ་དང་། པགས་པ་བཤུས་ནས་ལྕགས་བསྲེགས་ཀྱི་གཞི་ལ་གན་རྐྱལ་དུ་འཇོག་པ་དང་། ཁ་འབྱེད་བྱེད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་འཚིག་སྟེ་རོ་སྨད་ནས་ཕྱིར་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱ་འོ། །གོང་མ་གཉིས་ཀ་གཉིས་འགྱུར་རོ། །ཞེས་སོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག །དེས་རྩིས་པའི་རང་ལོ་ལྔ་བཅུ་ཐུབ། དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེའི་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང་ཞག་གྲངས་ཀྱང་ཉིས་འགྱུར་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་ཁྲོད་གངས་དང་འཁྱག་པའི་གཅོང་རོང་རླུང་དང་བུ་ཡུག་ཤིན་ཏུ་གྲང་བས་ཀུན་ཏུ་ཁྱབ་པ་རྣམས་སུ། ལུས་དང་ངག་གི་སྒྲའི་དོན་དང་མཐུན་པར་གྲང་བའི་སྡུག་བསྔལ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་བས་གྲང་དམྱལ་གྱི་གནས་མཐོང་སྟེ། དེ་ལ་སྲེད་པས་བརྒྱུགས་པས་དེ་ཉིད་དུ་སྐྱེ་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཁྱད་པར་ནི། ཆུ་བུར་ཅན་ནི། རླུང་དང་བུ་ཡུག་གི་གྲང་བས་བཏབ་པས་ལུས་ཆུ་བུར་ཧྲམ་ཧྲམ་པས་གང་བས་འཁུམས་ཏེ་སྡུག་བསྔལ་བའོ། །ཆུ་བུར་རྡོལ་པ་ཅན་ནི། གྲང་དྲགས་པས་ཆུ་བུར་ཡང་བརྡོལ་ཏེ། དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཞིང་། ཞག་དང་ཆུ་སེར་འཛག་པའང་འཁྱག་པར་འགྲོ་བས་སྡུག་བསྔལ་ལོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་པོར་འབྲུ་ངག་ཅན་ཅུང་ཟད་ཙམ་ཐོན་པས་སྨྲེ་སྔགས་འདོན་པའོ། །ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བས་འབྲུ་ངག་མི་ཐོན་པར་ཉེན་སྐད་ཕྲ་མོ་ཤིབ་ཤིབ་པོས་འདོན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་དཀོས་ཐག་ཅིང་སོ་འདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི། དེ་བས་ཀྱང་གྲང་བའི་ལྷགས་པའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ནས་གས་པ་དང་། པདྨ་ལྟར་གས་པ་ནི། སྔོ་བ་ལས་ཀྱང་ཐལ་བས་དམར་པོར་གྱུར་ཏེ་ཁ་བཅུའམ། དེ་བས་ཀྱང་མང་བར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་པགས་པ་བཤུས་ནས་ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་ནས་སྡུག་བསྔལ་ལ་བཟོད་ཐབས་མེད་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་པས། མ་ག་དྷཱའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱངས་ཞེས་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་རེ་ཕྱུང་བས་ཏིལ་དེ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད། འོག་མ་རྣམས་ལ་ཉི་ཤུ་འགྱུར་གྱིས་འགྲོས་རྩི་བ་ཡིན་ནོ། །གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་ནི། མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་ལྟར། ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་ཡང་། མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་། ཕྱོགས་གང་དུ་བྲོས་ཀྱང་མེ་མ་མུར་གྱི་འོབས་པུས་ནུབ་ཙམ་དུ་ཚུད་དེ། དེར་རྐང་པ་བཞག་མ་ཐག་ཤ་པགས་ཐམས་ཅད་སྲེག་ཅིང་བཏེག་མ་ཐག་འཚོ་བ་དང་། དེ་ལས་ཐར་ཡང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་མོ་ཁབ་འདྲ་བས་ཤ་པགས་རུས་པའི་བར་དུ་ཕུག་སྟེ་ཟ་བ་དང་། དེ་ལས་ཐར་ཡང་སྤུ་གྲི་སོ་རྣོན་གཏམས་པའི་ལམ་ལ་སླེབ་སྟེ་རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་བཏེག་མ་ཐག་སོས་པར་འགྱུར་བ་དང་། སོགས་ཁོངས་ནས་བསྡུས་པ་ནི། དེ་ལས་ཐར་ནས་རལ་གྲི་ལོ་མའི་ནགས་ཚལ་དུ་སོང་། དེར་གྲིབ་མ་ལ་འཁོད་པ་ན་ལས་རླུང་གིས་བསྐྱོད་པས་རལ་གྲི་རྣམས་ཆར་ལྟར་བབས་པས་ལུས་ཐམས་ཅད་གཅོད་ཅིང་འགྱེལ་བ་ན་ཁྱི་རྣམས་ཀྱིས་རུབ་སྟེ་ཟ་བ་དང་། དེ་ལས་ཐར་ཡང་གཅན་གཟན་གདུག་པ་ཅན་མང་པོས་དེད་པས་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་མཐོང་ནས་དེར་བྲོས་ཏེ་འབབ་འཛེག་བྱས་པས། ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡས་མན་དུ་བལྟ་བ་ལས་ལུས་ཁྲོལ་ཚགས་བཞིན་ཕུག་ནས་ཁྭ་ཏ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འབྲུ་ཞིང་ཤ་འཐོག་པ་སོགས་ཀྱིས་འཇིགས་པར་བྱེད་དོ། །དེ་ལས་ཐར་ཡང་ཚ་བས་གདུངས་པས་ཆུ་ཀླུང་འབབ་པ་མཐོང་སྟེ་བརྒྱུགས་པ་ན་འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བའི་ནང་དུ་ལྷུངས་ཏེ། གཏིང་དུ་སོང་བ་ན་ཤ་རུས་བྲལ་ནས་རུས་པ་དཀར་སིང་གིས་སོང་། སྟེང་དུ་ཐོན་ཚེ་ཤ་སྐྱེས་ནས་ཡང་ནུབ་པ་དང་། འབྲོས་པར་འདོད་ཀྱང་འགྲམ་གཉིས་ན་དམྱལ་སྲུང་མཚོན་ཆ་ཐོགས་པ་དག་གིས་འབྲོས་སུ་མི་སྟེར་བ་དང་། རེས་འགའ་ལྕགས་ཀྱུས་ཕྱིར་ཕྱུང་ནས་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་དྲིས་པ་ན། བདག་ཅག་གིས་ཅི་ཡང་མི་ཤེས་མི་མཐོང་མོད། འོན་ཀྱང་བཀྲེས་སྐོམ་མོ། །ཞེས་བརྗོད་པ་ན་ཐོ་ལུམ་འབར་བ་དང་ཟངས་ཞུན་ཁོལ་མ་ཁར་བླུགས་པ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །དེ་དག་ལས་སྤུ་གྲི་དང་། ནགས་ཚལ། ཤལ་མ་ལི་རྣམས་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞིའོ། །འདི་དག་ལ། ཚེ་ཚད་ནི་ངེས་གཟུང་མ་བཤད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་གནས་དགོས་པས་སྡུག་བསྔལ་དོས་ནི་དྲག་ཡུན་ནི་རིང་ངོ་། །བཞི་པ་ཉི་ཚེ་བའི་སྡུག་བསྔལ་བསམ་པ་ནི། གནས་ནི། དམྱལ་བ་དངོས་གཞིའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ། ས་འོག་དང་། ས་སྟེང་གི་ཆུ་སོགས་ངེས་མེད་དུ་གནས། སྡུག་བསྔལ་ནི་མེས་སྲེག་པ་དང་། འཁྱགས་ཤིང་གས་པ་དང་། གཤེད་མས་གསོད་ཅིང་ཟ་བ་སོགས་དང་། ཉིན་མོ་བདེ་ཞིང་མཚན་མོ་སྡུག་བསྔལ་བ་དང་། དེ་ལས་གོ་ལྡོག་པ་སོགས་ཏེ་ཚེ་ཚད་ཀྱང་ངེས་པ་མེད་དེ། གྲོ་བཞིན་སྐྱེས་དང་། དགེ་འདུན་བསྲུངས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ལྟ་བུའོ། །དེས་ན་དེ་དག་ཏུ། སྐྱེ་བའི་རྒྱུ་ནི་འཆད་འགྱུར་བཞིན་སྔར་ཡང་མང་དུ་བསགས། ད་དུང་གསོག་པར་འགྱུར་ན་ཚེ་འདི་དང་དམྱལ་བའི་བར་ན་དབུགས་གྱུ་གྱུ་བ་འདི་ལས་མེད་ན་བདེ་བར་སྡོད་མི་རིགས་ཏེ། ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདིར་ནི་བདེ་བར་གནས། །ཞེས་དང་། བཤེས་སྤྲིང་ལས་ཀྱང་། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨྲོས་ཅི་འཚལ། །ཞེས་གསུངས་པ་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་དང་། དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི། རང་གི་ཉེས་སྤྱོད་ཁོ་ན་ཡིན་པས་བསྒྲིམས་ཏེ་སྤང་བར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ནི། ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པ་ལྟ་བུར་ཡོད་དོ། །དེ་ལའང་དྲན་པ་ཉེར་བཞག་ལས་རིགས་སོ་དྲུག་ཏུ་གསུངས་ཀྱང་། བསྡུ་ན་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་སྐོམ་གྱིས་ཉེན་པས་ཁ་ལུས་ཐམས་ཅད་སྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ། སྐྲ་འཛིངས་པ། ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་བརྒྱུགས་ཀྱང་མ་རྙེད་ཅིང་། གལ་ཏེ་རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་དང་ལྗོན་ཤིང་འབྲས་བུ་ཅན་ལ་སོགས་པ་མཐོང་ཡང་། དེར་ཕྱིན་པ་ན་ཟས་རྣམས་ཤུལ་ཙམ་ཡང་མེད་པར་ཡལ། ཆུ་ཀླུང་རྣམས་བསྐམས་པའམ་རྣག་ཁྲག་ཏུ་འགྱུར། ལྗོན་ཤིང་རྣམས་འབྲས་བུ་མེད་པའི་སྡོང་དུམ་སྐམ་པོར་མཐོང་བ་དང་། དེ་ལྟར་མ་སོང་ཡང་སྐྱེས་བུ་མཚོན་ཆ་ཐོགས་པ་མང་པོས་འགོག་ཅིང་བསྲུང་བ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་ཟས་སྐོམ་རྙེད་ཅིང་ཁར་མི་ཚུད་ཅིང་། ཚུད་ཀྱང་ཟས་རྣམས་འགྲམ་ཕུགས་སུ་སྟོར། སྐོམ་རྣམས་ཁ་དུག་གིས་བསྐམས། ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་བཟའ་བཏུང་མི་ནུས་པས་སྡུག་བསྔལ་ལོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཁོང་དུ་སོང་ཚད་ཀྱང་མེ་འབར་བར་གྱུར་ནས་ནང་ཁྲོལ་སོགས་སྲེག་པ་དང་། ལྗན་ལྗིན་ཟ་བ་ཞེས་བཤང་གཅི་དང་རྣག་ཁྲག་མཆིལ་སྣབས་སོགས་མི་གཙང་ཞིང་དྲི་ང་བ་དང་། དུག་དང་མེ་མདག་སོགས་ངན་པ་དང་དུཿཁ་བསྐྱེད་པ་ཁོ་ན་ཟ་དགོས་པའོ། །དེ་ཐམས་ཅད་ཀྱང་སྤྱིར་དུས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་ཅིང་། གོས་དང་བྲལ་བས་ཚད་པས་འཚིག་པ་དང་། གྲང་བས་སྦྲེབས་པ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་། དགུན་ཉི་མས་ཀྱང་གྲང་བར་བྱེད་པ་དང། དབྱར་དུས་སྤྲིན་ཡང་མེ་ཆར་དུ་འབབ་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམས་ཞན་པས་རུས་ཚིགས་འཁྲོགས་ཏེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་། བརྡེག་པ་དང་། གསོད་པའི་འཇིགས་པ་དང་། གཏད་ས་མེད་པར་འཇིགས་སྐྲག་ཆེན་པོས་འབྲོས་པ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱང་དགོས་པའོ། །ཚེ་ཚད་ཀྱི་ཁྱད་པར་མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པས་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས་པས། ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་ཁ་ཅིག་གི་ལོ་ཁྲི་ཡིན་པར་བཤད་དོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་འཇུར་གེགས་སོགས་ཡིན་པས་བསྒྲིམས་ཏེ་བག་ཡོད་པར་བྱའོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབ་པའི་རྟེན་དང་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ་དང་། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། ཀླུ་རྣམས་ནི་བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེག་ཅིང་མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གི་སྡུག་བསྔལ་བཟོད་ཐབས་མེད། ཁ་འཐོར་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བས་སེམས་ལ་བདེ་བ་མེད་ཅིང་བྱ་དང་གཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱིས་དབང་མེད་པར་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིད་པ་དང་། སྣ་འབིག་པ་དང་། བརྡེག་ཅིང་བསྐུལ་བ་དང་། ཁུར་ལྕི་བས་མནར་བ་དང་། ཤ་དང་ཁྲག་དང་པགས་པ་དང་རུས་པའི་ཕྱིར་གསོད་པ་དང་། གླེན་ཞིང་གཏི་མུག་པས་བླང་དོར་མི་ཤེས་པས་འཐོམས་ཏེ་སྡུག་བསྔལ་བ་དང་། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་འདྲ་རུང་དུ་ཡོད་པའོ། །བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང་། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །ཚེ་ཚད་ནི། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་ཚེ་རིང་བས་བསྐལ་པ་ཙམ་ཐུབ་ཅིང་། ཐུང་བ་ངེས་མེད་དུ་བཤད་དོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཞག་རེ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔགས་ནས་འཇིགས་སྐྲག་གི་སྐྱོ་ཤས་དང་ངེས་འབྱུང་དྲགས་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ། །གཉིས་པ་མཐོ་རིས་ཀྱི་ཉེས་དམིགས་བསམ་པ་ནི། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོར་བསགས་པ་ལས་མི་དང་འདོད་ལྷ་དང་། ཁམས་གོང་མའི་ལྷར་རིམ་པ་བཞིན་སྐྱེས་ནས་དེ་དང་དེའི་གནས་སྐབས་ཀྱི་བདེ་བ་ལ་སྤྱོད་དོ། །དེས་ན་ངན་སོང་ན་བདེ་བའི་སྐབས་མེད་པས་བདེ་འགྲོ་ཐོབ་པའི་ཐབས་ལ་འབད་པར་བྱའོ་སྙམ་ན། འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྙིང་པོ་མེད། ངན་འགྲོར་དེ་ལྟར་སྡུག་བསྔལ་བར་མ་ཟད། མཐོ་རིས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་བསམ་དགོས། དེ་ལ་མིའི་སྡུག་བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་མིའི་སྡུག་བསྔལ་བསམ་པ་ནི། དེ་ལ་སྤྱིར་སྐྱེ་བའི་ཚེ་མའི་མངལ་དོག་ཅིང་མུན་ནག་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་བ་བགྲངས་ནས་སྡོད་དགོས། དེ་ནས་མགོ་མཇུག་ལྡོག་ནས་འཇུར་མིག་ནས་དྲངས་པ་ལྟ་བུ་དང་། རེག་པ་དང་ཚེར་ལྕག་བྲབས་པ་ལྟ་བུ་དང་། ལག་ཏུ་བླངས་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད་པར་འདུག །དེ་ནས་རྒས་པའི་ཚེ་ཁ་དོག་ཉམས་པས་ལུས་ཀྱི་མདངས་མི་སྡུག་པས་སྔོ་ནག་ཐལ་ཁ། མགོ་དཀར། དབང་པོའི་བཀྲག་དབྱིབས་ཉམས་པས་སོ་གོག །ལུས་རྒུར་ཞིང་ཡན་ལག་འཁྱོགས། ཤ་སྐམ། པགས་པ་ལྷོད། གདོང་བྱད་གཉེར་མས་གང་། མཐུ་ཉམས་པས་ལྡང་བ་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲ་ན་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱད་དུ་མེད་ཅིང་ཀུན་གྱི་ཡིད་དུ་མི་འོང་བའོ། །ཡང་སྔོན་ལས་འཕྲལ་རྐྱེན་གྱིས་འབྱུང་བཞི་འཁྲུགས་པའི་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་ལུས་རྒུད། འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་པའི་དབང་མེད། མི་འདོད་པའི་སྨན་དང་དཔྱད་སོགས་བརྟེན་ཅིང་འཆི་བར་དོགས་པའི་སྡུག་བསྔལ་མཐའ་མེད། འཆི་བའི་ཚེ་སྨན་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དང་དབང་ཐང་འཁོར་གྲོགས་ཐམས་ཅད་དང་། ཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ནས་འཆི་བར་འགྱུར་རོ། །སྡུག་བསྔལ་བཞི་པོ་དེ་མི་སྤྱི་མཐུན་དུ་མྱང་དགོས་པར་མ་ཟད་བྱེ་བྲག་གི་སྡུག་བསྔལ་ཡང་སྡུག་བསྔལ་བཞི་པོ་དེ་ཤས་ཆུང་བའི་བར་སྐབས་སུ་ཡང་། ལོངས་སྤྱོད་མངའ་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཇི་སྙེད་ཅིག་བྱས་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་ཕྲད་པའི་སྡུག་བསྔལ། གཉེན་གྲོགས་འཁོར་འདབས་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ཟས་གོས་སོགས་འདོད་པའི་ཡོ་བྱད་བཙལ་ཡང་མ་རྙེད་པའི་ཕོངས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་པ་ལས་ཀྱང་། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་ནི་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རང་ཅག་གི་མངོན་དུ་གྱུར་པ་འདི་ཀས་མཚོན་པའོ། །གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི། དང་པོར་ལྷའི་ཕུན་སུམ་ཚོགས་པའི་དཔལ་རྣམས་མཐོང་བའི་ཚེ། དེ་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་ཡོད་ཅིང་། དུས་དུས་ན་ལྷ་དང་འཐབས་པ་ལས། ལྷ་མིན་བསོད་ནམས་མཐུ་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་རྐེད་པ་མ་ཆད་ན་གནད་དུ་འཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་པ་མེད་དོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། འདོད་པའི་ལྷ་དང་། ཁམས་གོང་མའི་འོ། །དང་པོ་འདོད་པའི་ལྷ་རྣམས་ནི། སྔར་འདོད་ཡོན་ལ་བག་མེད་པར་སྤྱད་པའི་བདེ་བས་བྲིད་དེ། ཚེ་ཟད་པ་མ་ཚོར་བ་ལ་སོང་སྟེ་འཆི་འཕོ་བ་ན། ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྔུལ་འབྱུང་བ་སྟེ་འཆི་ལྟས་ལྔ་ལྷའི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོའི་སྡུག་བསྔལ་དོས་དྲགས་ལ་ཡུན་རིང་བ་དང་། དེའི་ཚེ་རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་ཀྱང་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེར་སྐྱེད་ཅིང་། ཁྱད་པར་ལྷའི་དཔལ་དང་འདོད་ཡོན་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ཀྱང་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས། དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱང་དགོས་པར་ཤེས་ནས་འོག་ཏུ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་བ་སྟེ། དྲན་ཉེ་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། །གཞན་ཡང་ལྷ་བསོད་ནམས་ཆེ་བ་རྣམས་ཀྱི་འདོད་ཡོན་གྱི་དཔལ་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ནས་སྤ་བཀོང་བར་འགྱུར་བ་དང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ་དང་། ཁྱད་པར་རྒྱལ་ཆེན་བཞི་པའི་རིགས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ལ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་པ་དང་འདྲལ་བ་དང་གསོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད་དོ། །གཉིས་པ་ཁམས་གོང་མའི་སྡུག་བསྔལ་བསམ་པ་ནི། གཟུགས་དང་གཟུགས་མེད་པ་དག་ན། སྡུག་བསྔལ་གྱི་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱི་རོ་མྱངས་པས་རོ་མྱང་ཅན་གྱི་ཏིང་ངེ་འཛིན་དང་བྲལ་མི་ཕོད་ཅིང་། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སོ་སྐྱེ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་དུ་ཟག་བཅས་ཀྱི་བདེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྟུང་བར་འགྱུར་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་པ་ལྟར་རོ། །དེས་ན་མེ་ཆེ་ཆུང་ཅི་ཡིན་ཡང་ཚ་བ་ལས་མ་འདས་པ་ལྟར། ཁམས་གསུམ་འཁོར་བ་འདི་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མི་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་སྡུག་བསྔལ་གསུམ་གྱི་རང་བཞིན་བསམ་པ་ནི། སྤྱིར་འཁོར་བ་ལ་སྡུག་བསྔལ་ནི་རྒྱུ་འབྲས་གཉིས་ཏེ། དང་པོ་ནི། ལྷ་དང་མི། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་བསམ་པ་མི་དགེ་བས་ཟིན་པ་སྦྱོར་བ་སྡིག་པ་ལ་སྤྱོད་པ་རྣམས་སོ། །གཉིས་པ་ནི། ངན་སོང་གསུམ་དང་། མཐོ་རིས་ཀྱི་བཀྲེན་ཕོངས་ཅན་དང་། ལུས་ནད་དང་། སེམས་མྱ་ངན་གྱིས་ཟིན་པ་སོགས་སོ། །སྡུག་བསྔལ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ། །དང་པོ་ནི། དཔེར་ན་རྨ་ཁར་དུག་བཏབ་པ་བཞིན་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན་ཏེ། གཙོ་བོར་ངན་སོང་གསུམ་ནའོ། །གཉིས་པ་ནི། དཔེར་ན་གྲང་བའི་ཚེ་མེ་ལ་བརྟེན་པ་བཞིན། ཚེ་དང་ལོངས་སྤྱོད་སོགས་མཐའ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་དེ། ཚོར་བ་བདེ་བ་ཐམས་ཅད་ཡིན་ཏེ་གཙོ་བོར་མི་དང་འདོད་པའི་ལྷ་རྣམས་སོ། །གསུམ་པ་ནི། དཔེར་ན་སྐོམ་ནད་ཅན་ལན་ཚྭའི་ཆུ་འཐུང་བ་བཞིན། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཏེ། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ཞིང་། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོབ་པ་ཡིན་ཏེ། གཙོ་བོར་བསམ་གཏན་བཞི་ནའོ། །དེ་ལྟར་ཡང་མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས་པའང་དེ་ལ་དགོངས་པའོ། །འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་བ་མེད་དེ་ཤིང་སྡོང་གི་རྩ་བ་མ་བཅད་ན་ལོ་འདབ་བཅད་ཀྱིས་མི་ལང་བ་བཞིན་ཤེས་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། བདེན་བཞིས་འགག་བསྡུ་བའོ། །དང་པོ་སྤྱིར་བསམ་པ་ནི། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཏེ་དཀར་ནག་གི་ལས་འབྲས་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་པས་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང་རུང་། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཏེ་ཆེ། འགྱུར་ཆེ་ཤོས་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་གཟུང་དུ་མེད་དེ། ནས་སོགས་འབྲུའི་ས་བོན་གྱི་འཕེལ་སྐྱེད་བཞིན་ནོ། །དེས་ན་རང་གིས་བསགས་པའི་ལས་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བ་མི་སྲིད་པས་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེའོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ལ། མི་དགེ་བ་སྤང་བྱར་བསམ་པ། དགེ་བ་བསྒྲུབ་བྱར་བསམ་པ། ལུང་མ་བསྟན་དགེ་བར་བསྒྱུར་བའོ། །དང་པོ་ནི། དེ་ཡང་ལས་མི་དགེ་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སུས་སྤྱད་ཀྱང་སྡིག་པར་འགྱུར་བ། དུག་གསུམ་དང་ཕྲག་དོག་སེར་སྣ་ལ་སོགས་པ་རྩ་ཉོན་དང་ཉེ་ཉོན་ཉེས་སྤྱོད་ཀུན་ནས་སློང་ནུས་པ་རྣམས་དང་། དེ་དག་གིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་མི་དགེ་བ་ཐམས་ཅད་དང་བཅས་པའི་ཁ་ན་མ་ཐོ་བ་གང་གིས་སྡོམ་པ་བླངས་པ་དེ་ལས་ལོག་པར་སྤྱད་ན་སྡིག་པར་འགྱུར་བ་རྣམས་སོ། །དེས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བའི་ལས་ལས་བྱུང་མོད། མི་དགེ་བ་དེ་ལ་རྣམ་གྲངས་མང་ཡང་བླང་དོར་གྱི་གནས་ལ་གལ་ཆེ་བ་ཆེ་ལོང་ཙམ་དུ་བསྡུ་ན་བཅུ་སྟེ། མཛོད་ལས། དེ་ནས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་གསུངས་པས། དེ་ལ་ལུས་ཀྱི་ལས་གསུམ་ལས། སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་གསད་བྱ་མ་ནོར་བར་བསད་པ། མ་ཤི་བར་དུ་གསོད་སེམས་ལས་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པར་འཕྲོག་པའམ་བརྐུས་པ་སོགས་གང་ཡིན་ཡང་རུང་སྟེ་རང་གིས་ཐོབ་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད། བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་དང་། གཞན་གྱིས་གླ་རྔན་མ་སྦྱངས་པའི་སྨད་འཚོང་མ། ཕ་མ་རྒྱལ་པོ་སོགས་གཞན་གྱིས་བསྲུངས་པ། ཚངས་སྤྱོད་ཀྱི་སྡོམ་པས་བསྲུངས་པ་རྣམས་སོ། །དུས་མ་ཡིན་པ་ནད་བུ་ཅན་དང་། མྱ་ངན་ཅན་དང་། སྦྲུམ་མ་དང་། ཟླ་མཚན་འབབ་པ་དང་། ནམ་ཡང་འདོད་པས་མ་ངོམས་པ་སོགས་སོ། །གནས་མ་ཡིན་པ་མཆོད་རྟེན་དང་གཙུག་ལག་ཁང་དང་། གྱོ་མོ་མང་པོའི་དབུས་དང་བགྲོད་བྱ་ལ་གནོད་པའི་ས་གཞི་འབར་འབུར་སྲ་མཁྲེགས་ཅན་སོགས་སོ། །ལམ་མ་ཡིན་པ་སྐྱེ་གནས་ལས་གཞན་པའི་སྒོར་བརྟེན་པ་རྣམས་སོ། །དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་རྣམས་ནི་མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བརྟེན་ཀྱང་ལོག་གཡེམ་མོ། །ངག་གི་ལས་བཞི་ལ་རྫུན་སྨྲ་ནི། བསླུ་སེམས་ཀྱིས་འདུ་ཤེས་བསྒྱུར་ནས། ཤེས་བཞིན་དུ་མི་བདེན་པར་སྨྲས་ལ། ཕ་རོལ་པོས་དོན་གོ་བའོ། །འདི་ནི་ངག་གི་རིག་བྱེད་ཙམ་དུ་མ་ཟད། ལུས་ཀྱི་བརྡས་ཀྱང་དེར་འགྱུར་བ་ཡོད་དོ། །ཕྲ་མ་ནི། མི་མཐུན་པའི་འགྲོ་བ་གཉིས་དབྱེ་འདོད་ཀྱིས་དཀྲུགས་ཀྱི་ཚིག་སྨྲས་ཤིང་ཕ་རོལ་གྱིས་དོན་གོ་བ་ནའོ། །ཚིག་རྩུབ་ནི། དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་འཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཁ་གསག་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས་པ་དང་། ལྟ་ལོག་གི་ཆོས་ཀྱི་གཏམ་སྨྲ་བ་སོགས་སོ། །ཡིད་ཀྱི་ལས་གསུམ་ལས་བརྣབ་སེམས་ནི། གཞན་གྱི་གནས་ཁང་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་རྣམས་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་པས་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང་། ཚེ་སྔ་ཕྱི་དང་། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ནོ། །དེ་ལྟར་བཅུ་པོ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ཀྱི། བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་སྤོང་བ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པ་ལྟར་རོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་དུ་འགྱུར་ལ། དེ་ཡང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོར་སྐྱེ་བ་ཡིན་ཏེ། སྔར་བཤད་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་བ་ཡིན་ནོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང་། བརྐུས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་གྱིས་དགྲ་མང་། རྫུན་གྱིས་སྐུར་བ་མང། ཕྲ་མས་གྲོགས་དང་འཁོན། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་འཁྱལ་གྱིས་ངག་མི་བཙན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་བསྐྱེད། ལོག་ལྟས་གླེན་ཞིང་གཏི་མུག་པར་འགྱུར་རོ། །བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་ལ་དགའ་བའོ། །གསུམ་པ་བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་སོགས་མཐུ་ཆུང་། བརྐུས་པས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་ཆར་རྡུལ་གྱིས་འཁྲིགས། རྫུན་སྨྲས་པས་ས་ཕྱོགས་དྲི་ང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་གཡང་ས་དང་ངམ་གྲོག་རང་རོང་དུ་འགྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་ཚེར་མ་དང་ཚྭ་སྒོ་ཅན་དུ་འགྱུར། ཀྱལ་པས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར། བརྣབ་སེམས་ཀྱིས་འབྲུ་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་ངུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་མཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་དེ་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །གཉིས་པ་དགེ་བ་བསྒྲུབ་བྱར་བསམ་པ་ནི། སྤྱིར་གཉེན་པོ་བརྒྱད་ཁྲི་བཞི་སྟོང་སོགས་བསམ་གྱིས་མི་ཁྱབ་ཀྱང་། རགས་པ་ཆེ་ལོང་དུ་བསྡུས་ན་སྔར་བསྟན་པའི་མི་དགེ་བ་བཅུ་པོ་ཡིད་ཀྱིས་སྤངས་ནས་ལུས་ངག་གི་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཀྱི་སྐྱོན་ཅན་དུ་ཤེས་ནས་ནམ་དུ་ཡང་མི་འདོད་པ་ཡིན། ལུས་ངག་གི་སླར་ལོག་པ་ནི། བཅུ་པོ་དེ་དག་རྒྱུན་དུ་མི་བྱ་བར་མ་ཟད། དེ་དག་བྱས་ན་གནས་སྐབས་སུ་ཁེ་ཆེ་ཞིང་འབད་མེད་དུ་བྱེད་ཐུབ་པའི་སྐབས་བྱུང་ཡང་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་དེ་ལ་འཇུག་པར་མི་ནུས་པ་དེ། ལུས་ངག་གི་བདུན་པོ་ལ་ནི་གཉིས་ཀ་ཚང་དགོས་ལ། ཡིད་ཀྱི་གསུམ་ནི་ཡིད་ཀྱིས་སྤངས་པ་ཁོ་ནས་སོ། །མི་དགེ་བ་ལ་མི་རུང་བར་སེམས་པ་ནི་སྤོང་སེམས་ཡིན་ལ། དེ་ལྟར་ཤེས་པ་ནི་ཀུན་རྫོབ་ཤེས་པ་མ་འཁྲུལ་པ་ཡིན་པས་གཉེན་པོར་འགྱུར་ཞིང་ཚུལ་ཁྲིམས་ཀྱི་ངོ་བོའང་ཡིན་ནོ། །སྤོང་སེམས་འཕེན་ཤུགས་ཆེ་བ་ཡོད་ན། གཉིད་རྨུགས་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་། རྐྱེན་དེ་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་འཕེན་ཤུགས་དེའི་ས་བོན་གྱི་མཐུ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དེར་མ་ཟད་མདོར་ན་ལུས་ཀྱི་ལས་ཕྱག་བསྐོར་མཆོད་པ་སེམས་ཅན་དང་ཆོས་ཀྱི་དོན་དུ་འགྲོ་འོང་ངག་གི་ལས་བསྟོད་པ་བཟླས་བརྗོད་སེམས་ཅན་དང་ཆོས་ཀྱི་དོན་དུ་སྨྲ་བ་སོགས་དགེ་བས་ཀུན་ནས་བླངས་པའི་ལུས་ངག་གི་བྱ་བྱེད་ཐམས་ཅད་དང་། ཡིད་ཀྱི་ལས་དད་གུས་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་རང་བཞིན་གྱི་དགེ་སེམས་སུ་གྱུར་ཚད་ནན་ཏན་དུ་བསྒྲུབ་པར་བྱ་སྟེ། ཆགས་སྡང་གཏི་མུག་མེད་ལས་སྐྱེ། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །ཞེས་པ་ལྟར་རོ། །ད་ནི་དགེ་བ་དེ་དག་གི་འབྲས་བུ་ཡང་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། དགེ་བ་དེ་དག་ཀྱང་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དགེ་སེམས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་དགེ་བའི་སྟོབས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་རོ། །ཆེན་པོས་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་པའི་ལྷ་དང་། ཆུང་ངུས་མིར་སྐྱེ་བ་ཡིན་ནོ། །དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་ཀྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད་དོ། །གཉིས་པ་རྒྱུ་མཐུན་བདག་པོའི་འབྲས་བུ་ནི། སྔར་མི་དགེ་བ་བཅུའི་སྐབས་སུ་བཤད་པ་དེ་ཉིད་འདིར་མཐུན་ཕྱོགས་སུ་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། ཚེ་རིང་འབྱོར་པ་དགྲ་སྤངས་དང་། །བསྟོད་དང་གྲགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང་། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་ཅི་ནས་ཀྱང་བསྒྲུབ་པར་བགྱིའོ་སྙམ་དུ་བྱ་བ་གལ་ཆེའོ། །གསུམ་པ་ལུང་མ་བསྟན་པའི་ལས་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཅིང་། འབྲས་བུ་བདེ་སྡུག་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་འགྲོ་འཆག་ལ་སོགས་པའོ། །དེ་དག་གང་སྤྱད་ཀྱང་མདོ་དོན་མེད་པ་ལ་དུས་འདའ་བའི་ཕྱིར་དགེ་བར་བསྒྱུར་བ་གལ་ཆེ་བས། བདག་གིས་ཟ་བ་དང་འགྲོ་འཆག་ལ་སོགས་པ་འདི་དག་གིས་འབྲས་བུ་མི་བསྐྱེད་ཅིང་འཁོར་བ་ལས་ཐར་པའི་རྒྱུར་མི་འགྲོ་བ་འདུག །དོན་མེད་དུ་དེ་ཙམ་ཟད་དུ་འཕངས། ད་ཅི་ནས་ཀྱང་དགེ་བར་བསྒྱུར་བར་བགྱིའོ་སྙམ་དུ་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དགེའི་དབང་འགྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམ་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཁ་ཕྱིར་བལྟས་སུ་མ་སོང་བར་བློ་རྩེ་ནང་དུ་བཀུག་སྟེ་ཅི་བྱས་དགེ་བའི་ལས་ལམ་དོན་ཡོད་པ་ལ་མཐའ་བསྐྱང་བར་བྱའོ། །གསུམ་པ་བདེན་བཞིས་འགག་བསྡུ་བ་ནི། དེ་ཡང་བདེན་པ་ནི་མི་བསླུ་བའི་དོན་ཡིན་ལ། རྒྱུ་ལས་དང་ཉོན་མོངས་ཀྱི་རྟེན་འབྲེལ་ལས་འབྲས་བུ་ཁམས་གསུམ་དུ་སྣང་བ་ཡང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་ལས་བྱུང་བ་སྟེ་བདེན་པ་དང་པོ་གཉིས་སོ། །རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས་འབྲས་བུས་རྣམ་པར་གྲོལ་བའི་གནས་ཐོབ་པ་ཡང་མི་བསླུ་བ་ཉིད་ཀྱིས་བདེན་པ་སྟེ་འཕགས་པའི་བདེན་པ་ཞེས་བྱའོ། །དེས་ན་སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིར་འདུས་པས་ཐར་འདོད་རྣམས་ཀྱི་ཉམས་སུ་བླང་བྱ་ཡང་བདེན་པ་བཞིར་མ་འདུས་པ་མེད་དོ། །དེ་ཡང་ཀུན་འབྱུང་དང་། སྡུག་བསྔལ་དང་། ལམ་དང་། འགོག་པ་སྟེ་བཞིའོ། །དང་པོ་ཀུན་འབྱུང་གི་བདེན་པ་ནི། གཞིའི་གནས་ལུགས་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད་དུ་གནས་པ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བཏགས་པའི་མ་རིག་པས་རིས་སུ་བཅད་ནས་ཕུང་པོ་ལ་བདག་ཏུ་བཟུང་བས་འཁྲུལ་ལོ། །ཕུང་པོ་ལ་བདག་འཛིན་ཞུགས་པས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་སྐྱེ། དུག་གསུམ་ལ་བརྟེན་ནས་དུག་ལྔ་སྐྱེ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ཞེས་བྱ་སྟེ། དཔེར་ན་དབྱར་གྱི་ས་གཞི་དང་འདྲ་སྟེ་ལས་ཐམས་ཅད་སྐྱེ་ཞིང་འགྲུབ་པར་བྱེད། ལས་ལ་རྣམ་གྲངས་མང་ན་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་ནི་གསུམ་དུ་འདུས། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། །དེ་གསུམ་གྱི་དང་པོས་ངན་འགྲོར་འཕེན། གཉིས་པས་འདོད་པའི་བདེ་འགྲོ་དང་། གསུམ་པས་ཁམས་གོང་མ་གཉིས་འཕེན་པར་བྱེད་དོ། །ལས་ཀྱི་དབྱེ་བ་ནི་གོང་དུ་བཤད་པ་བཞིན་ནོ། །དེས་ན་འཁོར་བའི་རྩ་བ་ཉོན་མོངས་པ་དེ་རང་རྒྱུད་ལ་ནམ་སྐྱེས་པ་ན་གཉེན་པོས་ཟིན་པར་བྱས་ནས་ལྡོག་པ་གལ་ཆེ་སྟེ། དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབ་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྡུག་བསྔལ་བདེན་པ་ནི། རྒྱུ་ཀུན་འབྱུང་སྟེ། ཉོན་མོངས་པ་དུག་གསུམ་དང་། དུག་ལྔ་ལས་འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ཏེ་འགྲོ་བ་རིགས་དྲུག་གི་ལས་དང་སྡུག་བསྔལ་ལ་བར་མེད་དུ་སྤྱོད་པས་རྟག་ཏུ་མནར་ཞིང་ཉམ་ཐག་པ་སྟེ། རྒྱ་ཆེ་རོལ་པ་ལས། སྲེད་སྲིད་མ་རིག་དབང་གིས་འགྲོ་བ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་དང་། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་ཇི་བཞིན་ནོ། །ཞེས་དང་། མདོར་ན་སེམས་ཅན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་། གློ་བུར་གྱི་དྲི་མས་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ཀྱི་རྣམ་པར་རྟོག་པས་ཉོན་མོངས་པར་འགྱུར་ཞིང་། དེས་ཀུན་ནས་བསླངས་པའི་ཟག་པ་དང་བཅས་པའི་ལས་ལ་སྤྱད་པས་འཁོར་བའི་ཕུང་ཁམས་སྐྱེ་མཆེད་རྣམས་གྲུབ་པ་སྟེ། རྒྱུད་བླར། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་སྐྱེ། །ལས་དང་ཉོན་མོངས་རྒྱུ་ལས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང། །ཞེས་དང་། དེས་ན་ལས་མི་དགེ་བ་དང་དགེ་བའི་ཁྱད་པར་ལས། ངན་འགྲོ་དང་བདེ་འགྲོའི་ཕུང་པོ་སོ་སོར་འགྲུབ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་དང་། དེས་ན་སྔར་བཤད་པའི་འཁོར་བའི་ཉེས་དམིགས་ཀྱིས་བསྐུལ་ནས་དགེ་བའི་ལས་ལ་སྤྲོ་ཤུགས་ཆེན་པོས་ཡིད་དྲངས་ཏེ་ཅི་ནུས་སུ་འབད་པར་བྱ་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་དགེ་བ་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལམ་གྱི་བདེན་པ་ནི། རྒྱུའི་རྐྱེན་ནི་རིགས་ཡིན་ལ། བདག་པོའི་རྐྱེན་ནི་བླ་མ་དམ་པ་སྟེ། དེས་བསྟན་པའི་དོན་ཉམས་སུ་བླངས་པ་ལས་འབྱུང་བའི་ཕྱིར་དང་། གཞི་ཇི་ལྟ་བ་བཞིན་རྟོགས་པ་བླ་མར་རག་ལས་པའོ། །ལམ་ཉམས་སུ་ལེན་པ་ནི། གང་ཟག་ལ་རག་ལས་ཤིང་། ལེན་བྱའི་ལམ་ནི་ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་པ་དང་། ཆོས་མངོན་པ་ལས་ཀྱང་། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང། འགོག་པ་མངོན་དུ་བྱེད་པ་དང་། ལམ་བསྒོམ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་དང་། དེས་ན་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ་གྱུར་པ་འདི་དག་གི་ལམ་གྱི་རིམ་པ་རྣམས་ལ། སོ་སོའི་དབང་པོ་དང་སྦྱར་ཏེ་ནན་ཏན་རྩེ་གཅིག་ཏུ་བསླབས་པ་ལས་རིམ་བཞིན་ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་པའི་ལམ་རྣམས་བསྒྲོད་པར་འགྱུར་ཏེ། འབྲས་བུ་ལག་ཏུ་ལོངས་པ་ཉམས་ལེན་ལ་རག་ལས་པའི་ཕྱིར་རོ། །བཞི་པ་འགོག་པའི་བདེན་པ་ནི། འཁོར་བའི་ཆོས་ཐམས་ཅད་གང་དུ་འགོག་པའི་གཞི་ནི་སྟོང་པ་ཉིད་ཡིན་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཆོས་ཉིད་སྟོང་པ་ཉིད་ཀྱིས། ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཐ་དད་མ་ཡིན་ཅིང་། ཆོས་ཉིད་འདུས་མ་བྱས་དང་། ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པའང་མ་ཡིན་པ། རྟག་ཆད་སོགས་ཀྱི་མཐའ་ལས་འདས་པའི་དབྱིངས་འགྱུར་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དོ། །དེ་ཉིད་རྟོགས་བྱེད་ཀྱི་ལམ་ཉམས་སུ་བླངས་པས་ཀུན་འབྱུང་གི་བདེན་པ་དུག་གསུམ་དང་དུག་ལྔ། དེས་ཀུན་ནས་བླངས་པའི་ལམ་རྣམས་འགོག །འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་། དེ་ལ་བརྟེན་པའི་སྡུག་བསྔལ་རྣམས་འགོག་པ་སྟེ། མདོར་ན་རང་གི་རིག་པའི་སྟེང་གི་ཉོན་མོངས་པ་རྣམས་ས་བོན་དང་བཅས་པ་དབྱིངས་ཡལ་དབྱིངས་ནུབ་ཏུ་སྤངས་པ་ནི་འགོག་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། འགོག་བདེན་ཁྱད་པར་ཅན་ཡིན་པས་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །དེས་ན་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང་། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན། འགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་དོ། །ཞེས་ཀྱང་གསུངས་སོ། །དེ་ཡང་དཔེར་མཚོན་ན། ནད་སྐྱེད་བྱེད་ཀྱི་ཟས་དང་སྤྱོད་ལམ་བརྟེན་པ་ནི་ཀུན་འབྱུང་ངོ་། །དེས་ནད་ཀྱི་ཟུག་རྔུས་མནར་བ་ན་སྡུག་བསྔལ་ལོ། །དེ་ལ་སྨན་དཔྱད་དང་ཟས་སྤྱོད་ཀྱིས་སྐྱོང་བ་ནི་ལམ་བདེན་ནོ། །དེས་ནད་མེད་པར་སོར་ཆུད་པ་ནི་འགོག་བདེན་ནོ། །དཔེ་དེས་མཚོན་པ་ནི། སེར་སྣས་འཇུར་གེགས་བྱེད་པ་ནི་ཀུན་འབྱུང་། དབུལ་ཞིང་ཕོངས་པར་གྱུར་པ་ནི་སྡུག་བསྔལ། སྦྱིན་པ་གཏོང་བ་ནི་ལམ་བདེན། དེས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་སྤངས་པ་ནི་འགོག་པའི་བདེན་པའོ། །ཚུལ་དེས་རྒྱུ་འབྲས་ཀྱི་འགྲོས་ཤེས་པར་བྱའོ། །དེ་ལྟར་ཇི་སྐད་བཤད་པའི་དོན་རྣམས་ལ་ནན་ཏན་དུ་སློབ་པ་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པ་ཙམ་གྱི་བྱ་བ་ཁམ་པོ་ཆེ་རྩོམ་པ་ལ་སྐྱབས་ཁྱད་པར་ཅན་ཞིག་འཚོལ་དགོས་ཏེ། དེ་ཡང་དཀོན་མཆོག་གསུམ་པོ་ནི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སེམས་ཅན་ཐམས་ཅད་སྐྱོབ་པར་ནུས་པའི་མཐུ་དང་ལྡན་པས་དེ་ཁོ་ན་ལ་བསྟེན་ནས་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་འགྲོ་རེ་དོགས་དང་བྲལ་བར་བྱ་ཞིང་། དེ་ནས་ཡུལ་སེམས་ཅན་ཚད་མེད་པ་ལ། སྙིང་རྗེ་ལ་སོགས་པའི་བློའི་རྣམ་པ་ཚད་མེད་པ་བཞི་བསྒོམ་པ་རྟེན་དུ་བྱས་ནས། བརྟེན་པ་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་དང་། དེ་ཉིད་མངོན་དུ་བྱེད་པའི་ལམ་འཇུག་པ་སྟེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པར་བྱ་ཞིང་། དེ་ཡང་སྨོན་འཇུག་གི་བློའི་རྣམ་པ་ལ་བྱང་ཆུབ་ཀྱི་སེམས་དང་། ཆོ་ག་ལ་བསྐྱེད་པའི་ཐ་སྙད་དུ་བྱ་ཞིང་། སེམས་གཉིས་པོ་དེ་བློ་དང་འདྲེ་ངེས་སུ་བསྒོམས་པའི་མཐར་སེམས་རྩ་བྲལ་དུ་འཇོག་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ཆོ་ག་ལས་བསྐྱེད་པའི་ཚུལ་ནི། རྣམ་སྣང་མངོན་བྱང་གི་རྒྱུད་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱི་གཞུང་ལས་ཀྱང་འབྱུང་བ་བཞིན་ནོ། །དེས་ན་བཤད་མ་ཐག་པའི་ལམ་དེ་དག་ཐུན་མོང་དང་ཁྱད་པར་གྱི་ལམ་རིམ་གང་ལ་བརྟེན་ནས་འཁྲིད་པ་དེ་དང་དེའི་གཞུང་བཞིན་དུ་བསྟན་པ་ལས་དགོས་པ་འགྲུབ་པའི་ཕྱིར་འདིར་རེ་ཞིག་དེ་ཙམ་མོ། །དེས་ན་འདི་ལྟ་བུའི་གནད་དང་མ་བྲལ་ན་ཉམས་ལེན་དོན་དུ་འགྲིལ་བ་ཞིག་འོང་ཞིང་། དེ་བས་ན་ཆོས་འདི་ཆགས་སྡང་གི་བསྣོན་མར་མ་སོང་བར་རང་རྒྱུད་ལ་ཅི་འབྱོར་དུ་བསླབ་པའི་ཉམས་ལེན་ལ་འབད་པར་བྱའོ། །རང་གཞན་དོན་ཆེན་བསྒྲུབ་ལ་བསྐུལ་བའི་གཏམ། །དྲི་མེད་ལུང་དོན་བླ་མའི་གསུང་ངག་གིས། །ཇི་ལྟར་འདོམས་བཞིན་ཅུང་ཟད་བཤད་པ་ལས། །རྒྱ་ཆེའི་ཕ་མཐའ་སུ་ཡིས་བརྗོད་པར་ནུས། །འོན་ཀྱང་ཆུ་གཏེར་ཆེ་ལས་ཐིགས་པ་ཙམ། །བླངས་པ་ཡིས་ཀྱང་གདུང་སེལ་བྱེད་པ་བཞིན། །ལམ་གྱི་འཇུག་སྒོ་ཕྱོགས་ཙམ་ཤེས་པས་ཀྱང་། །བླང་དོར་གནས་ལ་བསླུ་མེད་གདིང་ཐོབ་འགྱུར། །དེ་ལས་དགེ་བའི་གྲུ་ཆེན་རྨད་བྱུང་བ། །ལྷག་བསམ་རླུང་གི་བགྲོད་པས་བསྐྱོད་བྱས་ཏེ། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ཆེན་པོ་ལས། །རྣམ་གྲོལ་རིན་ཆེན་གླིང་དུ་བགྲོད་གྱུར་ཅིག །དེ་ལྟར་ཐུན་མོང་གི་སྔོན་འགྲོའི་ལམ་རིམ་གསལ་བར་བྱེད་པ་རིན་ཆེན་ཐེམ་སྐས་ཞེས་བྱ་བ་འདི་ནི་དང་པོའི་ལས་ཅན་རྣམས་འཇུག་པ་བདེ་བའི་ཆེད་དུ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་ཡི་གེར་སྤེལ་བའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).