Terdzo-TA-021

From Rinchen Terdzö

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་

zab chos rig 'dzin thugs thig gi ka dag gi khrid yig dri med snang ba

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 9 (ཏ) / Pages 305-323 / Folios 1a1 to 10a3

[edit]

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་ཞེས་བྱ་བ་བཞུགས་སོ། ། དུས་གསུམ་སངས་རྒྱས་ཐམས་ཅད་དང་མི་གཉིས་པའི་མཁྱེན་བརྩེ་ནུས་པའི་བདག་ཉིད་བཀའ་དྲིན་མཉམ་མེད་གཏེར་ཆེན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་་ལོ། །གང་ཞིག་ཕན་དང་བདེ་བ་ཡི། །རྣམ་གྲོལ་མཆོག་གི་རྒྱལ་ཐབས་ལ། །འགྲོ་ཀུན་འདྲེན་མཛད་ཐུགས་རྗེ་ཅན། །གཏེར་ཆེན་བླ་མའི་ཞབས་ལ་འདུད། །ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི། །ཆོས་ཀྱི་ཕུང་པོ་མ་ལུས་པའི། །ཡང་སྙིང་ཨ་ཏིའི་ལམ་ཟབ་མོས། །སྐལ་ལྡན་ཁྲིད་ཐབས་འདིར་གསལ་བྱ། །དེ་ཡང་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་མཐར་ཐུག་ངེས་པ་དོན་གྱི་སྙིང་པོ་ཨ་ཏི་ཡོ་གའི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་ཁྲིད་པར་བྱེད་པ་ལ་དོན་གསུམ་སྟེ། ལམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། བསྐྱེད་རྫོགས་ཇི་ལྟར་སྒོམ་ཚུལ་གྱིས་ལམ་སྣ་ཁྲིད་ཐབས་དངོས་གཞིའི་ཁྲིད། གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ལ། མདོ་དང་ཐུན་མོང་བའི་སྔོན་འགྲོ་དང་། སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ཐུན་མོང་བ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། འདི་ལྟར་བསྒོམ་པར་བྱའོ། །དེ་ལ་དམིགས་སྐོར་ལྔ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཞིག་བྱ་དགོས། དེ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་མེད་ཅིང་། དམ་པའི་ཆོས་ཀྱང་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན། ཟབ་མོའི་གདམས་པ་དང་འཕྲད། ཆོས་བྱེད་པའི་དབང་ཡོད་ཅིང་བྱེད་ཐབས་ཤེས་པ་སྟེ། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་དཀའ་ཞིང་དཀོན་པའི་རྟེན་རྙེད་པའི་དུས་འདིར་མ་འབད་ན། ཕྱིས་ནས་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་འདི་ལྟ་བུའི་རྟེན་འབྲེལ་མི་འཛོམ་པས། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སངས་རྒྱས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་བའི་སྐབས་འདིར། ཚེ་འདི་སྣང་གི་བཙན་ཕྱུག་ལོངས་སྤྱོད་སོགས་བདེ་བ་ལྟར་སྣང་ལ་མ་ཆགས་པར་གཏན་གྱི་བདེ་བའི་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་དུ་བསམ་པ་སྟེ་དམིགས་སྐོར་དང་པོའོ། །ཆོས་བྱེད་པ་དེ་ཡང་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་ཕྱི་བཤོལ་དུ་མ་སོང་བ་འཕྲལ་རང་དུ་བྱེད་དགོས། དེའི་རྒྱུ་མཚན་མི་ལུས་རིན་པོ་ཆེ་འདི་ཐོབ་ཏུ་ཟིན་ཀྱང་ཡིད་བརྟན་མི་རུང་སྟེ། སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་མ་གཏོགས་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་པས་སྲིད་པ་མཐོ་དམན་གྱི་འགྲོ་བ་ཐམས་ཅད་མཐར་འཆི་ངེས་པ་ཅན་ཡིན་ལ། དེ་ཡང་ཚེ་ལ་སྣོན་པ་མེད་ཅིང་དུས་སྐད་ཅིག་མ་རེ་རེས་ཀྱང་འཆི་བ་ལ་ཇེ་ཉེར་འགྲོ་བས་འཛད་པ་དང་བཅས་པའི་ཕྱིར་མྱུར་དུ་རང་འཆི་སྟེ། རླུང་ཁྲོད་ཀྱི་མར་མེ་ལྟར་འཆི་རྐྱེན་མང་། ཆུའི་ལྦུ་བ་ལྟར་ཚེ་སྲོག་མི་བརྟན། ཤིང་རྩེར་བབས་པའི་བྱ་ནམ་འཕུར་ཆ་མེད་པ་ལྟར་རྒན་གཞོན་བར་མའི་གོ་རིམ་ངེས་པ་ཅན་དུ་འཆི་བ་མ་ཡིན་པས་རང་ཡང་ནམ་འཆི་ཆ་མེད། མདོར་ན་ཕྱེ་མ་ལེབ་མར་མེ་དང་འཕྲད་པ་ལྟར་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་ཡང་མི་འཆི་བའི་གདིང་མི་འདུག །འཆི་བའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས། ནད་པ་འཆི་ཁ་མ་སང་གི་ཚིས་མི་བྱེད་པ་ལྟར་སྐྱོ་ཤས་དྲག་པོས་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་ཏེ། སྐད་ཅིག་ཙམ་ཡང་སོས་དལ་དུ་མི་སྡོད་པར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་འབར་བ་ལྟ་བུས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བསྐུལ་བར་བྱའོ་སྙམ་དུ་ཞེ་དམ་བཅའ་སྟེ་དམིགས་སྐོར་གཉིས་པའོ། །ཤི་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། ཤི་ནས་སྐྱེ་བ་ལེན་མི་དགོས་པར་ཅང་མེད་དུ་འགྲོ་ན་དེ་ཀས་ཡོང་བ་འདུག་ཀྱང་ཅང་མེད་དུ་མི་འགྲོ་སྟེ། ས་བོན་མངར་ཁའི་འབྲས་བུ་མ་འཆོལ་བར་སོ་སོར་སྨིན་པ་ལྟར། ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་དུ་སྨིན་པར་འགྱུར་བས་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱ་དགོས། དགེ་བ་དེ་ཡང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་ན་ཟག་མེད་ཀྱི་དགེ་བའམ་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། ཐར་པའི་རྒྱུར་འགྱུར་བས་འབྲས་ལོ་ལེགས་ན་རྩྭ་ཕུབ་ཞོར་ལ་འབྱུང་བ་ལྟར་གནས་སྐབས་སྲིད་པའི་བདེ་འབྲས་རྣམས་ཀྱང་ཞར་ལ་འབྱུང་བས་བརྩོན་པས་བསྒྲུབ་པར་བྱ་ཞིང་། དེ་ལས་གཞན་དུ་ཐར་ལམ་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བས་གཉིད་ཐུན་རེའི་རྨི་ལམ་བཟང་བ་ལྟར་སྙིང་པོ་མེད། ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་ཕྱེ་མ་ལེབ་འཐོར་རླུང་གིས་དེད་པ་ལྟར་ཤི་ནས་གར་སྐྱེ་དང་གར་འགྲོ་ཆ་མེད་པས་སྤྲིན་བར་གྱི་ཉི་མ་བཞིན་དུ་འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་རེ་མོས་མ་གཏོགས། གཅིག་ཁོ་ནས་རྟག་མི་ཐུབ་པས་ཡིད་བརྟན་མི་རུང་ལ། ཁྱད་པར་ཟག་པ་དང་བཅས་པའི་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཐོས་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་བླག་མེད་པ་དང་། གལ་ཏེ་མཐོ་རིས་སུ་སྐྱེས་ནའང་དེ་དང་དེའི་སྡུག་བསྔལ་གྱི་ཆ་ཐམས་ཅད་བསྐྱེད་པར་འགྱུར་ཞིང་། རང་ཅག་རྣམས་ཀྱང་བསགས་པ་སྡིག་ལས་མེད་པས་འགྲོ་ས་འཁོར་བའི་གནས་ལས་མ་འདས། འཁོར་བ་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གསོག་འཇོག །སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་ནག་ཅན་བཙོན་དོང་ནས་བྲོས་པ་ལྟར། ད་རེས་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་བཅོས་མ་མ་ཡིན་པར་བསྐྱེད་པར་བྱ་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་མེད་པས་དཀོན་ཅོག་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་པའི་སྒོ་ནས། ས་ཕྱོགས་འདི་དག་རིན་པོ་ཆེའི་རང་བཞིན་ལག་མཐིལ་ལྟར་མཉམ་པའི་དཔག་བསམ་གྱི་ཤིང་སྡོང་པོ་རབ་ཏུ་རྒྱས་པ་དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི། དབུས་ཀྱི་སྙིང་པོ་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་ལ་རྩ་བའི་བླ་མ་བཞུགས་པའི་སྟེང་ན་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས་མདུན་མར་ཁྱད་པར་གྱི་སངས་རྒྱས་ཡི་དམ། གཡས་སུ་ཐུབ་དབང་སོགས་ཐུན་མོང་གི་སངས་རྒྱས། རྒྱབ་མར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་པར་ཐུན་མོང་གི་དགེ་འདུན་བྱང་སེམས་ཉན་རང་འཕགས་པ། དེ་དག་གི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ཞིང་། རང་གི་མཐའ་སྐོར་དུ་དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བ་རྣམས་ཀྱི་བྱང་རང་གིས་དྲངས་ཏེ་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ལ། ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་ཡིད་ཚིམ་པར་མ་གྱུར་གྱི་བར་དུ་ཡང་ཡང་བརྗོད་ཅིང་། མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ་བསྔོ་བ་བྱ། ཉལ་བའི་ཚེ་དམིགས་རྟེན་མ་བཤིགས་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་བསམས་ནས་མོས་པ་སྒོམ་བཞིན་དུ་གཉིད་དུ་འགྲོ་བར་བྱ་སྟེ། དམིགས་སྐོར་བཞི་པའོ། །མཁའ་ཁྱབ་ཀྱི་སེམས་ཅན་གྲངས་མེད་པ་འདི་རྣམས་ཀྱིས། རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་པའི་དྲིན་ཅན་ཤ་སྟག་ཡིན་ཡང་། ཁྱི་སྨྱོན་གྱིས་བདག་པོ་ངོ་མི་ཤེས་པ་ལྟར་ཕན་ཚུན་ཕ་མ་དང་བུ་ཚ་ཡིན་པར་མ་ཤེས་ཤིང་། ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་སྒྲུབ་པ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ། དེའི་ཆེད་དུ་བདག་གི་མ་ཆུས་ཁྱེར་བ་འདྲེན་པའི་ཐག་པ་འཚོལ་པ་ལྟར་ལམ་ཟབ་མོ་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ཏེ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱའོ་སྙམ་དུ་བསམས་ལ། ཧོ༔ དེང་ནས་བཟུང་སྟེ་ཞེས་སོགས་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་དང་། མཐར་མི་དམིགས་པའི་ངང་ལ་དར་ཅིག་ཀློད་ལ་བསྔོ་བ་བྱ་སྟེ། དམིགས་སྐོར་ལྔ་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་དམིགས་སྐོར་གསུམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་རང་འདྲའི་ཡུམ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པ། དེའི་ཐུགས་ཀར་པད་ཟླ་ལ་གནས་པའི་རྡོ་རྗེ་དཀར་པོ་འགྲེང་སྟབས་སུ་བསླང་བའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་སྐྱ་ཆིལ་ལི་ལི་བབས་པས་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་ཏེ། རང་ལུས་ཤེལ་སྒོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་དཀར་མེར་གྱིས་གང་བར་བསམ་ཞིང་། མཐར་གནོང་འགྱོད་དྲག་པོས། མགོན་པོ་བདག་ནི་མི་ཤེས་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་ངང་ལ་ཅི་གནས་སུ་བཞག་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་དང་པོའོ། །མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་ལྟར་གསལ་བཏབ་ལ། མཆོད་པའི་མཎྜལ་ནི་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལམ། མེད་ན་ས་གཞི་བྱི་དོར་བྱས་ལ་དྲི་དང་བ་བྱུང་གི་ཆུས་བྱུག །མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་བཀོད་ཅིང་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་མིའི་ལོངས་སྤྱོད་དང་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ། རིན་ཆེན་ས་གཞི་ཞེས་སོགས་ཀྱིས་དབུལ་བ་སྤྲུལ་སྐུའི་མཎྜལ་དང་། ཚངས་པ་རྔ་སྒྲའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེ་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པར་བསམས་ཏེ་འབུལ་བ་ལོངས་སྐུའི་མཎྜལ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དམིགས་མེད་ཀ་དག་གི་ཀློང་དུ་འབུལ་བ་ཆོས་སྐུའི་མཎྜལ་ཏེ། གཙོ་བོར་སྤྲུལ་སྐུའི་མཎྜལ་ལ་སྒྲིལ་ཞིང་། ཐུན་མཇུག་ཏུ་མཎྜལ་ཕྱི་མ་གཉིས་ཀྱང་ཇི་ལྟར་རིགས་པ་ཕུལ་བའི་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་གཉིས་པའོ། །རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐའ་སྐོར་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྐྱབས་ཡུལ་ལྟར་གསལ་གདབ། དེ་ཐམས་ཅད་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་ཤར་བའི་སྒྱུ་འཕྲུལ་གྱི་རོལ་པར་ཡང་ཡང་བསམ་པས། ཀུན་གོ་གཅིག་གིས་ཆོད་པར་བློ་ཐག་བཅད་དེ་སེམས་ཅན་ཐམས་ཅད་ཀྱི་བྱང་རང་གིས་དྲངས་པར་བསམས་ནས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ་གདུང་ཤུགས་བཟོད་མེད་ཀྱིས་ངག་ཏུ། རྒྱལ་བ་རྒྱ་མཚོའི་ཞེས་སོགས་ཀྱིས་གསོལ་བ་ཡང་ཡང་བཏབ་ཅིང་། དེ་ནས་བརྒྱུད་པའི་བླ་མ་དང་དཀོན་མཆོག་གསུམ་སོགས་རྩ་བའི་བླ་མ་ལ་བསྡུས་ནས་མོས་གུས་དྲག་པོས། སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་བཏབ་ནས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་ཞེས་སོགས་ཀྱིས་བླ་མའི་སྐུ་ལས་དབང་བཞི་བླངས་རྗེས། བླ་མ་དེ་ཉིད་དགྱེས་ཉམས་བཅས་ཏེ་རང་གི་མགོ་ཐོག་ཏུ་བྱོན་པ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་དུ་བསམས་ལ་མཉམ་པར་གཞག་ཅིང་བསྔོ་བ་བྱ་སྟེ། དམིགས་སྐོར་གསུམ་པའོ། །གཉིས་པ་དངོས་གཞི་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་ན་སྐབས་འདིར་དབང་བསྐུར་བས་རྒྱུད་སྨིན་པར་བྱས་ལ་སྒོམ་པ་ལ་འཇུག་གོ །དེ་ལ་གཉིས་ལས། ཐོག་མར་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་སྒོམ་པའི་ཚུལ་ནི་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་ལ་སོགས་པ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་པད་ཉི་ཟླ་བའི་སྟེང་དུ་རང་རིག་ཧཱུྃ་མཐིང་ག །དེ་ལས་འོད་ཟེར་འཕྲོས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོ་འཛུམ་ལང་ཚོ་རྒྱས་པའི་ཉམས་ཅན་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་དབྱིངས་ཕྱུག་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་དང་ཕན་ཚུན་འཁྲིལ་བ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་ཡིག་མཐིང་ག་རྟག་ཏུ་འཆར་བཞིན་པར་གསལ་བཏབ་ཅིང་། རྣམ་པ་མི་གསལ་ན་ཐང་སྐུ་ལྟ་བུའི་སྐུ་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་དང་དེ་ལ་རྩེ་གཅིག་ཏུ་མཉམ་པར་གཞག །དེ་ལྟར་གསལ་ཐེབས་པ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་གི་མཐའ་ཕྱིའི་དངོས་པོ་གང་རུང་ལ་རེག་པས་ཞེན་རྟོག་སྦྱངས་ནས་ལྷར་ལམ་ལམ་གྱུར་པར་བསམ་ཞིང་། རིམ་པར་ཡུལ་གྲུ་ལ་སོགས་པ་ནས་མཐར་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྲེ་བ་ཐུན་གཅིག །ལྷ་སྐུ་དེ་ཡང་རང་གི་སེམས་ཉིད་ཀྱི་རང་རྩལ་ཙམ་སྟེ་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྐུ་སྤངས་པའི་ཚུར་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པར་ཐག་བཅད་དེ་བསྲེ་བ་ལ་ཐུན་གཅིག །ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་དུ་སྣང་བ། དེ་ཡང་སྣང་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མའི་སྣང་བ་ལྟར་བདེ་གསལ་སྟོང་པ་ཉིད་དུ་བསྲེ་བ་ལ་ཐུན་གཅིག་སྟེ། སྒོམ་པས་སྐྱོ་ན། ལྷ་སྐུ་གསལ་ལ་དེར་འཛིན་མེད་པ་དེའི་ངང་ནས། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས་གྲགས་སྟོང་དུ་གསལ་བཏབ་སྟེ། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་ནས་ཨོཾ་ཨཱཿཧཱུྃ་གི་ཡིད་བཟླས་བྱ་ཞིང་། དེས་སུན་ན། འབྲུ་གསུམ་གྱི་ངག་བཟླས་དང་ལས་བྱང་ལྟར་བསྙེན་སྒྲུབ་ཀྱི་སྔགས་རྣམས་ཀྱང་ཅི་རིགས་བཟླས་ལ། ཐུན་བསྡུ་བའམ་ཉལ་བའི་ཚེ་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། དེ་ཡང་ཡུམ་ཡབ་དང་། དེ་ཐུགས་ཀའི་ཧཱུྃ་དང་། དེ་ཡང་རིམ་གྱིས་ནཱ་དའི་བར་དུ་བསྡུས་ཏེ། དེ་ཉིད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་བསྡུས་ཏེ་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག །ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་སུ་ཤེས་པས་རྒྱས་གདབ་ཅིང་བསྔོ་བར་བྱའོ། །གཉིས་པ་རྫོགས་རིམ་ལ་གསུམ་སྟེ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་སྒོམ་པའོ། །དང་པོ་ཞི་གནས་བཙལ་བ་ནི། སྐྱེ་བོའི་འདུ་འཛི་དང། ཀླག་ཅོར་ལ་སོགས་པ་མེད་པའི་གནས་དབེན་པར་སྟན་བདེ་བ་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་ཞིང་ཆ་ཆ་ནས་ཧྲིལ་གྱིས་བསྒྲིམ། ངག་གནད་རླུང་རང་སོར་བཞག །སེམས་ཀྱི་གནད་སྔར་འདི་བྱས། ཕྱིས་འདི་བྱེད། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་དུས་གསུམ་གྱི་སྤྲོས་པ་བཅད་དེ་བཟོ་མེད་ཡེངས་མེད་དུ་འཇོག །དེ་ལ་གནས་ན་དེས་ཆོག །གལ་ཏེ་མི་གནས་ན་མདུན་གྱི་ནམ་མཁར་རྡོ་རྗེ་ཐོད་ཕྲེང་རྩལ་ལྟ་བུའི་ལྷ་ཆེ་ཆུང་ཇི་ལྟར་རིགས་པ་ཞིག་བསྒོམས་ལ། གསལ་ཡེ་རེ་བྱུང་བ་དང་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ཀ་ལ་ཆེར་རེ་བལྟས་ཏེ་བཟོ་མེད་ཡེངས་མེད་དུ་ཀློད་དེ་འཇོག །དེ་ལའང་གནས་དཀའ་ན་ལྷ་སྐུའམ། ཡིག་འབྲུའམ། ཤིང་བུ་རྡེའུ་ལྟ་བུ་དངོས་པོ་ཕྲ་རགས་གང་རུང་ཞིག་མདུན་དུ་དངོས་སུ་བཞག་སྟེ། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་འཐབ་པར་ཆེ་རེ་ལྟ་སྟངས་གཏད་ནས་སེམས་ཀྱིས་ལེགས་ཉེས་སྤུ་རིས་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་། ཅི་ཡང་མི་སེམས་མི་བསྒོམ་པར་ཁྲེས་སེ་བོར་ལ་འཇོག །དེའི་ངང་ལས་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་འཐུད་དུ་མི་གཞུག་པར་རྟེན་ལ་བསླན་ཏེ་ཅི་ཡང་མི་བསྒོམ་མི་འཛིན་པར་རྟོག་མེད་སིང་ངེ་མ་ཡེངས་པར་བཟུང་ངོ་། །གལ་ཏེ་བྱིང་ན་ལྟ་སྟངས་གཏོད། ལུས་གྲིམ་ཆ་འཚོལ། ཤེས་པ་ལ་ངར་བཏགས། རིག་པ་ལ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བལྟ། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། ཞེ་གཏིང་ནས་གློད་ལ་རང་བབས་སུ་འཇོག་གོ །དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆིལ་ལེ་བ་སོགས་དང་། དབུགས་རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ལ་ཤེས་པ་གཏད་ཙམ་མ་གཏོགས་ཅི་ཡང་མི་བསམ་པར་གློད་དེ་འཇོག་པའམ། ཡང་ན་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་རུང་གཅིག་གི་སྟེང་དུ་བཞག་པས་ཆོག་ཅིང་། དེ་ལྟར་བསྒོམས་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་བ་སྙམ་བྱེད་ཀྱང་སྐྱོན་ཡོན་དུ་མ་བལྟས་པར་རྒྱུན་བསྲིངས་ལ་བསྒོམས་པས་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་བདེ་བ་སྐྱེ་ཞིང་མདོག་སྣུམ། ངག་སྨྲ་བ་ཉུང་ཞིང་ཚིག་འཇམ། གང་ལ་སེམས་བཟུང་སར་རྟོག་མེད་དུ་གནས་པ་ལས་ལྡང་མི་ནུས་ཤིང་གཡོ་མི་འདོད་པ་འདྲ་བར་ཆམ་གྱིས་འགྲོ་བས་རྩེ་གཅིག་ཏུ་གནས་པ་ཞིག་འོང་སྟེ། དེ་ཙམ་ན་ཞི་གནས་གོམས་པའི་རྟགས་ཡིན་གསུངས། །གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་གཏན་ལ་འབེབ་པ་ནི། དེ་ལྟར་སྣང་ལ་བཏགས་པའི་ཚེ་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་དག །རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་ལོགས་ན་དོན་བདེན་པར་གྲུབ་པ་ཞིག་རྡུལ་ཙམ་ཡང་མེད་དེ། སྣང་ནི་སྣང་། བདེན་ནི་མི་བདེན། འདི་དག་སྒྱུ་མའི་འཁྲུལ་འཁོར་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་དུ་སྣང་བ་སང་སེང་། འལ་འོལ་ཙམ་དུ་བལྟ་ཞིང་། དེ་ཡང་བཏགས་པ་ཙམ་ལས་རང་བཞིན་ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཀྱང། དེ་གའི་རང་ངོ་ལ་ཅེར་གྱིས་བལྟས་པས་སྣང་བ་མ་འགག་ལ། དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུར་རྗེན་སང་གིས་འཆར་བ་དེའི་ངང་ལ་རང་བབས་སུ་འཇོག་ཏུ་བཅུག་གོ །གཉིས་པ་ནང་འཛིན་སེམས་རྩ་བྲལ་དུ་གཏན་ལ་འབེབ་པ་ནི། ཁ་ནང་དུ་ཕྱོགས་ཏེ། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པ་ཁྱོད། དང་པོ་གང་ནས་འོངས། ད་ལྟ་གང་ན་གནས། ཐ་མ་གང་དུ་འགྲོ །དབྱིབས་ཅི་འདྲ། ཁ་དོག་ཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱིས་རིག་པ་རྐྱང་འདེད་དུ་བལྟར་བཅུག་པས། སེམས་མ་མཐོང་ཟེར་ན། འོ་ན་འགྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཁ་ལ་ལྟོས་དང་ཅི་འདྲ་འདུག །ལྟ་མཁན་དེ་རང་ག་སུ་ཡིན་པར་འདུག་ཅེས་རྩད་གཅོད་དུ་བཅུག་པས། དངོས་མེད་གཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟར་ཅང་མེད་ཅིག་འདུག་གམ། ཅི་འདྲ་འདུག་ཅེས་ནན་ཏན་དུ་བལྟར་བཅུག །དེ་ལྟར་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་ཅི་འདྲ་འདུག་ཞིབ་ཏུ་བལྟས་པས། བལྟ་མཁན་དང་ལྟ་རྒྱུ། མཐོང་མཁན་དང་མཐོང་རྒྱུ་སོགས་གང་ཡང་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར། གང་དུ་ཡང་ངོས་བཟུང་དཔྱད་ར་མེད་པར་ནམ་མཁའ་ལྟར་སེང་ངེ་བ། ཡངས་ཆམ་མེ་བ། བྱ་རྒྱུ་ཟད་པ། བྱ་ཐབས་རྡུགས་པས་བྱ་བྱེད་ཐམས་ཅད་དང་བྲལ་བ། གསལ་རིག་རྗེན་ནེ་བ་ཞིག་འཆར་ན། ཆད་པ་ངལ་བསོ་བ་ལྟར་དེ་ཁའི་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་འཇོག་ཏུ་བཅུག །དེ་ལྟར་བཞག་པས་དྲན་བསམ་གང་ཡང་མེད་ཅིང་མདངས་བདེ་བ་དང་བཅས་པ་མ་འགག་པར་སྣང་བ་ཐམས་ཅད་འཛིན་མེད་རང་བབས་སུ་ཁྲོལ་ལེ་ཤིག་གེ་བུན་ནེ་བའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་གོ །གསུམ་པ་ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པ་ནི། ཡུལ་ལ་བློ་སྣང་ངམ། བློ་ལ་ཡུལ་སྣང་ལྟ་བུ་གང་ཤར་ཀྱང་འདྲ་སྟེ། གང་ཤར་དེ་ཁ་ལ་ཅེར་གྱིས་བལྟས་པས། རྫིང་བུར་ཟླ་གཟུགས་ཤར་དུས་ཆུ་དང་ཟླ་གཟུགས་ཐ་མི་དད་པ་ལྟར་ཕ་གིར་སྣང་བ་མ་འགག་ལ། ཚུ་གར་དེར་འཛིན་གྱི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ་ཞིག་འཆར་བས། དེ་ཁའི་ངང་ལ་རྟོག་དཔྱོད་ཀྱི་ཚོལ་ཁྲོ་གང་ཡང་མི་བྱ་བར་རང་བབས་སུ་ཅེ་རེ་བལྟ། བདེ་ལུགས་སུ་ཤིགས་སེ་བཤིག །རྗེས་མེད་དུ་སེང་ངེ་བསྐྱུར། རྒྱ་ཡན་དུ་ཆལ་ལེ་བརྡལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་རང་སོར་ལྷོད་ཀྱིས་གློད། དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པ་རང་གསལ་རྗེན་པར་ལྷག་གེ་བ། ནང་སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པ་རང་སངས་སུ་རྗེན་ནེ་བ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཡུལ་བཟང་ངན་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་གྱི་བློ་མ་ཞུགས་པར་སལ་ལེ་སང་ངེ་བའི་རིག་པའི་ཆ་དེ་ཅར་ཕོག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་ནས་འཁོར་བ་ཆོས་སྐུར་སངས་པས་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་རིག་ཀྱང་མི་འཕྲོ། གསལ་ཡང་མི་འཛིན། མི་རྟོག་ཀྱང་རིག་པའི་གདངས་ཡུལ་སྣང་མ་འགག་པས་འདོད་གཟུགས་གཟུགས་མེད་ཀྱི་སེམས་གསུམ་ལས་གྲོལ་ཞིང་། མཉམ་པར་གཞག་དུས་སེམས་སྤྲོ་བསྡུ་མེད་པར་ལྷན་ནེར་གནས་པ་མི་རྟོག་པ་སྟོང་པའི་ཆ་དེ་ཞི་གནས་དང་། རིག་པ་གསལ་དག་རྗེན་སང་ངེ་བར་གསལ་བས་སྣང་བའི་ཆ་དེ་ལྷག་མཐོང་སྟེ། ཟུང་འཇུག་ཏུ་སྒོམ་པ་ཡིན་ནོ། །གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་ངོ་སྤྲོད་པའི་ཡི་གེ་ཞིག་སླར་ལོགས་སུ་འདྲི་བར་འདོད་པ་ལས་ཤེས་པར་བྱ་ཞིང་། གཙོ་བོར་ནི་བླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱི་ཞལ་ལས་ཉམས་མྱོང་སྐྱེས་པའི་དོན་ངོ་སྤྲོད་པ་དང་། ཉམས་མྱོང་ཇི་ལྟར་སྐྱེ་ཚུལ་དེའི་གེགས་སེལ་བོགས་འདོན་དང་བཅས་པ་ལེགས་པར་མཉན་ཏེ། ཉམས་རྟོགས་ཀྱི་འཕྲང་ལས་མ་གྲོལ་གྱི་བར་གདར་ཤ་བཅད་ལ་ཡེ་ཤེས་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་ཐབས་ལ་ཅི་ནས་ཀྱང་འབད་པར་བྱའོ། །དེ་སྐད་བཀའ་དྲིན་མཉམ་མེད་རྗེ་བླ་མའི། །བཀའ་གནང་ཐོབ་ནས་བན་ཆུང་ཆོས་དཔལ་གྱིས། །བློ་དམན་དོན་དུ་ཚིག་ཉུང་དོན་འདྲིལ་བར། །རྒྱལ་ཟླ་ཡར་ངོའི་ཚེས་བཅུར་གྲུབ་པར་སྤེལ། །ནོངས་པར་གྱུར་གང་བླ་མ་ཡི་དམ་ལྷ། །ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་བཞེས། །དགེ་འདིས་རང་རྒྱུད་གྲོལ་ནས་མཐའ་ཡས་འགྲོ །རྣམ་གྲོལ་གདོད་མའི་ས་ལ་སྒྲོལ་ནུས་ཤོག །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).