Terdzo-THI-013

From Rinchen Terdzö

ལྷག་པའི་ལྷ་སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་རྡོ་རྗེ་གསུམ་གྱི་རྒྱན་

lhag pa'i lha spyi la 'jug pa'i sku gsung thugs kyi dbang bskur ba rdo rje gsum gyi rgyan

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་རྡོ་རྗེ་གསུམ་གྱི་རྒྱན་ (Sku gsung thugs kyi dbang bskur ba rdo rje gsum gyi rgyan)
Volume 40 (ཐི) / Pages 279-284 / Folios 1a1 to 3b2

[edit]

༄༅། །ལྷག་པའི་ལྷ་སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་རྡོ་རྗེ་གསུམ་གྱི་རྒྱན་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་སེམས་དཔའི་ཡེ་ཤེས་སྐུ །རྡོ་རྗེ་སློབ་དཔོན་ལ་བཏུད་ནས། །རྡོ་རྗེ་ཐེག་པའི་སྨིན་བྱེད་བཅུད། །རྡོ་རྗེ་གསུམ་གྱི་དབང་བསྐུར་འབྲི། །འདི་ལྟར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ལ་མོས་པ་ཅུང་ཟད་བརྟན་ཀྱང་ཟབ་མོའི་དོན་ཇི་བཞིན་དུ་འཛིན་པའི་སྐལ་བ་མི་ལྡན་པ་དང་། དེ་ལས་གཞན་པའང་རུང་སྟེ་ཐུན་མོང་གི་གདུལ་བྱར་གྱུར་པ་རྣམས་ལ་དཀྱིལ་འཁོར་དུ་འཇུག་པའམ་བུམ་དབང་ཙམ་ལས། དབང་གོང་མ་རྣམས་མི་སྦྱིན་པར་འཕགས་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་སྔར་བྱོན་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་བཞེད་ཅིང་ཕྱག་ལེན་དུའང་མཛད་པ་ལས། འདིར་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཇི་ལྟར་བགྱི་བའི་ཚུལ་སྙིང་པོར་དྲིལ་བ་ནི། བུམ་དབང་དང་ལྷ་དབང་ཡན་སོ་སོའི་གཞུང་ལྟར་གྲུབ་རྗེས། དེས་བཅོམ་ལྡན་འདས་འདི། ཞེས་བྱ་བའི་སྐུའི་དབང་བསྐུར་པ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྦྱངས། གནས་སྐབས་སུ་ལུས་ལྷར་བསྒོམ་པ་ལ་དབང་། མཐར་ཐུག་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སྤྲོ་ན་ཤིས་པ་བརྗོད། དེ་ནས་གསུང་གི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷག་པའི་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་རྡོ་རྗེ་གསུང་གི་ངོ་བོར་དག་པར་གྱུར་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་རྗེས་ཟློས་བྱར་གཞུག །སྤྲོ་ན། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་ཀྱི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་སམ། ཡང་ན། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་མཛོད༔ རང་བྱུང་གསང་སྔགས་རྡོ་རྗེའི་སྒྲ༔ གསུང་དབྱངས་ཡན་ལག་དྲུག་ཅུའི་དབང༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ༔ བསམ་ཡས་གདུལ་བྱའི་བསམ་པ་བཞིན༔ ཡོངས་སུ་སྒྲོག་པའི་དབང་བསྐུར་རོ༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་པ་གཉིས་གང་རུང་བྱ། དེས་བཅོམ་ལྡན་འདས་ཀྱི་གསུང་གི་དབང་བསྐུར་པ་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྦྱངས། གནས་སྐབས་སུ་ངག་སྔགས་ཀྱི་འཁོར་ལོར་བསྒོམ་པ་དང་། མཐར་ཐུག་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་བཅོམ་ལྡན་འདས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སྤྲོ་ན་ཤིས་པ་བརྗོད། དེ་ནས་ཐུགས་ཀྱི་དབང་བསྐུར་བའི་སླད་དུ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་དུ་ཐིམ་པས། འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུ་རྒྱུད་ལ་སྐྱེས་པའི་མོས་པ་དང་བཅས་ཏེ་དེའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེའི་དོན་མེ་ལོང་གི་གཟུགས་བརྙན་སྣང་ལ་རང་བཞིན་མ་གྲུབ་པ་འདི་ཉིད་ཀྱིས་མཚོན་པ་ཡིན་ཏེ། ཧཱུྃ༔ ཆོས་ཀུན་མེ་ལོང་གཟུགས་བརྙན་བཞིན༔ སྤྲོས་མེད་སྟོང་གསལ་མཐའ་བྲལ་དབྱིངས༔ རང་བྱུང་ཡེ་ཤེས་རོལ་པའི་རྩལ༔ འགག་མེད་སྒྱུ་མའི་ལྟད་མོ་ལ༔ སྒྱུ་མ་མཁན་གྱིས་རོལ་པ་བཞིན༔ སྤྲོས་བྲལ་ཀ་དག་ངང་དུ་ཞོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དབང་བསྐུར་པ་ཐོབ། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྦྱངས། གནས་སྐབས་སུ་ཡིད་འོད་གསལ་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོའི་བཅོམ་ལྡན་འདས་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། ཤིས་པ་བརྗོད། རྗེས་སྤྱི་དང་འདྲའོ། །རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱིས། །རྡོ་རྗེའི་ཡེ་ཤེས་མངོན་བྱེད་པ། །རྡོ་རྗེ་ཐེག་པའི་ལམ་བཟང་གིས། །རྡོ་རྗེའི་རིག་འཛིན་གྲུབ་གྱུར་ཅིག །ཅེས་པའང་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཇི་ལྟར་བྱ་བའི་ཚུལ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་སོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).