Terdzo-SI-026

From Rinchen Terdzö

སྤ་གྲོ་གདོང་ཁ་ལ་ཁ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་སྤྱི་ཏིའི་གཞུང་སྐོར་

spa gro gdong kha la kha ba tshe ring rdo rje'i zab gter spyi ti'i gzhung skor

by  ཚེ་རིང་རྡོ་རྗེ་ (Tsering Dorje)
revealed by  ཚེ་རིང་རྡོ་རྗེ་ (Tsering Dorje)
in cycle  སྤྱི་ཏི་ (Spyi ti)
Volume 58 (སི) / Pages 781-828 / Folios 1a1 to 24b1

[edit]

༄༅། །སྤ་གྲོ་གདོང་ཁ་ལ་ཁ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་སྤྱི་ཏིའི་གཞུང་སྐོར་བཞུགས་སོ། ། ལུང་བསྟན་གསལ་བྱེད་སྒྲོན་མ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ མཆིམས་ཕུ་གསང་བའི་ཕུག་པར་རྗེ་འབངས་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས༔ རྫོགས་པ་ཆེན་པོ་སངས་རྒྱས་དགོངས་འདུས་ཞུས་པའི་རྗེས་ལ༔ ལྷ་ལྕམ་ནུས་འབྱིན་ས་ལེ་བཞེངས་ནས༔ གཡུ་རི་འོད་འབར་བཀྲོལ་ནས་གྷུ་རུ་ལ་ཕུལ་ཏེ༔ རྗེ་གྷུ་རུ་རིན་པོ་ཆེ་ལགས༔ བདག་གི་ཁ་ལ་འཁྲི་བའི་གཡོག་མོ་འདི་མ་འོངས་པའི་དུས་སུ་སྐྱེ་བ་གང་འདྲ་ཞིག་ཏུ་སྐྱེ༔ གསང་སྔགས་ཀྱི་ཆོས་གང་འདྲ་ཞིག་དབང༔ རྗེ་གུ་རུས་གསུང་དུ་གསོལ༔ ཅེས་ཞུས་པས༔ གྷུ་རུའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་དེ་ལྟར་ཞུས་པ་ལེགས་སོ༔ བདག་གིས་བཤད་ཀྱིས་ཉོན་ཅིག༔ ཁྱོད་ཀྱི་ཞལ་ཏ་མ་འདི་ཁ་ལག་ལ་འཁྲི་བ་དང༔ ངའི་གསང་སྔགས་ཀྱི་དབང་ཆོས་མང་པོ་ཐོབ་པ་ལ་བརྟེན་ནས་སྐྱེ་བ་འདི་ནས་དག་མ་དག་འགའ་ཙམ་བརྒྱུད་པའི་རྗེས་ལ༔ མོན་བོད་མཚམས་ཀྱི་སའི་དཔལ་གྱི་རི་བོའི་ཕྱོགས་སུ་སྐྱེ༔ མིང་ནི་བཛྲ་མིང་ཅན་ཞེས༔ འདི་ཕ་མ་རུས་ལོ་རྟ་རྣམས་སོ༔ ལུས་གསོ་རགས་ཤིང་འདོད་བློ་ཞིག༔ སྤྱོད་པ་མ་ངེས་སྣ་ཚོགས་བྱེད༔ ང་ཡི་རྫོགས་ཆེན་ཆོས་ལ་སྤྱོད༔ སྐྱེས་བུ་དེ་དང་སུ་འབྲེལ་བ༔ ཕྱི་མ་ཨུ་རྒྱན་གནས་སུ་འགྲོ༔ ནུས་འབྱིན་ས་ལེ་ཁྱོད་ཀྱི་སྐྱེ་མཐའ་ནི༔ སྐྱེས་བུ་དཔལ་གྱི་མིང་ཅན་འབྱུང་དུས་སུ༔ དེ་དང་འཕྲད་ནས་སྨོན་ལམ་འབྲེལ་བ་ཡིན༔ ལས་འཕྲོ་བག་ཆགས་སད་པ་ནི༔ ཆོས་དང་དམ་རྫས་འདི་རྣམས་དབང༔ རྫོགས་ཆེན་སྤྱི་ཏིའི་ཡང་ཟབ་སྐོར༔ འདུས་སླ་ཟབ་པའི་སྐོར་རྣམས་དང༔ དམ་རྫས་ཤ་རིལ་ཤེལ་འདྲ་ལ༔ ཨ་དམ་རྒྱ་དང་བཅས་པ་སྤྱོད༔ ཅེས་གསུངས་སོ༔ ཡང་ནུས་འབྱིན་ས་ལེས་ཨོ་རྒྱན་ལ་ཞུས་པ༔ ཤིན་ཏུ་ལེགས་པར་ཐུགས་རྗེས་ཟུངས༔ རྫོགས་ཆེན་སྤྱི་ཏིའི་སྐོར་རྣམས་དང༔ དམ་རྫས་ཤེལ་འདྲའི་གཏེར་ཁ་ནི༔ གཏེར་གནས་གང་གི་ཕྱོགས་ན་ཡོད༔ འདོན་པའི་དུས་ནི་ནམ་ཙམ་ཡིན༔ འདི་རྣམས་ཀྱི་ནི་ཁ་བྱང་དང༔ ཡང་བྱང་སྙིང་བྱང་མ་ལུས་པ༔ གྷུ་རུས་བདག་ལ་གསུང་དུ་གསོལ༔ ཅེས་ཞུས་སོ༔ ས་མ་ཡཱ༔ ྈྈྈ ཡང་གྷུ་རུས་གསུང་པ༔ དམ་རྫས་འདི་ཡི་གཏེར་གནས་ནི༔ བདག་གི་སྒྲུབ་གནས་དམ་པ་དེ༔ བཙན་ཆུང་བྲག་གི་ལོགས་ན་ཡོད༔ སྤྱི་ཏི་གཏེར་གནས་གནས་པར་ནི༔ བྲག་དམར་གཏེར་ཁུང་ལོགས་ན་ཡོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཨོ་རྒྱན་གྱིས་གསུང་པ༔ འདི་ཉིད་འདོན་པའི་ལོ་ཟླ་ནི༔ བྱ་འམ་ཁྱི་ཡི་དབྱར་ཟླ་འབྲིང༔ ཚེས་བཅུ་འམ་ནི་བཅོ་ལྔ་ལ༔ ཉིན་ཕྱེད་དག་ཏུ་འདོན་པ་འོ༔ ས་མ་ཡཱ༔ གྱཾ༔ ཡང་གྷུ་རུས་གསུང་པ༔ དམ་རྫས་ཡང་བྱང་ཆ་ལག་ནི༔ བཙན་བྲག་བདེ་མཆོག་ཕོ་བྲང་ཡིན༔ ཕོ་བྲང་དེ་ཡི་རྩེ་མོ་ན༔ དང་པོའི་རྩིག་པ་རྙིང་པ་ཡོད༔ རྩིག་པ་དེ་ཡི་ཤར་ཕྱོགས་ན༔ བྲག་དང་རྡོ་ཧྲོག་མཚམས་དག་ན༔ རྡོ་བ་རུས་སྦལ་འདྲ་བའི་ལོགས༔ གཏེར་མཚན་ཞ་ཉེའི་ཆོས་འབྱུང་ཡོད༔ མར་ལ་ཁྲུ་གང་བརྐོས་པ་ན༔ རྡོ་ཡི་སྒྲོམ་བུ་སོལ་བའི་དཀྱིལ༔ དམ་རྫས་དབང་ལུང་རྒྱ་དང་བཅས༔ གཏེར་བདག་བན་ཆེན་ཡབ་ལྷ་དང༔ རྡོ་རྗེ་ལེགས་པར་གཏད་ནས་བཞག༔ བཀའ་སྲུང་གཏེར་བདག་འདི་ཉིད་ལ༔ ཚོགས་ཀྱི་འཁོར་ལོ་རྒྱས་པ་དང༔ གསེར་སྐྱེམས་གསོལ་ཁ་རེམ་པ་གཅེས༔ ཨོ་རྒྱན་ང་ལ་གསོལ་བ་ཐོབས༔ ཞེས་གསུངས་སོ༔ ས་མ་ཡཱ༔ གྱཾ༔ སྙིང་བྱང་ཁ་ལག་འདི་ལྟར་རོ༔ གཏེར་སྒྲོམ་དེ་ལ་རེག་དུག་ཡོད༔ དེ་རྣམས་སེལ་ལུགས་འདི་ལྟར་རོ༔ བདག་ཉིད་ལྷ་ཡི་ང་རྒྱལ་ལྡན༔ ལ་ཆའི་ལག་མགོ་གཉིས་བཅོས་ལ༔ དེ་ལ་རྫས་ནི་འདི་ལྟར་བྱུག༔ དུག་དང་གླ་རྩི་བྱུག་པར་བྱ༔ རང་གི་ལུས་ལ་སྒོག་པ་བྱུག༔ དེས་ནི་དུག་རྣམས་སེལ་བ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ གཏེར་འདི་རྣམས་འདོན་པའི་དུས་ཀྱི་རྟགས་རྣམས་གསུང་དུ་གསོལ༔ ཞུས་པས༔ དེ་འདོན་པའི་རྟགས་ནི༔ ཧོར་དམག་ལུགས་ནས་བོད་ཚོང་དེང་བ་ཡོང༔ སྤ་གྲོ་ལི་ཐང་མེ་རུ་འབར་བ་ཡོང༔ གནམ་ལ་རྟགས་ནི་ཁ་ཆར་ཆུང་ཞིང་སྒང་གཤོང་ཡོང༔ དེ་ཡི་སྟོབས་ཀྱིས་ལོ་ནི་མི་ལེགས་སོ༔ སྐར་མ་ཕོད་ཅན་དུ་བ་མཇུག་རིང་ཤར་བ་དང༔ མི་མ་ཡིན་གྱིས་སྐད་ངན་འདོན་པ་འོང༔ སྐྱེ་ཆུའི་གནས་སུ་ཕ་བུ་དམེ་འཐབ་ཡོང༔ སྟག་ཚང་གནས་སུ་མ་བུ་གསོད་བྱེད་ཡོང༔ དེ་རྣམས་བྱུང་དུས་གཏེར་དེ་འདོན་པའི་དུས༔ བཏོན་ནས་ཟླ་གསུམ་མཚམས་ལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གུ་རུས་གསུང་པ༔ སྤྱི་ཏིའི་ཁ་བྱང་ཡང་བྱང་སྙིང་བྱང་རྣམས༔ དམ་རྫས་འདི་ཡི་ཟླ་ལ་ཡོད༔ དམ་རྫས་འདི་ཡི་སྦྱོར་སྡེབ་ལ༔ ཨོ་རྒྱན་བདག་གི་བྱང་སེམས་དང༔ མཚོ་རྒྱལ་མ་ཡི་དམར་པོ་དང༔ རིག་འཛིན་བརྒྱད་དང་སྒྲུབ་ཆེན་བརྒྱད་རྣམས་བྱང་སེམས་དང༔ དབུ་ལོ་ཤངས་མཚལ་བདུད་རྩི་ཡོད༔ གཞི་མ་བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ་ཡིན༔ རིལ་བུ་འདི་ནི་སུས་མྱང་བ༔ མཐོང་དང་རེག་དང་ཐོས་གྱུར་ན༔ ཀུན་གྱིས་མཆོད་པའི་གནས་སུ་འགྱུར༔ གསུངས་སོ༔ གཏེར་སྲུང་ཡབ་ལྷ་འཁོར་བཅས་ཀྱིས༔ བྱ་འམ་ཁྱི་ཡི་ལོ་དག་ལ༔ གཏེར་འདི་བཛྲ་མིང་ལ་གཏོད༔ དེ་མིན་གཏེར་རྐུན་བྱུང་བ་ན༔ སྲོག་རྩ་ཆོད་ལ་དབང་པོ་སྣུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ པདྨ་ང་ཡི་སྨོན་ལམ་འགྲུབ་པར་ཤོག༔ ལྷ་ལྕམ་གྱིས་ཞུས་ཨོ་རྒྱན་གྱིས་ཇི་ལྟར་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་མ་ནོར་བར་བྲིས་ནས༔ སངས་རྒྱས་དགོངས་འདུས་ཟླ་ལ་སྦས་སོ༔ ྈྈྈ ྈ སྤྱི་ཏིའི་ཐེམ་བྱང་གསལ་བྱེད་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ནམ་མཁའི་མདོག་ཅན་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཏེར་ཁ་བྱེ་བ་ས་ཡ་སྦས༔ ཡང་གསང་དགོངས་གཏེར་འདི་ལས་མེད༔ ཀྱེ་མ་ངོ་མཚར་རྨད་ཀྱི་ཆོས༔ འདི་ཡི་ཐེམ་བྱང་བསྟན་པ་ནི༔ ཨོ་རྒྱན་ང་ཡི་ཆོས་རྣམས་ལ༔ སྤྱི་ཐེམ་སྒོས་ཐེམ་གཏད་རྒྱ་གསུམ༔ སྤྱི་ཐེམ་ཆོས་རྣམས་ཐམས་ཅད་ཀྱང༔ ཐེག་པ་རིམ་པ་དགུར་འདུས་ཏེ༔ དེ་ཡང་བསྡུས་པས་གསུམ་དུ་འདུས༔ སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ༔ ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ༔ ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ༔ དེ་རྣམས་ཨ་ཏི་གཅིག་པུར་འདུས༔ ཨ་ཏི་ཡོ་གའི་ཆོས་སྐོར་ལ༔ རྒྱུད་དང་ལུང་དང་མན་ངག་གསུམ༔ དེ་ཡང་མན་ངག་དག་ཏུ་འདུས༔ མན་ངག་གནད་ཀྱི་སྐོར་ལ་ཡང༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ དེ་ཡང་གནད་ཀྱི་སྡེ་རུ་འདུས༔ གནད་ཀྱི་སྡེ་ལ་ཕྱི་སྐོར་དང༔ ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡང་གསང་སྐོར་དང་ལྔ་རུ་འདུས༔ དེ་ཡང་ཡང་གསང་སྐོར་དུ་འདུས༔ ཡང་བཅུད་སྤྱི་ཏི་ཆེན་པོ་འདི༔ ཨོ་རྒྱན་སྙིང་གི་ནོར་བུ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒོས་ཐེམ་སྤྱི་ཏིའི་ཐེམ་བྱང་ནི༔ ཆོས་ཀྱི་གནད་འཕྱོང་བསྟན་པའི་ཕྱིར༔ གནད་ཀྱི་ཐེམ་བྱང་སྐོར་དང་གཅིག༔ གང་ཟག་བློ་ཁ་བསྒྱུར་བའི་ཕྱིར༔ ཐུན་མོང་སྔོན་འགྲོའི་གདམས་པ་དང༔ མ་སྨིན་སྨིན་པར་བྱེད་པའི་ཕྱིར༔ དབང་བཞི་ཡོངས་རྫོགས་སྐུར་ཐབས་དང༔ ཆོས་ཉིད་མངོན་དུ་རྟོགས་པའི་ཕྱིར༔ ཁྲིད་གཞུང་མ་རིག་མུན་སེལ་དང༔ སྣང་བཞིས་མཐའ་རུ་སྐྱེལ་བའི་ཕྱིར༔ མུན་ཁྲིད་ཨར་གཏད་ལག་ཁྲིད་དང༔ ཉམས་ལེན་མཐའ་རུ་འཐོན་པའི་ཕྱིར༔ ཀ་དག་ལྷུན་གྲུབ་ཉམས་ལེན་དང༔ དུས་ཚོད་གནད་འགགས་བསྟན་པའི་ཕྱིར༔ ལུང་བསྟན་གསལ་བྱེད་མེ་ལོང་དང༔ སྤྱི་ཏིའི་བསྟན་པ་བསྲུང་བའི་ཕྱིར༔ བཀའ་སྲུང་རེག་ཆོད་སྤུ་གྲི་དང༔ དེ་ལྟར་ཆོས་ཁ་བརྒྱད་པོ་དེར༔ སྤྱི་ཏིའི་ཆོས་སྐོར་མ་ལུས་ཚང༔ སངས་རྒྱས་ཆོས་ལ་འདི་ཀས་ཆོག༔ གཞན་རྣམས་བྱས་ཆོས་རྒྱུ་ཙམ་ཡིན༔ འདི་ནི་བྱར་མེད་དོན་གྱི་ཆོས༔ ཀུན་བཟང་སྙིང་གི་ཐིགས་པ་འོ༔ སློབ་མ་གསུམ་བཞི་མ་གཏོགས་པ༔ མང་ན་མཁའ་འགྲོའི་བཀའ་ཆད་ཡོང༔ ཟབ་པར་གྱིས་ཤིག་ལས་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐཾ༔ བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ཨཱ་ཡུ་བཛྲ་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་ཤིང་སླར་ཡང་ཀུན་བཟང་ཆོས་རྫོང་དུ་ཕབ་པ་འདིའང་ཆ་ལག་གོ། །། ྈ ཁྲིད་ཀྱི་སྔོན་འགྲོ་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ཐེག་པ་དགུའི་མཐར་ཐུག་ཡང་གསང་སྤྱི་ཏིའི་མན་ངག་འདི་སྒོམ་པར་བྱེད་པ་ལ་བླ་མ་མཚན་ཉིད་དང་ལྡན་པ༔ སློབ་མ་སྣོད་དང་ལྡན་པ༔ གདམས་པ་འདི་ཉིད་ཞུ་བ་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས༔ གནས་ཆེན་ནམ་ནི་དུར་ཁྲོད་དམ༔ ནགས་ཚལ་དབེན་པའི་གནས་དག་ཏུ༔ ཟས་གོས་མཐུན་རྐྱེན་འཛོམ་པར་བསགས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བཤམ༔ བླ་མ་དག་ལ་ཆོས་འདི་ཞུ་བའི་སྙན་གསན་དབབ༔ དེ་ནས་བླ་མས་ཆོས་བསྟན་པ་ནི༔ སྔོན་འགྲོའི་ཆོས་འདི་ལྟར་རོ༔ དང་པོ་དལ་འབྱོར་རྙེད་དཀའ་དང༔ གཉིས་པ་འཆི་བ་མི་རྟག་པ༔ གསུམ་པ་ལས་རྒྱུ་འབྲས་དང༔ བཞི་པ་ཚོགས་གསག་མཎྜལ་དང༔ ལྔ་པ་སྐྱབས་འགྲོ་དང༔ དྲུག་པ་སེམས་བསྐྱེད་རྒྱ་ཆེན་དང༔ བདུན་པ་ཡིག་བརྒྱས་སྦྱང༔ བརྒྱད་པ་མོས་གུས་བླ་མའི་རྣལ་འབྱོར་དང༔ དགུ་པ་རིགས་དྲུག་རུ་ཤན་འབྱེད༔ བཅུ་པ་ལ་རིགས་དྲུག་ས་བོན་སྦྱང༔ བཅུ་གཅིག་ལུས་ཀྱི་རུ་ཤན་འབྱེད༔ བཅུ་གཉིས་རྒྱས་བཏབ་ཅིང་རྩལ་སྦྱང་བ༔ བཅུ་གསུམ་པ་མཉེན་བཙལ་ལམ་དུ་གཞུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་བསྟན་པ་ནི༔ ཡེ་ཐོག་དང་པོའི་དུས་སུ༔ དམིགས་མེད་གདལ་ཁྱབ་ཆེན་པོའི་ཀློང་ནས༔ གང་གིས་ཀྱང་བཅོས་བསླད་མ་གྲུབ་པ༔ སངས་རྒྱས་སེམས་ཅན་མིང་ཡང་མེད་པའི་དུས༔ མཁའ་ཀློང་རྣམ་པར་དག་པ་ནི༔ རང་བྱུང་རིག་པའི་རྒྱལ་པོ༔ རྒྱ་དང་ཕྱོགས་ལྷུང་དང་བྲལ་བ༔ ཡེ་ནས་རང་བྱུང་དུ་ཡོད་པ་ལས༔ ཡེ་རླུང་གཅིག་གིས་བསྐྱོད་ནས་འཛིན་པ་དཔག་ཏུ་མེད་པ་བྱུང་ངོ༔ དེ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཆགས་སོ༔ མ་རིག་པའི་དབང་གིས་ལས་ངན་སོ་སོ་ལ་སྤྱོད་ཅིང་འཁོར་བར་འཁྱམས་སོ༔ དེ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ༔ ངན་སོང་གསུམ་དང་མཐོ་རིས་གསུམ་དུ་མནར་ཅིང་གནས་པ་ལས༔ ངན་སོང་གསུམ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་འོ༔ མཐོ་རིས་གསུམ་ནི་ལྷ་དང་མི་དང་ལྷ་མ་ཡིན་ནོ༔ དེ་ཡང་མི་རུ་སྐྱེས་པ་ནི་གཤིས་ཀྱིས་དཀོན༔ ཆོས་ལྡན་ལུས་འདི་ཐོབ་པར་དཀའ་འོ༔ རྒྱུད་ལུང་ཆེན་པོའི་ནང་ཞིག་ནས༔ རྒྱ་མཚོ་དག་གི་རུས་སྦལ་དང༔ གྱང་ལོགས་དག་གི་སྲན་མ་དང༔ གནམ་སྟོང་ཉིན་གྱི་སྐར་མ་དང༔ དེ་དག་རྣམས་ལས་དལ་འབྱོར་མི་ལུས་ཐོབ་པ་དཀའ་འོ༔ ཤར་ལུས་འཕགས་པོ་དང༔ ནུབ་བ་གླང་སྤྱོད་དང༔ བྱང་སྒྲ་མི་སྙན་ན་མི་ལུས་ཡོད་དེ༔ ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འགྲུབ་པའི་སྐལ་བ་མེད་དོ༔ ལྷོ་འཛམ་བུ་གླིང་དུ་སྐྱེས་པ་རྣམས་ནི་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པའི་སྐལ་བ་ཡོད་དོ༔ ལྟ་ལོག་བྱེད་པར་གྱུར་ན་ཡང༔ སྙིང་ནི་རུལ་བར་མི་འགྱུར་རམ༔ ད་རེས་མི་ལུས་ལན་གཅིག་ཐོབ་དུས་འདིར༔ དམ་པའི་ཆོས་གཅིག་མ་བྱུང་ན༔ ངན་སོང་འགྲོ་བ་མ་ཤེས་སམ༔ ཉེས་དམིགས་རྣམས་སུ་ཡང་དྲན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་འཆི་བ་མི་རྟག་པ་ནི༔ ཕྱི་འབྱུང་བའི་དར་རྒུད་མི་རྟག༔ ནང་འཇིག་རྟེན་ལོངས་སྤྱོད་མི་རྟག༔ གསང་བ་ལུས་སེམས་མི་རྟག་པ་འོ༔ ཕྱི་འབྱུང་བའི་དར་རྒུད་ནི་ཟླ་དུས་དབྱར་དགུན་རྣམས་མི་རྟག་པའོ༔ ཐམས་ཅད་འཆི་བའི་ཆོས་ཅན་ཡིན་ན་ད་རེས་མི་ལུས་ལན་གཅིག་ཐོབ་དུས་འདིར༔ ཆོས་མི་བྱེད་ན་ཕྱིས་མི་ལུས་འདི་ཐོབ་པར་དཀའ་བས༔ དེས་ན་ད་རེས་མི་ལུས་ཐོབ་དུས་འདིར༔ འཆི་བ་དྲན་པའི་ཆོས་ཞིག་མ་བྱས་ན༔ འཆི་བདག་བདུད་ཀྱིས་ནམ་ཁྱེར་མི་ཤེས་སོ༔ མ་ཡེངས་པའི་དྲན་པ་དུང་དུང་ཡང་ཡང་བསམ༔ འཆི་བ་མི་རྟག་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་རྒྱུ་འབྲས་ཁྲིད་ནི༔ ཆོས་པ་འཇིག་རྟེན་ལ་ཆགས་པ་རྣམས་ནི༔ ནག་ཅན་བཙོན་དོང་ན་ཡོད་ཀྱང༔ བཙོན་བདག་གི་བུ་མོ་མཛེས་མ་ལ་ཆགས་པ་ལྟ་བུའོ༔ ཆོས་པ་འཁོར་བའི་སྡུག་བསྔལ་ལ་ཆགས་པ་ནི༔ ཡུགས་ས་མོ་ཁྱོ་ལ་ཆགས་པ་ལྟ་བུའོ༔ དངོས་པོ་ནོར་རྫས་ལ་ཆགས་པ་རྣམས་ནི༔ བུང་བ་སྦྲང་རྩི་ལ་ཆགས་པ་ལྟ་བུའོ༔ ཆོས་པ་ཡུལ་གཞིས་ལ་ཆགས་པ་ནི༔ སྦྲང་མ་སྦྲང་རྩི་འཐུང་བ་ལྟ་བུའོ༔ མ་གོ་བ་རྣམས་ནི་ཆོས་ཇི་ལྟར་བཤད་ཀྱང༔ ཉོན་མོངས་པ་སྡུག་བསྔལ་གྱི་མཚང་མ་རིག་པར༔ ཆོས་ཀྱི་དོན་མི་རྟོགས་པ་ལྟ་བུའོ༔ རྒྱུ་འབྲས་ཁྱད་དུ་གསོད་པས་འཁོར་བའི་སྡུག་བསྔལ་མྱོང་བའོ༔ གསང་སྔགས་ཀྱི་དམ་ཚིག་ལས་འདས་པ་ནི༔ དམྱལ་བ་ལྕགས་བསྲེགས་ཀྱི་ས་གཞིར་སྐྱེ་འོ༔ འཁོར་བ་སྡུག་བསྔལ་གྱི་བྱ་བྱེད་འདི༔ ཟོ་ཆུའི་འཁྱུད་མོ་འདྲའ་འོ༔ ཞེ་སྡང་དང་ང་རྒྱལ་ཕྲག་དོག་གཏི་མུག་བསགས་པའི་རྣམ་པར་སྨིན་པ་ནི༔ ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་འཕོ་ལྟུང་འཐབ་རྩོད༔ བྲེལ་ཕོངས་རིགས་དྲུག་གི་སྡུག་བསྔལ་མྱོང་དགོས་ཡོང་བ་ཡིན༔ དམ་པའི་ཆོས་གཅིག་མ་བྱས་ན༔ ཅིས་ཀྱང་ཕན་པ་མེད༔ འདི་རྣམས་ཡང་ཡང་དུ་བསམ་མོ༔ ལས་རྒྱུ་འབྲས་ཀྱི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ བཞི་པ་ཚོགས་གསག་མཎྜལ་གྱི་ཁྲིད་ནི༔ མཆོད་པའི་ཡུལ་དང་མཆོད་པའི་མཎྜལ་གཉིས་ལས༔ མཆོད་པའི་ཡུལ་ནི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཡིན་པས༔ སངས་རྒྱས་ཆོས་དང་དགེ་འདུན་ཕྱིའི་མཆོད་ཡུལ༔ བླ་མ་ཡི་དམ་མཁའ་འགྲོ་ནང་གི་མཆོད་ཡུལ༔ བདེ་གསལ་མི་རྟོག་ཏིང་ངེ་འཛིན་གསང་བའི་མཆོད་ཡུལ་ལོ༔ བློ་བྲལ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཡུལ་ལོ༔ དེ་དག་རྣམས་མཆོད་པའི་ཡུལ་ཡིན་ནོ༔ རང་གི་སྤྱི་བོར་གདན་བཞིའི་སྟེང་དུ༔ དྲིན་ཅན་རྩ་བའི་བླ་མ་དམ་པ་ཨོ་རྒྱན་ཀུན་ཏུ་བཟང་པོ་དེ་ཉིད་ལ་གཡས་སུ་སངས་རྒྱས་དཀོན་མཆོག༔ རྒྱབ་ཏུ་དམ་པའི་ཆོས༔ གཡོན་དུ་འཕགས་པའི་དགེ་འདུན༔ མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས༔ དེ་རྣམས་གསལ་བཏབ་ལ༔ ཕྱི་ནང་གསང་གསུམ་གྱི་མཎྜལ་ཕྱོགས་གཅིག་ཏུ་བསྡུས་ཏེ༔ ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་མཎྜལ་སྤྲོས་བྲལ་བརྗོད་ལས་འདས༔ རང་སྣང་འཛིན་མེད་ཚོམ་བུ་ལེགས་བཀོད་ནས༔ ཆོས་སྐུའི་བླ་མ་ཡང་དག་རྗེ་ལ་འབུལ༔ ཆོས་སྐུའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ ལོངས་སྐུའི་མཎྜལ་རང་སྣང་འོད་ལྔར་འདྲེས༔ སྐུ་དང་ཐིག་ལེ་མཎྜལ་རྒྱན་དུ་བཀོད༔ ལོངས་སྐུའི་བླ་མ་ལྷ་ཚོགས་རྗེ་ལ་འབུལ༔ འོད་གསལ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ སྤྲུལ་སྐུའི་མཎྜལ་བྱེ་བ་ཕྲག་བརྒྱའི་ཞིང༔ མཛེས་ཤིང་ཡིད་འོང་ལེགས་པར་བཀོད་པ་ནི༔ སྤྲུལ་པའི་སྐུ་མཆོག་བླ་མ་རྗེ་ལ་འབུལ༔ འགྲོ་དོན་ཕྱོགས་མེད་རྟོགས་པར་བྱིན་གྱིས་རློབས༔ ཅི་མང་དབུལ་བར་བྱའོ༔ དེ་ནས་བླ་མ་ཐམས་ཅད་རྩ་བའི་བླ་མ་ལ་བསྡུ༔ དབང་བཞི་བླངས་ནས་བླ་མ་རང་ལ་བསྡུས༔ སེམས་མ་བཅོས་པར་ལྷོད་དེ་གཞག༔ ཚོགས་གསག་མཎྜལ་གྱི་ཁྲིད་དོ༔ ས་མ་ཡཱ༔ ྈྈྈ ལྔ་པ་སྐྱབས་སུ་འགྲོ་བའི་ཁྲིད་ནི༔ སྡུག་བསྔལ་དག་ལས་ཟློག་པ་ལ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པས༔ སྐྱབས་འགྲོའི་ཡུལ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁར་སེངྒེའི་ཁྲི་སྟེང་དུ༔ ཉི་ཟླ་དར་ཟབ་བརྩེགས་པའི་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་དཔལ་ཀུན་ཏུ་བཟང་པོའི་རྣམ་པ༔ རྒྱན་མེད་གཅེར་བུ་མཉམ་པར་བཞུགས་པ་ལ༔ དེའི་གཡས་སུ་སངས་རྒྱས་གཡོན་དུ་དགེ་འདུན་མདུན་དུ་ཡི་དམ༔ རྒྱབ་ཏུ་ཆོས་སྐྱོང༔ མཐའ་སྐོར་དུ་དཔའ་བོ་མཁའ་འགྲོས་བསྐོར་ནས་བཞུགས་པར་བསྒོམས་ལ༔ མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚོ༔ སྐྱོབ་པ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་གཟུང་བླ་མེད་མ་འཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་སྙིང་ཁུང་རུས་པའི་གཏིང་ནས༔ བརྒྱ་རྩ་སྟོང་རྩ་ལ་སོགས་པ་བྱའོ༔ སྐྱབས་སུ་འགྲོ་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་སེམས་བསྐྱེད་པའི་ཁྲིད་ནི༔ ཚད་མེད་བཞི་བསྒོམ༔ སྙིང་རྗེ་དགའ་བ་བྱམས་པ་བཏང་སྙོམས་ཚད་མེད་བསྒོམ་པར་བྱའོ༔ སྙིང་རྗེ་རྒྱལ་པོའི་གཅེས་ཕྲུག་སྟོར་བ་ལྟ་བུ་བསྒོམ༔ དགའ་བ་རབས་ཆད་མ་བུ་མེད་ལ་བུ་སྐྱེས་པ་ལྟ་བུ་བསྒོམ༔ བྱམས་པ་བྱ་མོ་སྒོ་ང་བསྲོ་བ་ལྟ་བུ་བསྒོམ༔ བཏང་སྙོམས་ལ་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་བསྒོམ༔ ཚད་མེད་བཞི་བསྒོམ་པའི་ངང་ནས༔ ངག་ཏུ༔ རྩ་གསུམ་བླ་མ་དགོངས་སུ་གསོལ༔ འགྲོ་བ་སེམས་ཅན་མ་ལུས་རྣམས༔ བླ་མེད་བྱང་ཆུབ་མ་འཐོབ་བར༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་སྒྲིབ་སྦྱོང་ཡིག་བརྒྱའི་ཁྲིད༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ལ༔ རང་གི་སྤྱི་བོར་རྡོར་སེམས་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་དྲིལ་བུ༔ དཀུ་ལ་བརྟེན་ནས་འགྱིང་བག་ཚུལ་དུ་བཞུགས༔ རིན་པོ་ཆེ་ཡི་རྒྱན་ཆ་དུ་མས་བརྒྱན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ངག་ཏུ་བཛྲ་སཏྭ་ཧཱུྃ་ལ་འབད༔ རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐེ་བོང་གཡས༔ བདུད་རྩི་དཀར་པོའི་རྒྱུན་བབས་པས༔ རང་གི་སྤྱི་བོར་ཐིམ་པར་བསམ༔ འདི་ཕྱི་ཚེ་རབས་ཐམས་ཅད་དུ༔ ལས་ངན་སྡིག་སྒྲིབ་དག་པར་བསམ༔ ལུས་ནི་ཤེལ་གོང་ཕྱིས་པ་ལྟར༔ ཕྱི་ནང་མེད་པར་གསལ་བར་བསྒོམ༔ རྡོར་སེམས་རང་ལ་ཐིམ་ནས་སུ༔ རྫོགས་རིམ་ངང་ལ་མ་ཡེངས་གཞག༔ སྡིག་པ་དག་པའི་རྟགས་རྣམས་ནི༔ གསང་སྔགས་སྤྱི་དང་མཐུན་པ་འོ༔ ཡིག་བརྒྱའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི༔ རང་གི་སྤྱི་བོར་ཉི་ཟླའི་སྟེང༔ གཙོ་བོར་རྩ་བའི་བླ་མ་ལ༔ རྣམ་པ་ཀུན་བཟང་ཡབ་ཡུམ་ནི༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་གཅེར་བུའི་རྣམ་པ་ལ༔ མཉམ་གཞག་སྐྱིལ་ཀྲུང་དག་ཏུ་བཞུགས༔ དེ་ཡི་འཁོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ ཁྲོམ་ཚོགས་ལྟར་དུ་བཞུགས་པ་ལ༔ གསོལ་བ་འདི་ལྟར་གདབ་པར་བྱ༔ དམིགས་མེད་ཀ་དག་ཆེན་པོའི་ཕོ་བྲང་དུ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ གཟུང་འཛིན་རྟོག་པའི་དྲི་མ་དག་ནས་ཀྱང༔ ཀ་དག་དྲི་བྲལ་རྟོགས་པར་བྱིན་གྱིས་རློབས༔ ལྷུན་གྲུབ་རང་གསལ་ཡེ་ཤེས་གཞལ་ཡས་སུ༔ རྒྱལ་བ་རིགས་ལྔའི་ལྷ་ལ་གསོལ་བ་འདེབས༔ མ་རིག་མུན་པའི་བྱིང་རྨུགས་རང་དག་ནས༔ འོད་གསལ་ལྔ་ལྡན་འཆར་བར་བྱིན་གྱིས་རློབས༔ རིག་རྩལ་རྣམ་དག་རང་བཞིན་གཞལ་ཡས་སུ༔ རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ བདེ་གསལ་རྟོགས་པ་རྒྱུད་ལ་འཆར་བ་དང༔ གཞན་དོན་ཐོགས་མེད་འགྲུབ་པར་བྱིན་གྱིས་རློབས༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིགས་དྲུག་སེམས་ཅན་སྙིང་རྗེས་སྐྱོང་བ་དང༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་རྣམ་དག་མཁའ་འགྲོའི་གཞལ་ཡས་སུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ བདག་གཞན་སྨོན་ལམ་ཡོངས་དག་འགྲུབ་པ་དང༔ བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ རིག་འཛིན་ཚེ་རིང་རྡོ་རྗེ་ལ་གསོལ་བ་འདེབས༔ རང་རིག་གསལ་སྟོང་སྐྱེ་མེད་རྟོགས་པ་དང༔ ཚེ་འདིར་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས༔ བྲག་དམར་གཏེར་ཁུང་གསང་བའི་གཏེར་གནས་སུ༔ ཡང་གསང་ཟབ་ཆོས་སྤྱི་ཏི་ལ་གསོལ་བ་འདེབས༔ བདག་གཞན་འཁོར་བའི་མཚོ་ལས་སྒྲོལ་བ་དང༔ གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་རྩ་ཡི་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ སྒྲ་འོད་ཟེར་གསུམ་རང་ངོ་ཤེས་པ་དང༔ ཕུང་པོ་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཙང་མའི་ཕོ་བྲང་དུ༔ བཀའ་སྲུང་དམ་ཅན་གཏེར་བདག་ལ་གསོལ་བ་འདེབས༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༔ རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཞེས་སྙིང་ཁུང་རུས་པའི་གཏིང་ནས་དུང་དུང་བར་གསོལ་བ་བཏབ༔ མོས་གུས་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་ལུས་ངག་ཡིད་གསུམ་རུ་ཤན་འབྱེད་པའི་ཁྲིད་ནི༔ དམྱལ་བ་ཡི་དྭགས་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ རྗེས་ལ་ཤེས་པ་གློད་ལ་གཞག༔ མཁན་པོ་རྩད་གཅོད་གཏང་བར་བྱ༔ གང་ཡང་མ་ཡིན་རང་གི་སེམས༔ སེམས་ཉིད་རྩ་བྲལ་ངང་དུ་གཞག༔ བྱོལ་སོང་མི་ཡི་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ མཁན་པོ་རྩད་གཅོད་ལེགས་པར་བྱ༔ རྗེས་ལ་ཤེས་པ་གློད་ལ་གཞག༔ རང་སེམས་མིན་པ་ལོགས་ན་མེད༔ ལྷ་མིན་ལྷ་ཡི་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ མཁན་པོ་རྩད་གཅོད་ཤེས་པ་གློད༔ རང་སེམས་མིན་པ་གཞན་ན་མེད༔ དེ་ལྟར་རིགས་དྲུག་གནས་ལ་ཆགས་ཞེན་མི་སྐྱེའོ༔ མི་ཤ་ཡོད་པའི་དགྲ་དང་འཕྲད་ན་ཡང༔ འཇིགས་པའི་སྣང་བ་སྐད་ཅིག་མི་སྐྱེའོ༔ དེ་ལྟར་བྱུང་ན་རུ་ཤན་ཕྱེད་པའི་རྟགས༔ མ་བྱུང་བར་དུ་སྙིང་རུས་བསྐྱེད་ལ་བསྐྱང༔ རིགས་དྲུག་རུ་ཤན་འབྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་རིགས་དྲུག་ས་བོན་སྦྱོང་བ་ནི༔ སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་དུ༔ རིགས་དྲུག་གི་ས་བོན་བཀོད་པ་ལས༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་ལས་མེ་འབར་འཚིག་པར་བསམ་མོ༔ ས་བོན་སྦྱོང་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་པ་ལུས་རུ་ཤན་འབྱེད་པའི་ཁྲིད་ནི༔ རང་ལུས་རྡོ་རྗེའི་ཕྱག་རྒྱ་བྱས༔ རྡོ་རྗེའི་ལྟེ་བ་དག་ལས་ནི༔ འོད་འཕྲོས་སྣང་བ་ཁྱབ་པར་གང༔ ལུས་ནི་ཁང་རུལ་ཞིག་ལྟར་འགྱུར༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས༔ ལུས་རུ་ཤན་འབྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་པ་རྒྱས་གདབ་རྩལ་སྦྱོང་བའི་ཁྲིད་ནི༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ངག་ཏུ་ཧཱུྃ་ཞེས་བཟླས་པ་ཡིན༔ སྣང་བ་ཧཱུྃ་གིས་གང་བར་བསྒོམ༔ ནང་ཕུང་པོ་དག་ལ་རྒྱས་གདབ་པ༔ ཧཱུྃ་དེ་ཚུར་ལ་ལོག་ནས་ནི༔ ཁོག་པ་ཧཱུྃ་གིས་གང་བར་བསྒོམ༔ ངག་ཏུ་ཧཱུྃ་དེ་མ་ཡེངས་བསྒྲང༔ དེ་ལྟར་བྱས་པའི་རྟགས་རྣམས་ལ༔ ཕྱི་ནང་སྣང་བ་གཞན་མི་འཆར༔ ཧཱུྃ་གིས་རྣམ་པ་རང་རོང་འགྱུར༔ དེ་ལྟར་བྱུང་ན་རྒྱས་ཐེབས་རྟགས༔ མ་བྱུང་བར་དུ་བསྐྱར་ལ་བྱ༔ ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ ཧཱུྃ་དེས་ས་རྡོ་རི་བྲག་རྣམས༔ ལྕགས་ཚགས་ལྟར་དུ་ཕུག་པར་བསམ༔ ཧཱུྃ་དེས་ཚུར་ལ་ལོག་ནས་ནི༔ ནང་ཕུང་པོ་ཤ་རུས་ཕུག་པར་བསམ༔ ཕྱི་ནང་ཁྲོལ་མ་ལྟར་དུ་འགྱུར་རོ༔ མ་བྱུང་བར་དུ་ཡང་ཡང་བསྐྱར༔ རྒྱས་བཏབ་པ་དང་རྩལ་སྦྱོང་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་པ་མཉེན་བཙལ་ལམ་དུ་གཞུག་པའི་ཁྲིད་ནི༔ མདུན་དུ་ཤིང་གཅིག་བསམས་ལ༔ ངག་ཏུ་ཧཱུྃ་དེ་ཕར་འཕྲོས་པས༔ ཤིང་རིང་དེ་ལ་སྦྲུལ་ལྟར་དཀྲིས༔ ཧཱུྃ་དེ་ཤིང་རྩེར་སླེབ་པ་དང༔ ཤེས་པ་མ་ཡེངས་ངང་ལ་ལྷན་ནེ་གཞག༔ ཧཱུྃ་དེ་ཚུར་ལ་བཤིག་ནས་སུ༔ ཁོག་པའི་ནང་དུ་ཧཱུྃ་དེ་སླེབ༔ ཡེངས་པ་མེད་པར་མཉམ་པར་གཞག༔ ལམ་དུ་གཞུག་པ་ལྟ་བུར་བྱ༔ ངག་ཏུ་ཧཱུྃ་དེ་འཕྲོས་ནས་ནི༔ སྔར་གྱིས་ཕྱིན་པའི་ས་ཆ་དང༔ མ་ཕྱིན་པ་ཡི་ས་རྣམས་སུ༔ སྦྲུལ་འཁྱོགས་ལྟར་དུ་འགྲོ་བར་བྱ༔ ཐང་ཆད་ངལ་བའི་དུས་སུ་ཡང༔ རྩེ་གཅིག་ལྷན་ནེ་གཞག་པར་བྱ༔ སྣང་བ་གང་གཏད་ལམ་ལམ་འགོད་པ་བྱུང༔ མ་བྱུང་བར་དུ་བསྐྱར་ལ་བྱ༔ མཉེན་བཙལ་ལམ་གཞུག་གི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་གཅིག་གསལ་སྒྲོན་ཁྱོད་ཀྱི་སྐྱེ་མཐའ་དེ་དང་སྤྲོད༔ ྈྈྈྈ རྱརྱརྱ༔ ས་མོ་ཕག་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ། རིག་འཛིན་ཨཱ་ཡུ་བཛྲ་གྱི་མཚན་ཅན་གྱིས་མཁའ་འགྲོའི་ལུང་བསྟན་བྱུང་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །གནས་ཆེན་སྟག་ཚང་ལུང་པའི་མདའ་རྡོ་གོར་མ་སྟེང་སེང་ཆེན་འགྱིང་འདྲའི་མདུན་ཕ་ཝང་དང་ཤུག་པ་རྒྱ་མདུད་འཁྱིལ་བའི་མཚམས་སུ། རི་བོ་བཀྲ་ཤིས་དཔལ་འབར་འདྲ་བའི་སྟེང་དབྱར་དགུན་མེད་པར་ན་བུན་འཐིབས་པའི་དབེན་གནས། ཡང་དབེན་ཆེན་པོ་ཀུན་བཟང་ཆོས་རྫོང་ཞེས་བྱ་བའི་རྩེ་མོ་ལ་ཆུ་ཕོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ། སྐལ་ལྡན་གྱི་གྲྭ་པ་ཀུན་དཔལ་རྒྱལ་མཚན་གྱིས་སྦྱིན་བདག་བྱས་ནས་ཤོག་སེར་གྱི་ལོགས་ལས་ཕབ་པའི་ཡི་གེ་པ་ནི་ཀུན་དགའ་མཆོག་རྒྱལ་གྱིས་བགྱིས་པ་ལགས་སོ།། ྈ རྫོགས་པ་ཆེན་པོ་སྤྱི་ཏིའི་དབང་བཞི་རྫོགས་དྲི་མེད་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དབང་བཞི་སྐུར་བར་བྱེད་པའི་རྣལ་འབྱོར་པས༔ དབེན་ཞིང་ཉམས་དགའ་བ་ཡི་གནས་དག་ཏུ༔ མཎྜལ་མདའ་གང་གྲུ་བཞི་ལ༔ དབུས་མཐིང་འོད་ལྔས་བསྐོར་བ་བྱ༔ དེའི་པདྨ་འདབ་བཞི་ཕྱོགས་མདོག་ལ༔ མུ་ཁྱུད་འོད་ལྔས་བསྐོར་བ་བྱ༔ དེ་མིན་གཞན་དང་འདྲ་བ་ཡིན༔ དེ་ལ་དབུས་ཀྱི་སྟེགས་བུའམ་མཉྫིའི་ཁར༔ མངར་གསུམ་སྤོད་རྣམས་བླུགས་བྱས་ལ༔ གཏོར་མ་རིན་ཆེན་འབར་བ་རྒྱན་གྱིས་བརྒྱན་པ་བཞག༔ བུམ་པའི་ནང་དུ་བུམ་རྫས་ཉེར་ལྔ་དང་འོ་མ་བླུག༔ ཁ་རྒྱན་མགུལ་ཆིངས་ཀྱིས་བརྒྱན༔ དེའི་གཡོན་དུ་ཀ་པཱ་ལ་མཚན་དང་ལྡན་པ་ལ༔ ཆང་ལ་ཨ་མྲྀཏ་བཏབ་པ་བླུག༔ ལས་བུམ་གཅིག་ཆར་བཤམ་པར་བྱ༔ གཏོར་ཚོགས་དག་ཀྱང་ཅི་བདེར་བཤམ༔ དལ་གྱི་རྒྱན་བཀོད་ལ་ཕྱོགས་བཞིར་གྲི་བཞི༔ ཕུར་པ་བཞི༔ མདའ་དར་མེ་ལོང་བཏགས་པ་བཞི༔ རྒྱན་བཀོད་གཞན་ཡང་ལེགས་པར་བྱ༔ དེ་ནས་སློབ་མ་རྣམས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས་ལ༔ དེ་ནས་སྒོ་བ་རྣམས་ལ་ཞུ་བ་ཕུལ་བ་ནི༔ ཀྱཻ༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ ཡང་གསང་དཀྱིལ་འཁོར་ཕོ་བྲང་སྲུང༔ བདག་རྣམས་ནང་དེར་གཏང་དུ་གསོལ༔ ཅེས་ལན་གསུམ་ཞུ་འོ༔ སློབ་དཔོན་གྱིས༔ ཁྱེད་ནི་སུ་ཡིན་ཅི་ཞིག་བྱ༔ སྐལ་མེད་རྣམས་ཚོ་ཕྱིར་དེངས་ཤིག༔ ཅེས་བྱའོ༔ ཡང་སློབ་མས༔ ཀྱེ་ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འགྲོ་བའི་མགོན་པོ་བླ་མ་ལ༔ སྨིན་གྲོལ་དབང་བསྐུར་གདམས་པ་ཞུ༔ ཞེས་ཞུས་སོ༔ སྒོ་ཕྱེ་ཡོལ་བའི་ཕྱི་རུ་གཞག༔ སློབ་དཔོན་ལ་ཞུ་བ་ནི༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ སློབ་དཔོན་ཁྱེད་ལ་སྐྱབས་སུ་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ བདག་ཅག་བུ་རྣམས་དྲང་དུ་གསོལ༔ ཅེས་ལན་གསུམ་ཞུ་འོ༔ བླ་མས༔ ཀྱེ་མ་སྐལ་ལྡན་བུ་སློབ་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ནས༔ ཚེ་འདིར་སངས་རྒྱས་ས་ལ་སྦྱོར༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲི་འོ༔ སློབ་མས་ལན་དུ༔ ཀྱཻ༔ རྡོ་རྗེ་སློབ་དཔོན་བདག་ལ་གསོན༔ དུས་གསུམ་རྒྱལ་བ་བླ་མ་དང༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཅི་གསུང་བཀའ་ལས་མི་འདའ་བྱ༔ ཞེས་ཞུ་འོ༔ དེ་ནས་ཡོལ་བ་བཀྲོལ་ཏེ་གིང་པ་རྣམས་ཀྱིས་བགེགས་བསྐྲད༔ གུ་གུལ་དུད་པ་གཏང༔ རོལ་མོ་དྲག་ཏུ་བརྡུང༔ དེ་ནས་གྲལ་ལ་འཁོད་ཐལ་མོ་སྦྱར་ལ་འདི་སྐད་དོ༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་དུ་མི་འདུག་པས༔ ཁྱེད་ཀྱིས་བདག་ལ་ཐུགས་རྗེས་ཟུངས༔ ཞེས་ཞུ་འོ༔ བླ་མས་གནང་བ༔ ཀྱེ་མ༔ ཁྱོད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ བདག་གིས་ཁྱོད་རྣམས་བསྒྲལ་བྱའི་ཕྱིར༔ འདོད་པའི་དབང་མཆོག་དམ་པ་སྦྱིན༔ ཞེས་བཤད་དོ༔ དེ་ནས་དམ་ཚིག་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་མེས་སྲེག༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ དམ་ཚིག་གཉན་པོ་བསྲུང་བར་གྱིས༔ མིག་དར་གཡོགས་ལ༔ སློབ་བུ་རྣམས་ཀྱིས་ལག་ཏུ་ཅོད་པན་ཐོགས་ལ་འདི་སྐད་ཞུ་བར་བྱ༔ ཀྱཻ༔ ལྷུན་གྱིས་གྲུབ་པའི་རིགས་ལྔའི་ཚོགས༔ ཕོ་བྲང་གཞལ་ཡས་སྒོ་ཕྱེས་ལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ རིགས་ལྔའི་ལྷ་དང་བདག་སྤྲོད་ཅིག༔ ཨོཾ་པུཥྤེ་སིདྡྷི་ཧོ༔ ཞེས་འདོར་རོ༔ གང་དུ་ཕོག་པའི་ལྷ་ངོས་གཟུང་ངོ༔ ཤར་དུ་བབས་ན་བཛྲ་ཐོད་ཕྲེང་རྩལ༔ སོགས་གང་དུ་ཕོག་པའི་ལྷའི་མིང་བཏགས་སོ༔ མིག་དར་བཤུ་བ་ནི༔ སློབ་མས་ཞུ་བ་ཕུལ་བ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་མ་རིག་རྨོངས་པ་རྣམས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་མཛོད༔ ཅེས་ཞུ་འོ༔ བླ་མས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ སྟོན་པ་རྡོ་རྗེ་སློབ་དཔོན་ངས༔ ཁྱོད་ཀྱི་མ་རིག་མུན་པའི་མིག༔ ཤེས་རབ་ཐབས་དང་ཐུགས་རྗེ་ཡིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསྡུ་འོ༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་མ་སྐལ་ལྡན་བུ་རྣམས་ཉོན༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ བསྐལ་པར་བསགས་པའི་སྡིག་པ་འདག༔ དངོས་གྲུབ་སྣ་ཚོགས་ཁྱེད་ལ་འབྱུང༔ ཞེས་སོ༔ དེ་ནས་དབང་དངོས་བསྐུར་བ་ནི༔ ཁྲུས་བུམ་ཐོགས་ལ༔ ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནི་བུམ་པའི་རང་བཞིན་ལ༔ ནང་ན་ཁྲུས་ཀྱི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་དྲི་མ་དག་གྱུར་ཅིག༔ བཛྲ་སཏྭ་ཨཱ༔ ཞེས་དྲི་མ་བཀྲུ་འོ༔ གཙོ་བུམ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་དབང་གི་བུམ་པ་འདི༔ ཕྱི་ནི་བུམ་པའི་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་ཐོགས་ལ་མགྲིན་པར་བཞག་ནས༔ ཧཱུྃ༔ རྣམ་དག་ཡེ་ཤེས་ཀ་པཱ་ལ༔ ཕྱི་ནི་ཀ་པཱ་ལ་ཡི་རང་བཞིན་ལ༔ ནང་ནི་ཡེ་ཤེས་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་སིདྡྷི་ཧཱུྃ༔ མེ་ལོང་ཐོགས་ལ་སྙིང་གར་བཞག་ནས༔ ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་དབྱིངས་དྲི་མ་མེད༔ དག་ཅིང་གསལ་ལ་རྙོགས་པ་མེད༔ གཟུང་འཛིན་གསལ་ལ་ངོས་གཟུང་མེད༔ དྲི་བྲལ་སེམས་ཀྱི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ཧཱུྃ༔ བྷན་དྷ་ཡེ་ཤེས་རྣམ་པར་དག༔ ལྕང་ལོ་དབྱིངས་དང་འདུ་འབྲལ་མེད༔ གཏོར་མ་རང་སྣང་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཡོངས་རྫོགས་ཆེན་པོའི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧྲཱི༔ སྤྲོས་མེད་ཚིག་དབང་བསྐུར་བ་ནི༔ ཀྱེ་མ༔ སྐལ་ལྡན་བུ་རྣམས་བདག་ལ་ཉོན༔ ཅི་ཤར་ཐམས་ཅད་སེམས་སུ་གོ༔ སེམས་ཀྱི་གཞི་རྩ་རང་ཐོག་ཆོད༔ མི་དམིགས་སྤྲོས་བྲལ་ངང་ལ་ཞོག༔ ལྷམ་མེ་ལྷན་ནེ་དོན་གྱི་དབང༔ མ་ཡེངས་ཁྱོད་ཀྱིས་སེམས་ལ་ཞོག༔ རྗེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཇུག་བསྡུ་འོ༔ སྤྱི་ཏིའི་དབང་བཞི་རྫོགས་ཤིན་ཏུ་ཟབ་པ་རྫོགས་སོ༔ ས་མ་ཡཱ༔ རྱརྱརྱ༔ ྈྈྈྈ པུཎྱཻ་བཛྲ་མཚན་ཅན་གྱིས་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །ཤོག་སེར་ཚ་ལས་ཞལ་བཤུས་པའོ། །མངྒ་ལཾ།། ྈ ཟབ་ཁྲིད་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་སེམས་ཉིད་དག་པའི་ལྷ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ལུང་ཐམས་ཅད་ཀྱི་བདག་པོ༔ ཐེག་པ་ཐམས་ཅད་ཀྱི་མཐར་ཐུག༔ ཆོས་ཐམས་ཅད་ཀྱི་སྙིང་པོ༔ རྫོགས་པ་ཆེན་པོ་ཡང་གསང་སྤྱི་ཏིའི་མན་ངག༔ སངས་རྒྱས་མངོན་སུམ་དུ་ངོ་སྤྲོད་པའི་ཆོས་འདི་ལ༔ སྔོན་དུ་འགྲོ་བ་གཞན་དུ་བསྟན་པ་ཡིན༔ དངོས་གཞིའི་མན་ངག་འདི་ལ་ཡང༔ མ་བཅོས་གནས་ལུགས་གཏན་ལ་དབབ་པ་དང་གཅིག༔ གེགས་སེལ་བོགས་འདོན་གྱིས་བོགས་བཏོན་པ་དང་གཉིས༔ མཁན་པོ་རྩད་གཅོད་ཀྱིས་གཅེར་བུ་བསྟན་པ་དང་གསུམ༔ སེམས་ཉིད་རང་ཤར་གྱི་ཞི་གནས་ལྷག་མཐོང་ངོ་སྤྲོད་པ་དང་བཞི༔ སྒོམ་མེད་ཐོད་རྒལ་གྱི་ཆོས་ཟད་སར་བསྐྱལ་བ་དང་ལྔ་འོ༔ དང་པོ་མ་བཅོས་གནས་ལུགས་གཏན་ལ་དབབ་པའི་ཁྲིད་ནི༔ ཕྱི་ནང་བྱ་བ་ཀུན་གཏང་ལ༔ ལུས་ནི་རྣམ་སྣང་ཆོས་བདུན་བྱས༔ ངག་ནི་མ་བཅོས་སྨྲ་བ་བཅད༔ སེམས་ནི་མ་བཅོས་བྱ་བྱེད་བྲལ༔ སྤྲོས་བྲལ་ངང་དུ་ལྷན་ནེ་གཞག༔ ཕྱི་ནང་གི་བྱ་བ་བློས་བཏང་ལ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ༔ ལག་པ་མཉམ་གཞག་དང༔ སྒལ་ཚིགས་གསེར་གྱི་དོང་རྩེ་བཞིན་དུ་བསྲང༔ དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང༔ མིག་སྣ་རྩེ་ལ་ཕབ༔ ཨོལ་མགོས་ཨོལ་མདུད་མནན༔ འགུལ་བསྐྱོད་མེད་པར་གནས་པ་ནི༔ ལུས་མ་བཅོས་པའོ༔ ངག་མ་བཅོས་པ་ནི༔ མདོ་འདོན་སྔགས་འདྲེན་བྱ་བྱེད་སྨྲ་བ་བཅད༔ ཡིད་མ་བཅོས་པ་ནི༔ སྔར་འདས་པའི་རྗེས་མི་བཅད༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟའི་ཤེས་པ་ལ་བཅོས་བསླད་མི་བྱ༔ སྤྲོས་བྲལ་ངང་དུ་ལྷན་ནེ་གཞག༔ ལུས་ངག་ཡིད་གསུམ་མ་བཅོས་རང་བབས་གཞག༔ ཅི་ཡང་ཡིད་ལ་མི་བྱེད་པར༔ བཅོས་བསླད་མེད་པའི་ངང་དུ་ཞོག༔ རྣལ་དུ་དབབ་པ་འདི་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཉམས་སུ་བླངས་པའི་ཚེ༔ བྱིང་རྒོད་ལ་སོགས་གེགས་བྱུང་ན༔ བོགས་འདོན་གེགས་སེལ་འདི་ལྟར་རོ༔ ནང་དུ་ཁྲག་མཁྲིས་ཤས་ཆེ་ན༔ བྱིང་རྨུགས་དྲག་པོའི་གེགས་འབྱུང་སྟེ༔ རིག་པ་གཡེར་སྟོན་བསིལ་བར་སྡོད༔ མིག་ནི་ལྟ་སྟངས་གོས་ནི་སྲབ་པར་བྱ༔ ཕཊ་ཅེས་རིག་པ་ཧུར་སྟོན་བྱ༔ ནམ་མཁའི་དབྱིངས་སུ་བླ་མ་བསྒོམ༔ གསོལ་བ་དྲག་པོ་གདབ་པར་བྱ༔ བྱིང་མཁན་མཁན་པོ་རྩད་གཅོད་བྱ༔ བྱིང་བ་རང་བཞིན་མེད་པར་ཤེས༔ རྟོགས་པའི་ངང་ནས་བོགས་ཐོན་འགྱུར༔ གང་དག་རླུང་ཤས་ཆེ་བ་ན༔ རྒོད་པའི་གེགས་ནི་འབྱུང་སྲིད་པས༔ དེ་ལ་གེགས་སེལ་འདི་ལྟར་རོ༔ འདུག་ས་དམའ་ཞིང་ཟས་སྣུམ་པར་བྱ༔ གོས་གྱོན་མིག་གིས་ལྟ་སྟངས་དམའ་བར་བྱ༔ ཕཊ་ཅེས་རྒོད་མཁན་མཁན་པོ་རྩད་གཅོད་བྱ༔ གཞི་མེད་རྩ་བྲལ་ངང་དུ་ཤེས༔ དེ་ཡི་ཐོག་ནས་བོགས་ཐོན་འགྱུར༔ ཤེས་པ་རྒྱ་ཡན་ལྷོད་དྲགས་ན༔ ལུང་མ་བསྟན་དུ་འགྲོ་ཉེན་ཡོད༔ སིང་ངེ་ཡེར་རེ་གྲུངས་ཐོན་ངང་དུ་ཞོག༔ བོགས་འདོན་བསྟན་པའི་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སེམས་ཀྱི་གཞི་རྩ་གཅད་པ་ནི༔ ལུས་དང་སེམས་ནི་གཙོ་གང་ཆེ་བརྟག༔ ལུས་གཙོ་ཆེ་ཟེར་ན་སྒོམ་དུ་བཅུག༔ སེམས་གཙོ་ཆེ་ཟེར་ན་གཙོ་ཆེ་ཟེར་བའི་སེམས་དེ་དང་པོ་གང་ནས་བྱུང༔ ཕྱི་ནས་བྱུང་ངམ༔ ནང་ནས་བྱུང་ལྟོས་ཤིག༔ ཕྱི་རོལ་ནས་བྱུང་ཟེར་ན༔ ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་གང་ནས་བྱུང༔ གཟུགས་སྒྲ་དྲི་རོ་གང་ནས་བྱུང༔ ནང་ཕུང་པོ་ལས་བྱུང་ཟེར་ན༔ པགས་པ་རུས་པ་ཤ་སྟོད་སྨད་ཡན་ལག་གང་ནས་བྱུང༔ ཞེས་ནན་ཏན་དྲི་བར་བྱ༔ ནང་ནས་བྱུང་ཟེར་ན༔ སྙིང་མཆིན་པ་ནང་ཁྲོལ་རྣམས་གང་ནས་བྱུང་དྲིས༔ དེ་རྣམས་ལས་བྱུང་ཟེར་ན༔ བྱུང་མཁན་གྱི་ཤེས་པ་དེ་གང་འདྲ་གཅིག་འདུག༔ དཀར་སེར་ལ་སོགས་སྐུ་མདོག་གང་འདྲ་འདུག༔ དབྱིབས་ལ་སོགས་གང་འདྲ་འདུག་འདྲི་བར་བྱའོ༔ བར་དུ་གནས་པ་ཡང་ཕྱི་ནང་གསང་གསུམ་གང་དུ་གནས༔ སྔར་ལྟར་དྲིའོ༔ མི་རྙེད་ཟེར་ན་ཁྱོད་ལ་སེམས་ཞེས་གྱུར་གྱུར་གཅིག་འདུག་གམ་ལྟོས་དང༔ དངོས་པོ་ཅན་དུ་འདུག་གམ་དངོས་མེད་དུ་འདུག༔ མི་འདུག་ཟེར་ན༔ མི་འདུག་ཟེར་མཁན་དེ་གང་འདྲ་འདུག༔ སྐྱིད་ན་སྐྱིད་མཁན་དང་སྡུག་ན་སྡུག་མཁན་གྱི་སེམས་དེ་གང་འདྲ་གཅིག་འདུག་ལྟོས་ཤིག༔ ཁྱེད་རང་གི་སེམས་ཚོལ་མཁན་དེ་གང་འདྲ་འདུག༔ མི་འདུག་ཟེར་ན༔ ཁྱོད་ཀྱི་སེམས་བཙལ་བས་མི་འདུག་པ་ཟེར༔ བཙལ་ཟེར་ན་སུས་བཙལ་ཟེར༔ བདག་གི་སེམས་ཀྱིས་བཙལ་ཟེར་ན༔ ཚོལ་མཁན་གྱི་སེམས་དེ་རང་ཚོལ་ཤོག་ཟེར༔ ཟད་སར་མ་འཁྱོལ་བར་དུ་ཚོལ་དུ་བཅུག་གོ༔ དྲིས་ལན་དངོས་པོ་ཅན་དུ་མི་འདུག༔ ཝལ་ཝལ་རྗེས་མེད་གཟུང་རྒྱུ་མི་འདུག༔ གྱུར་གྱུར་གཅིག་འདུག་ཟེར་ན༔ སེམས་ཀྱི་རང་བཞིན་ཤེས་ཙམ་ཡིན་པས༔ ཁྱེད་ཀྱིས་བཙལ་བས་མི་རྙེད༔ བཟུང་བས་མི་ཟིན༔ དང་པོ་རྒྱུ་གང་ལས་མ་སྐྱེས༔ ཡེ་སྟོང་རྩ་བྲལ་གཅིག་ཏུ་འདུག་ལགས༔ འདི་ལས་བྱུང་བྱ་བའི་ཡུལ་མེད་དེ༔ ཡུལ་མེད་རྗེན་པ་གཅིག་ཏུ་འདུག་ལགས༔ བར་དུ་གནས་ས་མེད་དེ༔ སེམས་ངོ་བོ་ངོས་གཟུང་མི་འདུག་ལགས༔ ཡིད་ཝལ་ཝལ་པོ་རྗེས་མེད་ཟང་ཐལ་དུ་འདུག་ལགས༔ ཐ་མར་འགྲོ་ས་མེད་དོ༔ འདིར་སོང་རྗེས་མེད༔ དབྱིབས་དང་ཁ་དོོག་མེད་དེ༔ དངོས་མེད་དུ་འདུག་ལགས༔ དངོས་པོ་ཐམས་ཅད་ཀྱིས་མཐའ་ལས་འདས་པ་འོ༔ འདི་ཡང་བེམ་སྟོང་ཧ་ཤང་གི་ལྟ་བར་མ་སོང༔ རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང༔ འདོད་པས་མ་བཅིངས་ཆོས་སྐུའི་བདག་ཉིད་དུ་གནས་པའོ༔ མཁན་པོ་རྩད་གཅོད་གཅེར་བུར་ལྟ་བ་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞི་གནས་ལྷག་མཐོང་ངོ་སྤྲད་པ་ནི༔ སྙེམས་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་ལྷོད་ལྷོད་དེ་ནི་ལྟ་སྟངས་ནམ་མཁར་གཏད་ནས༔ རིག་པ་དང་ནམ་མཁའ་དབྱེར་མེད་པའི་ངང་ལ་ཁྲེས་སེ་གཞག༔ དེ་ནི་སྒོམ་རང་ལུགས་ལ་འོང་སྟེ༔ ཡང་སེམས་འཕྲོ་ཞིང་མི་གནས་ན་རྟོག་པ་སྔ་མའི་རྗེས་མི་འབྲང༔ ཕྱི་མའི་སྔོན་མི་བསུ༔ བར་གྱི་ཤེས་པ་ལ་བཟོ་མི་བྱེད་པར༔ སྣང་བ་གང་ཤར་གྱི་ངོ་བོ་ལ་གཅེར་གྱིས་ཕབ་རང་ཐོག་ཏུ་ལྷན་ནེ་ཞོག་ཅིག༔ འཕྲོ་རྒྱུ་གཅིག་བྱུང་ན་དེ་ཡི་ངོ་བོ་གང་ཡིན༔ མཁན་པོ་གང་ཡིན༔ རྩ་བ་གང་དུ་གནས་བལྟས་པས༔ རྟོག་བྱེད་ཀྱི་མཁན་པོ་གསལ་ཡང༔ ངོ་བོ་རྩ་བ་གང་དུ་ཡང་གྲུབ་པ་མེད་པར་ཡིད་ཆེས༔ སྟོང་སང་ངེ༔ འཛིན་མེད་རྩ་བྲལ་ངང་དུ་ལྷན་ནེ་གནས་པའོ༔ དེའི་དུས་སུ་འགྱུ་བྱེད་ཐམས་ཅད་ཞི་ནས༔ སེམས་རང་སར་གནས་པ་གཅིག་འོང་སྟེ༔ རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་གཅིག་འོང་སྟེ༔ དེ་ལ་ཞི་གནས་ཟེར་སྒོམ་གྱི་གཞི་ཡིན་ནོ༔ ལྷག་མཐོང་ནི༔ འཁྱག་རོམ་ཆུ་རུ་ཞུ་བ་ལྟ་བུ་སྟེ༔ གང་ཤར་གྱི་ངོ་བོ་ལ་བཟང་ངན་ཁྱད་པར་བློས་མི་དཔྱོད་ཅིང༔ རང་ཐོག་ལ་སིང་ངེ་བཞག་པས༔ རྟོག་དང་མི་རྟོག་གནས་དང་མི་གནས༔ འགྱུ་བ་གང་ཤར་སྟོང་ཉིད་དུ་ཕྱམ་མེ་བ་རང་རིག་རང་གསལ་དུ་ཧྲིག་གེ་བསྒོམ༔ འགྱུ་བ་གང་རྟོག་ཇི་ལྟར་སྣང་ཡང་རྟོག་དཔྱོད་མི་བྱ༔ དགག་ཀྱང་མི་དགག༔ རང་ངོ་རང་གིས་ཤེས་ཙམ་གྱི་ངང་དུ་གསལ་ཧྲིག་གེ༔ རྗེན་ནེ་སལ་ལེ༔ བུན་ནེ་ཤིག་གེ༔ གནས་པ་ལ་འཛིན་པ་མེད༔ རང་གསལ་ལེའི་ངང་ནས༔ གདངས་གསལ་དངོས་པོ་ཡུལ་མེད་དུ་ཁྲིགས་སེ༔ རྗེན་ནེ་ལྷང་ངེ་བ་འབྱུང་ངོ༔ དེ་ལྷག་མཐོང་ཡིན་ནོ༔ དེའི་ངང་དུ་རིག་པ་སྐད་ཅིག་མའི་སྟེང་དུ་ཐམས་ཅད་ཧྲིལ་གྱིས་རྫོགས་ཏེ་ཞི་གནས་ལྷག་མཐོང་དབྱེར་མེད་དོ༔ ཞི་གནས་ལྷག་མཐོང་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐོད་རྒལ་གྱི་ཁྲིད་བསྟན་པ་ནི༔ སོས་ཀའི་དུས་དང་སྟོན་སེར་དུས༔ ཕྱི་ཡི་འབྱུང་བ་སྙོམས་པ་དང༔ ནང་གི་ལུས་ནི་དར་གུད་སྙོམས༔ རི་ཁྲོད་དབེན་པའི་གནས་ཕྱིན་ལ༔ རྐྱེན་གསུམ་བྲལ་བའི་གནས་ཉིད་དུ༔ དང་པོ་ཞི་གནས་བརྟན་པར་བསྒོམ༔ བཞུགས་སྟངས་གསུམ་གྱིས་རིག་པ་གཅུན༔ བཞུགས་སྟངས་གསུམ་པོ་གང་བདེ་ལྟར་རོ༔ དང་པོ་ཆོས་སྐུའི་བཞུགས་སྟངས་བྱ༔ དེ་ནས་ལོངས་སྐུའི་བཞུགས་སྟངས་བྱ༔ དེ་ནས་སྤྲུལ་སྐུའི་བཞུགས་སྟངས་བྱ༔ འདུག་སྟངས་གསུམ་གྱིས་ཉམས་སུ་བླང༔ ཟིམ་བུའི་མིག་གིས་ནམ་མཁར་མ་ཡེངས་བལྟ༔ ཟུར་ལྟ་ཟུར་ཁྲིད་རབ་ཏུ་གཅེས༔ སྐུ་ཡི་འོད་ཟེར་འཕྲོས་པ་ལས༔ མངོན་སུམ་སྣང་བ་མཆེད་པར་འགྱུར༔ དང་པོ་དུ་བ་སྤྲིན་ལྟ་བུ༔ བར་དུ་ཁུ་རླངས་འཇའ་ཤར་བ༔ དང་པོ་སྐུད་པ་ལྟ་བུ་དང༔ སྐར་མདའ་ཁུ་རླངས་ལྟ་བུ་དང༔ གློག་དང་ཟ་འོག་ལྟ་བུ་དང༔ མིག་མང་ཕྲེང་བ་ལྟ་བུ་དང༔ ཟང་ཟིང་དཀར་པོ་དམར་པོ་དང༔ མཐིང་ག་ཁ་དོག་གང་ཡང་འཆར༔ དེ་ནས་ཡར་ཆེར་སྐྱེ་བ་དང༔ ཐིག་ཕྲན་དཔག་ཏུ་མེད་པ་འཆར༔ དང་པོ་སྐྱ་ཆེམ་སྐུད་པ་དང༔ འགུལ་བ་དང་འཁྲིག་པ་འབྱུང་ངོ༔ དེ་ནས་ཐིག་ལེ་རྣམས་ཆེར་རྒྱས་ནས༔ འཁར་གཞོང་ཙམ་དང་ཕུབ་ཙམ་དང༔ འཇའ་རིས་འོད་ལྔས་བསྐོར་བ་འཆར༔ དེ་ནས་ལུ་གུ་རྒྱུད་ཀྱིས་སྦྲེལ་བ་ནི༔ འགུལ་འཕྲིག་མེད་པར་གནས་པ་འོ༔ དེའི་ནང་དུ་བཞུགས་གདན་ཁྲི་རྐང་བསམ་གྱིས་མི་ཁྱབ་པ༔ དེ་དག་རྣམས་ཀྱི་ནང་དབྱིངས་སུ༔ འོད་དཔག་མེད་དང་རྡོར་སེམས་དང༔ ཨོ་རྒྱན་པདྨས་གཙོ་བྱས་པའི༔ ལྷ་ཚོགས་བསམ་མི་ཁྱབ་པ་འཆར༔ གཞན་ཡང་ཞི་བའི་ལྷ་ཚོགས་དང༔ རིགས་དྲུག་ལ་སོགས་གཟུགས་བརྙན་དུ་མ་འཆར་རོ༔ འོད་དང་འོད་ཟེར་མདངས་དང་བཅས་ཏེ་འཆར་རོ༔ དེ་ལྟར་འཆར་བའི་དུས་སུ༔ ཕྱི་སྣང་བའི་རྟོག་པ་ཟད༔ ནང་སེམས་ཀྱི་འགྱུ་བ་ཟད༔ བར་དྲན་འཛིན་ཤེས་པ་སྟོར་ནས༔ དབྱིངས་དང་རིག་པ་འདྲེས་པར་འགྱུར༔ དེ་དུས་ཟས་སྐོམ་གྱི་ཤེས་པ་སྟོར༔ ཆོས་ཉིད་ཟད་པའི་སྣང་བ་མཐོང༔ མ་འགགས་རིག་པའི་ཁྱེར་སོ་རྣམས༔ སྦྲ་ཡི་ཆོན་ཐག་བསྡུས་པ་བཞིན༔ ཆོས་ཉིད་རིག་པར་འུབ་ཀྱིས་བསྡུས༔ བལྟ་བྱ་ལྟ་བྱེད་ཞེན་པ་སྟོར༔ ཟག་བཅས་མི་སྣང་མངོན་སངས་རྒྱས༔ ཕྱིར་མི་ལྡོག་པ་སྤྱི་ཏི་ཡི༔ གདོད་མའི་ཀུན་བཟང་ཉིད་དུ་གྲོལ༔ རབ་ནི་ལོ་གསུམ་འབྲིང་ནི་ལོ་བཞི༔ ཐ་མ་ལོ་ལྔ་ལ་གྲོལ༔ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད༔ གདམས་པ་འདི་དང་སུ་འཕྲད་པ༔ རྒྱལ་བ་ཀུན་གྱི་དབང་པོ་ཡིན༔ བདག་འདྲ་པདྨ་འབྱུང་གནས་ངས༔ ཀུན་བཟང་ཐུགས་ཀྱི་ཡང་བཅུད་འདི༔ གསལ་སྒྲོན་སྐྱེ་བ་ཐ་མ་ནི༔ སྐྱེས་བུ་གཟུགས་བཟང་ཚེ་ཡི་མིང༔ ལས་ཅན་དེ་ཡི་དོན་དུ་ཡང༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བྲག་དམར་རྒྱ་ཞྭ་དབུབ་འདྲའི་གཡས་ཕྱོགས་དེ་རུ་གཏེར་དུ་སྦོས༔ མ་འོངས་བཞི་བཅུ་ཁ་རལ་དུས༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས༔ བྲག་དམར་གཏེར་ཁུང་གཡའ་སྒྲོམ་དུ་གཏེར་དུ་སྦས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈ བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ཨཱ་ཡུ་བཛྲ་མིང་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །མོན་ཡུལ་སྤ་གྲོ་ལུང་པའི་མདའ་ཀུན་བཟང་ཆོས་རྫོང་ཞེས་བྱ་བའི་རྩེ་མོ་ལ་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། ྈ མུན་ཁྲིད་ཨར་གཏད་ལག་ཁྲིད་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དང་པོའི་སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སེམས་ཅན་དོན་སླད་དུ༔ སྤྱི་ཏིའི་མཐར་ཐུག་གཅིག་དྲིལ་ནས༔ ཨར་གཏད་མུན་པའི་སྒྲོན་མེ་འདི༔ ལྷ་གཅིག་གསལ་སྒྲོན་ཁྱོད་ལ་གཏད༔ ཉམས་སུ་ལོངས་ལ་སྙིང་དཀྱིལ་སྦོས༔ ཉིན་སྣང་གཏན་ལ་ཕེབས་ནས་ནི༔ མུན་པའི་ཉམས་ལེན་བསྟན་པར་བྱ༔ བཀྲ་ཤིས་དབེན་པའི་གནས་དག་ཏུ༔ ས་ཆ་ཁོད་སྙོམས་དག་ལ་ཡང༔ ཁང་པ་གཉིས་རིམ་གསུམ་རིམ་བྱ༔ འོག་ཏུ་སེང་ནི་ལེགས་ཡོད་པ༔ མུན་པ་ཤིན་ཏུ་དམ་པར་བྱ༔ སྤྱི་བོའི་གཙུག་གི་ནམ་མཁའ་ལ༔ བུག་པ་མདའ་ཤོང་ཙམ་གཅིག་བཅོས༔ དེ་ཡང་གཡག་གི་རྔ་མས་བཀབ༔ སྤྱི་བོའི་རླངས་པ་འགྲོ་བའི་གནས༔ ནང་དུ་ནང་ཚངས་ཅན་གྱི་གདན་བཏིང་ལ༔ སྟེང་དུ་སྐྱི་ཆགས་ཁ་གདན་འདིང་བར་བྱ༔ གཡས་གཡོན་སྙེས་འབོལ་ལེགས་པར་བཅུག༔ སྒྲུབ་ཁང་དེ་ཡི་སྒོ་དག་ཏུ༔ ཕྱུག་པོ་ཆེན་པོ་བཞི་ཡི་ཞིང་ས་དང༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་སས༔ མཆོད་རྟེན་བུམ་པའི་གཟུགས་ཅན་བཅོས་ལ༔ ནང་དུ་བུམ་གཏེར་ལེགས་པར་བཅུག༔ བུམ་གཏེར་རྫས་རྣམས་འདི་ལས་འདི་ལྟར་ཡིན༔ འབྲུ་ལྔ་རིན་ཆེན་རྣམ་པ་ལྔ༔ དར་སྣ་ལྔ་ལ་སོགས་པ་བཅུག༔ ཤོག་བུ་དག་ལ་འདི་ལྟར་བྲིས༔ ཨོཾ་བྷཻ་ཤར་མ་ཎཱ་ཡེ་སྭཱ་ཧཱ༔ བདག་དབུལ་བའི་རྐྱེན་དང་བྲལ་ནས༔ དགེ་སྦྱོར་ལ་བར་ཆད་མེད་པར་གྱུར་ཅིག༔ ཅེས་པའོ༔ སྒྲུབ་ཁང་དེ་ཡི་ཕྱོགས་བཞི་ལ༔ རྒྱལ་ཆེན་རིགས་བཞིའི་ཐོ་བརྩིགས་ནས༔ གསེར་སྐྱེམས་གཏོར་ཞིང་བཅོལ་གཏམ་བྱ༔ བདག་གིས་སྒྲུབ་པ་འདི་མ་ཐོན་བར་དུ༔ ཕྱི་ཡི་བར་ཆད་ནང་དུ་མ་གཏང༔ ནང་གི་དངོས་གྲུབ་ཕྱིར་མ་ཤོར་མཛོད༔ ཅེས་བརྗོད༔ དེ་ནས་སྒྲུབ་ཁང་དུ་གུ་གུལ་དུད་པ་གཏང༔ སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་བསྒོམ༔ དྲང་སྲོང་ཙོག་པུ་པུས་མོའི་སྟེང༔ གྲུ་མོ་གཉིས་པོ་བཞག་བྱས་ལ༔ གཡས་གཡོན་ལག་པའི་མཐེབ་མཛུབ་ཀྱིས༔ མིག་གི་མཐའ་གཉིས་ཅུང་ཟད་བཙིར༔ མིག་འབྲས་སྟེང་གི་པགས་པ་དེ༔ ཆིལ་གྱིས་དལ་བུས་གནས་པར་བྱ༔ དང་པོ་ཡེ་ཤེས་སྣང་བ་འཆར༔ དཀར་མདངས་སེར་མདངས་དམར་མདངས་ལྗང༔ སྤྲིན་པ་ཁུ་རླངས་རྣམས་ཀྱང་འཆར༔ འོད་ཀྱི་སྣང་བ་སྐྱ་ཆེམ་འཆར༔ འོད་སྣང་སྦ་ཕུབ་ལྟ་བུ་འཆར༔ མཛུབ་མོ་བཏང་སྟེ་བལྟས་པ་ཡིས༔ ཐིག་ལེ་སྟོང་སྒྲོན་རྨ་བྱའི་མདོངས༔ ཕུབ་ཀྱི་རི་མོ་ལྟ་བུར་འཆར༔ སྟོང་གཟུགས་མ་ཡལ་བར་དུ་ཡང༔ ཉམས་སུ་རྩེ་གཅིག་བླང་བར་བྱ༔ ཡལ་བ་ལ་ཐུག་པའི་དུས་སུ༔ སྔར་བཞིན་རྒྱ་མཚོ་ཨར་ལ་གཏད༔ མ་བརྟན་བར་དུ་ཉམས་སུ་བླང༔ ཞག་ནི་ལྔའམ་བདུན་དག་ལ༔ མཐེབ་མོའི་རྩོལ་བ་བཞག་ནས་ཀྱང༔ རང་བྱུང་ཐོགས་མེད་འཆར་བ་ན༔ ཨར་གཏད་ལག་ཁྲིད་འབྱོངས་པའི་རྟགས༔ དེ་ནས་ལུས་ནི་སྐྱིལ་ཀྲུང་བྱ༔ ཐུར་ལ་བལྟ་བ་ཞག་པོ་བདུན༔ ཐད་ལ་བལྟ་བ་ཞག་པོ་བདུན༔ སྟེང་ལ་བལྟ་བ་ཞག་པོ་བདུན༔ མིག་གི་གང་བལྟའི་ཐད་ཀ་རུ༔ ཡི་གེ་ཧཱུྃ་མཐིང་ཚོན་གང་བསྒོམ༔ སྔར་བས་འོད་སྣང་ཇེ་ཆེར་འགྲོ༔ དུ་བ་སྤྲིན་དཀར་རི་རབ་འབབ་ཆུ་དང༔ མཆོད་རྟེན་འཇའ་དཀར་འཆར་བ་འོ༔ ཐིག་ལེ་ཐིག་ཕྲན་དཔག་མེད་འཆར༔ ཐིག་ལེའི་ནང་དུ་ཞི་བ་དང༔ ཁྲོ་བོ་ཁྲོ་མོ་དཔག་མེད་འཆར༔ གཞན་ཡང་ཀེའུ་རཱི་མ་དང༔ ཕྱག་མཚན་རྣམ་པ་སྣ་ཚོགས་འཆར༔ གང་ཟག་རྩ་རིགས་མི་གཅིག་པས༔ འཆར་སྒོ་མི་གཅིག་མང་པོ་ཡོང༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ ཡེངས་པ་མེད་པར་བསྒོམས་པ་ཡིས༔ སྣང་བ་བཞི་པོ་མཐའ་རུ་ཕྱིན༔ བུམ་ཅན་རླུང་ལ་གནད་དུ་བསྣུན༔ འདི་དག་རྩེ་གཅིག་བསྒོམས་བྱས་ན༔ རབ་ནི་ལོ་གསུམ་དག་ལ་གྲོལ༔ འབྲིང་ནི་ལོ་བཞི་དག་ལ་གྲོལ༔ ཐ་མ་ལོ་ལྔ་དག་ལ་གྲོལ༔ ཉིན་མཚན་དབྱེར་མེད་འདྲེས་འདུག་ན༔ དེ་ནས་དོན་ལ་དབེན་པའི་གནས༔ རི་ཁྲོད་གཙང་མ་དག་ལ་སོགས༔ མིག་ལ་སེང་རས་བཀབ་བྱས་ལ༔ ཟེར་གཉིས་ཕྱོགས་སུ་བལྟ་བར་བྱ༔ གཡས་གཡོན་དག་ཏུ་ཁྲིད་ལ་སྦྱང༔ དེ་ལྟར་ཉམས་བླངས་སྐྱེས་བུ་དེ༔ ཀུན་ཏུ་བཟང་པོའི་གོ་འཕང་གྲོལ༔ དེ་ལྟར་སྤྱི་ཏིའི་སྙིང་པོའི་གནས༔ ཀུན་བཟང་ཡབ་ཡུམ་ཐུགས་ཀྱི་བཅུད༔ རྡོ་རྗེ་སེམས་དཔས་བརྡ་ཙམ་བསྟན༔ དགའ་རབ་རྡོ་རྗེའི་ཐུགས་ལ་ཤར༔ ཨུ་རྒྱན་པདྨ་ཉིད་ལ་གནང༔ ལྷ་གཅིག་ཉིད་ཀྱི་དཔལ་དུ་ཤར༔ མཚོ་རྒྱལ་བདག་གིས་ཡི་གེར་བྲིས༔ ས་ཡི་སྙིང་པོའི་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ ྈྈྈ ས་མོ་ཕག་གི་ཁྱིའི་ཟླ་བའི་ཚེས་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས། བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །མངྒ་ལཾ། ཤུ་བྷཾ།། ྈ སྤྱི་ཏིའི་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་གནད་དུ་འདུས་པ་བཞུགས༔ ྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈ སྟོང་གསལ་རིག་པའི་གདེང་ཅིར་མི་དགོངས་ལ་ཕྱག་འཚལ་ལོ༔ ངོ་རང་ཐོག་ཏུ་སྤྲད་པ༔ ཐག་གཅིག་ཐོག་ཏུ་གཅད་པ༔ གདེང་གྲོལ་ཐོག་ཏུ་བཅའ་བ་དང་གསུམ༔ དང་པོ་ངོ་རང་ཐོག་ཏུ་སྤྲད་པ་ནི༔ སེམས་ཉིད་ཡེ་སྟོང་རྩ་བྲལ་ནི༔ དཔེར་ན་ནམ་མཁའ་ལྟ་བུའི་ངང་ནས༔ ད་ལྟ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་རླུང་དང་འདྲ༔ བཟང་ངན་རྟོག་ཚོགས་འགྱུ་བ་འདི༔ ངོ་རང་ཐོག་གཅིག་ཆོད་དུ་སྤྲད་ནས༔ གང་ཤར་འགྱུ་དྲན་གྱི་སྣང་བ་རླུང་དང་འདྲ་བ་མི་སྤོང༔ མི་དགག་མི་སྐྱོང་མི་བསྐྱར༔ རྣམ་རྟོག་གང་ཤར་ལ་སྣ་མི་བསྐྱིལ༔ རྗེས་སུ་མི་འབྲེང་གཉེན་པོས་མི་གཞོམ༔ རྩོལ་མེད་ཀྱི་དྲན་པ་ཅེར་གྱིས་ལྟོས༔ བལྟས་པས་མ་མཐོང་འགྱུར་མེད་པ༔ གང་ཤར་གྱི་རྣམ་རྟོག་ཐམས་ཅད་རང་སར་གྲོལ་ནས༔ རྣམ་རྟོག་མ་སྤང་དབྱིངས་སུ་དག༔ རྣམ་རྟོག་ཆོས་སྐུ་ཡིན་པར་ངོ་ཤེས༔ ཐག་ཆོད་འགྱུ་བ་རང་མདངས་ངང་ལས༔ རང་ཤར་རང་གྲོལ་སྐྱེས་གྲོལ་དུས་མཉམ༔ ཤར་གྲོལ་ངང་སྐྱེ་མེད༔ ཐ་མལ་ཤེས་པ་སྒོམ་དུ་འཆར༔ རྣམ་རྟོག་ཆོས་སྐུ་དབྱེར་མེད༔ ཐག་གཅིག་ཐོག་ཏུ་བཅད་ནས༔ རྣམ་རྟོག་ཆོས་སྐུར་ངོ་ཤེས༔ ཡིད་ཆེས་ཐག་ཆོད་གདེང་ཐོབ༔ དཔེར་ན་རྒྱ་མཚོ་རླབས་དང་བྲལ་བ་ལ༔ རྦ་རླབས་བར་མ་ཆད་པ་བྱུང་ན་ཡང༔ རླབས་ཉིད་ཀྱང་རྒྱ་མཚོ༔ རྒྱ་མཚོ་ཉིད་ཀྱང་རྦ་རླབས་སོ༔ རླབས་དང་རྒྱ་མཚོ་དབྱེར་མེད་བཞིན༔ རྣམ་རྟོག་གཉིས་ལ་ཅེར་བལྟས་པས༔ བྱུང་ཡང་ཆོས་སྐུའི་ངང་ལས་བྱུང༔ ཤར་ཡང་ཆོས་སྐུའི་ངང་ལས་ཤར༔ ཐིམ་ཡང་ཆོས་སྐུའི་ངང་ལ་ཐིམ༔ རྣམ་རྟོག་འཆར་སྒོ་ཡེ་ཤེས་རོལ་པར་འཆར༔ སྐྱེ་མེད་ངང་ལ་འཆར་ཚུལ་ཅི་ཡང་འཆར༔ འགག་མེད་རོལ་པར་ཅི་འཆར་ཡང༔ འཆར་བཞིན་གྲུབ་པ་སྤུ་ཙམ་མེད༔ སྟོང་ཉིད་ལས་སྟོང་ཉིད་ཤར་བས་སྟོང༔ སྐྱེ་མེད་ལས་སྐྱེ་མེད་ཤར༔ འགག་མེད་ལས་འགག་མེད་ཤར༔ ཅི་བྱུང་ཅི་སྣང་ཅི་འགྱུར་ཡང༔ ཆོས་སྐུའི་རོལ་པ་ཉིད་ཡིན་པས༔ ཤར་བ་དེ་ནི་རང་ཐོག་གྲོལ༔ གདེང་གྲོལ་ཐོག་བཅའ་བ་ནི༔ ཏོལ་སྐྱེས་པ་གཅེར་བལྟས་ཚེ༔ ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ༔ ཐོག་བབས་སུ་འདུག་པ་ཅེར་མཐོང་དུ་གྲོལ༔ བསྐྱར་ནས་འགྲོ་རྒྱུ་མེད་པའི་གདེང་ཆེན་ཆོད༔ མདོར་ན་རང་སེམས་གྲོལ་བ་ཞེས་བྱ་བ༔ གཅིག་ནས་གཅིག་ཏུ་སོང་བ་མེད༔ གཞི་ནས་རྫོགས་པས་འགྲོ་འོང་མེད༔ བརྟགས་པས་མ་རྙེད་རྒྱུ་མཚན་མེད༔ གཞི་རྩ་མ་རྙེད་སྟོང་གསལ་གནས༔ རང་གསལ་གནས་པའི་སེམས་ཉིད་དེ་ནི༔ ཨ་འཐས་མི་སྒོམ་རིག་པ་རྒྱ་སྐྱེད་ལས༔ སྒོ་ལྔ་རང་ཡན་མི་ཤོར་གཞན༔ གང་ཤར་ཆོས་ཉིད་རོལ་པ་ལ༔ ཐམས་ཅད་ཆོས་སྐུའི་ལམ་དུ་ཁྱེར༔ དེ་ལྟར་བསྒོམས་པས་རྣམ་རྟོག་གི༔ འཆར་སྒོ་ཇི་ཙམ་མང་བཞིན་དུ༔ ཡེ་ཤེས་རོལ་པ་མང་བ་ཡིན༔ རྟོག་མེད་ངོ་བོ་སེམས་ཉིད་འདི༔ ཀ་དག་ངང་དུ་གནས་པ་འོ༔ དེ་རྣམས་ཁྲེགས་ཆོད་ཉམས་ལེན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ད་ནི་ལྷུན་གྲུབ་ཉམས་ལེན་བསྟན༔ ནང་ན་རིག་པ་ཆོས་ཀྱི་སྐུ༔ བསྒོམས་པས་ཕྱི་རུ་མངོན་སུམ་གསལ༔ རིག་པ་ཆོས་སྐུ་དྲི་མེད་འདི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་ན༔ འོད་ཀྱི་གོང་བུར་གནས་པ་འོ༔ དེ་ནས་རིག་པ་འགྱུ་བའི་ལམ༔ རྩ་ནི་ཀུན་འདར་ཞེས་བྱ་བ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ བ་མེན་རྭ་འདྲའི་ནང་ནས་ཐོན༔ ཕྱི་དབྱིངས་ནམ་མཁའི་དབྱིངས་སུ་ཤར༔ ཐིག་ལེ་ཐིག་ཕྲེང་ལུ་གུ་རྒྱུད༔ མངོན་སུམ་སྣང་བ་ཡན་ཆོད་ནས༔ ཟད་པའི་སྣང་བ་མན་ཆོད་རྣམས༔ སྣང་བ་བཞི་པོ་ཉམས་བླངས་པས༔ འདི་ནི་སྐྱེས་བུ་མདའ་བཀང་བཞིན༔ ཚུར་ལ་ལྡོག་པར་ག་ལ་འགྱུར༔ གསལ་སྟོང་རྗེན་པར་སངས་རྒྱས་ཡིན༔ བྱས་པ་མེད་པས་འཁྲུལ་པ་སངས༔ འོད་ལྔ་གསལ་བས་ཡེ་ཤེས་རྒྱས༔ རྟོག་པ་མེད་པས་ཉོན་མོངས་སངས༔ རྟོག་མེད་རིག་པ་ནམ་མཁར་རྒྱས༔ འཛིན་པ་མེད་པས་ཞེན་པ་སངས༔ དམིགས་གཏད་བྲལ་བས་སྐུ་གསུམ་རྒྱས༔ རང་བཞིན་གསལ་བས་མདངས་ལྔ་ཡང༔ གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ གསལ་བྱེད་སྣང་བའི་ཆ་མ་འགགས༔ ངོ་བོ་ཉིད་ཀྱི་སྣང་བ་ནི༔ ཡེ་ཤེས་ཁ་དོག་ལྔ་དང་ལྡན༔ རང་བཞིན་བཀྲག་མདངས་མེར་མེར་ནི༔ གསལ་འཚེར་ལྷུན་སྡུག་ཙེ་རེ་རེ༔ ཉི་མ་ལས་ནི་འོད་བཞིན་དུ༔ རང་གི་བྱེད་པ་མ་ཡིན་ཏེ༔ རང་གི་རང་བཞིན་དེ་ལྟར་སྣང༔ གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ངོ་བོ་ཀ་དག་ཡེ་ཤེས་ཀྱིས༔ མ་རིག་ལ་སོགས་རྟོག་པ་དག༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས༔ གསལ་བྱེད་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས༔ འགག་མེད་རོལ་པ་ཅི་ཡང་མང༔ དེ་ལྟར་ངོ་བོ་མི་འགྱུར་ཆོས་སྐུར་བཞུགས་པས༔ སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་ཀྱང༔ མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་དོ༔ རང་བཞིན་གསལ་བའི་འོད་ལྔ་རུ་འདུག་པས༔ མདངས་གསུམ་རང་གསལ་ཀྱང༔ ཁ་དོག་རིས་ཅན་དུ་གྲུབ་པ་མེད་དོ༔ ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་པས༔ མཁྱེན་པའི་ཡེ་ཤེས་མ་འགག་ཅིང༔ སོ་སོར་གསལ་ལ་བྱ་བ་བྱེད་པ་ནི་མེད་དོ༔ དེ་ལྟར་སྤྱི་ཏིའི་ལུགས་ཀྱི་གཞི་སྟོང་གསལ་འགག་མེད་དུ་འདོད་དོ༔ ལམ་ཁྲེགས་ཆོད་ཐོད་རྒལ་དུ་འདོད་དོ༔ སྣང་བ་བཞི་སྦྲགས་ཆེན་པོ་ཉིད་དུ་ཉམས་སུ་བླངས་པས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དང༔ ཡེ་ཤེས་ཉི་ཤུ་རྩ་ལྔར་སངས་རྒྱས་པ་ནི་ཟླ་བ་བདུན་ནམ་ལོ་གཅིག་ནས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ ཐ་མའང་ཆོས་ཉིད་བར་དོ་ལ་སངས་རྒྱས་པར་ཐེ་ཚོམ་མེད་དོ༔ ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་སངས་རྒྱས་ལག་བཅང་མ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈ རྱརྱརྱ༔ ྈ ས་ཕོ་ཕག་གི་ལོ་ཁྱིའི་ཟླ་བའི་ཚེས་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་སྤྱན་དྲངས་པའོ། །དགེའོ།། ྈ རྫོགས་པ་ཆེན་པོ་སྤྱི་ཏི་ལས་ལུང་བསྟན་གསལ་བྱེད་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ སྐུ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པད་མ་འབྱུང་གནས་ཀྱིས༔ སྐུ་ཡི་རྣམ་སྤྲུལ་ཨུ་རྒྱན་ཡུལ་དུ་བསྟན༔ གསུང་གི་རྣམ་སྤྲུལ་རྒྱ་གར་ཡུལ་དུ་བསྟན༔ ཐུགས་ཀྱི་རྣམ་སྤྲུལ་བོད་ཀྱི་ཡུལ་དུ་བསྟན༔ ཨོ་རྒྱན་རྒྱ་གར་བོད་ཡུལ་རྣམས་སུ་ཡང༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འགྲོ་དོན་དཔག་མེད་མཛད༔ ཁྱད་པར་རྫོགས་ཆེན་སྤྱི་ཏིའི་ཟབ་ཆོས་ཟབ་མོ་འདི༔ མངའ་བདག་རྗེ་འབངས་བཻ་རོ་ཙ་ན་དང༔ ཡེ་ཤེས་མཚོ་རྒྱལ་ནུས་འབྱིན་ས་ལེ་དང༔ ཁྲོམ་པ་རྒྱན་དང་དེའི་ནུ་མོ་ལྷ་གཅིག་གསལ་སྒྲོན་དང༔ རྗེ་འབངས་མང་དུ་འཚོགས་པ་ལ༔ གདམས་པ་བཤད་པའི་རྗེས་ལ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཀྱཻ་གུ་རུ་རིན་པོ་ཆེ༔ བདག་ཅག་རྣམས་ལ་གནང་བའི་ཟབ་ཆོས་སྤེལ་ལམ་གཏེར་དུ་སྦེད༔ བཀའ་མའི་ཕྱོགས་སུ་འཇོག་གམ༔ གཏེར་དུ་སྦ་ན་གང་གི་ཕྱོགས་སུ་སྦ༔ གཏེར་དེ་འདོན་པའི་སྐྱེས་བུ་ཅི་འདྲ་ཡོང༔ འདོན་པའི་དུས་ཚོད་ནམ་ཙམ་ཡིན༔ ཞེས་ཞུས་པ་དང༔ ཨོ་རྒྱན་ཐུགས་ཤིན་ཏུ་དགྱེས་ནས༔ མཚོ་རྒྱལ་ཞུས་པ་ལེགས༔ ད་ལྟ་དུས་དང་བསྐལ་པ་ཡང་བཟང༔ མ་འོངས་བཞི་བཅུ་ཁ་རལ་དུས༔ སེམས་ཅན་དམུ་རྒོད་དུག་ལྔ་གསོག༔ དེ་དུས་ལྷ་གཅིག་སྐྱེ་བའི་མཐའ༔ ལྷོ་མོན་ཕྱོགས་སུ་སྐྱེ་བར་འགྱུར༔ དེ་ཡི་ཆོས་སྐལ་དག་ཏུ་སྦོས༔ གཏེར་འདི་སྦ་བའི་ས་ཕྱོགས་ནི༔ རྩིས་ཀྱི་གནས་གསར་ཞེས་པའི་བྱང་ཐད་ན༔ ཨོ་རྒྱན་བདག་གི་གསང་མཛོད་བྲག་དམར་ནི༔ རྒྱ་ཞྭ་ཕུབས་པ་འདྲ་བའི་གཡའ་སྒྲོམ་དག་ཏུ་སྦོས༔ གཏེར་དེ་འདོན་པའི་དུས་ཚོད་ནི༔ གནམ་ལ་ཆར་མེད་ལོ་ཐོག་སྐམ༔ སད་དང་སེར་བ་མང་དུ་འབྱུང༔ མུ་གེ་ནད་ཡམས་རྒྱལ་ཁམས་གང༔ གྲོང་ལ་རྡིབ་པ་མང་པོ་འོང༔ དབུས་གཙང་བྱ་ལྟར་འཛིང་པ་འོང༔ ལྷོ་བོད་རྣམས་སུ་དམེ་འཁྲུག་དར༔ ཆོས་པ་རྣམས་ནི་ཆགས་སྡང་བྱེད༔ དམ་ཆོས་རྒྱབ་ཏུ་བསྐྱུར་བྱས་ནས༔ འཁོར་གསུམ་གོ་ཁྲབ་དང་དུ་ལེན༔ མི་ནག་ཆོས་པ་མེད་པ་རུ༔ མི་ལ་བརྐུ་གསད་མང་པོ་བྱེད༔ བདུད་ཀྱི་སྤྲུལ་པས་རྒྱལ་ཁམས་གང༔ ལ་ལ་བླ་མའི་ཚུལ་དུ་འོང༔ ལ་ལ་དཔོན་པོའི་ཚུལ་དུ་འོང༔ ལ་ལ་གཙོ་བོའི་ཚུལ་དུ་འོང༔ དུས་ཚོད་དེ་རྣམས་བྱུང་བ་དང༔ གཏེར་འདི་འདོན་པའི་དུས་ཡིན་ནོ༔ གཏེར་འདི་འདོན་པའི་སྐྱེས་བུ་ནི༔ ད་ལྟའི་མན་དེ་བཟང་མོའི་སྲས༔ གསལ་སྒྲོན་ཞེས་བྱའི་ལྷ་གཅིག་ནི༔ སྐྱེ་བ་འདི་ལ་སྦྱངས་པ་ལྡན༔ ནུས་འབྱིན་ས་ལེའི་ཞབས་ཏོག་བསྒྲུབས༔ ཨོ་རྒྱན་ང་དང་དམ་ཚིག་འབྲེལ༔ ང་ཡི་སྨོན་ལམ་མཐུ་བཙན་པས༔ དེ་ཡི་སྐྱེ་བ་ཐ་མ་ལ༔ ལྷོ་མོན་སྤ་གྲོའི་མཚམས་དག་ཏུ༔ སྐྱེས་བུ་གཟུགས་བཟང་སྤྱོད་པ་འཚུབས༔ མ་ངེས་ཐོ་ཅོ་སྣ་ཚོགས་བྱེད༔ ང་ཡི་རྫོགས་ཆེན་ཆོས་དང་མཇལ༔ ལ་ལས་ཟོག་པོ་ཡིན་ཞེས་སྨྲ༔ ལ་ལས་བདུད་ཀྱི་སྤྲུལ་པ་ཡིན་ཞེས་སྨྲ༔ དམྱལ་བའི་བྲེ་ཁ་མ་གང་བའི༔ སེམས་ཅན་རྣམས་ལ་ཅི་བྱུང་ན༔ ང་ཡི་སྐྱེས་བུ་དམ་པ་འདི༔ འབྲེལ་ཚད་དོན་དང་ལྡན་པ་ཡིན༔ གཏེར་འདི་སྐྱེས་བུ་དེ་ཡིས་འདོན༔ བར་ཆད་ཤིན་ཏུ་མང་བས་ན༔ སེམས་རིག་སྒྲིམས་ལ་གཟབ་པར་བྱ༔ ཨོ་རྒྱན་ང་ལ་གསོལ་བ་ཐོབས༔ བར་ཆད་བདུད་ཡིན་ཁེངས་དྲེགས་མ་བྱེད་པར༔ སྒྲུབ་ལ་འབུངས་ཤིག་ལས་ལྡན་རིགས་ཀྱི་བུ༔ ཞེས་གསུངས་སོ༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ སྐྱེས་བུ་དེ་ལ་ལས་ལྡན་སློབ་མ་ཡང༔ ཕོ་ཡི་རིགས་ནི་དུ་ཙམ་ཡོང༔ མོ་ཡི་རིགས་ནི་དུ་ཙམ་ཡོང༔ ཞེས་ཞུས་པས༔ ཉོན་ཅིག་རིགས་ལྡན་མཚོ་རྒྱལ་མ༔ སྐྱེས་བུ་དེ་ལ་ལས་ལྡན་ནི༔ ཆ་ལུགས་སྤྱོད་པ་མི་གཅིག་པ༔ བརྒྱད་དགུ་དག་ནི་འབྱུང་བ་འོ༔ རྡོ་རྗེའམ་ནི་རིན་ཆེན་མིང༔ ཤར་ཕྱོགས་སམ་ནི་ཤེས་རབ་མིང༔ ལྷོ་ཡི་ཕྱོགས་ནས་འབྱུང་བ་འོ༔ ཚུལ་ཁྲིམས་དང་ནི་གྲགས་པའི་མིང༔ ནུབ་ཀྱི་ཕྱོགས་ནས་འབྱུང་བའོ༔ ཤཱཀྱའམ་ནི་བུདྡྷའི་མིང༔ བྱང་གི་ཕྱོགས་ནས་འབྱུང་བ་འོ༔ དཔལ་ལྡན་འབུམ་གྱི་མིང་ཅན་ནི༔ དབུས་ཀྱི་ཕྱོགས་ནས་འབྱུང་བ་འོ༔ གཞན་ཡང་ལས་ལྡན་མང་དུ་འབྱུང༔ ལས་ལྡན་རིག་མ་འདི་ལྟར་འོང༔ སྟོད་དང་དབུས་ཀྱི་ཕྱོགས་ནས་ཀྱང༔ རྒྱལ་མཚན་ནམ་ནི་དཔལ་གྱི་མིང༔ ལས་ལྡན་ཕྱག་རྒྱ་བུད་མེད་འོང༔ དབུས་གཙང་ལྷོ་ཡི་ཕྱོགས་དག་ནས༔ རིན་ཆེན་མིང་དང་སངས་རྒྱས་མིང༔ ལས་ལྡན་ཕྱག་རྒྱ་བཞི་པོ་ནི༔ སྐྱེས་བུ་དེ་དང་འཕྲད་དུས་སུ༔ སྐྱེས་བུས་ཟབ་གཏེར་འདི་རྣམས་འདོན༔ གཡས་རུའི་གཏེར་དང་ཀོང་པོ་བུ་ཆུའི་གཏེར༔ སྔོན་མོ་ལུང་དང་མཁར་ཆེན་བྲག་གི་གཏེར༔ འདི་རྣམས་ཐོགས་པ་མེད་པར་འདོན༔ གཞན་ཡང་གཏེར་ཁ་འགའ་རེ་འདོན༔ ལས་ལྡན་ཕོ་མོ་དེ་རྣམས་ལ༔ སྤྱི་ཏིའི་ཆོས་བཀའ་ཚང་བ་བྱིན༔ རང་ཡང་ཚེ་སྒྲུབ་རང་ལ་འབུངས༔ གཏེར་སྟོན་ཡིན་སྙམ་ང་རྒྱལ་མ་ཆེ་ཞིག༔ ང་རྒྱལ་ཆེས་ན་བདུད་ཀྱིས་འཁྱེར༔ མི་ཤེས་ཟེར་ཞིང་སྨྲ་བ་ཉུང་དུ་བྱ༔ ཆང་དང་ནག་མོ་གཉིས་ལ་གཟབ་པར་བྱ༔ ཚེ་ཡི་བར་ཆད་དག་ཏུ་འགྱུར༔ སྤྱི་ཏིའི་སྐོར་ནི་རྒྱ་མི་ཆེ་དོན་འདྲིལ་བ་ཡོད༔ སྤྲོས་པ་རང་ལ་དགའ་བ་རྣམས༔ ཁྱོད་ཀྱི་རྗེ་མོ་ནུས་འབྱིན་ས་ལེ་ཡི༔ སངས་རྒྱས་དགོངས་འདུས་ནས་ཁ་སྐོངས་ལ་ཤོད་ཅིག༔ ཨོ་རྒྱན་བདག་གི་སྙིང་གཏམ་ཡིན༔ གཏེར་འདི་རྩིས་མགོན་དང་དམ་ཅན་གཉིས་ཀྱིས་ལེགས་པར་སྲུངས་ཤིག༔ ལས་ལྡན་བྱུང་ན་གཏེར་འདི་སྤྲོད༔ གཏེར་རྐུན་བྱུང་ན་དབང་པོ་སྣུབས༔ སྙིང་ཁྲག་ཐང་ལ་ཕོས༔ ྈྈྈ རྱརྱརྱ༔ ྈྈྈྈྈྈ ས་ཕོ་ཕག་གི་ལོ་ཁྱི་ཟླའི་ཚེས་པ་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །གདོང་དཀར་འོད་གསལ་རྩེ་མོར་ཤོག་སེར་ལས་ཞལ་བཤུས་པའོ། །ཤོག་སེར་ཚ་ལས་ཞུས་སོ།། ྈ སྤྱི་ཏིའི་གཏེར་བདག་དམ་ཅན་གྱི་སྐོར་སྤུ་གྲི་རེག་གཅོད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ༔ གིང་གི་སྒྲུབ་ཐབས་བསྟན་པ་ནི༔ ལྷ་ཡི་ང་རྒྱལ་ལྡན་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་སོང་བྱས་ལ༔ གནས་དང་མཐུན་པའི་སྟེགས་བུ་ལ༔ ཁྲག་གིས་བཏབ་ཅིང་སྤོས་ཀྱིས་བྱུག༔ ཤོག་བུ་འམ་ནི་རས་དག་ལ༔ གིང་གི་སྐུ་ནི་འདི་ལྟར་བྲི༔ སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས༔ གཡས་པས་རྡོ་རྗེ་རྩེ་དགུ་ཐོགས༔ གཡོན་པས་ཙིཏྟ་དམར་པོ་བསྣམས༔ སེང་གེ་དཀར་མོ་དག་ལ་འཆིབས༔ ན་བཟའ་ཟ་འོག་བེར་ཆེན་གསོལ༔ ལེ་བརྒན་དམར་པོའི་འགྱིང་ཐོད་བཅིངས༔ སྐྱེས་བུ་སྟག་ཆས་རྒྱན་གྱིས་བརྒྱན༔ ཀླད་ལ་ལྕགས་ཀྱི་བྱ་ཁྲ་ལྡིང༔ ཅེ་སྤྱང་སྔོན་མོ་རོལ་དུ་འབྲངས༔ ནང་བློན་བཞི་དང་ལས་བྱེད་མོན་པ་གསུམ༔ གིང་པ་སུམ་བརྒྱ་དྲུག་ཅུས་བསྐོར་བར་སྐྱེད༔ དེ་ལྟ་བུའི་སྙིང་གར་ཨ་ཏྲི་ཅེས་པ་བྲིས་པ་གཅིག་གཞག༔ དེའི་མདུན་དུ་བཤོས་བུ་ནི༔ རྩ་བ་གྲུ་བཞི་རྩེ་མོ་ཟུར་གསུམ་བཅད༔ ཁྲུ་གང་གི་ཚད་གཅིག་ལ༔ ར་ཤ་ར་ཁྲག་གིས་བརྒྱན༔ མདའ་བྱ་རྒོད་མ་ཞིག་ལ༔ དར་དཀར་དང་ཟ་འོག་སྟག་གཟིག་སྤུ་རས༔ མེ་ལོང་དང་བཅས་པ་བཏགས༔ ཕ་ཝང་ལོང་བུ་ལ་ར་ཁྲག་གིས༔ ཨ་ཏྲི་ར་བམ་ཛ་བྲིས་པ་དང༔ རིན་པོ་ཆེ་ལྔས་སྲོག་སྙིང་གསེར་དངུལ་ལ་བྲིས་པ་དང༔ རྒྱ་སྤོས་ཙནྡན་རྣམས༔ དར་དཀར་ཁུད་དུ་བཏུམས་ལ༔ ཟ་འོག་ཁུག་མར་བཅུག་ལ་མདའ་ལ་བཏགས༔ རང་གི་ཐུགས་ཀའི་འོད་ཀྱིས་གིང་འཁོར་བཅས་འགུག་པར་བསམ་ལ༔ བརྟན་པར་བསྟིམ་མཆོད་པ་འབུལ་སྲོག་སྙིང་ནས་དྲང་བ་ནི༔ ཨོཾ་བཛྲ་སཱ་དྷཱུ་ས་མ་ཡ་ཧཱུྃ་ར་བྷཾ་གིང་ཛ་ཛཿདུན་བྷྱོ༔ དེ་ཉིད་འབུམ་ཕྲག་གཅིག་བཟླ༔ དེ་ནས་ཛཿཧཱུྃ་བཾ་ཧོ༔ བཛྲ་སཱ་དྷཱུ་ས་མ་ཡ་ཏྲེ་ཏྲེ་ན་ཏྲེ་མེ་བེར་ས་མ་ཡ༔ སཱ་དྷཱུ་ཏྲི་ཛ་ཛ༔ ཞེས་པ་བདུན་ཁྲི་བཟླ༔ རྟགས་ནི་སྤྱང་ཀི་ཕྱིར་ཞིང་འབྲེང་ངོ༔ སྐྱེས་པས་གྲོགས་བྱེད་པའམ༔ མགར་བ་དང་མོན་པ་སྔགས་པས་དགའ་ཚུལ་སྟོན་པ་འབྱུང༔ དེ་བྱུང་བ་དང་གཏོར་མ་འབུལ་དམ་བདར༔ སྲུང་མར་བཅོལ༔ ཟ་འོག་ཁུག་མ་ལུས་ལ་བཅང༔ དེས་ལུས་དང་གྲིབ་མ་བཞིན་འོང་ངོ༔ བཛྲ་སཱ་དྷཱུ་ས་མ་ཡ༔ རཀྟ་ཙིཏྟ་བམ་ནན༔ ཞེས་པས་མནའ་བོར་བྱས་ཏེ༔ དམ་ལ་མི་འདའ་བར་བསམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ གསང་བདག་ལ་ན་མོ༔ གོང་གི་སྒྲུབ་པ་མཐར་ཕྱིན་ནས༔ ད་ནི་རྡོ་རྗེ་ལེགས་པའི་ཚུལ་འདི་ཁོ་ནའོ༔ བག་ཟན་ལ་རྟ་དཀར་པོ་མི་དམར་པོས་ཞོན་པ་ལ༔ རྟ་ལ་རྟའི་སྤུས་མཚན་པ༔ སྤྲེའུ་ལ་སྤྲེའུ་ཡི་སྤུས་མཚན་པ༔ ལིང་ག་བྲིས་ལ་གདན་བྱ༔ ཞག་བདུན་བསྒྲུབ༔ གཉིས་འབོད༔ ཧཱུྃ༔ མོན་པ་ནག་པོ་ཧུར་ཐུམས་ནན་ནན༔ འབོད་པའོ༔ མི་རྟ་ཁ་ཚུར་བསྟན་ལ་བསྒྲུབ༔ རྦད་པའི་དུས་སུ་ཁ་ཕྱིར་བསྟན་ལ༔ མི་ལག་གཡས་པའི་ཁུད་དུ༔ དུག་དང་ཉུངས་དཀར་གྱི་ཐུན་བླུག་ལ་བྲབ་ཅིང༔ སྔགས་འདིས་རྦད་དོ༔ མོན་པ་ནག་པོ་ཧཱུྃ་ཛ་ཛཿབྷྱོ༔ ཞེས་ཞག་ཉི་ཤུ་རྦད་དོ༔ ལིང་ག་དང་མི་རྟ་ཁོའི་ཐེམ་རྩར་སྦ་ཐུབ་ན་རབ༔ མ་ཐུབ་ན་ཡུལ་ཕྱོགས་སུ་སྦས་སོ༔ ཡང་ན་ཁ་དགྲ་ཕྱོགས་སུ་བསྟན་ལ་བཞག་གོ༔ དེ་ནས་རང་གི་ཁྱིམ་ཕྱོགས་སུ༔ མི་ཤ་དང་གུ་གུལ་ནག་པོའི་དུད་པ་བཏང་བས་བདུག་གོ༔ ཁོ་ལ་རྫི་བསྐུར་རོ༔ ཁོའི་ཁྱིམ་དུ་འདི་འདྲ་བའི་ཆོ་འཕྲུལ་ཡོང་བའི་རབ་མདའ་གཏོང་བས༔ དེ་ཤིན་ཏུ་མྱུར་བ་ཡིན་ནོ༔ ཨོ་རྒྱན་བདག་གིས་ཕྱག་བཞེས་རྫོགས་པ་ཆེན་པོ་སྤྱི་ཏིའི་བསྟན་སྲུང་ནི༔ སྙིང་དང་འདྲ་བས་གཞན་ལ་མེད༔ སློབ་མ་གཉིས་གསུམ་མ་གཏོགས་པ༔ དེ་བས་མང་ན་བཀའ་ཆད་འོང༔ དམ་པར་གྱིས་ཤིག་སྙིང་གི་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་སྤྱི་ཏིའི་གཏེར་བདག་མཆོད་ཐབས་འདི་ལ༔ རིན་པོ་ཆེའི་སྣོད་གཙང་མ་རུ༔ གཏོར་མ་རྩ་བ་ཟུར་བཞི་རྩེ་མོ་ཟུར་གསུམ་བྱས་ལ༔ འཁོར་བཞིས་བསྐོར་བ་དང་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར༔ ར་ཤ་དམར་པོ་ལ་སོགས་པས་བརྒྱན་ལ༔ སྭ་བྷཱ་ཝས་སྟོང་པར་སྦྱང༔ ཨོཾ་ཨཱཿཧཱུྃ་གསུམ་བདུད་རྩིར་བསམ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ བོད་ཡུལ་ཁ་བ་ཅན་གྱི་བདག༔ སྙིང་ཉེའི་བཀའ་ཉན་དམ་ཚིག་ཅན༔ ཨོ་རྒྱན་བདག་གི་བཀའ་ཉན་ལ༔ གཏེར་གྱི་སྲུང་མར་ཁས་བླངས་པ༔ གཏེར་བདག་ཆེན་པོ་རྡོ་རྗེ་ལེགས༔ སྐུ་མདོག་ལྗང་གུ་བེར་ཆེན་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་ཙིཏྟ་དམར་པོ་གཟུང༔ སྐུ་ལ་ལེ་བརྒན་འགྱིང་ཐོད་བཅིངས༔ ཞབས་ལ་ཟ་འོག་ལྷྭམ་འབོབ་གསོལ༔ ཆིབས་སུ་སེངྒེ་དཀར་མོ་འཆིབས༔ ལས་མཁན་རྟ་དམར་གིང་ཆེན་ནི༔ སུམ་བརྒྱ་དྲུག་ཅུ་ཕོ་ཉར་འགྱེད༔ བདག་གི་གྲོགས་དང་ཕྲིན་ལས་མཛོད༔ རྫོགས་ཆེན་སྤྱི་ཏིའི་བསྟན་པ་སྲུངས༔ གཏེར་བདག་ཆེན་པོ་འཁོར་བཅས་ལ༔ གཏོར་མ་བདུད་རྩི་སྣ་ལྔས་མཆོད༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ བདག་གི་ཆོས་དང་ལོངས་སྤྱོད་རྣམས༔ གཏམ་མོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ ཨོཾ་བཛྲ་སཱ་དྷཱུ་ས་མ་ཡཱ༔ ཨ་ཏིང་སེམས་དཔའ་ར་བམ་སྲོག་ཛ༔ མ་ཧཱ་བྷ་ལིཾ་ཏ་ལ་ཁཱ་ཧི་ཁཱ་ཧི༔ ཞེས་ཉི་མ་ཤར་ཕྱོགས་སུ་མཆོད༔ སྤྱི་ཏིའི་བསྟན་སྲུང༔ རྣོ་ལ་མེ་དང་འདྲ་བའི་སྐོང་གསོ་རྫོགས་སོ༔ ཤིན་ཏུ་དམ་པར་གྱིས་ཤིག་སྙིང་གི་བུ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྀཨཚ༔ ས་མོ་ཕག་གི་ལོ་ཁྱི་ཟླ་བའི་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །པདྨ་ཁ་བྱེ་བ་འདྲ་བའི་ཟེའུ་འབྲུ་རྒྱལ་བའི་ཞབས་ཀྱིས་བཅགས་མཚན་གསོལ་བའི་གནས་དགོངས་པས་བྱིན་བརླབས་གནས་ཆེན་ཀུན་དང་མཚུངས་པ། ཁམས་གསུམ་ཟིལ་གྱིས་གནོན་པའི་འོད་གསལ་རྩེ་མོར་ཆུ་ཕོ་བྱི་བའི་ལོ་བྱ་ཟླ་བའི་ཚེས་བརྒྱད་ལ་ཤོག་སེར་ལས་ཕབ་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).