Terdzo-SHI-018

From Rinchen Terdzö

དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཡིག་ཀུན་བཟང་འཇའ་སྐུ་

dam chos sprul sku'i snying thig las:_zab gsang bla na med pa 'od gsal rdo rje snying po'i khrid yig kun bzang 'ja' sku

by  བདུད་འདུལ་རྡོ་རྗེ་ (Dudul Dorje)
revealed by  བདུད་འདུལ་རྡོ་རྗེ་ (Dudul Dorje)
in cycle  དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (Dam chos sprul sku snying thig)
Volume 57 (ཤི) / Pages 495-578 / Folios 1a1 to 42b6

[edit]

ྈ དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཡིག་ཀུན་བཟང་འཇའ་སྐུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ གསང་བ་བས་ཀྱང་ཆེར་གསང་བ༔ ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བཅུད༔ ཡང་གསང་ཁྱབ་བརྡལ་ཨ་ཏི་བླ་མེད་ཀྱི༔ ཁྲིད་ཡིག་ཆོས་ཉིད་རང་གྲོལ་ཞེས་བྱ་བ༔ ཁྱབ་བརྡལ་རྒྱལ་བ་ཀུན་བཟང་ཡབ་དང་ཡུམ༔ ཟླ་བྲལ་རྒྱལ་ཀུན་རྒྱལ་ཚབ་རིགས་བདག་པོ༔ རིག་འཛིན་ཆེན་པོ་པད་འབྱུང་ཡབ་ཡུམ་ལ༔ རྣམ་ཀུན་ཕྱག་འཚལ་སྐྱབས་མཆི་སྤྱི་བོར་མཆོད༔ ཀ་དག་གདོད་ནས་རྣམ་དག་ཆོས་སྐུའི་མཁར༔ རང་བཞིན་འོད་གསལ་སྐུ་ལྔའི་དཀྱིལ་འཁོར་རྒྱས༔ མཛད་པའི་ཟེར་གྱིས་གདུལ་བྱའི་ཁམས་ཀུན་ཁྱབ༔ དགུ་ལྡན་བླ་མའི་ཚོགས་རྣམས་སྤྱི་བོར་མཆོད༔ རྒྱལ་བ་དམ་པ་རིག་འཛིན་མཆོག་རྣམས་སོགས༔ བརྒྱུད་པའི་བླ་མ་འཇའ་སྐུར་གཤེགས་རྣམས་ཀྱི༔ རྗེས་སུ་འཇུག་འདོད་སྐལ་ལྡན་ལས་ཅན་གྱི༔ སྔོན་སྦྱངས་ལས་འཕྲོ་སད་རྣམས་དོན་ཆེད་དུ༔ ཁྲིད་ཡིག་རྡོ་རྗེའི་འཇའ་སྐུ་གསང་གསུམ་བྲི༔ ྈ འོ་ན་འདིར་ཐེག་མཆོག་བླ་ན་མེད་པ་རྣམས་ཀྱི་སྙིང་བཅུད་འདུས་པའི་གདམས་ངག༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་ཨ་ཏི་ཁྱབ་བརྡལ་ཆེན་པོའི་གནད་རང་ཐོག་ཏུ་ཕེབ་པར་བྱེད་པ་ལ་གཉིས་ཏེ༔ བླ་མ་བརྒྱུད་པའི་སྒོ་ནས་ཡིད་ཆེས་སྐྱེད་པར་བྱེད་པ་དང༔ མན་ངག་ཟབ་མོའི་སྒོ་ནས་ཉམས་སུ་ལེན་པ་རྣམས་སོ༔ ྈ དང་པོ་ནི། རང་བྱུང་ལྷུན་གྱི་གྲུབ་པའི་གནས་མཆོག༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གནས་སུ༔ རང་བྱུང་སྟོན་པ་ཨུ་རྒྱན་རྒྱལ་པོ་ནི༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ལ༔ སྐུ་རྒྱབ་གཏད་ནས་བཞུགས་ནས་ཀྱང༔ མ་ཚོགས་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར་བའི་དུས༔ ནམ་གྱི་སྲོད་ལ་བབ་པའི་ཚེ༔ དཔལ་ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ཉིད༔ མངོན་སུམ་བྱོན་ནས་རིན་ཆེན་སྣ་ཚོགས་ཀྱི༔ སྒྲོམ་བུ་འོད་ལྔས་བསྡམས་པ་ཞིག༔ ཕྱག་ཏུ་གཏད་ནས་འདི་སྐད་གསུངས༔ ཨེ་མ་འཇིགས་མེད་སྟོན་པ་ནམ་མཁའ་འཇིགས་མེད་ཁྱོད༔ མཁའ་སྤྱོད་གཞོམ་མེད་འཇའ་སྐུར་གྲོལ་འདོད་ན༔ འདི་ལ་ལྟོས་ཤིག་གསུངས་ནས་མཁའ་ལ་ཡལ༔ དེར་བལྟས་ཟབ་གསང་བླ་མེད་རྡོ་རྗེ་སྙིང་པོའི་ཆོས༔ ཨ་ཏི་ཆོས་ཉིད་རང་གྲོལ་སྐོར་རྣམས་སྣང༔ དེ་ནས་ཨོ་རྒྱན་ཉིད་ཀྱིས་གསོལ་བཏབ་པས༔ ཐོ་རངས་ཀ་དག་འཇིགས་བྲལ་གྱི་ཕོ་བྲང་དུ༔ དཔལ་ཆོས་སྐུའི་སྟོན་པ་རྒྱལ་བ་ཀུན་བཟང་ཡབ་ཡུམ་ཉིད༔ མཚན་དང་དཔེ་བྱད་ལྡན་པ་ཞལ་ཕྱག་གི་རྣམ་པར་བཞེངས་ནས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ རང་བཞིན་ལྷུན་གྲུབ་ཀྱི་བྱིན་གྱིས་བརླབས་ནས་བཤད༔ རིང་བརྒྱུད་ལྟར་ན༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དཔལ་རྡོ་རྗེ་འཆང་ཆེན་པོས༔ རྒྱལ་བ་ཐུབ་པ་ཆེན་པོའི་སྤྲུལ་པ་སྟོན་པ་རྡོ་རྗེ་སེམས་དཔའ་ལ་ངོ་བོས་བཤད༔ དེས་འོག་མིན་ཐིག་ལེའི་ཞིང་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་འགྱུར་མེད་རྡོ་རྗེའི་ཚིག་ཙམ་དུ་བཤད༔ དེས་སེང་ག་ལའི་ནགས་ཚལ་དུ༔ རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་ལ་བཤད༔ དེས་རིག་འཛིན་གྲུབ་པའི་ཀེའུ་ཚང་འོད་འབར་དུ༔ འཇིགས་བྲལ་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ལ་རང་གྲོལ་བདེ་བ་ཆེན་པོས་བཤད༔ དེས་བོད་ཡུལ་གངས་ཅན་གྱི་ཡུལ་དབུས༔ དཔལ་སྟག་ཚང་སེང་གེའི་བསམ་འགྲུབ་ཀེའུ་ཚང་དུ༔ རྒྱལ་བའི་ཡུམ་གྱུར་ཡེ་ཤེས་མཚོ་རྒྱལ་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༔ གྲུབ་པའི་དབང་ཕྱུག་ཆེན་པོ་འབྲོག་བན་ལོ་ཙཱ་བ་རྣམས་ལ་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ་ནས་བཤད༔ ཉེ་བརྒྱུད་གོང་གི་པད་འབྱུང་ནས༔ དེས་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང༔ འགྱུར་མེད་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་བདུད་འདུལ་རྡོ་རྗེ་ལ༔ ཡིད་དཔྱོད་བློ་བྲལ་ལྷུན་གྲུབ་ཆེན་པོར་གཏན་ལ་ཕབ་ནས་བཤད༔ དེས་འགྱུར་མེད་རྟག་བརྟན་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱལ་སྲས་མ་ཎི་ཀཱིརྟི་དང༔ སྐལ་ལྡན་ལས་ཅན་གྱི་སྐྱེས་བུ་རྣམས་ལ་དགེ་སྡིག་ལ་སོགས་ཕན་གནོད་དང་ཕྲལ་ནས་ངོ་བོ་རྗེན་པར་བཤད། འདིར་སྐལ་ལྡན་རྣམས་ཀྱིས་རང་རང་གི་བརྒྱུད་པ་བྲི། འོ་ན་འཁོར་འདས་ལམ་ཀུན་སྣང་བ་ཇི་སྙེད་ཀྱང༔ རང་རིག་རྟོགས་པས་གདོད་མའི་སྐད་ཅིག་རྫོགས༔ ཀུན་བྱེད་ངང་རྟོགས་ཡོན་ཏན་བརྗོད་མི་ལང༔ རང་རིག་ངང་བརྟན་གུ་རུ་མཚན་བརྒྱད་མཁྱེན༔་་་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། བྱ་བཏང་ཏྲ་ཡ་སེང་ཧ། མཚན་ལྡན་གུ་རུ་སིང་ཧ། ས་གསུམ་འགྲན་བྲལ་མང་ག་ཨཱ་ཡུ་རྗེ། སང་གྷ་སིང་ཧ། མཁས་གྲུབ་ཨོ་རྒྱན་བསྟན་འཛིན། སྔགས་འཆང་ཨོ་རྒྱན་རིག་འཛིན། གུ་རུ་རཏྣ་བསྟན་འཛིན། འཇའ་ཚོན་པ། གཞོམ་མེད་རྣམ་དག་བྷུདྡྷ་རང་རིག་དངོས༔ གསེར་འགྱུར་གཡའ་བཞིན་གློ་བུར་དྲི་མས་བསྒྲིབས༔ དེ་ཉིད་དབྱེ་བྱེད་ལམ་བཟང་དམ་པའི་སྲོལ༔ ཐེག་ཀུན་གདམས་ངག་བཅུད་ཀུན་དེང་འདིར་སྤྲོ༔ ཆོས་ནི་བཀའ་རྫོགས་པ་ཆེན་པོ་མཐའ་དག་གི་སྙིང་པོའི་བཅུད་ཕྱོགས་གཅིག་ཏུ་བསྡུས་པའི་ཡང་རྩེ༔ ཨ་ཏི་བླ་ན་མེད་པ་ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་ཡང་བཅུད༔ བྱས་ཆོས་ཀྱིས་མ་བསླད་པའི་བློ་འདས༔ ཡེ་ཤེས་ཀྱི་སྤྱོད་ཡུལ༔ རང་ཤར་རང་བབ་ཁྱབ་བརྡལ་ལྷུག་པར་ཡོངས་སུ་འཇོག་པའི་གནད་དོན༔ དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་བཅུད༔ རིག་འཛིན་འོད་སྐུར་གཤེགས་པ་རྣམས་ཀྱི་ཐུགས་ཐིག༔ ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱི་སྙིང་ཁྲག༔ ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་དམ་པ་རྣམས་ཀྱི་སྲོག་རྩ༔ རྩོལ་བྲལ་ཀློང་ཡངས་ཀྱི་གནད་འགག༔ རྒྱུ་དང་འབྲས་བུའི་གཞུང་ལམ་མ་ནོར་བ༔ དབང་པོའི་རིགས་ཐམས་ཅད་གོང་འཕེལ་དུ་ཁྲིད་པ༔ ལམ་གྱི་འཇུག་སྒོ་རྣམས་གཞན་ལ་མ་ལྟོས་པ༔ ཐོས་པ་ཙམ་གྱིས་མ་རིག་པའི་མུན་པ་སངས་པ༔ བསམས་པས་རང་བབ་གནས་ལུགས་ཀྱི་དགོངས་པ་རྟོགས་པ༔ བསྒོམས་པས་ཆོས་དབྱིངས་ཆེན་པོའི་ཀློང་དུ་ཡེ་ཡིན་ངང་རྫོགས་སུ་གྲོལ་བ༔ བཤད་པས་རང་གཞན་ཐམས་ཅད་ཀྱི་ཤེས་རབ་འཕེལ་བ༔ ཉན་པས་བློ་གྲོས་གཏིང་གསལ་གྱི་པད་ཚལ་རྒྱས་པ༔ བལྟས་པས་ཉོན་མོངས་པའི་སྡིག་སྒྲིབ་ཟད་པ༔ སྤྱད་པས་ཐར་ལམ་གྱི་བྱང་ཆུབ་རིན་པོ་ཆེ་བརྙེས་པ༔ ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཆེན་རྣམས་ཀྱིས་ལེགས་པར་བརྒྱན་པའི་གང་ཆེན་གྱི་མཚོ༔ འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ༔ གཉིས་པ།་་་དེ་ནས་མན་ངག་གི་སྒོ་ནས་ཉམས་སུ་ལེན་པ་ནི༔ མན་ངག་ནི་གང་ཟག་ཇི་ལྟ་བུས་ཉམས་སུ་ལེན་པ་དང༔ ཉམས་སུ་བླང་བྱའི་མན་ངག་དངོས་སོ༔ ྈ དང་པོ་བྱ་བ་དགུ་ཕྲུགས་སུ་གཏང་ཞིང་དལ་བ་བརྟེན་པ་ཞིག་གིས་བསྒྲུབ་དགོས་ཏེ༔ ཇི་སྐད་དུ་གསང་རྒྱུད་ལས༔ ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་གཏང༔ དལ་བ་བརྟེན་ཅིང་དབེན་པར་བསྒྲུབ༔ ཅེས་གསུངས་པས༔ དེ་ནས་ལུས་ཀྱི་བྱ་བ་གསུམ་ནི༔ དང་པོ་ལུས་ཕྱིའི་བྱ་བ་སོ་ནམ་དང་འཁྲུག་རྩོད་འཇིག་རྟེན་པའི་བྱ་བ་མཐའ་དག་སྤང༔ ནང་གི་བྱ་བ་ཕྱག་སྐོར་དང་ཆོས་སྤྱོད་རྣམས་ཀྱི་བྱ་བ་ཐམས་ཅད་གཏང༔ ལུས་གསང་བའི་བྱ་བ་གླུ་གར་ལ་སོགས་པའི་བྱ་བ་ཐམས་ཅད་གཏང༔ མདོར་ན་གྲོགས་མེད་པར་གཅིག་པུར་གནས་པར་བྱའོ༔ དེ་ནས་ངག་གི་བྱ་བ་གསུམ་ནི༔ ངག་ཕྱིའི་བྱ་བ་ཐ་མལ་པའི་འཁྲུལ་གཏམ་ཐམས་ཅད་སྤང༔ ངག་ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ལ་སོགས་པ་ཐམས་ཅད་སྤང༔ ངག་གསང་བའི་བྱ་བ་བསྙེན་སྒྲུབ་བཟླས་བརྗོད་ཀྱི་རིམ་པ་ཐམས་ཅད་སྤང༔ དཔེར་ན་ལྐུག་པ་ལྟ་བུར་གནས་པར་བྱའོ༔ དེ་ནས་ཡིད་ཀྱི་བྱ་བ་གསུམ་ནི༔ ཡིད་ཕྱིའི་བྱ་བ་ཐ་མལ་པའི་འཁྲུལ་རྟོག་ཐམས་ཅད་སྤང༔ ཡིད་ནང་གི་བྱ་བ་བསྐྱེད་རིམ་ལྷ་སྒོམ་པའི་རིམ་པ་ཐམས་ཅད་སྤང༔ ཡིད་གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་གྱི་སྒོམ་ཐམས་ཅད་སྤང༔ དེ་ལྟར་དགོས་ཆེད་ཀྱང་གནས་སྐབས་དང་མཐར་ཐུག་གཉིས་ལས༔ གནས་སྐབས་སུ༔ ལུས་ངག་ཡིད་གསུམ་གྱི་བྱ་བ་བློས་ཐོང་ཞིང༔ འཁོར་བ་ལ་ཞེན་པ་ལོག་པའི་དགོས་པ་ཡོད་དོ༔ མཐར་ཐུག་ཀྱང་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ཞིང༔ ཟག་མེད་ཡེ་ཤེས་རྒྱུད་ལ་སྐྱེས་པའི་དགོས་པ་ཡོད་དོ༔ ྈ གཉིས་པ་ཉམས་སུ་ལེན་པའི་མན་ངག་ལ་གཉིས་ལས༔ མ་སྨིན་པ་སྨིན་པར་བྱེད་པའི་དབང་ལེགས་པར་ཐོབ་ནས༔ སྨིན་པ་གྲོལ་བར་བྱེད་པའི་གདམས་ངག་ནི༔ གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་གཉིས་ལ༔ ཁྲེགས་ཆོད་ནི༔ གང་ཤར་ལ་ལྟོས་མེད་ཀྱི་སྟེང་དུ༔ གཉེན་པོའི་བློ་དང་བྲལ་ནས་མ་བཅོས་པར་འཇོག་པ་དེ་ཡིན་ལ༔ ཐོད་རྒལ་ནི་ལྷུན་གྲུབ་ལུས་ཀྱི་དབྱིངས་ནས་གསང་སྒོ་ཕྱེས་ཏེ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ༔ ནང་གི་དབྱིངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་འཆར་བར་བྱེད་པས༔ འདིར་གང་ཟག་གཅིག་གིས་ཉམས་སུ་ལེན་པས་སངས་རྒྱས་པར་བྱེད་པ་ལ༔ དེ་གཉིས་གཅིག་ཏུ་དྲིལ་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པས༔ བརྩོན་འགྲུབ་རབ་རྣམས་ནི་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ཆོས་དབྱིངས་ཀྱི་འཇའ་སྐུར་གཤེགས་པའི་གདམས་ངག༔ འབྲིང་ཆོས་ཉིད་ཀྱི་བར་དོར་ཆོས་ཉིད་སྟོབས་སུ་གྱུར་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའི་གདམས་ངག༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་གདམས་ངག་གོ༔ དང་པོ་ཚེ་འདི་ཉིད་ལ་སངས་རྒྱས་འདོད་པའི་གང་ཟག་གཅིག་ལ་གདམས་ངག་འདེབས་ལུགས་གསུམ་ལས༔ ཁྲིད་ཀྱི་ལུགས་སུ་གདབ་པ་དང༔ ཚང་སྤྲུགས་སུ་གདབ་པ་དང༔ ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་དང་གསུམ་ལས༔ འདིར་ཁྲིད་ཀྱི་ལུགས་སུ་གདབ་པར་བྱ་སྟེ༔ དེ་ཡང་སྔོན་དུ་འགྲོ་བ་དང༔ དངོས་གཞི་ངོ་སྤྲོད་པ་དང༔ དེ་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པར་བྱེད་པའོ༔ དེ་ནས་སྔོན་འགྲོ་ལ་ཡང་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་ལ་བསླབ་ཅིང༔ རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་ཕྱི་ནང་གསང་གསུམ་དུ་དབྱེ་བ་དང༔ སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་བསླབ་པ་དང་གསུམ་ལས༔ དང་པོ་ལུས་ཕྱིའི་སྤྱོད་པ་འཁོར་བའི་ཆར་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེས་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བཤད༔ ཅེས་གསུངས་པས༔ འཁོར་བའི་ཆར་རུ་ཤན་དབྱེ་བ་ནི༔ སེམས་ཅན་གྱི་དོན་དུ་འཁོར་བ་དང་རུ་ཤན་དབྱེ༔ ད་ཕན་ཆད་ལུས་འདི་འཁོར་བར་མི་འཁྱམ་པའི་སེམས་བསྐྱེད་དང་ལྡན་པའི་ངང་ནས༔ ལུས་གཅེར་བུར་བུད་ལ་འགྲོ་བ་རིགས་དྲུག་སོ་སོའི་སྤྱོད་པ་སྤྱད༔ ངག་ནས་སོ་སོའི་སྒྲ་སྐད་སྣ་ཚོགས་བརྗོད༔ ཡིད་དུ་དེ་དག་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རང་གི་རྒྱུད་ཐོག་ཏུ་དམིགས༔ འདུས་བྱས་ཀྱི་དགེ་རྩ་དྲན་ཚད་བྱེད་པར་བསམ༔ སྐབས་སུ་ངལ་གསོ་ཞིང་ནན་དུ་སྦྱང༔ དྲོད་རྟགས་ནི༔ རང་གི་ལུས་ལ་ཆགས་ཞེན་དང་བཀྲེས་སྐོམ་མེད་སྙམ་འབྱུང༔ དེ་ལྟར་དགོས་པའི་རྒྱུ་མཚན་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ ཅེས་གསུངས་པས༔ སང་ཉི་མ་མ་ཤར་གྱི་བར་དུ་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རྡོ་རྗེའི་སྐྱིལ་ཀྲུང་ལེགས་བཅས་ཏེ༔ ལུས་སྦྱང་སེམས་ལ་ཕན་པ་འོ༔ ཞེས་གསུངས་པས༔ ལུས་ཀྱི་ཆ་བསྲང་རྐང་མཐིལ་གཉིས་སྤྲད་ཐལ་མོ་སྤྱི་བོར་སྦྱར་ལ༔ འབྱུང་བའི་ཁམས་དང་བསྟུན་པའི་རྡོ་རྗེ་རྩེ་གསུམ་པ་དཀར་དམར་མཐིང་གསུམ་གང་རུང་ཞིག་ལ་སེམས་གཟུང་ཞིང་ཞག་གསུམ་བར་དུ་སྒོམས་ཤིག༔ དེས་སློང་ཚད་ནི༔ ལུས་ཀྱི་ཤ་རུས་འགྱུར་ཞིང་ན་བ་སོགས་འབྱུང༔ དྲོད་ཚད་ནི༔ ལུས་ཁང་རུལ་ཞིག་པ་ལྟ་བུའི་འདར་ཤིག་ཤིག་པ་དང༔ འབོལ་ལིང་ལིང་མི་འབྱུང་མི་སྲིད་དོ༔ དགོས་ཆེད་ནི་གཉིས་ལས༔ ཐུན་མོང་ནི༔ ཐ་མལ་གྱི་ལུས་ལ་མངོན་ཞེན་མི་འཇུག་པ་དང་བར་ཆད་མི་འབྱུང་ངོ༔ དེ་གཉིས་ཀྱིས་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པར་འགྱུར་རོ༔ མཆོག་གི་དགོས་པ་ནི༔ ད་ཕན་ཆད་ལུས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པ་དང༔ ལུས་སྤྲུལ་པའི་སྐུར་གྲོལ་ནས་སངས་རྒྱས་ཀྱི་སྐུ་དང་གཉིས་སུ་མེད་པའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ངག་རུ་ཤན་དབྱེ་བ་ལ་འཁོར་འདས་གཉིས་ལས༔ དང་པོ་འཁོར་བའི་ཆ་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་བསླབ༔ ཅེས་གསུངས་པས༔ དེ་ཡང་སེམས་མ་རིག་པ་ལས་གྲུབ་པའི་ལུས་ངག་ཡིད་ཅེས་པའི་སྒྲ་འདི་ལ་བརྟེན་ནས་འཁོར་བར་འཁྱམས་པ་ཡིན༔ ད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་ཆེད་དུ༔ ངག་འཁོར་འདས་རུ་ཤན་ཕྱེས་ནས་འཁོར་བར་མི་འཁྱམ་པར་བྱ་སྙམ་དུ་སེམས་བསྐྱེད་ལ༔ ངག་ཏུ་ཞི་བའི་གསུང་དབྱངས་དང་ཁྲོ་བོའི་གད་རྒྱངས་འབྱུང་བའི་སྒྲ་སྐད་སྣ་ཚོགས་དྲན་ཚད་བརྗོད་ལ༔ ངལ་གསོ་ཞིང་ཤེས་པ་མ་ཡེངས་པར་འཇོག་གོ༔ དྲོད་ཚད་ནི༔ བླ་མའི་གདམས་ངག་ལ་ངེས་ཤེས་ཀྱི་གོ་བ་སྐྱེ་ཞིང་མ་བསླབ་པའི་ཆོས་ཀྱི་ཚིག་དོན་རྣམས་རང་བརྡོལ་དུ་འོང་ངོ༔ ྈ དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་རྩ་རྒྱུད་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་སྦྱོང་ཞིང༔ མཉེན་བཙལ་ལམ་དུ་གཞུག་པ་ཡིས༔ ངག་སྦྱང་སེམས་ལ་ཕན་པ་ཡིན༔ ཞེས་གསུངས་པས༔ རྒྱས་གདབ་པ་དང༔ རྩལ་སྦྱང་བ་དང༔ མཉེན་བཙལ་བ་དང༔ རིག་པ་ལམ་དུ་གཞུག་པ་དང་བཞི་ལས༔ དང་པོ་ལའང་ཕྱི་སྣང་བ་ལ་རྒྱས་གདབ་པ་དང༔ ནང་ཕུང་ཁམས་ལ་རྒྱས་གདབ་པ་གཉིས་ལས༔ དང་པོ་ནི༔ ལུས་སྐྱིལ་ཀྲུང་བཅའ་ཞིང་དར་ཅིག་ཀློད་ལ་ཁ་ཅུང་ཟད་ཙམ་བཙུམ་ཞིང༔ ངག་ཏུ་ཧཱུྃ་གླུ་ཧ་ཅང་མི་ཆེ་བ་མི་ཆུང་བ༔ སྙན་ལ་རིང་བ་ཏི་རི་རི་བླང་ཞིང༔ རང་གི་ཁོག་པ་ནས་རྣམ་ཤེས་ཧཱུྃ་གི་རྣམ་པ་ཐོལ་ཐོལ་གཅིག་ཐོན་གཉིས་ཐོན་དུ་བྱུང་ནས༔ ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་ཐེམ་མེ་ནེམ་མེར་ཁེངས་པར་བསམ་མོ༔ ཤེས་པ་རླུང་ལ་གཏད་ཅིང་རླུང་གནད་དལ་བར་བྱའོ༔ དྲོད་ཚད་ནི༔ སྣང་སྲིད་ཐམས་ཅད་ཧཱུྃ་གིས་ཁེངས་སྙམ་བྱེད་པ་དང༔ སྣང་བ་བན་བུན་དུ་འབྱུང་ངོ༔ དགོས་ཆེད་ནི༔ དངོས་གཞི་ཉམས་ལེན་གྱི་དུས་སུ་ཕྱི་སྣང་བའི་ཡུལ་དུ་རིག་པ་ཞེན་ཆགས་མི་འགྲོ་བའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ནང་ཕུང་ཁམས་ལ་རྒྱས་གདབ་པ་ནི༔ ལུས་གོང་ལྟར་བྱས་ལ༔ ཧཱུྃ་གླུ་གོང་མ་བས་ཅུང་ཟད་ཐུང་བ་བརྗོད༔ ཕྱིའི་ཧཱུྃ་ཐམས་ཅད་དལ་བུས་རྔུབ་པ་དང་ནང་དུ་བྱུང་ནས་ཧཱུྃ་གིས་ལྟོ་བ་མེར་མེར་ཁེངས་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཧཱུྃ་གིས་ཁེངས་སྙམ་བྱེད་པ་དང༔ ལྟོ་བ་འགྲངས་ཏེ་སྒྲེགས་པ་ཡོང་ངོ༔ མི་བདེ་བ་སྙམ་བྱེད༔ འདིའི་དུས་སུ་སོ་ཚགས་དང་མཆུ་བསྡམ་པ་གནད་ཡིན་ནོ༔ དགོས་ཆེད་ནི༔ སྔར་ཕན་ཆད་སྒྱུ་ལུས་ལ་མ་རིག་པ་འཆིང་སྒྲོག་གིས་བཅིངས་པ་ཡིན་གྱི༔ དངོས་གཞི་ཉམས་སུ་ལེན་པའི་ཚེ་འཆིང་སྒྲོག་གིས་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་རྩལ་སྦྱོང་བ་ལ་གཉིས་ཏེ༔ དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ མདུན་དུ་ཤིང་བུ་འམ་རྡེའུ་གང་འཚམ་ཞིག་འཛུག་ཅིང༔ ཧཱུྃ་ཞེས་ངར་དང་ལྡན་པར་བརྗོད་ཅིང༔ རང་རིག་གི་ངོ་བོ་ཧཱུྃ་མཐིང་ནག་དེས༔ ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་འབིགས་པར་བསམ༔ དེ་ནས་རང་གི་གནས་ཁང་དང་ནགས་ཚལ་ཤིང་སྡོང་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་བསམ༔ དྲོད་ཚད་ནི༔ སྣང་བ་ཟིང་ཟིང་ཁྲལ་ཁྲོལ་བ་དང༔ འཇའ་ཚོན་ལྟ་བུའི་ཉམས་བྱེད༔ དགོས་ཆེད་ནི༔ སྔར་ཕན་ཆད་སྣང་བ་འདི་བདེན་བདེན་རྟག་རྟག་ཏུ་བཟུང་ནས་རང་བཞིན་མེད་པར་མ་ཤེས༔ ཕྱིན་ཆད་སྣང་བ་ལ་རང་བཞིན་མེད་པར་འབྱོངས་ཤིང༔ དངོས་གཞིའི་དུས་སུ་སྣང་བ་ལ་བདེན་ཞེན་མི་སྐྱེ་བའི་དགོས་པ་ཡོད་པ་ཡིན༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ གཉིས་པ་ནང་ཕུང་ཁམས་ལ་རྩལ་སྦྱོང་བ་ནི༔ ངག་ཏུ་ཧཱུྃ་གླུ་སྔར་ལྟར་བླངས་པས༔ རིག་པའི་ངོ་བོ་ཧཱུྃ་མཐིང་དེ་ཁོང་ནས་སྤྱི་གཙུག་ཏུ་ཐོལ་གྱིས་ཐོན༔ སྤྱི་གཙུག་ནས་རྐང་མཐིལ་དུ་ཐོན་ཅིང་ལུས་ཀྱི་ཕྱི་ནང་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་དྲྭ་ཚགས་ལྟ་བུར་གྱུར་ཅིང༔ ཁོལ་ཚེ་མེད་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཀྱི་ཤ་ཁོལ་ཚེར་འཕར་བ་དང༔ ཁྲལ་ཁྲོལ་སང་སེང་དུ་སོང་ཞིང་རང་བཞིན་མེད་པའི་ཉམས་འབྱུང༔ དགོས་ཆེད་ནི༔ ཕྱིན་ཆད་ལུས་ལ་རང་བཞིན་མེད་པར་འབྱོངས་ཤིང༔ དངོས་གཞིའི་དུས་སུ་ན་ཚ་སྡུག་བསྔལ་ཅི་བྱུང་ཡང༔ བདག་འཛིན་གྱི་ཞེན་ཆགས་བློ་ཡིས་ཐོང་ནས༔ ནད་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་མཉེན་བཙལ་བ་ནི༔ མདུན་དུ་ཤིང་བུའམ་རྡེའུ་བཙུགས་ལ༔ རང་རིག་གི་ངོ་བོ་ཧཱུྃ་མཐིང་དེས་དམིགས་རྟེན་དེ་ལ་ཧྲིལ་གྱིས་དཀྲིས་པར་བསམ་ཞིང༔ སླར་ཡང་ཧཱུྃ་གླུ་དྲག་ལ་དལ་བར་ལེན་ཞིང༔ ཕྱིར་བཀྲོལ་བར་བསམ་ཞིང་བློ་གློད་དེ་དར་ཅིག་གཞག་གོ༔ ཡང་ཁང་ཁྱིམ་དང་རི་མཐོ་ཤིང་སྡོང་རྣམས་ལ་ཡང་དེ་བཞིན་བྱས་ལ་གཞག་གོ༔ དྲོད་ཚད་ནི༔ ལུས་ངག་ཡིད་གསུམ་སྐྱི་ལིང་ལིང་བ༔ འཁོར་བ་ལ་ཞེན་པ་ལོག་པ་དང་སྨྲ་བརྗོད་དང་བྲལ་བའི་ཉམས་འབྱུང༔ དགོས་ཆེད་ནི༔ སྔར་ཕན་ཆད་རིག་པ་ལ་རང་དབང་མ་ཐོབ༔ ཕྱིན་ཆད་རིག་པ་ལ་རང་དབང་ཐོབ་པས༔ དངོས་གཞིའི་དུས་སུ་རིག་པ་གང་དུ་ཡང་བསྒྱུར་བཏུབ་པའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ལམ་དུ་གཞུག་པ་ནི༔ མདུན་དུ་རི་མོ་སྲིན་མོའི་འགྲོས་ལྟ་བུ་བྲིས་ལ༔ ཧཱུྃ་གླུ་སྔར་བཞིན་བླངས་ཤིང་རང་རིག་ཧཱུྃ་མཐིང་དེ་རི་མོའི་ལམ་དེ་ལ་ཞུགས་ནས༔ ཕར་སོང་ཞིང་ཚུར་ལོག་པ་ལ་སྦྱང་བ་དང༔ ལུང་པ་རི་སུལ་རྣམས་དང་། སྔར་ཕྱིན་པའི་གནས་ཡུལ་རྣམས་དང༔ ལུང་པ་ནུབ་བྱང་དུ་ཁ་བལྟས་པ་ཤིན་ཏུ་རིང་ཞིང་ཁོག་དོག་པ༔ འབབ་ཆུ་དལ་གྱིས་འབབ་པའི་བྲག་རོང་ཟབ་ཅིང་ནགས་ཚལ་མཐུག་པོའི་ཆུ་འགྲམ་རྣམས་སུ༔ ཁྲུས་ཀྱི་རྫིང་བུ་དང༔ ལྗོན་ཤིང་དང་ནེའུ་སིང་མེ་ཏོག་སྣ་ཚོགས་ཡོད་པ༔ བྱ་རིགས་མང་པོས་སྐད་ཀྱུ་རུ་རུ་སྒྲོག་པ་རྣམས་སུ༔ གྲོགས་མེད་པར་རང་ཉིད་གཅིག་པུར་སོང་ནས་ཧཱུྃ་གླུ་སྙན་ཏི་རི་རི་ལེན་པར་བསམ༔ ངལ་གསོ་ལ་གློད་དེ་གཞག༔ དྲོད་ཚད་ནི༔ འཁོར་བའི་ཆ་ལ་ཞེན་པ་དྲག་པོ་གཏིང་ནས་ལོག་པ་དང༔ ཤེས་པ་འབོལ་ཤིགས་སེ་བ་འབྱུང་ཞིང༔ ཆོས་རྣམས་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་འབྱུང་ངོ༔ དགོས་ཆེད་ནི༔ དངོས་གཞིའི་དུས་སུ་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་རྣལ་དུ་ཕབ་པ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ འདི་དུས་ལུས་ངག་ཡིད་གསུམ་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱ༔ ཞེས་པས༔ དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱིས་རྩ་དང་འབྱུང་ཁམས་རྣམས་ཅུང་ཟད་འཁྲུགས་པས༔ དེ་ཉིད་ཀྱི་དོན་མི་མཐོང་བས་དེ་ཉིད་བསལ་བའི་ཕྱིར༔ རྣལ་ཕབ་ཀྱི་རིམ་པ་ལ་འཇུག་པ་ནི༔ ལུས་བདེ་བའི་གདན་ལ་འགུལ་སྐྱོད་དང་བྲལ་བར་ལྷམ་མེར་ལྷོད་ཀྱིས་གློད་ལ་གཞག་གོ༔ དེ་ལྟར་བཞག་པས༔ དྲོད་ཚད་ནི༔ ལུས་འགུལ་སྙིང་མི་འདོད་ཅིང་གཅིག་པུར་གནས་སྙིང་འདོད་པ་འབྱུང༔ དགོས་ཆེད་ནི༔ ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བྱང་སེམས་རྒྱས་པར་འགྱུར་རོ༔ ཇི་སྐད་དུ་གསང་རྒྱུད་ལས༔ ལུས་ནི་རྣལ་དུ་ཕབ་པ་ཡིས༔ སྤྲུལ་པའི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ངག་རྣལ་དུ་ཕབ་པ་ནི༔ ངག་ཅི་ཡང་མི་སྨྲ་བར་གཅིག་པུར་གནས་ཤིང༔ ཚིག་ལྐུགས་པ་ལྟར་དུ་གནས་པར་བྱའོ༔ དེ་ལྟར་བྱས་པས༔ དྲོད་ཚད་ནི༔ ངག་བརྗོད་པ་ཐམས་ཅད་མ་བཅོས་པར་བརྗོད་མེད་ཀྱི་དོན་ལ་གནས་ཤིང༔ ཚིག་གི་རྟོག་དཔྱོད་ཐམས་ཅད་ཟད་པ་དང༔ ངག་གི་ཞེན་པ་ཐམས་ཅད་ཡུལ་ལྡོག་པར་འགྱུར་རོ༔ ཇི་སྐད་དུ་གསང་རྒྱུད་ལས༔ ངག་ནི་རྣལ་དུ་ཕབ་པ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ཡིད་རྣལ་དུ་ཕབ་པ་ནི༔ སེམས་ཀྱི་འཕྲོ་འདུ་རྣམ་རྟོག་གི་རྒྱུན་ཐག་ཐམས་ཅད་བཅད་ལ་གཡོ་མེད་ཀྱི་ངང་དུ་གཞག་གོ༔ དེ་ལྟར་བཞག་པས་དྲོད་ཚད་ནི༔ སེམས་མི་རྟོག་པའི་དོན་ལ་གོམས་ཤིང༔ ལྷན་ནེར་གནས་པར་འགྱུར་རོ༔ དགོས་ཆེད་ནི༔ ཇི་སྐད་དུ་གསང་རྒྱུད་ལས༔ ཡིད་ནི་རྣལ་དུ་ཕབ་པ་ཡིས༔ ཆོས་ཀྱི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་དངོས་གཞི་ཁྲེགས་ཆོད་ཀྱི་གདམས་པ་གཏན་ལ་ཕབ་པར་བྱེད་པ་ནི༔ རང་གི་རིག་པ་འདི་ཉིད་ཡེ་ཡིན་ལྷུན་གྱིས་གྲུབ་པས༔ སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་ཡེ་ནས་བཞུགས་ཀྱང༔ ཕ་རོལ་ཡུལ་སྣང་ལ་ཨ་འཐས་ཤིང་རང་སེམས་འཁྲུལ་པ་གློ་བུར་གྱི་དྲི་མས་བསྒྲིབས་པས༔ དེ་མ་མཐོང་བ་ཡིན་གྱི༔ དེ་མཐོང་བའི་ཐབས་ནི༔ ཡེ་གཞི་གདོད་མའི་གནས་ལུགས་དེ་ཉིད་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་དང༔ སྐྱེས་པ་དེ་ཉིད་བརྟན་པར་བྱེད་པའི་ཐབས་དང༔ བརྟན་པ་དེ་ཉིད་འབྲས་བུ་ཆོས་ཉིད་འུབ་ཆུབ་བློ་ལས་འདས་པ༔ གཞོམ་མེད་བདེ་བ་ཆེན་པོ་འོག་མིན་མཁའ་སྤྱོད་རྡོ་རྗེའི་དབྱིངས་ཀློང་དུ་བསྐྱལ་ཐབས་རྣམས་སོ༔ ྈ དེ་ནས་གདོད་མའི་གཞི་གནས་དེ་རང་རྒྱུད་ལ་སྐྱེ་བའི་ཐབས་ནི༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་རང་གི་སེམས་འདས་པའི་རྗེས་མི་གཅད༔ མ་འོངས་པ་ཡི་མདུན་མི་བསུ༔ ད་ལྟའི་ཤེས་པ་ལ་བཟོ་བཅོས་མ་ཞུགས་པར་ལུས་ངག་ཡིད་གསུམ་ལྷོད་ཀྱིས་ཀློད་པར་ཞོག་ལ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སང་སང་དུ་སྡོད་ཅིང་སྐབས་སུ་ཚབ་ཚུབ་རེས་སྐྱོད་པའོ༔ ྈ གཉིས་པ་ལུས་ངག་ཡིད་གསུམ་གོང་བཞིན་ལ༔ མདུན་དུ་ཤིང་བུ་རྡེའུ་གང་རུང་ཞིག་བཞག་ཅིང༔ སེམས་འཕྲོ་བཞིན་སྤྱི་བོར་ཡི་གེ་ཨཱོྃ་དཀར་པོ་ལ་ཤེས་པ་ཡེངས་མེད་དུ་གཏད་ཅིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གཡེང་གཡེང་དུ་འཕྲོ་བར་འགྱུར་རོ༔ ྈ གསུམ་པ་མགྲིན་པར་ཡི་གེ་ཨཱཿདམར་པོ་ལ་སེམས་གཏད་ཅིང༔ དེ་ལ་ཡེངས་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་རི་གཟར་གློའི་འབབ་ཆུ་ལྟ་བུ་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་ཆམ་ཆམ་ཚུབ་ཚུབ་འཕྱོ་བར་འགྱུར་རོ༔ དེ་ལ་གཡོ་བའི་ཉམས་ཟེར་རོ༔ ྈ བཞི་པ་སེམས་ཇི་ལྟར་འཕྲོ་ཡང་ཡེངས་མེད་དུ་སྙིང་གར་ཧཱུྃ་སྔོན་ལ་ཤེས་པ་གཏད་ཅིང་སེམས་རྩེ་གཅིག་ཏུ་མ་ཡེངས་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་རྣམ་རྟོག་ཤིན་ཏུ་ནས་མང་ཞིང༔ སེམས་ཤིན་ཏུ་འཕྲོ་བས་སྒོམ་ཡེ་ནས་མི་འོང་བར་འདུག་སྙམ་པ་འབྱུང༔ དེ་ནི་སྔར་ཕན་ཆད་བག་ལ་ཉལ་བ་ཐམས་ཅད་མ་ཚོར་ཞིང༔ ད་ལྟ་བག་ལ་ཉལ་བ་ཐམས་ཅད་ཚོར་ཞིང་ངོས་ཟིན་པས༔ དེ་ལ་རྐུན་བུ་རྩད་ཆོད་ཀྱི་ཉམས་ཟེར་བ་ཡིན༔ ྈ ལྔ་པ་བྱིང་རྨུགས་འཐིབས་པ་གསུམ་གྱི་དབང་དུ་མ་སོང་བར་ཐིག་ལེ་དཀར་སེར་སྲན་མ་ཙམ་ལ་ཤེས་པ་གཏད་ཅིང༔ སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་བཞག་ཅིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་ཀྱི་འཕྲོ་འདུ་ཉུང་དུ་སོང༔ ལུས་ཡང་སིང་ངེར་སོང་བའི་ཉམས་བྱེད༔ དེ་ལ་ཐོབ་པའི་ཉམས་ཟེར༔ ྈ དེ་ནས་དྲུག་པ་མིག་ཐད་ཀར་བལྟ་ཞིང་དཔྲལ་བར་ཐིག་ལེ་ལྗང་གུ་སྲན་མ་ཙམ་ལ་དམིགས་པ་གཏད་ཅིང་ཕྱམ་མེར་བཞག་ཅིང་ལུས་མ་བསྒྲིམ་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་འཕྲོ་རྒོད་ཐམས་ཅད་དལ་བུ་རེ་ཀར་ཀར་འཕྲོ་ཞིང༔ ཆུ་བོ་དལ་བུར་འབབ་པ་ལྟ་བུ་འབྱུང༔ ལུས་ཡང་ཞིང་སྟོང་ལྷང་ངེ་བ༔ ངག་བརྗོད་མེད་དུ་སང་ངེ་བ༔ ཡིད་བདེ་ཕྲིལ་ལེར་གནས། དེ་ལ་འཕྲོ་རྒོད་ཐམས་ཅད་ཞི་བར་གནས་པས་ཞི་གནས་ཟེར༔ ྈ བདུན་པ་ཡེ་ཡིན་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དེ་ཉིད་བརྟན་པར་བྱེད་པ་ནི༔ ལུས་ངག་ཡིད་གསུམ་ཐམས་ཅད་ལྷོད་ཀྱིས་ཀློད་ལ༔ སེམས་སྣ་ཚོགས་འཕྲོ་བྱེད་ཀྱི་མཁན་པོ་དེ་ལ་ཅེར་གྱིས་བལྟ་ཞིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ལྟར་ཉམས་སུ་བླངས་པས་ལུས་ཤིང་བལ་ལྟར་དུ་ཡང་ཞིང༔ ལུས་བདེ་ལྷང་ངེ༔ ངག་ལྷམ་མེ༔ ཡིད་བརྗོད་མེད་དུ་ལྷན་ནེར་གནས་ངོས་ནས་རྣམ་རྟོག་སྐྱེས་ཚད་ཐམས་ཅད་དེར་མཐོང་ཞིང་གནས་ཐོག་ཏུ་འདུག་པ་ཞིག་འོང༔ གནས་པའི་མདངས་དབང་དུ་མ་སོང་ན་གནས་འགྱུའི་བར་འབྱེད༔ དེ་ལ་བདེ་གསལ་མི་རྟོག་ཟེར༔ ཞི་གནས་ཅུང་ཞིག་དྭངས་བ་ཡིན༔ ྈ བརྒྱད་པ་ཉམས་ཕྲན་བུ་སྐྱེས་པ་དེ་བརྟན་ཞིང་བོགས་ཐོན་པར་བྱེད་པ་ནི༔ གང་ཤར་ཐམས་ཅད་བཟོ་མེད་དུ་འཇོག་ཅིང༔ དེ་མ་ཡིན་པའི་སྒོམ་རྩོལ་མེད་པར་ཡེངས་མེད་ཀྱི་ངང་དུ་སྐྱོང་ཞིང༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྣམ་རྟོག་གི་འགྱུ་འཕྲོ་ཆད་ཅིང་གནས་འགྱུའི་བར་ལག་འབྱེད༔ དཔེར་ན་མཚོ་ལ་ཉ་མོ་འཕྱོ་བའམ༔ རྦ་རླབས་རྒྱ་མཚོ་ལ་ཐིམ་པ་ལྟ་བུར་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང༔ གནས་འགྱུ་གཉིས་དབྱེར་མེད་དུ་ངོ་འཕྲོད༔ འདི་ལ་སྒོམ་པའི་ཉམས་ཟེར༔ ྈ དགུ་པ་དེ་ལ་གཉུག་བསྲིང་ཞིང་བསྒོམས་པས་རྒྱ་མཚོ་རླུང་གིས་མི་སྐྱོད་པ་ལྟ་བུ་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང༔ དེ་ལ་བརྟན་པའི་ཉམས་ཟེར་དེ་གཡོ་མེད་བདེ་འཁྱིལ་ལེ་བ་དེ་བསྒོམ་མ་ཡིན༔ སྟོང་པ་དེ་མདངས་གཤིས་སུ་མ་སོང་བར༔ བརྗོད་མེད་སིང་ངེ་བ་དེ་ལ་སྒོམ་གྱི་མཐིལ་བཅའ་དགོས་པ་ཡིན་ནོ༔ ཇི་སྐད་དུ་ཕྱོགས་ཀྱི་གླང་པོས༔ རྣམ་རྟོག་མ་རིག་ཆེན་པོ་སྟེ༔ འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན༔ རྣམ་རྟོག་དེ་དང་བྲལ་བ་ན༔ ཁྱོད་ནི་རྟག་ཏུ་མྱ་ངན་འདས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྣམ་རྟོག་ཐམས་ཅད་རང་གྲོལ་དུ་དག་ནས་བརྗོད་མེད་དུ་གསལ་ལམ་མེར་གནས་པ་ན༔ རྩེ་གཅིག་ངོ་བོ་མཐོང༔ དེ་ཚེ་བདེ་གསལ་ལ་ཞེན་འཛིན་གྱི་མཁན་པོ་ལམ་མེ་བ་དེ་ལ་བསྒོམ་གྱི་མཐིལ་བཅའ་འོ༔ ྈ བཅུ་པ་གནས་ཆ་བདེ་གསལ་ལ་མི་ཆགས༔ འཕྲོ་རྒོད་ལ་སྡང་སེམས་མི་སྐྱེ༔ དྲན་པ་ཧ་ཅང་ཆེད་དུ་ཡང་མི་དགག༔ སྒོ་གསུམ་གྱི་ཡུལ་དུ་རྒྱ་ཡན་དུ་མི་གཏང་ལ༔ རྟོག་མེད་དུ་གཞག་གོ༔ རྣམ་རྟོག་སྒོམ་དུ་བསྐྱལ་བའི་སྐྱོན་ནི༔ ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས༔ རྟོག་པའི་འཁོར་ལོས་སྲིད་པའི་དགོན་པར་འཁྱམས༔ རྟག་ཏུ་ལས་ངན་ཉོན་མོངས་འདུ་བྱེད་ཅིང༔ སྡུག་བསྔལ་བརྒྱ་ཕྲག་མང་པོ་སྒྲུབ་པར་བྱེད༔ ཅེས་གསུངས་པས༔ བརྗོད་བྲལ་སྤང་བླང་འཛིན་ཞེན་མེད་པའི་ངང་ནས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྩེ་གཅིག་དངོས་ནི་བདེ་གསལ་མི་རྟོག་པའི་བདེ་ཉམས༔ ཡུལ་དེ་དང་ཡུལ་ཅན་དངོས་པོ་གང་གི་ཆ་ལའང་ཚོར་བར་མི་འཇུག་ཅིང༔ སྣང་སྟོང་སྒྱུ་མ་་་འགོག་པའི་ཉམས་སྒྲིབ།ལྟ་བུའི་ངང་ལ་རྩེ་གཅིག་ཏུ་གནས༔ གསལ་ཉམས་ནི་ཚོགས་དྲུག་མ་འགགས་པར་བདེན་འཛིན་དང་བྲལ་ཞིང༔ ཕྱི་ནང་ཡུལ་མེད་གསལ་སྟོང་གོ་མི་འབྱེད་པར་གནས༔ མི་རྟོག་པའི་ཉམས་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་རྩེ་གཅིག་ཏུ་གནས་སོ༔ ཞི་གནས་བདེ་གསལ་མི་རྟོག་པ་གོལ་ས་ཡིན་ནོ༔ མཉམ་བཞག་ལ་གནས་ཞེན་གཏི་མུག་གི་དྲི་མ་ཡོད༔ སྣང་སྟོང་གི་ཉམས་རྗེས་ཐོབ་དང་འཁྲུལ་ཞེན་གྱི་དབང་དུ་མ་སོང་བར་གལ་ཆེའོ༔ ྈ བཅུ་གཅིག་པ་ལྷག་མཐོང་གི་ཉམས་བཙལ་བ་ནི༔ དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ རྗེས་ཤེས་མ་ཟད་བར་དག་ཏུ༔ ལུས་གནད་དག་དང་བྲལ་མི་བྱ༔ ཞེས་གསུངས་པས༔ ལུས་གནད་དང་ལྡན་པས་ངག་སྨྲ་བསམ་བརྗོད་མེད་ཀྱི་ངང་ནས༔ ཡིད་མ་བཅོས་པར་རྣམ་རྟོག་སྔ་ཕྱིའི་རྗེས་སུ་མ་འབྲང་བར༔ ད་ལྟའི་ཤེས་པ་གང་ཤར་གྱི་ངོ་བོ་དེ་ལ་བཟོ་བཅོས་མ་བྱེད་པར༔ ཁོ་རང་དེ་ཀའི་སྟེང་དུ་ཞོག༔ ཇི་སྐད་དུ་བང་མཛོད་ལས༔ ཆུ་མ་རྙོགས་ན་དྭངས༔ སེམས་མ་བཅོས་ན་གསལ༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད་པ་གཅིག་འཆར་བའི་ཚེ༔ ཕཊ༔ དྲག་པོ་བརྗོད་ལ་བཟང་ངན་གྱི་རྟོག་པ་ཅི་ཤར་ཡང༔ གཟའ་གཏད་དང་བྲལ་བ་རང་ཐོག་ཏུ་བཞག་པས༔ འགྱུ་ན་འགྱུ་མཁན་ཁོ་རང་གི་ངོ་བོར་རྗེན་ནེ་བར་བསྒོམ༔ གསལ་ན་གསལ་མཁན་ཁོ་རང་གི་ངོ་བོ་གསལ་སྟོང་དུ་ས་ལེ་བ་དེ་བསྒོམ༔ སྟོང་ན་སྟོང་མཁན་ཁོ་རང་གི་ངོ་བོ་སིང་ངེ་བ་དེ་བསྒོམ༔ ཉམས་ཞེན་གྱི་བདེ་གསལ་མི་རྟོག་པའི་མདངས་དབང་དུ་མ་སོང་བར༔ མཉམ་ཉིད་ངོ་བོ་བློ་ཡུལ་དུ་ཧྲིག་ཧྲིག་ཤར་བ་དེ་ཆོས་ཀྱི་སྐུ་ཡིན༔ རང་རིག་རང་གསལ་དུ་ས་ལེ་སིང་ངེར་གསལ་བ་དེ་ལོངས་སྐུ་ཡིན༔ བརྗོད་མེད་རིག་པ་ཟང་ཐལ་དུ་རྗེན་ཧྲིག་ཧྲིག་ཏུ་ཤར་བ་དེ་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་རུང༔ འདི་ལ་ཞེན་ན་ཡུལ་ཞེན་གྱི་དྲི་མ་ཡིན༔ དོན་ལ་སྔར་མ་མཐོང་བའི་རིག་པ་རྗེན་པར་ལྷག་གིས་མཐོང་བས་ན་ལྷག་མཐོང་ཟེར་བ་ཡིན༔ ཇི་སྐད་དུ་ཀློང་གསལ་ལས༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ རྣམ་པ་གསལ་བ་ལོངས་སྤྱོད་རྫོགས༔ འགག་མེད་ཤར་བ་སྤྲུལ་པའི་སྐུ༔ ཞེས་གསུངས་སོ༔ ྈ བཅུ་གཉིས་པ་དེ་ལ་ཡར་ལ་སྤར་ནས་ཞི་ལྷག་ཟུང་འཇུག་ཏུ་སྒོམ་པ་ནི༔ ཤེས་རིག་གི་ངོ་བོ་ལྷག་གེ་བ་དེ་ཉོན་མོངས་པའི་རྟོག་པས་མ་བསླད་པར༔ ཕྱིའི་སྣང་ཡུལ་ལ་དེར་འཛིན་མེད་པ་ཆུ་ཟླ་ལྟ་བུ༔ ནང་སེམས་ལ་འཛིན་མེད་ཁྱབ་བརྡལ་ལྟ་བུའི་ངང་ནས༔ ཟབ་ཞི་སྤྲོས་མཐའ་དང་བྲལ་བའི་ངང་ནས་བདུད་རྩི་བཏུང་བ་ལྟ་བུའི་ཉམས་མྱོང་ཁོང་ནས་འཆར་ཏེ༔ ཇི་སྐད་དུ་མངོན་རྟོགས་རྒྱན་ལས༔ ཚུར་རོལ་ཕ་རོལ་མཐའ་ལ་མིན༔ དེ་དག་བར་ན་མི་གནས་པ༔ དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར༔ ཤེས་རབ་ཕ་རོལ་ཕྱིན་པར་འདོད༔ ཅེས་གསུངས་པས་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་ཀློང་མངོན་དུ་གྱུར་པའི་ལམ་སྣེ་ཕྲན་བུ་མཐོང་བ་ཡིན་ཏེ༔ དེ་ཚེ་ཧྲིག་གེ་བ་དེ་མ་ཡིན་པར་ཉམས་གསུམ་ལ་ཞེན་ན༔ དོན་ལ་བདེ་ཉམས་ནི༔ ཡུལ་ཅན་དངོས་པོ་དང་བཅས་པའི་ཚོར་བ་ལ་མི་འཇུག་པར༔ སྣང་སྟོང་བརྗོད་མེད་སྒྱུ་མ་ལྟ་བུའི་ཉམས་ཀྱི་མདངས་དབང་དུ་གནས་པ་ནི༔ འགོག་པའི་བདེན་པ་སྟེ༔ འདོད་ཁམས་ཀྱི་གོལ་ས་ཡིན༔ གསལ་བ་ནི༔ ཚོགས་དྲུག་གི་ཡུལ་དུ་མ་འགགས་པར་བདེན་འཛིན་དང་བྲལ་བ་ཕྱི་ནང་ཡུལ་མེད་གོ་འགགས་པར་གནས་པའི་གསལ་མདངས་ལ་འཛིན་ཞེན་དུ་སོང་ན་གཟུགས་ཁམས་སུ་གོལ༔ མི་རྟོག་པ་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་དྲིལ་ཏེ་བརྗོད་མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་པའི་ཚེ༔ བློས་བྱས་ཀྱི་འདི་ཡིན་འདི་མིན་གྱི་དེར་འཛིན་ཞུགས་ན་གཟུགས་མེད་ཁམས་སུ་གོལ་བས༔ དེ་ཚེ་གསལ་ཧྲིག་རྗེན་ཧྲིག་གེ་བ་དེ་མ་ཡེངས་པར་བསྒོམ༔ རྩོལ་སྒྲུབ་དང་བྲལ་བར་ཉམས་སུ་ལེན་པར་ཞུ༔ སྐབས་སུ་ཕྱག་རྒྱ་ཆེན་པོའི་ཁྲེགས་ཆོད་ཡང་དག་ལ༔ ས་ལམ་བགྲངས་པ་རྨོངས་ཤིང་གཞན་ཞིག་ན་མེད་དེ༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ས་ལམ་གྱི་དགོངས་དོན་རང་རིག་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མ་འདི་ལ་རྫོགས་པ་ཡིན་གྱི༔ བཅོས་མེད་ཀྱི་ཤེས་པ་བཟོ་གཏད་དང་བྲལ་བ་འདི་ལས་ལྷག་པ་སྟེ༔ ཚོགས་བརྒྱད་ཀྱི་སྣང་བ་རང་གྲོལ་དུ་ལྷུག་པ་ལས་བཟོ་མ་བཅོས་པ༔ གཉིས་འཛིན་ཐེར་ཟུག་པ་ལམ་གྱིས་མ་བསླད་ཅིང་སྒྲོ་མ་བཏགས་ཤིང་སྤང་བླང་དགག་སྒྲུབ་གང་ཡང་མེད་པའི་ཡེ་རེ་བ་ལས༔ ཆད་ལྟ་ཡུག་འབྱམས་མཐའ་བརྒྱད་རང་གྲོལ༔ གང་ཤར་བཟོ་མེད་ཟང་ཐལ་ཚིག་གི་བརྗོད་བྱ་དང་བྲལ་བ་བློས་སྒོམ་ཟད་པ༔ གང་ཤར་གང་སྣང་ཐམས་ཅད་སྒོམ་གྱི་རང་བཞིན་ལས་མཉམ་རྗེས་ཐམས་ཅད་དབྱེ་མཁན་དང་བྲལ་བ་འདི་ལ༔ ཐུན་མོང་ལྟར་དུ་ས་ལམ་དང་སྦྱར་ན༔ སེམས་ཀྱི་རང་བཞིན་འཛིན་པས་མ་བཅིངས་ཤིང་ཀུན་ཏུ་མི་གཡོ་བ་ནི༔ ཚོགས་ལམ་ཆུང་ངུ་ཡིན༔ མཉམ་གཞག་ལ་འཛིན་པ་མེད་པར་རྗེས་ཐོབ་ཀྱི་ཡོན་ཏན་ཐམས་ཅད་གྲོགས་སུ་འཆར་བ་ནི༔ ཚོགས་ལམ་འབྲིང་པོ་ཡིན༔ མཉམ་རྗེས་ཐམས་ཅད་དབྱེར་མེད་དུ་རྟོགས་ནས་འཁོར་འདས་གང་ལ་ཡང་སྤང་བླང་མེད་པ་ནི༔ ཚོགས་ལམ་ཆེན་པོའོ༔ བྱང་ཆུབ་ཀྱི་ཆོས་སོ་བདུན་དང་སྦྱར་ན༔ ཆུང་ངུར་གང་རང་ངོ་ཤེས་ཤིང་འགྲོ་འོང་གི་དྲན་པ་ཐམས་ཅད་རྦད་ཀྱིས་བཅད་པ་ནི༔ ཚོར་བ་དྲན་པ་ཉེ་བར་བཞག་པ་ཡིན༔ ལུས་གཤེད་མ་བརྒྱ་ཡིས་བསྐོར་ཀྱང༔ འགུལ་སྐྱོད་དང་བྲལ་བར་ཆོས་བདུན་གྱི་ངང་དུ་གནས་པ་ནི༔ ལུས་དྲན་པ་ཉེ་བར་བཞག་པ་ཡིན༔ སེམས་མ་བཅོས་པར་རང་མལ་དུ་རྩེ་གཅིག་ཏུ་གནས་པ་ནི༔ ཆོས་དྲན་པ་ཉེ་བར་བཞག་པ་ཡིན༔ རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་ངེས་ཤེས་ཐོབ་སྟེ༔ གཡོ་མེད་དུ་གནས་པ་ནི༔ སེམས་དྲན་པ་ཉེ་བར་བཞག་པ་ཡིན༔ འབྲིང་དུ་ཡང་དག་པར་སྤོང་བ་བཞི་ནི༔ རང་སེམས་བློ་བྲལ་ཆེན་པོར་རྟོག་མེད་དུ་གནས་ཤིང༔ དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བར་བྱེད་པས་ན་ཡང་དག་པའོ༔ དེ་ལ་ཡེངས་པ་མེད་པར་འཁོར་འདས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས་ན་ཡང་དག་པའོ༔ སྐྱེས་པ་དེ་གོ་མ་ལོག་པར་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན་ཡང་དག་པའོ༔ རྣམ་རྟོག་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་མ་མཆིས་པས༔ མི་དགེ་བའི་ཆོས་ཐམས་ཅད་མི་དམིགས་པར་བྱེད་པས་ན་ཡང་དག་པར་སྤོང་བར་བྱེད་པ་ཞེས་སོ༔ ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི༔ ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱ་མཚོ་ཆེན་པོའི་ཆུ་བོ་ལྟར་དྭངས་ཤིང་མི་གཡོ་བ་ནི༔ འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ རང་མདངས་ཡུལ་སྣང་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་ལྟ་བུར་རྟོགས་པས༔ ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ དེའི་རང་གཤིས་ཡེ་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་ཏེ་རང་བྱུང་ལྷུན་གྱིས་གྲུབ་པ་ནི༔ སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ བསྒོམ་བྱ་སྒོམ་བྱེད་ཡུལ་ཡུལ་ཅན་གྱི་མཚན་མ་མེད་པར་རྟོགས་པ་ནི༔ ཤེས་རབ་རྫུ་འཕྲུལ་གྱི་རྐང་པ་ཡང་དག་པའོ༔ ྈ དེ་ནས་བཅུ་གསུམ་པ་སྤྲོས་བྲལ་དུ་ཡར་ན་སྤར་བ་ནི༔ ཇི་སྐད་དུ་སློབ་དཔོན་ཧཱུྃ་ཆེན་ཀཱ་རའི་ཞལ་ནས༔ ཁྲེགས་ཆོད་སྟོང་ཉིད་རྣམ་དག་བསྒོམ་པ་ལ༔ སྒོམ་ཞེས་བསྒོམ་རྒྱུ་ཅི་ཡང་མེད་མོད་ཀྱི༔ ཐ་མལ་ཤེས་པ་འདི་རང་ཅི་བདེར་ཞོག༔ བཞག་པས་མི་སྡོད་ཕྱོགས་བཅུར་འགྲོ་གྱུར་ན༔ དེ་ཡང་རང་སོར་ལྷོད་ཀྱིས་གློད་ལ་ཞོག༔ ཅེས་གསུངས་པས༔ རྣམ་རྟོག་ཇི་ལྟར་འཕྲོ་ཡང་དགའ་སྡུག་སྤང་བླང་བཟོ་གཏད་དང་བྲལ་བར་བསྐྱང༔ དཔེར་ན་རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོ་ཉིད་ཀྱང་རླབས༔ རླབས་ཉིད་ཀྱང་རྒྱ་མཚོ་ཡིན་པར་ཀུན་གྱིས་གོ་མོད༔ དཔེ་དེ་བཞིན་དུ་སེམས་སྟོང་ཉིད་དུ་གནས་པའི་དུས་ན་ཡང་སྒོམ་ཡིན༔ མི་གནས་ཤིང་སྣ་ཚོགས་སུ་འཕྲོ་ཡང་སྒོམ་ཡིན༔ འགྲོ་འོང་གནས་ཆ་ཐམས་ཅད་སྒོམ་ཡིན་རུང་འདི་ལ་རང་བབ་ཏུ་འཇོག་པ་མ་གཏོགས་ཅི་ཡང་བྱ་རྒྱུ་མེད་པས༔ ཇི་སྐད་དུ་སློབ་དཔོན་ཆེན་པོ་པྲཧསྟིའི་ཞལ་ནས༔ སྟོང་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་པ༔ ཇི་ལྟར་བྱས་ཀྱང་སྒོམ་པའི་ཀློང༔ རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ འདིའི་དུས་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུའི་ཉམས་སྐྱེ༔ རྣམ་རྟོག་རགས་པ་མ་གཏོགས་རྐུན་བུ་མི་ཚོར༔ དེ་ཚེ་སྟོང་གསལ་དུ་གནས་པའི་སེམས་དག་བྱ་ཡིན་པས་སྒོམ་དུ་མི་འདོད༔ སྣ་ཚོགས་སུ་འཕྲོ་ཡང་དྲན་པའི་ངོ་བོ་ཏུར་ཏུར་བ་དེ་རིག་པ་ཡིན་པས་སྒོམ་གྱི་མཐིལ་དེ་ལ་བཅའ་དགོས༔ སྟོང་གསལ་བདེ་ལྷང་ངེ་བ་དེ་ལ་སྒོམ་གྱི་མཐིལ་མི་བཅའ་ཞིང༔ དེའི་མདངས་ཡེ་རེ་བ་ཆུ་ནང་གི་ཟླ་བ་ལྟ་བུར་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་སྒོམ་གྱི་མཐིལ་བཅས་པས༔ བདེ་བ་ལ་ཆགས་པའི་འདོད་ཁམས་ཀྱི་གོལ་ས་ཆོད༔ ཚོགས་དྲུག་གི་ཡུལ་དུ་སྒྱུ་མ་ལྟ་བུ་སྤྲོས་མཐའ་དང་བྲལ་ཞིང༔ སེང་ངེ་བ་དེ་ལ་སྒོམ་གྱི་མཐིལ་བྱས་ན་གཟུགས་ཁམས་ཀྱི་གོལ་ས་ཆོད༔ གོལ་ས་ནི་སྟོང་གསལ་བདེ་ལྷང་ངེ་བ་དེ་སྒོམ་པའི་མཐིལ་བྱས་ན་བསམ་གཏན་དང་པོའི་གོལ་ས་ཡིན༔ འགྱུ་རྟོག་གསལ་ལམ་པ་དེ་ལ་སྒོམ་གྱི་མཐིལ་བྱས་ན༔ བསམ་གཏན་གཉིས་པའི་གོལ་ས་ཡིན༔ བདེ་བ་ལ་ཞེན་མེད་ཙམ་གྱིས་གོལ་ས་མི་ཆོད་པས༔ བསམ་གཏན་གསུམ་པར་གོལ༔ སྟོང་པ་ཅི་ཡང་མ་གྲུབ་པའི་གཤིས་ལ་བཞག་པས༔ བསམ་གཏན་བཞི་པར་གོལ༔ སྟོང་ཉིད་དབྱེར་མེད་དུ་བསྒོམ་པས་གོལ་ས་ཆོད་སྙམ་ན༔ ག་ནས་ཆོད་པས༔ ནམ་མཁའ་མཐའ་ཡས་ནི་གཟུགས་ཅིར་ཡང་མ་གྲུབ་པ༔ སྒོམ་པ་མངོན་དུ་གྱུར་ཀྱང༔ འཁོར་བའི་ཆོས་ལས་མ་འདས་སོ༔ དེང་སང་གི་སྒོམ་ཆེན་ཐམས་ཅད་འདི་ན་ཐུགས་བཞུགས་སྤྲོ་ལས་ཆེ་འདུག༔ དེ་ནི་དྲི་མ་དང་བཅས་པའི་བློས་སྒོམ་ཞེས་བྱ་སྟེ༔ དཔེར་ན་ཀེང་རུས་བསྒོམས་པས་ལུས་ཀེང་རུས་སུ་འཆར་བ་དང༔ སྔོན་ཡངས་པ་ཅན་དུ་རྒན་མོས་སྟག་བསྒོམས་པས་མངོན་དུ་གྱུར་ནས༔ གྲོང་ཁྱེར་ཐམས་ཅད་སྟོང་པས་འབྲས་བུ་དེ་བཞིན་ནོ༔ འདི་གང་གིས་བསྒོམས་པ་མ་ནོར་བར་མངོན་དུ་གྱུར་ན་ཉོན་མོངས་པ་ཤས་ཆེ་ཤོས་ཡེ་ཤེས་དང་སྦྱོར་ནུས་པས་ན་སྦྱོར་ལམ་སྟེ༔ རང་སེམས་གསལ་སྟོང་དུ་ཤེས་ཤིང་མི་གཡོ་བའི་ངང་ནས་སྣང་སྲིད་ཀུན་དེའི་རང་བཞིན་ལས་མ་གཡོས་པར་རྟོགས་པ་ནི་དྲོད༔ ཀུན་བརྟགས་ཀྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་ཉེ་བར་ཞི་སྟེ༔ ཡེ་ནས་འཁོར་འདས་རང་སར་དག་ཅིང༔ མཚན་མ་མེད་པའི་ངོ་བོ་མཐོང་བ་ནི་རྩེ་མོ་ཡིན་ལ༔ དབང་པོ་ལྔ་ནི༔ གནས་ལུགས་ཀྱི་དོན་ལ་ངེས་ཤེས་ཡང་དག་པར་སྐྱེ་བ་ནི་དད་པའི་དབང་པོ་ཡིན༔ དེ་ལ་སེམས་འཛིན་མཚན་མ་མེད་པར་ཡང་དག་པར་གནས་པ་ནི༔ དྲན་པའི་དབང་པོ་ཡིན༔ དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པས་ཆོས་སྐུའི་དགོངས་པར་མི་གཡོ་བར་རྒྱུན་མི་ཆད་པར་གནས་པ་ནི༔ ཏིང་ངེ་འཛིན་གྱི་དབང་པོ་ཡིན༔ དེ་ལ་བསལ་བཞག་འགྲོ་འོང་ཐམས་ཅད་དང་བྲལ་བ་ཆུ་བོའི་རྒྱུན་ལྟར་གནས་པ་ནི༔ བརྩོན་འགྲུས་ཀྱི་དབང་པོ་ཡིན༔ དེ་ཡི་རང་བཞིན་བཟོ་བཅོས་ཐམས་ཅད་དང་བྲལ་བ་ཐ་མལ་གྱི་ཤེས་པར་ཐག་ཆོད་པ་ནི༔ ཤེས་རབ་ཀྱི་དབང་པོ་ཡིན༔ ྈ དེ་ནས་བཅུ་བཞི་པ་དེའི་རང་ངོ་ལ་བལྟ་བ་ནི༔ འདི་དུས་རིག་པ་འཕྲོ་འདུ་མེད་པ་སྟོང་སང་ངེར་གནས་པའི་དུས་ན༔ གནས་ཆའི་མི་རྟོག་པ་དེ་སྒོམ་དུ་བཞེད་པ་མ་ཡིན༔ འདིའི་དུས་སུ་རང་རིག་ཧྲིག་གེ་སིང་ངེ་བའི་གསལ་མདངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་སྐྱོང་དགོས་པ་ཡིན༔ རིག་པ་ཡུལ་ལ་ཆར་ཆར་འཆར་དུས་རྣམ་རྟོག་གང་ཤར་ལ་ལྟ་བ་དེ་སྒོམ་དུ་འདོད་པ་མ་ཡིན༔ ཇི་སྐད་དུ་པདྨ་བཛྲ་གྱི་ཞལ་ནས༔ རྟག་ཏུ་རྣམ་པར་རྟོག་པ་སྒོམ་བྱེད་པ༔ དེ་ནི་བདེ་མེད་འཁོར་བའི་རྒྱུ༔ ཞེས་གསུངས་པས༔ འདི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པ་དེ་ཡེངས་མེད་དུ་སྐྱོང་ངོ༔ སྒོམ་མཐིལ་གྱི་གནད་འདི་མ་གོ་ནས༔ གནས་པ་དང་འགྱུ་བ་གཉིས་རེ་མོས་བལྟ་ཞིང་སྒོམ་གྱི་ངོ་བོར་འདོད་པ་ནི་འཁྲུལ་པའི་རྒྱུ་ཁོ་ནའོ༔ དཔེར་ན་སེམས་གནས་པ་ཙམ་ནི་བསམ་གཏན་གྱི་ལྷ་དང་འདྲ་ལ༔ འཕྲོ་བ་ཙམ་གྱིས་ཐ་མལ་གྱི་རྟོག་པ་དང་འདྲ་བས༔ འདི་ལ་ལོ་བརྒྱ་བསྒོམས་པས་ཀྱང་སངས་རྒྱས་ཐོབ་རེ་ན་ར་ཀན༔ ཞེས་ཨོ་རྒྱན་ཀློང་ཆེན་པས་བཞེད་དོ༔ འདི་དུས་གོང་གི་རིག་པ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་གྱི་རིང་ལ་བསྐྱང་ངོ༔ དེ་ལ་གོམས་པས་དེ་དང་མི་འབྲལ་བར་འགྱུར་རོ༔ ཁྲེགས་ཆོད་ཀྱི་དོན་ཡང་དག་པ་རིག་པ་རྗེན་པ་ཟང་ཐལ་ལེར་ཕུད་པ་གནད་ཡིན་གྱི༔ ཇི་སྐད་དུ་ཡི་གེ་མེད་པ་ལས༔ སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་ཡིན༔ ལྟ་བའི་རྩལ་གསུམ་རྫོགས་ན་སྣང་བ་ཆོས་སྐུའི་ཀློང༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ འདི་ལ་སྟོང་ཟིལ་ཆེ་བས་སྟོང་པ་ཉིད་ཡིན་སྙམ་ཞིང་བསྒོམས་པས༔ ཕུབ་མའི་ཆུ་ལྟ་བུར་སྟོང་ཉིད་ངོ་མི་ཤེས་ཤིང༔ སྟོང་ཉིད་རྒྱས་འདེབས་སུ་ཤོར་བས་ཡུལ་ཐམས་ཅད་སྟོང་ཉིད་དུ་གོལ༔ ལྷག་མཐོང་ཡུལ་སྣང་གི་དྲི་མ་མ་དག་པས་ཡུལ་སྣང་སོ་སོར་འཛིན་པས་གོལ༔ སྟོང་པ་ཉིད་ཀྱིས་སྟོང་ཉིད་གོལ་ཞིང༔ ཡོད་མིན་མེད་མིན་གྱི་ཏིང་ངེ་འཛིན་ནི་མི་རྟོག་པའི་གོལ་ས་ཡིན་པས༔ ཉམས་ལེན་མི་འོང་བས་སྤྲོས་བྲལ་ངོ་མ་མ་ཡིན་ནོ༔ ཇི་སྐད་དུ་ཡུམ་བར་མ་ལས༔ རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ་འོ༔ རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་རྣམས་བསམ་གཏན་གཉིས་པའོ༔ རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ༔ དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ༔ ཞེས་གསུངས་སོ༔ ནམ་མཁའ་ལྟ་བུར་དག་པར་སེམས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན༔ སེམས་ཉིད་སྤྲོས་པ་མེད་པ་ནི་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད༔ དེ་ལས་སྤྲོས་པ་དང་བྲལ་བར་ཅི་ཡང་མེད་པར་སེམས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད༔ དེ་ལས་ཡོད་མེད་སྤྲོས་པ་ཀུན་དང་བྲལ་བར་སེམས་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད༔ མདོར་ན་མི་རྟོག་པའི་གཤིས་ནམ་མཁའ་ལྟ་བུར༔ ཧུར་རེ་བ་ལས་སྤྲོས་པ་དང་བྲལ་བ་ནི༔ གཟུགས་མེད་དུ་སྐྱེ་བའི་གོལ་ས་ཆོད༔ སྤྲོས་བཅས་ཀྱི་ཤེས་སྒྲིབ་ཐམས་ཅད་དག་ནས་རིག་པ་ལྷུན་གྲུབ་ཏུ་ཧུར་རེ་ཟང་ཐལ་ལེ་བ་དེ་སྒོམ་སྐྱོན་མེད་དུ་བཞེད་དོ༔ ཇི་སྐད་དུ་འཇམ་དཔལ་མཚན་བརྗོད་ལས༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ ཅེས་གསུངས་སོ༔ འདི་ལ་སྣང་སྲིད་ཐམས་ཅད་རོ་གཅིག་པར་རྟོགས་ཤིང༔ ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་འཆར་བ་ནི་བཟོད་པ༔ དེ་ལས་མི་གཡོ་ཞིང་འགྱུར་བ་མེད་པ་ནི་ཆོས་མཆོག་ཡིན༔ དེ་ལྟར་མ་ཡིན་པར་འདིའི་སྐབས་སུ་སྟོང་ཉིད་གཅིག་པུས་གོ་མི་ཆོད༔ ཡོད་མིན་མེད་མིན་གྱི་ཆོས་གཏམ་བབ་ཆོལ་དུ་སྨྲ་བ་ནི༔ མུ་སྟེགས་པ་རྣམས་ཀྱང་དེ་ལྟར་སྨྲ་བ་ཡིན་མོད༔ ཇི་སྐད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ མེད་དགག་སྟོང་གསུམ་མུ་སྟེགས་ལྟ་བ་ཡིན༔ འགྲོ་འོང་སྟོང་ཉིད་གཤིས་ཤོར་དེ་བཞིན་ནོ༔ ཞེས་གསུངས་སོ༔ དེ་ལྟར་ཡིན་ན་ཞང་ཞུང་གི་བོན་པོ་རྣམས་ཀྱང༔ ཕྱི་ནང་སྟོང་པ་ཉིད་དང༔ སྣང་ལ་རང་བཞིན་མེད་པ་དང༔ གསལ་ལ་འཛིན་པ་མེད་པ་དང༔ བདེ་བ་ལ་རྟོག་པ་མེད་པ༔ གཤིས་ཅིར་ཡང་མ་གྲུབ་པ༔ མདངས་འགགས་མེད་དུ་སྣང་བ་སོགས་ཆོས་སྐད་ཆལ་ཆོལ་དུ་སྨྲ་འདུག་པས་བློའི་འཇུག་ཚུལ་གནད་གཅིག་པ་དང༔ ཆོས་དང་མུ་སྟེགས་བོན་རྣམས་ལ་ཁྱད་ཅུང་ཟད་མེད་པར་གོ་བའམ༔ དེ་ལྟར་ཡིན་ན་དེ་དག་རྣམས་ཀྱང་ལམ་དངོས་གཞི་ལྟ་བ་རྣམ་དག་ཡིན་ཅིང་ཐར་པ་ཁྱད་པར་ཅན་འགྲུབ་པར་འགྱུར་རོ༔ དེ་ལྟར་མི་བཞེད་པས༔ ཇི་སྐད་དུ་མགོན་པོ་ཀླུ་སྒྲུབ་སྙིང་པོའི་ཞལ་ནས༔ ཚུལ་ཁྲིམས་ཀྱིས་ནི་ཉམས་སླ་ཡིས༔ ལྟ་ལས་ཅིས་ཀྱང་མ་ཡིན་ནོ༔ ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་ཉིད༔ ལྟ་བས་གོ་འཕང་མཆོག་ཏུ་འགྱུར༔ ཞེས་གསུངས་པས༔ ལྟ་བའི་གནད་འགག་མ་ཁྲོལ་བའི་ཉེས་སྐྱོན་རྣམས༔ ཚུལ་ཁྲིམས་ངན་པ་ཚར་གཅོད་ཀྱི་མདོ་ལ་གཟིགས་དང༔ གང་ཟག་གི་ལྟ་བ་བཟང་ངན་རྣམས་དེར་གསལ་མོད༔ དེང་སང་གི་གང་ཟག་འགའ་ཞིག་གིས་ཤེས་པ་ཡིད་ལ་ཅི་ཡང་མི་བྱེད་པར་བཟོ་མེད་དུ་འཇོག་པས་སོ་མ་དང༔ མ་བཅོས་པ་དང༔ ལྷུག་པ་དང༔ སྤྲོས་བྲལ་དང༔ ཕྱག་རྒྱ་ཆེན་པོར་བཞེད་པ་རྣམས་ཏིང་ངེ་འཛིན་དང་འདུ་ཤེས་ཡོད་མིན་མེད་མིན་གྱི་ཁྱད་པར་མི་འབྱེད་ཅིང་ཆོས་གཏམ་འུར་ལྡིར་དུ་སྒྲོག་ཅིང༔ ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་མངོན་དུ་གྱུར་ཀྱང༔ འདི་དག་གི་འབྲས་བུ་ལེགས་པ་རྣམས་ནི་ལྷ་ཚེ་རིང་པོར་བསྐལ་ཆེན་བརྒྱད་ཁྲིར་མི་འཆི་བའི་ལྷར་སྐྱེ་བ་ཙམ་ཡིན་ནོ༔ དེང་སང་གི་གང་ཟག་འགའ་ཞིག་གིས་འདི་ཙམ་རྟོགས་པ་ཡང་ཤིན་ཏུ་ནས་ཉུང༔ འདིའི་དོན་ཡང་དག་རྟོགས་ཚུལ་ནི༔ དེ་ཡང་རྣམ་པར་རྟོག་པ་དག་པས་སྤྲོས་བྲལ་དུ་བཞེད་པ་ནི༔ ངོ་བོ་ཆོས་དབྱིངས་ནམ་མཁའ་ལྟ་བུར་སྟོང་ཞིང༔ རང་བཞིན་ལྷུན་གྱིས་གྲུབ་པས་འབད་རྩོལ་དང་བྲལ་བ༔ གཉིས་འཛིན་སྤྲོས་བྲལ་གྱི་ཡེ་ཤེས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་འདི་ལ༔ སངས་རྒྱས་སྟོང་བྱོན་ཀྱང་ལྟ་བ་བསྒྱུར་དུ་མི་བཏུབ༔ མུ་སྟེགས་པ་སྟོང་གིས་བརྒལ་ཀྱང་གླན་ཀ་མི་ཚུགས༔ ཇི་སྐད་དུ་ཕར་ཕྱིན་ལས༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ ཞེས་གསུངས་སོ༔ དབུ་མ་རྩ་བ་ལས༔ ཐ་དད་དུ་མིན་དོན་གཅིག་མིན༔ ཞེས་གསུངས་པས༔ ཕྱི་ནང་གི་སྣང་ཡུལ་ལ་དེར་འཛིན་མ་ཞུགས་པའི་ངོས་ནས༔ བློས་བྱས་མ་ཡིན་པར་སྟོང་ཉིད་སྙིང་རྗེ་ཆེན་པོར་ཟུང་དུ་འཇུག་པའི་ཁྱབ་བརྡལ་ཆེན་པོ་དེ་ཡིན་གྱི༔ འདིའི་གནད་གོ་བ་ཤིན་ཏུ་གལ་པོ་ཆེ་བས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ སྒོམ་གྱི་གནད་མཐིལ་གོལ་ཤོར་གྱི་ས་མཚམས་རྣམས་ཡེ་ནས་ཏིལ་འབྲུ་ཙམ་ཡང་མ་གོ་བའི་སྟོང་ཉིད་ཀྱི་ཧང་སྒྲ་སྒྲོག་པ་ནི་ངན་འགྲོའི་ས་བོན་ཁོ་ནའོ༔ མདོར་ན་རྩེ་གཅིག་ལ་སྟོང་སྣང་གི་ཉམས་དང་རྗེས་ཐོབ་འཁྲུལ་པ་ཁོ་ན་ཡིན༔ སྤྲོས་བྲལ་ལ་གསལ་སྟོང་གི་ཉམས་དང༔ རྗེས་ཐོབ་སྒྱུ་མ་དང་རྨི་ལམ་ལྟ་བུར་གཤིས་ཤོར་གྱི་དྲི་མ་ཁོ་ནའོ༔ འདིར་ཡང་དག་གི་དོན་སྟོབས་ལྔ་དང་སྦྱར་ན༔ གནས་ལུགས་ཀྱི་དོན་ལ་རང་ངོ་རང་གིས་ཤེས་ཤིང་འཁོར་འདས་ཀྱི་བློས་མ་རེག་ཅིང་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ནི་དད་པའི་སྟོབས་ཡིན༔ དེ་ཉིད་ལས་འགྱུར་བ་མེད་པར་རོ་གཅིག་ཏུ་རྟོགས་པ་ནི་དྲན་པའི་སྟོབས་ཡིན༔ ང་བདག་གི་སྤྲོས་མཐའ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཡིན༔ དེ་ལ་རེས་འཇོག་དང་འཕོ་འགྱུར་མེད་པ་ནི་བརྩོན་འགྲུས་ཀྱི་སྟོབས་ཡིན༔ རང་བྱུང་གི་རྟོགས་པ་ཡེ་ཤེས་སུ་ངོ་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་ཡིན༔ སྣང་གྲགས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་རྟོགས་ཤིང་རང་རིག་རྗེན་ནེར་མཐོང་བས་བུམ་པའི་དབང་ཡིན༔ སྟོང་ཉིད་སྙིང་རྗེ་ཆེན་པོར་ཡ་མ་བྲལ་བར་བརྡལ་བ་ནི་དགའ་བའི་ཡེ་ཤེས་ཡིན༔ སྣང་ཡུལ་དེར་འཛིན་ཕྲ་མོ་ཙམ་ཡང་མེད་ངོས་ནས༔ རང་རིག་སྟོང་གསལ་གྱི་རིག་པ་རྗེན་ཐལ་ལེ་བ་དེའི་ངང་ལས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད༔ རང་རིག་ལྷུན་གྲུབ་ཏུ་སྒྱུ་མ་ལྟ་བུར་རྟོགས་པས༔ དེ་མ་ཡིན་པའི་ཆོས་འགའ་མེད་པས༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ་རིག་འཛིན་ནཱ་གརྫུ་ནའི་ཞལ་ནས༔ རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ དེ་བཞིན་སྟོང་ཉིད་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ ཞེས་གསུངས་པ་དང༔ མདོ་ལས༔ ཆོས་རྣམས་རྟེན་ཅིང་འབྲེལ་ལས་འབྱུང༔ ཐེར་ཟུག་མ་ཡིན་རྐྱེན་ལས་འབྱུང༔ མ་སྐྱེས་པ་ཡི་དོན་བསྒོམ་པ༔ དེ་ནི་ཏིང་ངེ་འཛིན་ཞེས་བྱ༔ ཞེས་གསུངས་སོ༔ ྈ བཅོ་ལྔ་པ་རོ་གཅིག་ཏུ་ན་སྤར་བ་ནི༔ སྤྲོས་བྲལ་གྱི་ལམ་སྟེགས་སུ་རྩེ་གཅིག་དང༔ རོ་གཅིག་གི་ལམ་སྟེགས་སུ་སྤྲོས་བྲལ་བཤད་པ་ཡིན་རུང༔ མཐར་ཐུག་པ་ཡང་དག་གི་ལམ་ནི་མ་ཡིན་ནོ༔ ཅི་ཕྱིར་སེམས་དང་། རྣམ་རྟོག་དང་། བག་ཆགས་དང་། ཀུན་གཞི་དྲི་མ་ཆ་ཤས་དང་བཅས་པ་མ་དག་པས་མཉམ་གཞག་ལ་གནས་ཞེན་གྱི་དྲི་མ༔ རྩེ་གཅིག་ལ་གཏི་མུག་གི་དྲི་མ༔ ལྷག་མཐོང་ལ་ཡུལ་ཞེན་གྱི་དྲི་མ༔ དེ་རྣམས་རིམ་བཞིན་དག་དགོས་པའི་ཕྱིར༔ ཇི་སྐད་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དེ་ཉིད་ཀྱི་ཞལ་ནས༔ ཡིན་པ་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅི་ཡང་མ་འགགས་པས༔ སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ༔ ཞེས་གསུངས་པས༔ ངོ་རང་ཐོག་ཏུ་སྤྲད༔ ཐག་གཅིག་ཐོག་ཏུ་བཅད༔ གདིང་གྲོལ་ཐོག་ཏུ་བཅའ་དགོས་པས༔ ད་ལྟའི་ཤེས་པ་སྣང་ཡུལ་དུ་འགྲོ་འོང་གི་རྒྱས་མ་བཅིངས་པར་རང་ཡན་དུ་ལྷུག་པར་འཇོག་པར་ཞུ༔ དེ་ཚེ་རང་སེམས་ཀྱི་ངོ་བོ་སྟོང་གསལ་བསྒྲུབ་ཏུ་མེད་པར་སྣང་ཡུལ་ལ་སྣ་ཚོགས་སུ་ཤིན་ཏུ་ཕྲ་བ་མཐོང་བར་དཀའ་བས༔ ལྷུན་གྱིས་གྲུབ་པའི་ངང་དུ་བཞག་པ་གལ་པོ་ཆེའོ༔ སྣང་སྟོང་དབྱེར་མི་ཕྱེད་པའི་ཉམས་འཁྲུངས༔ དེ་ལ་ངེས་ཤེས་ཡོད་པས་སྟོང་ཉམས་ཡེ་ཤེས་ཀྱི་དྲི་མ་ཡིན༔ དེ་ལ་གོམས་པས་རྩོལ་མེད་ཀྱི་རང་རིག་ཟང་ཐལ་ལེ་བ་དེ༔ རང་ངོ་མཐོང་བས་མཐོང་བའི་ལམ་ཡིན༔ མཉམ་བཞག་རིག་སྟོང་གི་ཉམས་ཡིན༔ རྗེས་ཐོབ་འོད་གསལ་དང་རྗེས་སྣང་གིས་སྤྲུལ་སྐུར་དགའ་བྲོད་དང་བཅས་ནས་མཐོང་བས༔ ས་དང་པོ་རབ་ཏུ་དགའ་བ་ཡིན་རུང༔ སེར་སྣའི་སྒྲིབ་པ་ཡོད༔ ྈ བཅུ་དྲུག་པ་ཟང་ཐལ་རྗེན་པ་དེ་ལ་འཛིན་པ་མེད་པར་བསྐྱངས་པས༔ མཉམ་རྗེས་དབྱེར་མེད་དུ་འདྲེས་རུང༔ དེ་འདྲེས་པའི་ངེས་ཤེས་ཀྱི་དགའ་བློ་ཡོད༔ དེ་ལ་གོང་གི་ཟང་ཐལ་དེ་གོམས་པས༔ ཉོན་སྒྲིབ་ཆེ་ཕྲ་དག༔ སྣང་སེམས་དབྱེར་མེད་གྱུར༔ ས་གཉིས་པ་ཡིན་རུང༔ འདྲེས་བྱ་འདྲེས་བྱེད་དམ་ཁྲིམས་འཆལ་གྱི་སྒྲིབ་པ་ཡོད༔ ྈ བཅུ་བདུན་པ་རང་གྲོལ་དེ་ངང་དུ་ཤིགས་སེར་བཞག་པས༔ རང་རིག་ཟང་ཐལ་རྗེན་པ་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པས་རོ་གཅིག་ཅེས་སོ༔ འདི་ས་གསུམ་པ་ཡིན་རུང༔ མ་རིག་པ་ཁོང་ཁྲོའི་སྒྲིབ་པ་ཡོད༔ དེ་ཙམ་ཉམས་སུ་ལེན་པར་ཞུ༔ ྈ བཅོ་བརྒྱད་པ་ད་དུང་ཡིད་སྒྲིབ་ཡོད་པས་གང་གོམས་པ་དེ་དང་མ་བྲལ་བར་བསྐྱངས་པས༔ སྒོམ་དང་འབྲལ་བ་མེད་རུང༔ ཤིན་ཏུ་ཆ་ཕྲ་མ་རིག་པའི་དྲི་མ་ཡོད་པས༔ ཟང་ཐལ་རྗེན་པ་དེ་རྒྱང་སོའི་འཛིན་ཕུར་དང་མ་བྲལ་བར་བསྐྱངས་པས༔ རིག་པ་ཤེལ་སྒོང་གཡའ་བྲལ་ལྟ་བུར་བརྟེན༔ ས་བཞི་པ་ཡིན་རུང་འདིར་ལེ་ལོའི་སྒྲིབ་པ་ཡོད༔ ྈ བཅུ་དགུ་པ་རྩོལ་མེད་ཤུགས་འབྱུང་བརྩོན་འགྲུས་དྲག་པོས་བསྐྱངས་པས༔ སྤྲོས་བྲལ་གྱི་སྐབས་སུ་ངོ་བོའི་ཆ་སྟོང་པ་དེ་འདིར་རོ་གཅིག་གི་དུས་སུ་ཆོས་ཀྱི་སྐུར་ཤར་ཞིང་། རྟོགས་པའི་མདངས་འགག་མེད་དེ་ལོངས་སྤྱོད་རྫོགས་སྐུར་ཤར༔ དེ་ཉིད་ཀྱི་ངོ་བོ་ཀུན་ཁྱབ་ཏུ་ཕྱམ་མེ་བ་དེ་སྤྲུལ་པའི་སྐུར་ཤར༔ སྤྲོས་བྲལ་གྱི་གསལ་སྟོང་དབྱེར་མེད་གསུམ་དང་སྐུ་གསུམ་དབྱེར་མེད་གཅིག་ཏུ་ཤར་བས་ན་རོ་གཅིག་ཅེས་སོ༔ འཁོར་འདས་དབྱེར་མེད་དུ་དག་ཅིང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཏིང་ངེ་འཛིན་ལས༔ སེམས་དང་བག་ཆགས་རྣམས་སངས་ཤིང་རིག་པ་རྗེན་པ་ལས་གཞན་གཡོ་བ་མེད་པས་རོ་གཅིག་དུ་མའམ་དུ་མ་རོ་གཅིག་ཏུ་བཞེད་དོ༔ ཇི་སྐད་དུ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་གསུངས་པས༔ འདི་རང་བྱུང་ཀ་དག་གི་གཞི་དེ་དང་བླ་མས་ངོ་སྤྲད་པའི་རིག་པ་གཉིས་དབྱེར་མེད་དུ་རྟོགས་པས་རོ་གཅིག༔ དྲི་མ་དང་བཅས་པའི་དུས་ན་གཞི༔ དྲི་མ་དེ་སྦྱོང་བའི་དུས་ན་ལམ༔ དྲི་མ་མཐའ་དག་དང་བྲལ་བའི་དུས་ན་འབྲས་བུ་རོ་གཅིག་པར་བཞེད་དོ༔ དོན་འདི་མ་གོ་ན་གཟུང་འཛིན་གྱི་རྣམ་རྟོག་མེད་མོད་ཀྱང་སྒོམ་བྱེད་ཀྱི་ཞེན་པ་ཡོད་ན་གོལ༔ གོང་བཞིན་སྟོང་བརྟགས་འཕྲོ་གསུམ་ལ་སྒོམ་བྱས་ན་བསམ་གཏན་བཞི་པ་འཇིག་རྟེན་པའི་བསམ་གཏན་རྣམས་སུ་གོལ༔ ༼སྤྲོས་མཐའ་དང་བྲལ་ཞིང་རིག་སྟོང་དབྱེར་མེད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ནི་གསང་བའི་དབང་ངོ༔་་་འདིར་མཆོག་དགའི་བཤད་པ་ཆད་དམ་དཔྱད།མཆན།༽ འདིར་ཡང་དག་པའི་ས་ལྔ་པ་ཡིན་རུང༔ རྣམ་པར་གཡེང་བའི་སྒྲིབ་པ་ཡོད་དོ༔ དེ་ནས་ཡང་དག་ཏུ་རྟོགས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི༔ སེམས་སྤྲོས་པ་མེད་པར་རང་རིག་ཟང་ཐལ་གྱི་ཏིང་ངེ་འཛིན་ཡང་དག་པ་དེ་ནི༔ བྱང་ཆུབ་ཀྱི་ཡན་ལག་དང་པོ་ཡིན༔ རྟོག་མེད་དུ་རང་བཞིན་གྱིས་འོད་གསལ་བ་དེ༔ དགའ་བ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གཉིས་པ་ཡིན༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་དོན་རང་རིག་གི་ངོ་བོར་རྟོག་པ་ནི༔ ཤིན་ཏུ་སྦྱང་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གསུམ་པ་ཡིན༔ འཁོར་འདས་སམ་བཟང་ངན་གྱི་སྤང་བླང་དང་བྲལ་བ་ནི༔ བརྩོན་འགྲུས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་བཞི་པ་ཡིན༔ དེ་ཁོ་ནའི་ངང་ནས་ས་ལམ་དང་འཁོར་འདས་ཀྱི་སྤུ་རིས་འབྱེད་པ་ནི༔ ཆོས་རབ་རྣམ་པར་འབྱེད་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ལྔ་པ་ཡིན༔ བཟང་ངན་ནམ་ཕྱོགས་ལྷུང་གཟུང་འཛིན་གྱི་ཞེན་ཆགས་དང་བྲལ་བ་ནི༔ བཏང་སྙོམས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དྲུག་པ་ཡིན༔ དེ་ལས་འཕོ་འགྱུར་མེད་པ་ཀ་དག་གི་ངོ་བོ་ཧུར་རེ་བ་དེ་ནི༔ དྲན་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་པ་ཡིན་ནོ༔་་་༼བར་འདིར་གསང་དབང་དང་མཆོག་དགའ་སྦྱར་བ་ཆད་དམ་དཔྱད།མཆན།༽ ཡང་དག་པའི་དྲན་པ་སྣང་སྟོང་ཟུང་དུ་འཇུག་ཅིང༔ རང་རིག་ཀ་དག་དེ་ལས་འཕོ་འགྱུར་མེད་པ་ནི༔ ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པ་ཡིན༔ རང་རིག་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཟག་མེད་བདེ་བ་ཆེ་ལ་ལོངས་སྤྱོད་པ་ནི༔ དགའ་བྲལ་གྱི་ཡེ་ཤེས་ཡང་དག་གོ༔ ཏིང་ངེ་འཛིན་དང་སྦྱར་ན༔ རང་བྱུང་ལྷུན་གྲུབ་ཀྱི་རིག་པ་གཟའ་གཏད་དང་བྲལ་བ་ཧུར་རེ་བ་དེ་ལས་མ་གཡོས་ཤིང་། ཉོན་མོངས་པ་ཐམས་ཅད་རང་དབྱིངས་སུ་འཇོམས་པའི་དཔའ་བོ་ལྟ་བུ་དང་འདྲ་བས་ན༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན་ལ༔ ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ སེམས་ཅན་ཐམས་ཅད་སེམས་གཅིག་སྟེ༔ འོད་གསལ་སྐྱེ་བ་མེད་པའི་དོན༔ ཉོན་མོངས་འཇོམས་པའི་དཔའ་བོ་སྟེ༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉི་ཤུ་པ་འུབ་ཆུབ་བློ་འདས་ཆེན་པོར་བསྐྱལ་བ་ནི༔ ཡེ་རྫོགས་ཆེན་པོའི་རིག་པ་མངོན་སུམ་རྗེན་པར་ཉམས་སུ་ལེན་དགོས་པས༔ མདོར་ན་ཚོགས་དྲུག་གི་ཡུལ་དུ་ཕར་འཆར་རམ་རང་བབ་ཏུ་ཤེས་པ་ནང་དུ་གནས་རུང༔ རང་རིག་རང་གསལ་རྗེན་པ་རང་རིག་ཏུ་ཧུར་རེ་བ༔ ངན་རྟོག་ཏུ་ཤར་ཡང་རིག་སྟོང་དུ་རྗེན་སང་ངེ་བ༔ བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་ཧྲིག་གེ་ཧུར་རེ་བ༔ རང་བབ་ཏུ་གནས་ཀྱང་ཧར་རེ་བ་ཡུལ་གྱི་རྒྱར་འཛིན་པས་མ་བསླད་པ༔ སྤང་ལེན་མ་འཇུག་པར་ས་ལེ་སིང་ངེ་ཧྲིག་གེ་ཧུར་རེ་བའི་རིག་པ་ཟང་ཐལ་འདི་ཆོས་སྐུར་ངོས་བཟུང་ཞིང༔ རང་རིག་རང་བྱུང་གི་ཡེ་ཤེས༔ ཡིན་ལུགས་ཆོས་སྐུ་རང་མལ་གྱི་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས༔ དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན༔ ས་དྲུག་པ་ཐོབ་རུང་ཤེས་རབ་འཆལ་བའི་སྒྲིབ་པ་ཡོད༔ འཁོར་བ་ཆོས་སྐུར་སོང་བ་ཞེས་བཞེད༔ ཇི་སྐད་དུ་མུ་ཏིག་ཕྲེང་བ་ལས༔ རང་བཞིན་དག་པའི་ཆོས་རྣམས་ལ༔ དྲི་མ་མེད་པས་ཕྲ་རགས་ལོག༔ གཟུང་འཛིན་མེད་པས་འཁྲུལ་པ་ལོག༔ འགྱུ་བ་མེད་པས་ལས་རླུང་ལོག༔ ཟང་ཐལ་ཡིན་པས་ངོ་བོར་ལོག༔ ཅེས་པ་ལ་སོགས་ལུང་ཤིན་ཏུ་མང་བས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉེར་གཅིག་པ་རང་རིག་རྗེན་པ་དེ་འཆར་རམ་གནས་ཀྱང༔ བཅོས་བསླད་མེད་པར་གསལ་ངར་དང་ལྡན་པ་རྗེན་ཡེ་རེ་ངོས་བཟུང་ཡང་རིག་པ་རྗེན་ཧུར་རེ་བ་དེ༔ དུས་གསུམ་རྟོག་བྲལ་གྱི་སྟེང་དུ་བཞག་པས༔ ཆོས་སྐུ་རང་ཞལ་རང་བཞིན་བར་མེད་ཀྱི་བསམ་གཏན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ་ཁྱུང་ཆེན་ལས༔ སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ༔ མ་གཟུང་མ་བསླད་མ་གཏང་རང་སོ་སྟེ༔ གཅིག་གི་གསུམ་ལས་སུ་ཡིས་ཕོག་པ་ཉིད༔ རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ༔ ཞེས་གསུངས་པས༔ འདི་ལ་རྣམ་རྟོག་སྣང་ཡང་རང་ངོ་མི་ཤེས་པའི་ཡེ་ཤེས་རྗེན་ལ་བུད་ཅིང༔ གཟུང་འཛིན་དང་དུས་གསུམ་འབྲེལ་ཐག་ཆོད་པའི་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་ཉམས་སུ་ལེན་དགོས་པ་ཡིན༔ ཇི་སྐད་དུ་སེང་གེ་རྩལ་རྫོགས་ལས༔ ཡེ་ཤེས་རང་སྣང་ངོ་བོ་ནི༔ ལུས་ངག་ཡིད་རྣམ་རྟོག་མེད་དེ༔ འདས་པའི་ཡུལ་དང་མ་འོངས་ཡུལ༔ སྣང་བ་ཐད་ཀར་གཅོད་པ་འོ༔ ཞེས་གསུངས་པས༔ ཤེས་པ་རྐྱེན་དྲག་པོས་དུག་ལྔ་བསླང་ཞིང་རྣམ་རྟོག་ཇི་ལྟར་སྐྱེས་ཀྱང་དེ་ཀ་ནས་རིག་པ་རྟོག་མེད་དུ་ངོས་རྗེན་པར་བཟུང་བས་ཡེ་ཤེས་ཁྱད་དུ་གསལ་ཚེ་དགའ་བ་དང་མི་དགའ་བའི་བཟང་རྟོག་ངན་རྟོག་ཇི་ལྟར་ཤར་ཡང་རང་རིག་མ་གཏོག་པ་མི་འཆར༔ ངོས་ནམ་ཟིན་ཚེ་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ཆོས་སྐུ་ཡིན་པས་ས་བདུན་པའོ༔ འདིར་ཐབས་ལ་མི་མཁས་པའི་སྒྲིབ་པ་ཡོད༔ ཆོས་སྐུ་ཐོབ་པ་ནི༔ ཇི་སྐད་དུ་རྒྱུད་རིན་ཆེན་སྤུངས་པ་ལས༔ གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ༔ ང་ཡི་སྐུ་ཡི་རོལ་པ་ཡིན༔ འདི་ལ་ང་མེད་པ་ཡི་མི༔ ང་ཡི་སྐུ་ལ་འདི་ཡིས་རེག༔ ཅེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉེར་གཉིས་པ་རང་གི་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་ལས་བཅིངས་གྲོལ་མེད་པའི་ངོ་བོ་དེ་གྲོལ་ཞེས་ཐ་སྙད་ཙམ་ཡིན་མོད༔ རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ཡེ་གྲོལ་གྱི་ཆོས་སྐུ་ཡིན་ལ༔ ཡེ་གྲོལ་ཞེས་པ་ནི༔ གློ་བུར་གྱིས་གྲོལ་བ་མ་ཡིན་གྱི༔ ཐོག་མར་གྲོལ་ཟིན་ནས་ད་བསྐྱར་ནས་གྲོལ་རྒྱུ་མེད་པས་ཡེ་གྲོལ་ཞེས་སོ༔ རིག་པ་ཡེ་ནས་འཁྲུལ་མ་མྱོང་བའི་ཕྱིར༔ གྲོལ་རྒྱུ་མེད་པ་ཞེས་བྱའོ༔ རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལས་གཞན་ཕ་རོལ་ཏུ་སངས་རྒྱས་རྒྱུ་མེད་པས་གྲོལ་ཞེས་ཐ་སྙད་ཙམ་དུ་ཡིན་མོད༔ ས་བརྒྱད་པ་ནོན་རུང༔ སྟོབས་ལ་མི་མཁས་པའི་སྒྲིབ་པ་ཡོད༔ ྈ ཉེར་གསུམ་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང༔ གྲོལ་ཡང་རང་རིག་བདེ་བ་ཆེན་པོར་གྲོལ་བར་རྟོགས་པས༔ ལྟ་སྒོམ་སྤྱོད་པ་ཐམས་ཅད་ཡུལ་ཞེན་ལ་བརྟེན་པའི་སྒོམ་སྐྱོན་ཅན་ལྟ་བུ་མ་ཡིན་གྱི༔ དོན་ལས་རང་རིག་བློ་ཟད་ཆོས་ཟད་འུབ་ཆུབ་བློ་འདས་ཆེན་པོའི་ངང་དུ་བསྐྱལ་བ་ཡིན་མོད༔ ཤེས་བྱའི་སྒྲིབ་པ་ཆ་ཕྲ་རྣམས་དག༔ ཉིན་མཚན་དབྱེར་བསལ་མི་འབྱེད་པའི་ཉམས་བྱེད༔ ས་དགུ་པ་ཡིན་རུང༔ སྨོན་ལམ་མ་དག་པའི་སྒྲིབ་པ་ཡོད༔ རང་རིག་ཟང་ཐལ་རྗེན་ཧུར་རེ་བའི་ཆོས་སྐུ་དེ་ཀློང་བདེ་བ་ཆེན་པོའི་ངང་དུ་ཉམས་སུ་ལེན་པར་ཞུ༔ ྈ ཉེར་བཞི་པ་སྟོང་གསལ་གྱི་རྩལ་གཞིའི་ཐོག་ཏུ་རྫོགས༔ ཆོས་ཐམས་ཅད་རང་རང་གིས་སྒྲིབ་པ་སྤངས་ཤིང༔ འཁོར་འདས་ཆམ་གྲོལ་དུ་དག་པས་སྒོམ་མེད་ཅེས་རྣམ་ཀུན་མཆོག་ལྡན་གྱི་རྣལ་འབྱོར་ཟེར་ཏེ༔ གཞི་གསུམ་ལས་ཐོག་མའི་ཡེ་གཞི་ལ་བག་ཆགས་མ་རིག་པའི་ཆ་ཤས་ཡོད་པས་ཡེ་གཞི་ཡིན༔ ལམ་གྱི་སྐབས་སུ་སྒྲིབ་པ་ཐམས་ཅད་སྦྱོང་ཞིང་ཡོན་ཏན་སྐྱེ་བའི་གཞི་ཡིན༔ འདི་གཉིས་ནི་འཁོར་བའི་ཆ་དང་འདྲེས་པའི་ལམ་མོ༔ ཡེ་ནས་སྤྲོས་བྲལ་གྱི་མདངས་རྩལ་ལས༔ རྣམ་རྟོག་མ་རིག་པའི་ཆ་ཤས་དག་སྟེ༔ རང་རིག་ཟང་ཟལ་རྗེན་ཧུར་རེ་བ་ལས་གཡོ་བ་མེད་པ་ནི༔ གཞི་འབྲས་དབྱེར་མེད་རང་རིག་ཀ་དག་གདོད་མའི་སངས་རྒྱས་ཆོས་སྐུ་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་གྱུར་པར་བཞེད་ལ༔ ཇི་སྐད་དུ་སྐུ་གསུམ་འཇུག་པའི་མདོ་ལས༔ ཀུན་གཞི་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཉོན་མོངས་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི༔ སོ་སོར་རྟོག་པའི་ཡེ་ཤེས་སོ༔ སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་པ་འདི་དག་ནི་ཉོན་མོངས་ཀྱི་ཆ་གློ་བུར་གྱི་དྲི་མ་དག་པས༔ ཡེ་ཤེས་ཀྱི་ངོ་བོ་ལ་འཕོ་འགྱུར་མེད་པས་སྒོམ་བྱེད་ཀྱི་ཉམས་ཐམས་ཅད་དང་བྲལ་ཞིང་རྟོགས་པ་ཟང་ཐལ་རྗེན་ཧུར་རེ་ཤར༔ རྗེས་ཤེས་དབྱིངས་སུ་དག་པ་ཡིན་ནོ༔ དེང་སང་གི་སྒོམ་ཆེན་འགའ་ཞིག་གིས་སེམས་སངས་རྒྱས་སུ་བཞེད་རུང༔ རྒྱལ་བ་གོང་མ་རྣམས་དང་ཐ་ན་ཁོ་བོས་ཀྱང་སེམས་སངས་རྒྱས་སུ་མི་འདོད༔ རྣམ་རྟོག་ནི་མ་རིག་པ་ཡིན༔ ལས་དང་ཉོན་མོངས་པ་བག་ཆགས་ངན་པའི་རྟེན་ཐམས་ཅད་སེམས་ཡིན༔ རྣམ་རྟོག་ཐོལ་གྱི་སྐྱེས་ཚེ་ཅེར་གྱིས་བལྟས་པས་རྗེན་ནེར་གནས་པ་དེ་སྒོམ་ཡང་དག་ཆོས་སྐུར་བཞེད་པ་ནི༔ སེམས་སམ་རྣམ་རྟོག་དང་རིག་པ་ཡེ་ནས་མ་ཕྱེད་པ་ཡིན༔ རིག་པའི་ངོ་བོ་ནི་རྟེན་མེད་ཡུལ་བྲལ་ལས༔ རྣམ་རྟོག་གི་དྲི་མས་མ་གོས་པ༔ ངོ་བོ་རང་བཞིན་ཐུགས་རྗེའི་རང་རྩལ་ལྷུན་གྲུབ་ཏུ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལས་གཡོས་པ་མེད་པ་དེ་ཡིན་མོད༔ སེམས་རིག་གི་རྣམ་དབྱེ་ནི༔ ཇི་སྐད་དུ་རྫོགས་པ་ཆེན་པོ་གནད་རྒྱུད་ཀློང་ཡངས་ལས༔ འཁོར་བའི་ཆོས་ཐམས་ཅད་སེམས་ལ་བརྟེན་ན༔ སེམས་ཀྱི་ཉོན་མོངས་པ་དག་དུས་འཁོར་བ་དག༔ འདས་པའི་ཆོས་ཐམས་ཅད་རིག་པ་ལ་བརྟེན༔ རིག་པ་ཡིན་ཐོག་ཏུ་བཞག་པས་སངས་རྒྱས་རང་ཆས་སུ་འཆར༔ ཞེས་གསུངས་པས༔ སེམས་ཀྱི་ངོ་བོ་ནི་མ་རིག་པ་ཡིན༔ རིག་པའི་ངོ་བོ་ནི་སངས་རྒྱས་ཡིན༔ སེམས་ཀྱི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་ཡིན༔ རིག་པའི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་མ་ཡིན༔ སེམས་ཀྱི་ངོ་བོ་ནི་གཟུང་འཛིན་འཁྲུལ་པ་ཡིན༔ རིག་པའི་ངོ་བོ་ནི་གཟུང་འཛིན་དང་བྲལ་ཞིང་མ་འཁྲུལ་པའི་རང་བཞིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤྲོས་མཐའ་དང་མ་བྲལ༔ རིག་པའི་ངོ་བོ་ནི་སྤྲོས་མཐའ་དང་བྲལ་བའོ༔ སེམས་ཀྱི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད༔ རིག་པའི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད་ལས་འདས་པ་ཡིན༔ སེམས་ཀྱི་ངོ་བོ་ནི་རླུང་ཞོན་གྱི་གདངས༔ རིག་པའི་ངོ་བོ་ནི་རླུང་མེད་རང་གསལ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་འདུས་བྱས་ཀྱི་རྐྱེན་དབང་། རིག་པའི་ངོ་བོ་ནི་འདུས་མ་བྱས་པ་རྐྱེན་དང་བྲལ་བ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་རིག་པ་ལ་ལྟོས་པ༔ རིག་པའི་ངོ་བོ་ནི་སེམས་ལ་མ་ལྟོས་སོ༔ སེམས་ཀྱི་ངོ་བོ་ནི་སྐྱེ་འགག་གནས་གསུམ༔ རིག་པའི་ངོ་བོ་ནི་འཕོ་འགྱུར་མེད་པ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤང་བྱའི་སྒྲིབ་པ༔ རིག་པའི་ངོ་བོ་ནི་འཐོབ་བྱའི་ཡེ་ཤེས་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་གློ་བུར་འཁྲུལ་རྟོག༔ རིག་པའི་ངོ་བོ་ནི་ཡེ་ནས་ཆོས་ཀྱི་སྐུ་ཡིན་ནོ༔ ཞེས་པས་སེམས་སངས་རྒྱས་སུ་འདོད་པ་ན་ལས་དང་ཉོན་མོངས་པ་ཟད་པའི་ཚེ་ན༔ འབྲས་བུ་སངས་རྒྱས་པ་ཡང་ཟད་པས༔ གཉིས་མེད་སེང་གེ་ཡིན་མོད༔ ཇི་སྐད་དུ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་གསུངས་པ་དང༔ ཡང་རྒྱུད་དེ་ཉིད་ལས༔ སེམས་ལ་སངས་རྒྱས་འདོད་པ་ནི༔ མོ་གཤམ་བུ་དང་གཉེན་བྱེད་འདྲ༔ ཞེས་པ་དང༔ རིག་པ་རང་གསལ་གྱི་དུས་ན་རྣམ་རྟོག་ཐོལ་བྱུང་གི་ངོ་བོ་ལ་སྒོམ་ཟེར་ཞིང་སྒོམ་མཐིལ་བྱས་ཀྱང་། དེ་ལ་བལྟས་པས་ཡེ་ཤེས་སུ་འཆར་བ་མ་ཡིན༔ རྣམ་རྟོག་གློ་བུར་དེ་རྟག་མི་ཐུབ་པ་ཁོ་རང་གི་མཚན་ཉིད་ཡིན་མོད༔ དེ་མི་གཅིག་པས་འགྱུ་བ་རང་ཞི་རང་དག་ཏུ་སོང༔ གང་ཟག་གི་རིག་པའི་ངོ་བོ་ཟང་ཐལ་རྗེན་ཧུར་རེ་བ་དྲི་མ་མེད་པ་ཆོས་སྐུ་དེ་ངོ་ཤེས་པས་རྣམ་རྟོག་གིས་ཕན་ཡང་མ་བཏགས་གནོད་ཀྱང་མ་བསྐྱལ་ལོ༔ དཔེར་ན་ནམ་མཁའ་ནས་སྤྲིན་དང་ན་བུན་ཇི་ལྟར་བྱུང་ཡང་ནམ་མཁའ་རང་ལས་བྱུང་ཞིང་། ཐིམ་ཡང་ནམ་མཁའ་རང་གི་དབྱིངས་སུ་ཡལ་བ་བཞིན༔ ནམ་མཁའ་རང་གི་ངོ་བོ་ལ་སྐྱེ་འགག་མེད་ཀྱང་། རྩལ་མ་འགགས་པར་སྤྲིན་དང་ན་བུན་བྱུང་བ་དང་འདྲ་མོད༔ ཇི་སྐད་དུ་དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ནམ་མཁའི་ངོ་བོ་མ་གཡོས་ཀྱང༔ སྤྲིན་དང་ན་བུན་ཁུ་རླངས་གསུམ༔ བྱུང་ཡང་ནམ་མཁའི་རྩལ་ལས་བྱུང༔ ཐིམ་ཡང་ནམ་མཁའི་དབྱིངས་སུ་ཐིམ༔ ཞེས་གསུངས་པས༔ རྣལ་འབྱོར་པས་རིག་པའི་ངོ་བོ་ལ་གཡོ་བ་མེད་ཀྱང་། འགགས་མེད་ཀྱི་རྩལ་ལས་རྣམ་རྟོག་འགྱུ་དྲན་ཇི་ལྟར་ཤར་ཡང་། རིག་པའི་ངོ་བོ་ལ་གཡོ་བ་མེད་པར་ཟང་ཐལ་རྗེན་ཧུར་རེ་བའི་དུས་ན༔ རྣམ་རྟོག་གི་ངོ་བོ་ཆོས་སྐུར་ཤར་བ་ཡིན་སྙམ་ན༔ དེ་ལྟར་མ་ཡིན་རྣམ་རྟོག་གི་འགྱུ་བ་དག་བྱ་བསལ་བྱ་འགག་བྱ་མེད་པའི་ཚུལ་གྱིས་ཟད༔ རང་བྱུང་ཡེ་ཤེས་ཀྱི་རླུང་དེ་ངང་གིས་སྟོབས་སུ་རྒྱས་པས༔ རང་རིག་ཟང་ཐལ་རྗེན་ཧུར་རེ་བ་དེ་ནི༔ སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་མོད༔ དེ་ལྟར་སེམས་རིག་མ་ཕྱེད་པའི་སྐྱོན་ནི༔ ཇི་སྐད་དུ་རྫོགས་ཆེན་རིན་ཆེན་བཅུད་ཐིག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས༔ ཀུན་གཞི་ཆོས་སྐུ་མ་ཕྱེད་ན། ཆུ་དང་འོ་མ་འདྲེས་པ་འདྲ༔ གནས་ལུགས་གཏན་ལ་མ་ཕེབ་ན༔ བྱ་སྒྲོ་རླུང་གིས་ཁྱེར་བ་འདྲ༔ སེམས་དང་རིག་པ་མ་ཕྱེད་ན༔ བུ་རམ་སྦྲང་རྩི་འདྲེས་པ་འདྲ༔ མ་རིག་ཡེ་ཤེས་མ་ཕྱེད་ན༔ གསེར་དང་ར་གན་འདྲེས་པ་འདྲ༔ སེམས་དང་བག་ཆགས་མ་ཕྱེད་ན༔ དུག་དང་སྨན་དུ་འདྲེས་པ་འདྲ༔ ཞེས་གསུངས་པས༔ འདིའི་དགོངས་དོན་མ་འབྱེད་ནས༔ དེང་སང་གི་ཁྲིད་སྟོན་པའི་གང་ཟག་རྣམས་ཀྱིས་ཐེག་པ་ཐམས་ཅད་ཀྱི་དགོངས་དོན་ལྟ་སྒོམ་སྤྱོད་འབྲས་གཅིག་ཡིན་ཁྱད་མེད་སྨྲ་བ་རྣམས་ནི༔ ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་དོན་ཕྱོགས་ཆ་ཙམ་ཡང་མ་ཁྲོལ་ཞིང་ཡེ་ནས་ཏིར་རྒན་ཞིང་། ཐེག་པ་ཐམས་ཅད་ཁྱུ་དེད་བྱེད་པ་རྣམས་ནི༔ སྟོན་པ་རྣམ་གསུམ་གྱི་བཀའ་དང་མི་འགལ་ལམ༔ འདིར་ཕྱིན་ཅི་མ་ལོག་པའི་འཕགས་ལམ་བརྒྱད་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་ནམ་མཁའ་གཡའ་དག་གི་དབྱིངས་ལྟ་བུར་རྟོགས་པ་ནི་ཡང་དག་པའི་ལྟ་བ༔ ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་གསལ་ཆེན་པོའི་རང་གཟུགས་ཁོང་ནས་འཆར་བ་ནི་ཡང་དག་པའི་རྟོགས་པ༔ གཤིས་དེ་ལ་གྲོལ་འཁྲུལ་ཡེ་ནས་བྲལ་བ་ནི་ཡང་དག་པའི་མན་ངག༔ སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་རྫོགས་པ་ནི་ཡང་དག་པའི་རྩོལ་བ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བདེའི་རོས་ཟག་བཅས་ཀྱི་འཚོ་བ་ཡིད་ལ་མི་བྱེད་པ་ནི་ཡང་དག་པའི་འཚོ་བ༔ དེ་ལས་མཉམ་རྗེས་མི་མངོན་པའི་སྟོང་གསལ་ཆུ་རྒྱུན་ལྟ་བུར་མ་འགགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན༔ དེ་ལས་འཕོ་འགྱུར་མེད་པ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡང་དག་པའི་དྲན་པ༔ རེ་དོགས་གཟུང་འཛིན་གྱི་མཐའ་ཐམས་ཅད་ཟད་སར་སྐྱོལ་ཞིང་རང་བྱུང་གི་འོད་གསལ་མངོན་དུ་གྱུར་པ་ནི་ཡང་དག་པའི་ལས་ཀྱི་མཐའ་འོ༔ འདིར་མི་སློབ་པའི་ལམ་ཡིན༔ བརྗོད་བྱའི་ཚིག་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ནི་ཚིག་དབང་རང་རིག་ཟང་ཐལ་རྗེན་ཧུར་རེ་བ་ལས་རིག་སྟོང་དབྱེར་མེད་དུ་ཟུང་འཇུག་ཆེན་པོར་བརྡལ་བ་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན༔ འུབ་ཆུབ་བློ་ལས་འདས་ཤིང་རིག་སྟོང་དབྱེར་མེད་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལང་རང་རིག་ཧུར་རེ་བ་ལ་རྩལ་རྫོགས་པ་ནི༔ ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ༔ མཁྱེན་རྩལ་མ་རྫོགས་པའི་སྒྲིབ་པ་ཡོད༔ སྒྲིབ་པ་འདི་རྣམས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཡི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མངའ་བར་གསུངས་སོ༔ ཇི་སྐད་དུ་རྒྱུད་གསང་སྙིང་ལས༔ འོག་མིན་བླ་མེད་གནས་མཆོག་ཏུ༔ སྐུ་ནི་རྣམ་པར་སྣང་མཛད་ཚུལ༔ བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ༔ དེ་བཞིན་གསུང་མཆོག་མི་སྨྲ་སྟེ༔ སྐུ་ཡིས་ཆོས་རྣམས་གསལ་བར་སྟོན༔ མེ་ལོང་བསྟན་པའི་ཚུལ་བཞིན་དུ༔ ངོས་ཀྱི་མདོག་ངན་ཐམས་ཅད་བསལ༔ འཁོར་གྱིས་དེ་བཞིན་སྐུར་བལྟས་ན༔ བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད༔ མེ་ལོང་བཞིན་དུ་སྐུ་ལ་སྣང༔ དེ་ཕྱིར་ས་བཅུ་རིམ་གྱིས་བགྲོད༔ བླ་མེད་བྱང་ཆུབ་ཡང་དག་ཐོབ༔ ཅེས་གསུངས་པས༔ ས་ལམ་ཕྲ་མོའི་སྒྲིབ་པ་ཡོད་པས་དེ་རྣམས་སྦྱང་དགོས་པའི་ཕྱིར༔ ས་ལམ་གྱི་རིམ་པ་རྣམས་གསུངས་པ་ཡིན་གྱི༔ སེམས་དང་རྣམ་རྟོག་བག་ཆགས་ཀྱི་ཞེན་པ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་དག་དགོས་པའི་ལུང་ནི༔ ཇི་སྐད་དུ་རྒྱུད་ཀློང་ཆེན་རབ་འབྱམས་ལས༔ ཉི་མའི་དཀྱིལ་ན་མུན་མེད་བཞིན༔ ཡེ་ཤེས་ཀློང་ན་མ་རིག་མེད༔ ཆོས་སྐུའི་ཀློང་ན་རྣམ་རྟོག་མེད༔ ཅེས་གསུངས་སོ༔ རང་བཞིན་ཟང་ཐལ་རྗེན་ཧུར་རེ་བ་ཆོས་སྐུ་ཀུན་ཁྱབ་ཁྱབ་བརྡལ་ཆེན་པོ་འཕོ་འགྱུར་མེད་པ་ནི༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ༔ དཔེར་ན་རྡོ་རྗེ་ཕ་ལམ་ལ་གང་གིས་ཀྱང་གཅོད་མི་ནུས་པ་བཞིན༔ རང་རིག་རིག་སྟོང་དབྱེར་མེད་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལ་རྣམ་རྟོག་གང་གིས་ཀྱང་བསྐྱོད་པར་མི་ནུས་པས༔ རིག་སྟོང་དབྱེར་མེད་དོན་དམ་གྱི་རྡོ་རྗེ་དེ་ལ་འཕོ་གཞོམ་མི་མངའ་བས་ན༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ༔ ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ སངས་རྒྱས་རྣམས་ཀྱི་གསང་བའི་ཏིང་འཛིན་ནི༔ མཆོག་ཏུ་གང་འདོད་རྣལ་འབྱོར་རྟག་བསྒྲུབ་པ༔ རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ༔ དེ་ནི་ཏིང་ངེ་འཛིན་ཞེས་བསྟན་པ་ཡིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ཀུན་གྱི་ཐུན་མོང་མ་ཡིན་པ༔ ཟབ་གསང་ཨ་ཏི་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོར་བསྟན་པས༔ བརྩོན་འགྲུས་ཅན་ལམ་ཐོག་ནས་གྲོལ་བའི་གདམས་པ་ཁྱད་པར་ཅན་ཐོད་རྒལ་ཟབ་མོ་ལ་བརྟེན་ནས༔ དབང་པོ་རབ་ཚེ་གཅིག་ལུས་གཅིག་ལ་ཀུན་བཟང་འཇའ་སྐུར་གཤེགས་པའི་གདམས་པ༔ ཁྲེགས་ཆོད་ལས་ཁྱད་པར་འཕགས་ཚུལ་ནི༔ ཁྲེགས་ཆོད་ནི་ཡིད་དཔྱོད་དང་རྟོག་དཔྱོད་ཀྱི་ཤེས་རབ་བློས་བྱས་ལས་མ་འདས༔ འདི་ནི་དབྱིངས་སྟོང་པའི་སྒྲོན་མ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་ལྟ་རྒྱུ་ཡོད་པས་ཁྱད་པར་དུ་འཕགས་སོ༔ ཇི་སྐད་དུ་ཡི་གེ་མེད་པ་ལས༔ རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ༔ ཞེས་གསུངས་སོ༔ ཁྲེགས་ཆོད་བློས་བྱས་ཀྱི་སེམས་ཆོས་སྐུར་ཡིན་པ་ཡིད་སྨོན་དུ་བྱེད་པ་མ་གཏོགས་མཐོང་བའི་གནད་མེད༔ འདི་ལ་ཡིད་དཔྱོད་དུ་མ་ལྟོས་པར་མངོན་སུམ་དུ་མཐོང་བས་ཁྱད་པར་འཕགས༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཡུལ་གནད་དབང་ལ་དབང་གནད་སེམས༔ སེམས་གནད་མིག་ལ་མིག་གནད་རྩ༔ དེས་ན་ལུས་ཀྱི་འདུག་སྟངས་ལ༔ བག་ཆགས་ལུས་ཀྱི་འབྲེལ་ཆོད་པས༔ སངས་རྒྱས་དགོངས་པ་རྫོགས་པ་འོ༔ ཞེས་གསུངས་སོ༔ རང་རིག་མི་རྟོག་པར་གནས་པ་ཁྲེགས་ཆོད་པས་ཡིད་ཀྱི་གོ་རྟོགས་ཀྱི་མདངས་ལ་ཡེ་ཤེས་ཚོལ་བ་ལས་མ་འདས༔ འདིར་རིག་པ་རྟོག་མེད་འོད་གསལ་གྱི་རང་མདངས་མིག་ནས་འཆར་བ་ལྷུན་གྱིས་གྲུབ་པས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཡེ་ཤེས་གནད་ནི་མིག་ནས་འབྱུང༔ མིག་ནི་གཟིགས་སྟངས་ཤེས་པ་ཡིས༔ ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད༔ ཅེས་གསུངས་སོ༔ ཁྲེགས་ཆོད་ལས་ལྷ་དང་བླ་མ་ཐམས་ཅད་ཡིད་སྨོན་གྱི་རྟོག་དཔྱོད་ལས་མ་འདས༔ འདིར་ཡིད་དཔྱོད་ལ་མ་ལྟོས་པར་ལྷ་དང་བླ་མ་སྣང་སྲིད་ཐམས་ཅད་རྒྱལ་བའི་ཞིང་ཁམས་སུ་མངོན་སུམ་མཐོང་བས་ཁྱད་པར་དུ་འཕགས༔ ཇི་སྐད་དུ་རྒྱུད་དེ་ཉིད་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་པ་སྐུ་ཡི་མདངས༔ ཞལ་ཕྱག་རྫོགས་པ་བུམ་པའི་སྐུ༔ ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔ ཐུགས་རྗེའི་ཁ་དོག་སོ་སོར་གསལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་ཡིད་སྨོན་ལས་མ་འདས༔ འདིར་རང་ལུས་འཁོར་ལོ་བདུན་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས༔ ཇི་སྐད་དུ་གསང་རྒྱུད་ལས༔ ཁྲེགས་ཆོད་ལྷ་སྐུ་ཡིད་དཔྱོད་སེམས་འཛིན་རྫོངས༔ འདི་ནི་འཁོར་བདུན་ལྷ་ཚོགས་རྣམས༔ སྒྲིབ་མེད་སྟོང་གསལ་འོད་སྐུར་འཆར༔ ཡིད་དཔྱོད་ཞེན་འཛིན་དབྱིངས་སུ་དག༔ འདི་གོམས་ཀུན་བཟང་འཇའ་སྐུར་ཡལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལ་བར་དོ་ཡོད་ཟེར་ནས་ཡིད་དཔྱོད་ལས་མ་འདས༔ འདིར་བར་དོ་ལ་སོགས་སྣང་སྲིད་ཀུན་དབང་པོའི་སྒོར་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་རྒྱུད་དེ་ཉིད་ལས༔ དམ་ཆོས་གཞན་ལ་བར་དོ་ཡིད་དཔྱོད་ལུས༔ འདི་ནི་བར་དོ་མེད་པས་མངོན་རྫོགས་འགྲུབ༔ ཅེས་གསུངས་སོ༔ ཁྲེགས་ཆོད་ལས་ཚོགས་དྲུག་གི་སྣང་བ་སེམས་འཛིན་དབང་པོས་མཐོང་བས་རྟོག་པ་སྣ་ཚོགས་སུ་འཆར་པ་ལས་མ་འདས༔ འདི་ནི་འོད་རྩ་དང་དྭངས་མའི་དབང་པོས་རིག་པ་ལུ་གུ་རྒྱུད་མཐོང་དུས་རྟོག་པ་ཐམས་ཅད་དུས་གཅིག་ལ་འགག་ཅིང༔ ཡེ་ཤེས་ཀྱི་སྣང་བའི་ཆ་དཔག་ཏུ་མེད་པ་མཐོང་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ལུ་གུ་རྒྱུད་དུ་གཅེར་མཐོང་བས༔ རྣམ་རྟོག་འགྱུ་བའི་དྲན་པ་འགག༔ བྱ་ལོང་ནམ་མཁར་འགྲོ་བ་བཞིན༔ ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད༔ ཞེན་མེད་རིག་སྣང་ཉམས་དག་པས༔ འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད༔ ཅེས་གསུངས་པས༔ དེ་ལྟ་བུའི་གནད་ཁྱད་པར་ཅན་ཀུན་དང་ཐུན་མོང་མ་ཡིན་པ༔ ཐོད་རྒལ་གྱི་གདམས་ངག་ཟབ་རྒྱ་ཅན་ཉམས་སུ་ལེན་པ་ལ༔ ཐོག་མར་གནད་གསུམ་གྱིས་གཏན་ལ་ཕབ་ཅིང་མངོན་སུམ་རང་ཐོག་ཏུ་ཉམས་སུ་ལེན་པ་ནི༔ ཇི་སྐད་དུ་གསང་རྒྱུད་ལས༔ སྐུ་གསུམ་སེང་གེའི་འདུག་སྟངས་ཀྱིས༔ རང་བཞིན་རྗེན་པའི་གསལ་སྟོང་ཤར༔ ཞེས་གསུངས་པས༔ རས་དཀར་དྲི་མེད་ཀྱིས་མགོ་བཏུམ་ལ༔ ལུས་གནད་སེང་གེའི་འདུག་སྟངས་དང་ལྡན་པས༔ ཡུལ་གནད་ནམ་མཁའ་གཡའ་དག་སཱུརྱའི་འོག་ཏུ་གཏད་ཅིང་མིག་ཟིམ་བུར་བལྟ་བ་གནད་དོ༔ ཇི་སྐད་དུ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས༔ དབྱིངས་དང་རིག་པའི་ལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་མཁའ་ལ་བལྟ༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ཚེ་འོད་དཀར་གྱ་གྱུ་ལང་ལིང་འཇའ་འོད་གྱེན་འགྲེང་དང་རྩིབས་ཤར་དང་ལང་ལིང་རྣམས་ཀྱི་ནང་ནས་ཐིག་ལེ་ཉུང་འབྲུ་ཙམ་ཉ་མིག་འདྲ་བ་རྣམས་དང་། སྐར་མ་ལྟ་བུའི་ཚབ་ཚུབ་དང༔ སྐྲ་ལ་སྲོ་མ་འབྲེལ་པ་ལྟ་བུ་དང༔ གསེར་སྐུད་ལྟ་བུའི་ཁྲ་ཟིང་ཟིང་རྣམས་འཆར༔ དེ་ནི་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཡིན་གྱི༔ ཐལ་འགྱུར་ལས། རྡོ་རྗེ་མིག་གིས་མཐོང་བར་འགྱུར༔ ཞེས་གསུངས་པས༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་ཡེ་ཤེས་འདུ་འབྲལ་མེད་པའི་རང་བཞིན༔ ཁྱབ་བརྡལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་བདག་ཉིད༔ སྐྱེ་འཆི་དང་འཕོ་འགྱུར་མེད་པའི་ཡོན་ཏན་དུ་མ་དང་ལྡན་པ༔ སྒྲ་ཙམ་ཐོས་པས་དགའ་བདེ་དང་ལྡན་ཞིང་དབང་པོར་གསལ་བས་ཚོགས་ཀྱི་ལམ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་མཐའ་དང་བྲལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལས་མ་འདས་པ༔ དོན་དམ་པའི་གནས་ལུགས་རང་གསལ་གྱི་ཤེས་པ་རྗེན་པ༔ རང་རིག་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་ཟང་ཐལ་ལེར་མངོན་པ་དེ་བླ་མས་ངོ་སྤྲད་པས༔ གང་ཟག་དེས་དེ་ལ་བདེན་པ་མཐོང་ཞིང་དགའ་བ་སྐྱེས་པས༔ ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཡིན་ནོ༔ ལམ་ལྔ་ས་བཅུ་དྲུག་བགྲང་ཡང་གཞན་དུ་ཡོད་པ་མ་ཡིན་ནོ༔ བླ་མས་ངོ་སྤྲད་པའི་གང་ཟག་གཅིག་ལ་རང་རིག་བདེན་པ་མཐོང་ཞིང་མངོན་དུ་གྱུར་ཚེ༔ ས་ལམ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་ཡིན་མོད༔ འཆར་ཚུལ་གྱི་དྲི་མ་དང་བཅས་ཤིང་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ གཉིས་པ་ནི་འདི་དུས་བཞུགས་སྟངས་གསུམ་ལས༔ སྤྲུལ་སྐུའི་བཞུགས་སྟངས་བྱས་ལ། རླུང་གནད་ནི་དལ་བར་བྱས་ལ་འགྲོ་འོང་ཆ་སྙོམས་པར་བྱ༔ དགོས་ཆེད་ནི་ལས་རླུང་སེམས་ཀྱི་རྟ་ཡིན་པས༔ ཕྱིར་འཕོ་དུས་སུ་རྟ་ཕར་ཆད༔ མི་ཚུར་ཆད་པས་རིག་པའི་མདངས་སྙིང་ཁར་ཐིམ༔ རིག་པ་ཀ་དག་རང་ངོ་ལ་གསལ་ཞིང་བརྟན་པ་ཆོས་སྐུའི་དགོངས་པ་རང་གསལ་རང་བབ་ཏུ་འཇོག་པའི་དགོས་པ་ཡོད་དོ༔ ཇི་སྐད་དུ་མུ་ཏིག་ཕྲེང་བ་ལས༔ རླུང་ནི་ཅི་ནས་དལ་བྱས་ཏེ༔ རབ་ཏུ་འཕང་བ་ལས་འབྱུང་བས༔ ལུས་དང་སེམས་ཀྱི་འབྲེལ་ཐག་ཆད༔ ཁམས་གསུམ་དུ་ཡང་ལྡོག་པ་མིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་དཀར་པོ་ཟ་ཟི་དང༔ འོད་དཀར་ལང་ལོང་དང༔ དཀར་ཕྲ་ཕྲོ་བ་གནམ་ལ་སྤུ་གཏོར་བ་ལྟ་བུ་དང༔ ཆུ་ཀོ་མོག་ལ་རྡོ་བརྒྱབ་པ་ལྟ་བུ་དང༔ སྦ་ཕུབ་ཀྱི་འཁོར་འཁྱིལ་བ་ལྟ་བུ་དང༔ ཐིག་ལེ་ཉུངས་འབྲུ་ཙམ་དང་སྲན་མ་ཙམ་གྱིས་བརྒྱན་པ་རྣམས་ཐར་ཐར་དུ་འཆར༔ དེ་རྣམས་ཀྱི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་ཞིང་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང༔ ཐིག་ལེ་གཉིས་འབྲེལ་གསུམ་འབྲེལ་དང་ལྕགས་ཐག་གི་དབྱིབས་ལྟ་བུ་རྣམས་འཆར་རོ༔ དེ་ནི་རང་རིག་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་དེ་ཡིན༔ བག་ཆགས་ཀྱི་དྲི་མས་མ་གོས་ཤིང་ཆུ་ཟླ་ལྟ་བུའི་འོད་གསལ་གྱི་མདངས་དྭངས་པ༔ རང་རིག་རྗེན་ཐལ་ལེ་བ་དེ་ལས་གཞན་རྩོལ་མེད་ཀྱི་ངེས་ཤེས་སྐྱེས་པས་ས་གཉིས་པ་དྲི་མ་མེད་པ་ནོན༔ འདི་དུས་རང་བྱུང་གི་ཤེས་རབ་རྩོལ་མེད་དུ་རྒྱུད་ལ་སྐྱེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ གསུམ་པ་གཟིགས་སྟངས་གསུམ་ལས་ཐུར་དུ་ཕབ་ལ༔ འོད་དཀར་ལང་ལིང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་ཟིམ་བུར་མཉམ་པར་བལྟ༔ མཐིང་ཤས་ཆེ་ན་དབུས་སུ་སྒྲིལ༔ དཀར་ཤས་ཆེ་ན་གྱེན་དུ་བཟློག༔ སེར་ཤས་ཆེ་ན་གཡས་སུ་བལྟ༔ དམར་ཤས་ཆེ་ན་ཐུར་དུ་ཕབ༔ ལྗང་ཤས་ཆེ་ན་གཡོན་དུ་བལྟ༔ དབྱིངས་ཁྱིམ་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱིས་དྲངས་ལ་བལྟ༔ ལྔ་ལྡན་མཉམ་པོར་གསལ་ན་གཟིགས་སྟངས་གང་ཡིན་དེ་དང་མི་འབྲལ་བ་གནད་ཡིན༔ འདིར་རིག་པའི་གནད་ནི་མིག་མི་འགུལ་སེམས་མ་ཡེངས་པར་དབྱིངས་སྣང་གི་ལུ་གུ་རྒྱུད་ཤར་དུས་དབྱིངས་ཀྱི་ར་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་འཛིན་པ་གནད་དོ༔ ཇི་སྐད་དུ་སངས་རྒྱས་སྲས་གཅིག་ལས༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་འབྲལ་མི་བྱ༔ ཞེས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འཆར་བ་ཡིན་གྱི༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་མཐོང་བའི་ཡོན་ཏན་ནི༔ ཡེ་ཤེས་ཀྱི་སྣང་བ་ལ་རང་དབང་ཐོབ་པ་དང༔ རང་མདངས་ཀྱི་འོད་ཟེར་དུ་མ་དང་ལྡན་ཞིང་རྣམ་པར་དག་པའི་ཐིག་ལེ་ལ་ལུ་གུ་རྒྱུད་ལྷུན་གྲུབ་ཏུ་བརྒྱན་པ༔ དེ་ལ་གོམས་པས་ནི་གསུམ་པ་འོད་ཟེར་འཕྲོ་བའི་ས་ནོན༔ དེ་ལ་གོམས་པས་ཕ་རོལ་པས་རྒོལ་ཀྱང་གནོད་སེམས་མི་སྐྱེ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ བཞི་པ་རླུང་ཆ་སྙོམས་ལ་དལ་བར་བསླབ་ཅིང༔ རྡོ་རྗེ་ལུ་གུ་རྒྱུད་འཛིན་མེད་ཀྱི་བཙོན་དུ་བཟུང་བས༔ འོད་སྣང་སྟོང་གཟུགས་ཀྱི་ཆ་ཐམས་ཅད་ཁམས་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་གྱི༔ དཔེར་ན་མེ་ཤེལ་གྱི་མདངས་ཕྱིར་ཤར་བ་དང་མཚུངས་ལ༔ འགུལ་འཕྲིག་འགྲོ་འོང་འཕེལ་འགྲིབ་སོགས་ཡུལ་སྣང་གི་ནུས་པའི་ཆ་ཐམས་ཅད་རླུང་ལྔས་བྱེད་པས༔ ཤེལ་ལ་ཉི་ཟེར་ཕོག་པའི་འོད་ཀྱིས་རྐྱེན་བྱས་པ་བཞིན་ཡིན་ནོ༔ དེས་ན་ལྟ་སྟངས་དང་གཟིགས་སྟངས་ཀྱིས་གཅུན་པས༔ གཡོ་བྱེད་ཀྱི་ལས་རླུང་ནང་དུ་འཇུག་དུས་སེམས་དང་སེམས་བྱུང་གི་རྟོག་པའི་འཕྲོ་ཆད་པས༔ འོད་སྣང་འགུལ་འཕྲིག་མེད་པར་སྡོད༔ སེམས་ཀྱི་རྟ་དང་འོད་སྣང་འཆར་བའི་རྐྱེན་གཉིས་རླུང་གཅིག་པུའི་བྱེད་ལས་སོ༔ མཐར་འོད་སྣང་ཟད་པའི་དུས་སུ༔ ལྔ་ལྡན་དབྱིངས་སུ་དག་པས་དེའི་རྒྱུ་རྐྱེན་གྱིས་འཁྲུལ་སྣང་དང་གཟིགས་སྣང་འོད་ཀྱི་ཞིང་ཁམས་ཐམས་ཅད་དབྱིངས་ཀ་དག་ལ་ཐིམ༔ ལྷུན་གྲུབ་ཀྱི་འཆར་སྒོ་ཐམས་ཅད་དབྱིངས་སུ་ཡལ་ནས༔ ལྷུན་གྲུབ་གཏིང་གསལ་ཕྲ་བའི་ཆ་ཙམ་དུ་གནས་པས་དངོས་སྣང་གྲུབ་པ་མེད་པས་ཆོས་སྣང་མེད་པས་རོ་གཅིག་ཅེས་བྱ་བ་ཡིན་གྱི༔ རླུང་ལྔའི་གཡོ་བྱེད་ཟད་པས༔ དབྱིངས་ནི་ནམ་ཡང་མི་འཁྲུལ་ཞིང༔ གཞི་ཉིད་འབྲས་བུར་སྨིན་པས་རང་ས་ཟིན་པ་ཡིན་ནོ༔ དེའི་ཕྱིར་ཐོད་རྒལ་གྱི་སྣང་བ་ཐམས་ཅད་དང་པོ་འཆར་ཐབས་ལ་འབད༔ འཆར་དུས་ཆགས་ཞེན་མེད་པ་གཅེས༔ སླར་ཟད་དགོས་པ་ནི་རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པ་ཡིན་མོད༔ ལས་རླུང་གི་ཆ་ཐམས་ཅད་དག་ཅིང༔ རིག་མདངས་ཀྱི་ཆ་ཐམས་ཅད་འཕེལ་ནས་སླར་ཡང་ནང་དབྱིངས་སུ་ཐིམ་དགོས་པ་ཡིན༔ འདི་ལྟ་བུའི་གནད་ཤིན་ཏུ་རྟོགས་པར་དཀའ་བས། ཁོ་བོས་ཡུན་རིང་པོ་ཞིག་ནས་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོ་མང་གྷ་ཨཱ་ཡུ་དེ་ཉིད་བསྟེན་པས་རྟོགས་པ་ཡིན་གྱི་དེ་ལྟར་ཉམས་སུ་ལེན་པར་ཞུ༔ འདི་དག་འཆར་བའི་གནད་ནི་སྒྲོན་མ་དྲུག་གི་སྒོ་ནས་གཏན་ལ་ཕབ་པ་ནི༔ ཐོག་མར་ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས༔ གཟུགས་སོགས་ངོ་བོ་ཉིད་དུ་བརྒྱུད༔ དག་པ་དབྱིངས་ཀྱི་སྒྲོན་མ་ཡིས༔ རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཡིས༔ འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད༔ ཙིཏྟ་ཤ་ཡི་སྒྲོན་མ་ཡིས༔ གཞོན་ནུ་བུམ་སྐུའི་ཚུལ་དུ་གསལ༔ དཀར་འཇམ་རྩ་ཡི་སྒྲོན་མ་ཡིས༔ དབང་པོའི་སྒོ་རུ་མངོན་སུམ་གསལ་ཞིང༔ མ་རིག་པ་སངས་ནས་དག་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་ཚུལ་ནི༔ རང་གི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་སྨུག་པོའི་དབུས་ན༔ རྩ་ཐམས་ཅད་འདུས་པའི་དྭངས་མ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ་བ་དྭངས་མ་ལྔའི་དབུས་ན༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་ལ་ཐིག་ལེས་བརྒྱན་པ་འགྲོ་འོང་ཉིད་དུ་སྣང་བ་འདི་ཉིད༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རང་རིག་ཟང་ཐལ་དུ་མཐོང་བ་འདི་ཉིད༔ ཐོག་མའི་སངས་རྒྱས་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་དང་ཞལ་མཇལ་ཞེས་ཡེ་ཤེས་དག་པའི་རང་སྣང་མཐོང་བ་ཡིན་གྱི༔ དེ་རིང་ནས་དཔལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་པ་ཡིན་མོད༔ ཇི་སྐད་དུ་ཐལ་འགྱུར་ལས༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་ཡིན༔ ཞེས་གསུངས་པས༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་པར་བཞེད་དོ༔ དེ་ཡང་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་འམ་རྨ་བྱའི་མདོངས་ལྟ་བུའི་ཀློང་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ལྡན་སྦ་འཁོར་ལྟ་བུའི་ནང་དུ་མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ་དང༔ ལྕགས་ཐག་བརྒྱང་པ་ལྟ་བུ་དང༔ མེ་ཏོག་གི་དྲྭ་བ་དྲྭ་ཕྱེད་རླུང་གིས་གཡེངས་པ་ལྟ་བུར་གཅིག་འབྲེལ་གཉིས་འབྲེལ་གསུམ་འབྲེལ་རྣམས་འཆར༔ དེ་ཚེ་ལུས་རུ་སྦལ་འཁར་གཞོང་དུ་ཆུད་པ་ལྟ་བུར་འགྲོ་སྙིང་མི་འདོད་པ་དང༔ ངག་ལྐུགས་པ་ལྟ་བུའི་སྨྲ་བ་ཉུང་བ་དང༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུ་འཕྲོ་བར་འདྲ་ཡང་རང་མལ་དུ་སྡོད་པ་དང༔ ལུས་ངག་ཡིད་གསུམ་བདེན་མེད་དུ་རྟོགས་ནས་དགེ་སྦྱོར་ལས་འབྲལ་སྙིང་མི་ཕོད་པའི་རྟགས་རྣམས་འབྱུང་ངོ༔ འདི་དུས་སངས་རྒྱས་རང་རིག་ལས་མེད་པར་གོ༔ ྈ ལྔ་པ་ཉམས་གོང་འཕེལ་ནི༔ ལུས་གནད་ལོངས་སྐུ་གླང་ཆེན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས༔ མིག་འབྲས་ཅུང་ཟད་གློད་ལ་གཞོག་གཡོན་དུ་བལྟས་པས༔ ཤེས་ཉམས་དང་སྣང་ཉམས་གཉིས་ལས༔ ཤེས་པ་དགའ་བདེ་འཕེལ་འགྲིབ་བདེ་གསལ་མི་རྟོག་པའི་འཕེལ་འགྲིབ་དང༔ ཤེས་པ་མཐའ་འགྱུར་གྱི་ཉམས་སྲིན་བུ་མེ་ཁྱེར་ལྟ་བུ་དང༔ སྤྲིན་ལྟ་བུ་དང༔ སྨུག་ཟིལ་ལྟ་བུ་དང༔ སྨིག་རྒྱུ་ལྟ་བུ་དང༔ སྐར་མདའ་ལྟ་བུ་དང༔ ཟླ་འོད་ལྟ་བུ་དང༔ མར་མེ་ལྟ་བུ་སྟེ་ཤེས་ཉམས་ནི་མི་བརྟན་ཅིང་ཚན་ཆུང་བས་འདིར་མི་བསྟན་ནོ༔ སྣང་ཉམས་ནི༔ ཇི་སྐད་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ འཕེལ་སྟོབས་ཟླ་བ་ཡར་ངོ་བཞིན༔ ཞེས་གསུངས་པས༔ རྩོལ་མེད་ཀྱི་ངང་ནས་དབྱིངས་རྣམ་དག་གི་སྒྲོན་མ་འོད་མུ་ཁྱུད་ལྔ་ལྡན་གྱི་དབུས་སུ༔ དཀར་པོ་དང༔ མཐིང་ག་དང༔ སེར་པོ་དང༔ དམར་པོ་དང༔ ལྗང་གུ་དང༔ དེ་རྣམས་ཀྱི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་བྱ་རྩོལ་མེད་པར་འཆར༔ ཐིག་ལེའི་དབུས་ན་པདྨ་འདབ་བཞིའི་རྣམ་པ་ཁ་དོག་མི་འདྲ་བ་དུ་མས་བརྒྱན་པ༔ དྲྭ་བ་དང་དྲྭ་ཕྱེད་མིག་མང་རིས་རྣམས་འཆར༔ དེ་ཚེ་རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ༔ དོན་དམ་པར་དབྱིངས་རིག་འདུ་འབྲལ་མེད་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ནི་སྦྱོར་བའི་ལམ༔ དབྱིངས་རིག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་རྫོགས་ནས༔ ཉམས་གོང་དུ་འཕེལ་བ་དེ་ལ་གོམས་པས་འོད་ཀྱི་སྣང་བ་མཐོང་བ་ནི་ས་བཞི་པ་འོད་འཕྲོ་བ་ནོན༔ དེ་ཉིད་འབད་རྩོལ་མེད་པར་སྡོད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དྲུག་པ་ཉི་ཤར་ཆོས་སྐུའི་གཟིགས་སྟངས་ཆོས་ཉིད་ཀྱི་སྤྱན་ཡོད་པས་གྱེན་ལ་བལྟས་པས༔ དབྱིངས་རིག་སྨིན་མཚམས་སུ་འབྲེལ་པ་དང༔ འོད་ཁ་དོག་ལྔ་ལྡན་བཀྲག་མདངས་དང་ལྡན་པར་སྣང་ཞིང༔ འོད་ཟེར་གྱེན་འགྲེང་དང་རྩིབས་ཤར་དང་མདུང་རྩེ་གཤིབ་པ་ལྟ་བུ་དང༔ རེ་ལྡེ་དང་པདྨ་སྟོང་ལྡན་དང་མདའ་ལྟ་བུ་དང༔ ཡེ་ཤེས་མཁར་ཐབས་ལྟ་བུ་དང༔ གྲུ་ཆད་ཀྱི་རྣམ་པ་ལྟ་བུ་རྣམས་སྒྲིབ་གཡོགས་དང་བྲལ་བར་དབང་པོའི་སྒོར་མངོན་སུམ་དུ་མཐོང་བས་མཐོང་བའི་ལམ་མོ༔ ཟབ་མོ་རྒྱ་ཆེ་བའི་ཆོས་ཉིད་ཀྱི་གཏིང་དཔག་གཞལ་གྱིས་མི་ལང་ཞིང༔ ཉོན་མོངས་པ་རང་བཞིན་གྱིས་སྦྱངས་ཤིང༔ རང་བྱུང་གི་ཡེ་ཤེས་ཐོབ་པ་ནི་ས་ལྔ་པ་སྦྱང་དཀའ་བ་ནོན༔ ལུ་གུ་རྒྱུད་དེ་ཉིད་ལ་གཡོ་བ་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པསདེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བདུན་པ་རིག་པ་འཛིན་པ་ལ་ཤེས་རབ་ཀྱི་སྤྱན་མངའ་བས་ཐད་ཀར་གཅེར་གྱིས་བལྟས་པས༔ དབྱིངས་རེ་ལྡེ་ཙམ་དུ་མཆེད༔ གྱེན་འགྲེང་རྩིབས་ཤར་མདུན་དུ་འབྲེལ༔ ཐིག་ལེ་མེ་ལོང་ཙམ་དུ་འཆར༔ རིག་པ་ནི་རི་དྭགས་སྤང་རྩིབས་ལ་རྒྱུག་པ་ཙམ་དུ་འཆར༔ དེ་ཚེ་གྱེན་འགྲེང་ལ་ཐུར་དུ་ཕབ༔ ཟླུམ་པོ་གཡོན་དང༔ གྲུ་བཞི་གཡས་དང༔ ཟླ་གམ་སྟེང་དང༔ གྲུ་གསུམ་མདུན་དུ་བལྟ༔ ཡེ་ཤེས་ལྔའི་སྣང་བ་མཁར་ཐབས་ལ་སོགས་པ་ལ་མཉམ་པར་བལྟ་བ་གནད་ཡིན༔ རང་རིག་རྡོ་རྗེ་ལུ་གུ་རྒྱུད་འདུས་མ་བྱས་པ་མ་ཡེངས་པར་བསྒོམ་རྒྱུ་ཡོད་པ་ནི་སྒོམ་པའི་ལམ་ཡིན༔ རང་རིག་རྗེན་པར་གཅེར་མཐོང་དུ་ཤར་ཞིང༔ མངོན་སུམ་དུ་བལྟ་རྒྱུ་ཡོད་པས་ས་དྲུག་པ་མངོན་དུ་གྱུར་པ་ནོན༔ ཆོས་ཉིད་ཡང་དག་གི་རྟེན་འབྲེལ་གྱི་ཐབས་དང་ལྡན་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བརྒྱད་པ་ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་ཟུར་དུ་བལྟས་པས༔ དབྱིངས་རྣམ་པར་དག་པའི་འོད་ཀྱིས་ཡུལ་དང་ལུང་པ་ཁེངས༔ ཐིག་ལེ་སྟོང་པའི་སྒྲོན་མ་སྦ་ཕུབ་ཙམ་དུ་འཆར༔ རིག་པ་ནི་བུང་བ་རྩི་ལ་རྒྱུ་བ་ཙམ་དུ་འགྲོ༔ དེ་ལ་རྩལ་སྦྱངས་པས་འོད་ཀྱིས་གར་བལྟས་ལ་ཁྱབ་པ་དང༔ དབྱིངས་རིག་ལ་ཉིན་མཚན་མེད༔ ཐིག་ལེའི་ནང་དུ་རིགས་ལྔའི་ཕྱག་མཚན་དང༔ རྒྱ་ཡིག་བོད་ཡིག་ལ་སོགས་ཡི་གེའི་རིགས་བྱེད་རྣམས་དང༔ མིག་ཚགས་ལྟ་བུ་དང༔ མདའ་དང་མདུང་རྩེ་ལྟ་བུ་དང༔ མཆོད་རྟེན་བརྩིགས་པ་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང༔ ཉི་ཟླ་དང་མཁར་ཐབས་ལྟ་བུ་དང༔ ཐིག་ལེ་རྣམས་ཀྱི་ནང་དུ་སྐུ་རྐྱང་རེ་སྣང་ཞིང༔ རིག་པ་ནི་འགུལ་འཕྲིག་མེད་པར་གནས་སོ༔ ཏིང་ངེ་འཛིན་གསལ་ཞིང་ལོངས་སྐུ་ལ་པདྨའི་སྤྱན་གྱིས་མཐོང༔ ལས་རླུང་འཁྲུལ་སྣང་ཐམས་ཅད་ཇེ་ནུབ་ཏུ་སོང་ནས༔ ཡེ་ཤེས་ཀྱི་རྩལ་འཕྲུལ་ཐམས་ཅད་ཇེ་རྒྱས་སུ་འཕེལ་བས་ཉམས་གོང་འཕེལ་ཞེས་བྱའོ༔ དོན་ལ་འདིར་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་མཐོང༔ བར་དོའི་སྣང་བ་ཚེ་འདིར་གཏན་ལ་ཕེབ་པས་བར་དོ་མེད་པར་སངས་རྒྱ་འོ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་གྱིས༔ ཡེ་ཤེས་སྣང་བ་ཕྱིར་འབྱུང་བས༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང༔ རིག་པ་སྣང་བ་ཡུལ་དུ་གསལ༔ ཞེས་གསུངས་སོ༔ འདས་རྗེས་ལས༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་སྣང་བ་མངོན་དུ་བྱེད༔ ཅེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དགུ་པ་རིག་པ་ཚད་ཕེབས་ནི༔ ཆོས་སྐུའི་འདུག་སྟངས་ཀྱིས་བལྟའོ༔ ཆོས་སྐུ་ལ་ཆོས་ཉིད་ཀྱི་མིག་གིས་མཐོང་བ་ཡིན་གྱི༔ དེ་ཡང་རིག་པའི་དབྱེ་བ་ནི༔ གཞི་འཛིན་པའི་རིག་པ་སྙིང་གར་གནས༔ གཞི་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན༔ ཡུལ་སྣང་གི་རིག་པ་ནི་སྟོང་ཉིད་གང་ཡང་མ་ཕྱེད་པ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཡིན༔ ད་ལན་འདིར་རྡོ་རྗེ་ལུ་གུ་རྒྱུད་གཙོ་ཆེ་བ་ཡིན་པས༔ ཀ་དག་ལྷུན་གྲུབ་ཀྱི་མདངས་རིག་པ་ཞེས་མིང་བཏགས་པའི་རྒྱུ་ནི་རང་རིག་གི་མིང་རང་རིག་ལྷུན་གྲུབ་ལ་འབྲས་བུར་བཏགས་པ་ནི་འོད་ལ་ཉི་མ་ཞེས་བཏགས་པ་དང་མཚུངས་མོད༔ དེ་ཉིད་ལུས་ཀྱི་གནད་ལ་གོམས་པས་དབྱིངས་སྒྲོན་གྱི་སྣང་བ་ནམ་མཁས་གར་ཁྱབ་ཏུ་སྣང་ཞིང༔ ཐིག་ལེ་རེ་རེའི་ནང་པད་མ་རྣམས་ཀྱི་ལྟེ་བར་ཞི་བའི་སྐུ་རྐྱང་བཞེངས་བཞུགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་ལམ་ལམ་དུ་འཆར༔ དེ་ནི་རང་རིག་ཆོས་སྐུ་འགྱུར་མེད་ཆེན་པོ་མངོན་དུ་གྱུར་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ལམ་མོ༔ གོང་གི་ཡོན་ཏན་རྣམས་བརྟན་པ་ཐོབ་ཅིང་ཟག་བཅས་ཀྱི་ཕུང་པོ་ཡལ་ནས་ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག་པ་ནི༔ བདུན་པ་རིང་དུ་སོང་བའི་ས་ནོན༔ རང་རིག་བཅིངས་གྲོལ་དང་བྲལ་ཞིང་ལོངས་སྤྱོད་རྫོགས་སྐུ་ལས་གཡོ་བ་མེད་པ་ནི༔ ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ དོན་ལ་ལོངས་སྐུའི་ཞིང་ཁམས་གཏན་ལ་ཕེབས་པ་ཡིན་གྱི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་པ་སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས༔ ཐུར་དུ་ཕབ་ཅིང་དབྱིངས་ལ་གཟིར་བས༔ ཤེས་རབ་ཀྱི་སྒྲ་ཚིག་དང་ཐོས་བསམ་སྒོམ་གསུམ་གྱི་བྱེད་ལས་ལ་རགས་མ་ལུས་པའི་བྱིན་རླབས་མངོན་སུམ་དུ་འབྱུང་བ་ནི༔ གོང་གི་ཐིག་ལེ་དེ་རྣམས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམ་དུ་འབྲེལ་ཞིང༔ རིག་པ་སྐུ་རུ་སྨིན་པས་ཞི་ཁྲོ་ཡབ་ཡུམ་གྱི་སྐུ་ལྔ་ཚོམ་དཔག་ཏུ་མེད་པ་འཆར་རོ༔ ཐིག་ལེ་ཐམས་ཅད་བསེ་ཕུབ་ཙམ་གྱི་ཀློང་ན་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་གྲངས་མེད་པའི་ཐུགས་ཀར་ཟེར་ཐག་འོད་ལྔའི་ཚོམ་བུར་འབྲེལ་ཞིང་རང་གི་སྙིང་ཁར་འཆར༔ རང་ལུས་ཀྱི་འོད་སྣང་ཐིག་ལེ་དགུ་བརྩེགས་ཀྱི་རྣམ་པར་འཁྱིལ་ཞིང༔ རང་ལུས་གདོས་བཅས་ཀྱི་སྣང་བ་ཇེ་ནུབ་ཏུ་འགྲོ༔ འདི་དུས་ལུས་གླང་པོ་ཆེ་འདམ་ནས་ཕྱིན་པ་ལྟར་རི་བྲག་ལ་ཐོགས་མེད་དུ་འགྲོ༔ ངག་གྲུལ་བུམ་གྱི་ཕྲུ་གུའི་དབྱངས་ལྟར་ཇི་ལྟར་སྨྲ་བ་ཐམས་ཅད་ཆོས་ཚིག་རང་རྡོལ་དུ་ཡོང༔ སེམས་སྐྱེས་བུ་རིམས་ནད་ཀྱིས་བྱང་པ་ལྟར་བག་ཆགས་བཟང་ངན་གང་ཡང་ཡིད་ལ་མི་འགྱུ་འོ༔ ཕྱི་སྣང་གི་རླུང་རགས་པ་ཐམས་ཅད་ཟད་དུས༔ ནང་གི་ཡེ་ཤེས་ཀྱི་རླུང་སེམས་ཚད་ལ་ཕེབས་པས་ཡེ་ཤེས་ངང་གིས་རྫོགས་པའི་ཡོན་ཏན་ནི༔ རིག་པ་གང་ལ་འཇུག་པ་དེ་ལས་སྐད་འབྱིན་པ་དང་འགུལ་བ་དང༔ ཕྱིའི་ཡུལ་སྣང་ཐམས་ཅད་ཡེ་ཤེས་སུ་འཆར༔ ནང་རང་གི་སྒྱུ་ལུས་འོད་གསལ་དུ་གྲོལ༔ གསང་བ་རིག་པ་སྐུ་ལྔར་སྨིན༔ སྒོམ་པའི་རྩོལ་བ་དང་བྲལ༔ འདི་དུས་རྫུ་འཕྲུལ་དུ་མ་དང་ལྡན་ཀྱང་མི་འགྱེད་པ་དཔེར་ན་བུམ་ནང་གི་མར་མེ་དང་མཚུངས༔ ཆོས་ཉིད་རྣམ་པར་དག་པའི་དོན་བདེན་པ་དེ་ལ་རྣམ་ཀུན་འཕོ་འགྱུར་མེད་པ་ནི༔ བརྒྱད་པ་མི་གཡོ་བའི་ས་ནོན༔ ཉོན་མོངས་པའི་ལས་ཐམས་ཅད་ཟད་ཅིང་རང་རིག་གི་ཡེ་ཤེས་མངོན་དུ་གྱུར་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ སྣང་བའི་ཆ་ཐམས་ཅད་དངོས་པོར་མ་གྲུབ་ཅིང་ལོངས་སྤྱོད་རྫོགས་སྐུར་གྲོལ་བས༔ སྐུའི་འཛིན་ཆ་ཐམས་ཅད་རང་སར་གྲོལ་བ་ཡིན་གྱི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྐུ་མཚན་དཔེར་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང༔ དེ་རྣམས་ལྔ་ལྔ་ཟུང་དང་བཅས༔ རབ་ཏུ་གསལ་བའི་ཐིག་ལེར་འབྲེལ༔ ཡབ་ཡུམ་ལྔ་ཡི་སྣང་བ་ཅན༔ འཁྲུལ་སྣང་དག་ནས་ཞིང་ཁམས་གསལ༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་གཅིག་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ རང་སྣང་གི་ལྟ་བ་དེ་གཞི་དང་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀ་དག་གཞི་ཐོག་ཏུ་རྫོགས་པར་འདོད་ན་ལུ་གུ་རྒྱུད་ཀྱི་གནད་ལ་གོམས་པ་ཁོ་ན་ཡིན་གྱི༔ ཇི་སྐད་དུ་ནོར་བུ་ཕྲ་བཀོད་ལས༔ སྐྱེ་ཤི་མེད་པའི་སྲོག་འཛིན་པར་འདོད་ན་ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ༔ འགག་པ་མེད་པར་རང་སར་གྲོལ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ༔ དམིགས་པ་མེད་པར་མཚན་མའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ན་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག༔ དུ་མ་མེད་པར་གཅིག་ཏུ་བལྟ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག༔ ཅེས་གསུངས་པས༔ འདིའི་གནད་ལ་གོམས་པས་ཆོས་ཟད་འབྲས་བུའི་གཞི་ཀློང་དུ་མྱ་ངན་ལས་འདས་པས༔ གཟུང་འཛིན་གྱི་བག་ཆགས་ཐམས་ཅད་རང་སར་ཟད་ཅིང་ཅིའི་ངོ་བོར་མ་གྲུབ་པས་རང་དྭངས་སུ་འཇུག་པ་ཡིན་ནོ༔ དཔེར་ན་ཟླ་བ་མར་འགྲིབ་ནས་གནམ་སྟོང་ལ་ཅིའང་མེད་དུས་ཟླ་བའི་སྣང་བ་དང་པོ་ལ་ཆེར་སོང་བ་དང༔ ཆུང་དུ་སོང་བ་ཡང་མེད་པ་བཞིན༔ རང་རིག་གི་སྣང་བ་ཆེ་རུ་ཡང་མ་སོང༔ མར་ཟད་དུས་ཆུང་དུ་ཡང་མ་སོང༔ དོན་རང་མདངས་རང་དབྱིངས་སུ་རང་ཐིམ་ལ་སོང་བ་ཡིན༔ ཇི་སྐད་དུ་ལུང་ལས༔ གང་བ་མེད་ཅིང་བྲི་མེད་པ༔ ཞེས་གསུངས་སོ༔ དོན་ལ་ཕྱིའི་སྣང་བ་དབྱིངས་སུ་ཐིམ་པས་སྣང་བ་དེ་ཆོས་ཅན་ཆོས་ཉིད་ལ་ཐིམ༔ ཆོས་ཉིད་གང་དུ་བསམ་བརྗོད་བྲལ་བས་ཆོས་ཉིད་ཟད་ཅེས་བརྗོད་ལ༔ རང་རིག་ཀ་དག་གི་དབྱིངས་གཞིར་གཏན་ལ་ཕེབ་ཅིང༔ འོད་གསལ་གྱི་སྣང་བ་རྒྱ་ཆེ་བས་མངོན་པར་ཤེས་པ་དུ་མ་དང་ལྡན་ཅིང༔ ཡོན་ཏན་དེ་ལས་གཡོ་བ་མེད་པ་ནི་དགུ་པ་མི་གཡོ་བའམ༔ ལེགས་པའི་བློ་གྲོས་ཀྱི་ས་ནོན༔ ཡང་དག་གི་དོན་ལ་གཡོ་བ་མེད་པས་ཆོས་ཉིད་གཡོ་མེད་ཀྱི་བདེན་པ་མཐོང་བ་ནི༔ སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་གཉིས་པ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་རྟོག་ཚོགས་ཐམས་ཅད་ཟད་ཅིང་། སངས་རྒྱས་ཀྱི་དགོངས་པ་ལ་ལོངས་སྤྱོད་ཅིང་གོང་གི་ཉམས་སྣང་ཐམས་ཅད་ཟད་པས་ན་ཆོས་ཉིད་ཟད་ཅེས་མིང་དུ་བཞེད་པ་ཡིན་ལ༔ ཅིའང་མེད་པའི་མེད་དགག་སྟོང་གསུམ་ནི་མ་ཡིན༔ མཁྱེན་བརྩེ་དང་ཐུགས་རྗེ་ཡེ་ཤེས་ཀྱི་ཡོན་ཏན་ནི་གཞལ་དུ་མི་ནུས་སོ༔ འདིར་ཆོས་ཉིད་ཟད་པའི་ཡོན་ཏན་དང་མདོ་ལུགས་ཀྱི་ལམ་ལྔ་ས་བཅུའི་ཡོན་ཏན་རྣམས་མཉམ་སྙམ་ན༔ དེ་གཏན་ནས་མི་མཉམ༔ མདོ་ལུགས་ཁོ་རང་གི་ལམ་ལྔ་ས་བཅུའི་ཡོན་ཏན་དྲུག་ཅུ་རྩ་བཞི་རྣམས་རྫོགས་རུང༔ ད་དུང་གསང་སྔགས་ཀྱི་ཡོན་ཏན་གཏན་ནས་མ་མཐོང་བས་གསང་སྔགས་ཀྱི་ཐོས་བསམ་སྒོམ་གསུམ་ལ་བློ་སྦྱང་དགོས་པས་ཁྱད་ཤིན་ཏུ་ཆེའོ༔ ཆོས་ཉིད་ཟད་སར་སྐྱོལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུམ་མཉམ་ཉིད་ཆེན་པོའི་ཀློང་དུ་རོ་གཅིག་པར་མྱ་ངན་ལས་འདའ་ཞིང༔ གདོས་བཅས་ཀྱི་ཡུལ་སྣང་དག་ནས་སངས་རྒྱས་ཚུལ་ནི༔ ཇི་སྐད་དུ་དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་མེད་རྣམ་རྒྱལ་ལས༔ རང་འོད་ཡེ་ཤེས་ལྡན་པའི་སྐུ༔ འཇའ་འོད་བཞིན་དུ་གསལ་བའི་བདག༔ སྟོང་པ་གསུམ་ལས་འདས་པ་པོ༔ རྟོག་མེད་ཡེ་ཤེས་འཕྲོ་བར་འགྱུར༔ ཞེས་གསུངས་པས༔ དངོས་པོར་མ་གྲུབ་ཀྱང་མེད་པའི་སྟོང་པ་མ་ཡིན་པ༔ ཡེ་ཤེས་རང་འོད་དུ་གསལ་བ༔ དཔེར་ན་སེམས་ཅན་དུ་འཛིན་པའི་རྟོག་པ་མི་མངའ་ཡང༔ གཞན་དོན་འབའ་ཞིག་ཏུ་འབྱུང་བ་དེ་ལ་སངས་རྒྱས་ཞེས་བཞེད་དོ༔ དོན་ལ་འཐོབ་བྱ་དང་ཐོབ་བྱེད་མེད༔ རང་རིག་ཀ་དག་གི་ངོ་བོ་འདི་ཀ་རང་ཡིན་མོད༔ གང་ཟག་དབང་པོ་འབྲིང་མན་ཆད་རྩོལ་བ་ཆུང་ཞིང་ཉམས་ལེན་ལ་རབ་ཏུ་བརྩོན་པ་རྣམས་ཀྱང༔ བླ་མའི་ཐུགས་རྗེ་དང་གདམས་ངག་ཟབ་མོའི་བྱིན་རླབས་ཀྱིས༔ རིག་པ་འཛིན་པ་ཆེན་པོ་བཞི་ལ་མངའ་བརྙེས་ཤིང༔ ནང་ལྟར་རྒྱལ་བ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་ལ༔ ཇི་སྐད་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་ཞལ་ལུང་ལས༔ གལ་ཏེ་སྐུ་གསུམ་གྲུབ་ན༔ རིག་པ་འཛིན་པའི་གཙོ་བོར་འགྱུར༔ རིམ་གྱིས་ཕྱག་རྒྱ་ཆེན་པོ་འོ༔ ཞེས་གསུངས་པས་རྣམ་པར་སྨིན་པའི་རིག་འཛིན་ནི་ད་ལྟ་རང་རིག་ལ་བྱན་ཚུད་པའི་སྐྱེས་བུ་དམ་པ་ཞིག་གི༔ ལུས་གདོས་བཅས་ཤ་ཁྲག་ཏུ་འདུག་རུང༔ སེམས་སངས་རྒྱས་དང་མཉམ་མོ༔ ཕྱི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི༔ རིག་པའི་རྩལ་འབྱོངས་པའི་རྟགས་ལུས་ལ་ཤར་བས༔ འཁོར་བ་མ་སྟོངས་ཀྱི་བར་དུ་གཞོམ་གཞིག་མི་མངའ་བ་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུར་འགྱུར་རོ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ ས་བཅུའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པར་གསུངས་སོ༔ ཇི་སྐད་དུ་དེ་ཉིད་འདུས་པ་ལས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་དང༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་སྐད་ཅིག་ཏུ་འགྲོ་བ་དང༔ ལོ་བཅོ་བརྒྱད་ལོན་པའི་ན་ཚོད་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཉུལ་ཞིང༔ ཚེ་བསྐལ་པའི་བར་དུ་གནས་པའོ༔ ཞེས་གསུངས་སོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ མཉམ་གཞག་ལ་བོགས་དབྱུང་རྒྱུ་ཡོད་ཙམ་མ་གཏོགས་སངས་རྒྱས་དང་ཡོན་ཏན་མཉམ༔ ཇི་སྐད་དུ་རྒྱུད་གསང་བ་སྙིང་པོ་ལས༔ ས་རབ་རིག་པ་འཛིན་པའི་ས་འོ༔ ཞེས་གསུངས་པའི་དོན་འདི་ཡིན་ལ༔ སྣང་བ་བཞི་མཐར་ཕྱིན་ནས་བྱ་བྲལ་རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་ནི༔ བླ་ན་མེད་ཅིང་མཐར་ཕྱིན་པའི་ལམ་མོ༔ རང་རིག་ཆོས་ཀྱི་དབྱིངས་ལ་ཟག་པ་མེད་ཀྱང༔ རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་སྤྲུལ་པའི་སྐུ་གཉིས་ལས་ལྷག་པར་ཤར་ནས་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པ་ནི༔ བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན༔ ཡེ་ཤེས་ཀྱི་རང་སྣང་ལ་རང་རིག་གི་ཤེས་པ་ཟིན་ཅིང༔ སྣང་བ་བཞི་མཐར་ཕྱིན་ནས་འོག་མིན་མཁའ་སྤྱོད་འགྱུར་མེད་རྡོ་རྗེའི་དབྱིངས་ཀློང་དུ་རང་རིག་ཀ་དག་གདོད་མའི་ཀུན་ཏུ་བཟང་པོར་འཚང་རྒྱ་བས་ན༔ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཉམས་ཀྱི་སྣང་བ་སྟོང་པ་ཡིན༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས༔ བརྗོད་བྱའི་ཚིག་དང་བྲལ་བ་ཡིན༔ ཞེས་གསུངས་པ་དང༔ འདས་རྗེས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་ལ་བཙལ་དུ་མེད༔ ཅེས་པ་དང༔ འཇམ་དཔལ་མཚན་བརྗོད་ལས༔ སྒྲིབ་པ་ཀུན་ལས་ངེས་པར་གྲོལ༔ མཁའ་ལྟར་མཉམ་པ་ཉིད་ལ་གནས༔ ཉོན་མོངས་དྲི་མ་ཀུན་ལས་འདས༔ དུས་གསུམ་དུས་མེད་རྟོག་པ་པོ༔ ཞེས་གསུངས་པ་དང༔ ཀློང་གསལ་ལས༔ མངོན་སུམ་གནད་ལ་གང་གོམས་པ༔ འདི་ནི་སྐྱེས་བུས་མདའ་འཕེན་བཞིན༔ སླར་ལ་ལྡོག་པ་མ་ཡིན་ནོ༔ ཞེས་པ་དང༔ མཚན་བརྗོད་ལས༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཕུང་པོ་ལྔ་དག་དུས་གསུམ་དུ༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་དང༔ སྐུ་གདུང་འབར་བ་ལས༔ སྐྱེས་བུ་བློ་རྩལ་ཅན་གྱིས་ནི༔ འཁྲུལ་པའི་སྣང་བ་འདི་ཉིད་ལས༔ འབྱུང་བ་རང་སར་དེངས་ནས་ནི༔ ངོ་བོ་ཉིད་ཀྱི་འབྲས་བུ་ལ༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་རང་ས་ཉིད་དུ་འགྱུར༔ ཞེས་གསུངས་པས༔ འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་རིག་ལས་སངས་རྒྱས་གཞན་ནས་བཙལ་དུ་མེད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་བཅུ་གསུམ་པ་མངོན་སུམ་གོང་འཕེལ་རྣམས་ཀྱི་དུས་སུ༔ ཉིན་མོ་དང་མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་ཡེངས་མེད་དུ་སེམས་བཟུང་བས་ཉམས་སྣང་གོང་དུ་མཆེད་པ་དང༔ ཉིན་མོ་མེའི་མིག་ཚ་ཤས་སེལ་ཞིང་ཚ་གྲང་ཆ་སྙོམས་ཤིང་དབྱིངས་སྣང་རབ་ཏུ་འཕེལ་བའི་གནད་ཤིན་ཏུ་ཟབ་བོ༔ ལོངས་སྐུའི་རྟེན་སྒྲོན་མེ་མར་མེ་ལ་གཏད་ནས་ཟུར་དུ་ཁྲིད་པ་དང༔ མེ་ཤེལ་དྲི་མེད་ལ་བསླབས་པས་ཉིན་མོའི་འཁྲུལ་སྣང་མྱ་ངན་ལས་འདས་ཤིང་རང་ས་ཟིན་པའི་གནད་ཟབ་བོ༔ མཚན་མོ་ཟླ་ཟེར་ཆུ་ཤེལ་དྲི་མེད་ལ་གཏད་པས་འོད་གསལ་སྒྲོན་མ་ལྔ་ལྡན་རབ་ཏུ་མཆེད་ནས་མཚན་མོའི་འཁྲུལ་སྣང་ཐམས་ཅད་གཟུགས་སྐུ་གཉིས་སུ་དག་ནས་གདོད་མའི་གཞི་ལ་འཇའ་སྐུའི་ཀློང་དུ་གྲོལ་བའི་གནད་ཁྱད་པར་ཅན་དུ་ཟབ་བོ༔ དབྱིངས་རིག་གི་གནད་ནི༔ ཇི་སྐད་དུ་ཀློང་གསལ་ལས༔ སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ༔་་་བུདྡྷའི་ཡེ་གཞིའི་དོན་ཡིན། རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ༔་་་སྙིང་པོའི་ལུ་གུ་རྒྱུད། རིན་ཆེན་མཁའ་འགྲོས་མེ་ལོང་ཕྱེས༔་་་མིག་གིས་ནམ་མཁའ་ལ་བལྟས་པས་དབྱིངས། སྒོ་ལ་ལས་ཀྱི་མཁའ་འགྲོ་བྱོན༔་་་རང་རིག་རྡོ་རྗེ་ལུ་གུ་རྒྱུད་གཅེར་གྱིས་མཐོང་། པདྨ་མཁའ་འགྲོས་མངོན་སུམ་སྟོན༔་་་སྣང་བཞིའི་དོན་རང་ཐོག་ཏུ་མངོན་སུམ། ཞེས་གསུངས་པས༔ སྔ་དྲོ་ཤར་ཕྱོགས་སུ་གཏད་ལ་འོད་དཀར་བྱུང་ཚེ་ལྷོར་ཁྲིད་ལ་ཅི་གནས་སུ་གཞག༔ དེ་བཞིན་དུ་ནུབ་ཏུ་འོད་ལ་གཏད་པ་དང༔ ཕྱི་དྲོ་ནུབ་ཏུ་གཏད་པས་ཟ་འོག་གི་རིས་ལྟ་བུར་འཆར་ཚེ་བྱང་དུ་ཁྲིད༔ ཅུང་ཞིག་ཁྲིད་མ་ནུས་ན་ཡུན་ཇེ་རིང་ཇེ་རིང་དུ་བསླབ་ཅིང་འོད་སྣང་ལས་ལུ་གུ་རྒྱུད་བཙོན་དུ་འཛིན་པ་གནད་དོ༔ དེ་ལྟར་བརྩོན་པས་ཆོས་ཟད་འབྲས་བུ་གཞི་ཀློང་དུ་མྱུར་དུ་ཕྱིན་པའི་གནད་འདི་ལྟ་བུ་ནི༔ ཁོ་བོ་རྒྱུན་རིང་པོ་ནས་སྲིད་གསུམ་འགྲན་ཟླ་བྲལ་བའི་གྲུབ་ཐོབ་མང་གྷ་ཨཱ་ཡུ་ལ་བསྟེན་པའི་དྲིན་ལས་བྱུང་ཞིང་རང་གིས་ཀྱང་གནད་དུ་བསྣུན་པ་ཡིན་གྱི་གལ་པོ་ཆེའོ༔ ྈ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཆོས་ཟད་འབྲས་བུའི་རིག་པ་གཞི་ཐོག་ཏུ་ཕེབས་ནས་སྐྱེ་བ་ལ་རང་དབང་ཐོབ་པས་རྡོ་རྗེ་ལྟ་བུའི་སྐུར་གྲུབ་པས་བར་དོའི་སེམས་ཅན་ཁྲི་ཕྲག་མང་པོ་ལ་རང་རིག་གི་ཡེ་ཤེས་བཅུག་པས་སངས་རྒྱས་ནུས་པ་དང༔ འཇུག་པ་ལ་རང་དབང་ཐོབ་པས་བེམ་པོ་ལ་རིག་པ་བཅུག་པས་འགུལ་བ་དང་སྐད་འབྱིན་པ་དང༔ པདྨ་དང་དཔག་བསམ་གྱི་ལྗོན་ཤིང་ལ་རིག་པ་བཅུག་པས་ཆོས་སྒྲ་སྒྲོག་པ་དང༔ འོད་འགྱེད་པས་འགྲོ་བ་མང་པོ་འདུལ་བའི་རྫུ་འཕྲུལ་ཡོན་ཏན་དུ་མ་དང་ལྡན་ཀྱང་མི་སྟོན་པ་ནི༔ དཔེར་ན་བུམ་ནང་གི་མར་མེ་དང་འདྲའོ༔ འདི་ནི་རང་རིག་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་སོ༔ འདིས་སླར་ལུས་དེས་འགྲོ་དོན་མི་འབྱུང་ན་དེ་ལ་བལྟ་བ་སྤངས་ཏེ༔ འོད་གསལ་དེའི་ངང་ལ་གཡོ་བ་མེད་པས་ལག་སོར་ཡང་འོད་དུ་ཡལ་ནས༔ ཕྱི་སྣང་བའི་འོད་ནང་ཕུང་པོ་གསང་བ་རིག་པའི་འོད་གསལ་གསུམ་ཀ་དག་ནང་གསལ་གདོད་མའི་ངང༔ གཞོན་ནུ་བུམ་པའི་སྐུ་ཆོས་སྐུ་འགྱུར་མེད་ལོངས་སྐུ༔ སྤྲུལ་སྐུ་འཆར་གཞི་མ་འགགས་པ་ལམ་དུ་ཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མི་གཡོ་བའི་ངང་ནས༔ འཇིག་རྟེན་དུ་ནང་གསལ་ཕྱིར་གསལ་ལྷུན་གྲུབ་སྟུག་པོ་བཀོད་པར་རང་རིག་ཀུན་ཏུ་བཟང་པོའི་རང་རྩལ་ལས༔ ཡེ་སྣང་ཤར་བཞིན་དུ་རང་སྣང་གི་རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་ལ་སོགས་སྣང་ཞིང༔ དེའི་རྩལ་ཤར་བ་ནི་སྤྲུལ་སྐུ་ཐུབ་པ་དྲུག་སོགས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུ་དང༔ གཞན་ཡང་མཆོག་དང་བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་འབད་མེད་ལྷུན་གྲུབ་ཏུ་རྒྱུན་མི་ཆད་དོ༔ དོན་ལ་རྒྱུ་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་པས་མ་འཁྲུལ༔ རིག་པའི་མདངས་ཕྱིར་ཤར་དུས་གཟུགས་བརྙན་ཙམ་ལས་དོན་དམ་དུ་མི་བཞེད༔ འདིར་སྙིང་པོ་ཙམ་ཡིན་ཡང་ལས་རླུང་དང་སྦྲགས་པའི་གཡོ་བྱེད་དེ་ཟད་པས་རིག་པ་ཀ་དག་གི་ངོ་བོ་ནང་དབྱིངས་གཞི་ཐོག་དེར་བཙན་ས་ཟིན་པ་ནི༔ ཕྱི་རྐུན་སྒོར་དོན་ནས་རྒྱལ་པོས་གདན་ས་ཟིན་པ་དང་མཚུངས་མོད༔ དོན་རང་རིག་གཞི་ཐོག་ཕེབས་པ་འདི་མིན་པ་སངས་རྒྱས་གཞན་གང་ནས་ཚོལ༔ དོན་ལ་མངོན་སུམ་གོང་འཕེལ་གྱི་དུས་རིག་མདངས་གཉིས་ཀྱིས་སྤྲུལ་སྐུའི་ལམ་བྱེད༔ སྤྲུལ་སྐུ་སྤང་བླང་དང་བཅས་པས་སྡེ་སྣོད་གསུམ༔ ཚད་ཕེབས་ཀྱི་ཚོམ་བུའི་སྣང་བ་ལ་ལོངས་སྤྱོད་པས་ལོངས་སྐུའི་ལམ་བྱེད༔ ལོངས་སྐུའི་རོ་མཉམ་དུ་སྤྱོད་པས་གསང་སྔགས་ནང་པ་གསུམ༔ ཆོས་ཉིད་ཟད་པའི་ཚེ་སྟོང་ཉིད་བསམ་བརྗོད་དང་བྲལ་བས་ཆོས་སྐུའི་ལམ་བྱེད༔ ལམ་དེ་རྣམས་བྱང་ཆུབ་ཏུ་སོང་བས་གསང་སྔགས་འབྲས་བུའི་ལམ་ཁོ་ནའོ༔ དེས་ན་ཆོས་སྐུའི་རྟེན་སྐུ་གསུམ་ད་ལྟ་ཉིད་ནས་རང་ཆས་སུ་ཡོད་པས་འོད་གསལ་གྱི་ཡེ་ཤེས་ཀྱི་ལམ་བསྒོམས་པས༔ ཡིན་ལུགས་དྲི་བྲལ་དུ་ཕྱིན་པས་འབྲས་བུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཀུན་ལས་ཁྱད་པར་འཕགས་པའོ༔ དེ་ནས་མི་འགུལ་བ་གསུམ་ནི༔ ལུས་མི་འགུལ་བ་སྡོད་སྟངས་གསུམ་ལས་མི་འདའ་བའི་ངང་ནས༔ མིག་མི་འགུལ་བ་གཟིགས་སྟངས་གསུམ་ལས་མི་འདའ་བར་བལྟ༔ རླུང་མི་འགུལ་བ་བཅོས་བསླད་མེད་པའི་ངང་དུ་བསླབ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི༔ ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ༔ གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་ཡེ་ནས་མི་སྐྱེ༔ འདི་དུས་རྨི་ལམ་གྱིས་ཚད་གཟུང་ཞིང་ནང་རྟགས་ཕྱི་ལ་འཆར༔ བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགག༔ འབྲིང་གིས་རྨི་ལམ་ངོས་ཟིན༔ ཐ་མས་ངན་རྟོག་ནུབ་པས་རྨི་ལམ་བཟང་པོར་འགྱུར༔ དེ་ནས་གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི༔ ཕྱི་སྣང་བ་ལ་རང་དབང་ཐོབ་པས་རྐྱེན་སྣང་ཐམས་ཅད་ཞིང་ཁམས་སུ་འཆར༔ ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་གདོས་བཅས་འོད་དུ་ཡལ༔ གསང་བ་རིག་པ་ལ་རང་དབང་ཐོབ་པས་འཁྲུལ་རྟོག་དབྱིངས་སུ་དག༔ བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི༔ རིག་པ་ཡར་གྱི་སངས་རྒྱས་ཀྱི་ཡོན་ཏན་མཐོང་ཡང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་དང་བྲལ་བ༔ རང་རིག་ལས་སངས་རྒྱས་གཞན་མེད་པར་ཐག་ཆོད༔ སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་དག་པས་མར་འཁོར་བར་འཁྱམས་ནས་སྡུག་བསྔལ་བས་མནར་བའི་དོགས་པ་དང་བྲལ་བའོ༔ བརྩོན་འགྲུབ་རབ་རྣམས་བླ་མས་ངོ་སྤྲད་ཅིང་ཉམས་ལེན་དངོས་གཞི་ལ་ཞུགས་ན་ལོ་གསུམ་དང་ཟླ་བ་གཅིག༔ འབྲིང་ལོ་བཞི་ཟླ་བ་ལྔ་དང་ཞག་དྲུག༔ ཐ་མ་རྣམས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ནས་གདོས་བཅས་ཤ་ཁྲག་གི་འབྱུང་བ་རང་སར་དག་ཅིང༔ འོད་གསལ་འཇའ་ཚོན་དུ་གྲོལ་ནས་ནང་དབྱིངས་ཀ་དག་ཀུན་བཟང་འཇའ་སྐུར་གྲོལ་བར་ཐེ་ཚོམ་མེད་པར་གསུངས་སོ༔ ྈ དེ་ནས་ཉམས་ལེན་ལ་བར་དུ་ཆོད་པ་དང༔ དབང་པོ་ཐ་མའི་ཐ་མ་རྣམས་ལ་བར་དོའི་གདམས་པ་ནི༔ བར་དོ་བར་དོ་ཟེར་ཡང་རང་སྣང་གིས་བཅོས་པ་ཡིན༔ གཞན་ཕ་རོལ་ག་ནས་ཡོད༔ ད་ལྟ་རང་རིག་སྐུ་གང་ལ་བརྟན་པ་ཐོབ་པ་དེ་ལ་ལོངས་སྤྱོད་པ་ཡིན༔ དོན་ལ་འཆི་བ་ཟེར་ཡང་བསྐྱེད་པའི་རིམ་པ་བསྡུ་བ་ཙམ་ཡིན་མོད༔ འོག་མིན་མཁའ་སྤྱོད་གཞོམ་མེད་ཀྱི་ཕོ་བྲང་དུ་འགྲོ་བ་ལས་དགའ་བ་ཅི་ཡོད༔ རྟེན་བྱིན་རླབས་ཅན་གྱི་མདུན་དུ་ཚོགས་གསག་མཆོད་ཚོགས་ལེགས་པར་བཤམ༔ གྲོགས་ཁྱད་པར་ཅན་གྱིས་གསལ་འདེབས་བྱེད༔ དང་པོ་རང་བཞིན་གྱི་བར་དོ་ལ་བླ་མའི་གདམས་ངག་དང་མདོ་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོང༔ བར་དུ་དེའི་དོན་ལ་བསམ་ཞིང་ཚིག་དོན་གྱི་སྒྲོ་འདོགས་གཅད༔ ཐ་མ་གསང་སྔགས་ཀྱི་ལྟ་སྒོམ་རང་ཐོག་ཏུ་ཕབ༔ ཡིན་མིན་བརྗོད་གཞི་ཆོས་ཉིད་ཀྱི་ངང་དུ་ལ་བཟླ༔ ཐེ་ཚོམ་མེད་པར་རང་བཞིན་གྱི་བར་དོ་ལ་ཤིན་ཏུ་ནས་འབྱོངས་པར་གཅེས་སོ༔ གཉིས་པ་འཆི་ཁའི་བར་དོ་ལ༔ མི་གསལ་བ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་གནད་ལ་གོམས་པར་བྱའོ༔ དེ་ནས་ཕྱི་ནང་གི་འཆི་རྟགས་ནི་ཁོ་བོས་བཟོས་པའི་གདམས་པ་ཚ་བ་དམར་ཐག་ལས་གསལ༔ གསང་བའི་འཆི་རྟགས་ནི༔ ས་ས་ལ་ཐིམ་པས་ལུས་ཀྱི་བག་གཞི་ལྷུང༔ ནང་གི་ཤེས་པ་བན་བུན་དུ་འགྲོ༔ ཆུ་ཆུ་ལ་ཐིམ་པས་ཁ་སྣ་དང་མིག་ནས་གློ་བུར་དུ་ཆུ་འབྱུང༔ ཁ་སྐམ་ཞིང་ཡན་ལག་འཆགས༔ ནང་གི་ཤེས་པ་ལང་ལིང་དུ་འགྲོ༔ མེ་མེ་ལ་ཐིམ་པས་རྐང་ལག་གི་དྲོད་འཆོར༔ མིག་མདངས་ཀྱི་བཀྲག་ཡལ༔ ནང་གི་ཤེས་པ་ནག་ཐིབ་ཐིབ་ཏུ་འགྲོ༔ རླུང་རླུང་ལ་ཐིམ་པས་དབུག་རྒོད་ཅིང་ངར་ངར་བྱེད༔ ནང་གི་ཤེས་པ་མི་གསལ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ཁྲོག་གིས་ཆད༔ ནང་དབུགས་ལུས་པ་དེ་དུས་ངོ་སྤྲད་ལ་འབད༔ ཨེ་མ་འཇིག་རྟེན་འདི་ན་ཞེན་ཆགས་མ་བྱེད་ཅིག༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་རང་གི་རིག་པ་དག་པའི་སྣང་བ་ཆོས་ཉིད་ཀྱི་བར་དོར་འོད་དང་ཐིག་ལེའི་སྐུའི་རྣམ་པ་ཅན་འབའ་ཞིག་ཏུ་འཆར་རོ༔ དེ་ཁྱོད་རང་གི་རིག་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ནན་དུ་གསལ་གདབ༔ ཆོས་ཉིད་བར་དོའི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་གཅེས་པས༔ རྣམ་ཤེས་ནམ་མཁའ་ལ་ཐིམ་ཚེ་སྒྲོག་གསུམ་དང་བྲལ་པ་གལ་ཆེ་བས༔ སྒྱུ་ལུས་གདོས་བཅས་ཀྱི་བེམ་པོར་ལིང་གིས་སོང༔ རླུང་བར་སྣང་ལ་བུན་གྱིས་ཡལ་བས་དབུགས་ཆད༔ རིག་པ་མེ་སྟག་འཕར་བ་བཞིན་ཆོས་ཉིད་ཀྱི་བར་དོར་རང་གི་སྣང་བར་ཤར༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྣང་བ་འོད་ལྔའི་རྣམ་པར་ཤར༔ འོད་གསལ་ཟུང་འཇུག་ལ་ཐིམ་པས་རང་གི་ལུས་ཀྱང་འོད་དུ་གསལ༔ སྣང་བ་ཐམས་ཅད་འོད་ཀྱི་སྐུ་རིགས་ལྔའི་ཚོམ་བུར་འབྲེལ་པ་དཔག་ཏུ་མེད་པ་འཆར༔ འདི་དུས་འཇུག་པའི་གནད་གལ་ཆེ་བས༔ རིག་པ་འོད་ལ་ཕར་འཇུག་པ་དང༔ འོད་ཀྱིས་ཚུར་འཇུག་པ་ལས༔ དང་པོ་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་བས༔ ཚོམ་བུའི་སྣང་བ་ལ་རིག་པ་གཏད་པས་ཟིན་ཅིང༔ འདི་ངང་ལ་ཞག་གནས་གསུངས་པ་ནི་གང་ཟག་གཞན་གྱིས་ཞག་དངོས་བཞེད་རུང་། ཁོ་བོའི་བླ་མ་མང་གྷ་ཨཱ་ཡུ་ནི་ཞག་དངོས་ལ་མི་བཞེད་དོ༔ དོན་རང་བཞིན་བར་དོའི་བསམ་གཏན་ཇི་ཙམ་བརྟན་ཆ་ཡོད་པ་དེ་ཞག་ཏུ་བཞེད་པ་ཡིན་མོད༔ འོད་རིག་པ་ལ་ཚུར་འཇུག་དུས༔ རིག་པས་རང་ལུས་རྙེད་པའི་དུས་ན་ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་པ་རྣམས་རང་ལ་འདུས་པའི་ཚེ༔ རང་ངོ་ཤེས་པས་གདམས་ངག་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པས་མཚན་མའི་བག་ཆགས་རང་སར་གྲོལ་བ་དང༔ རང་གིས་རིག་པ་ངོ་ཤེས་པས་མངོན་པར་ཤེས་པ་དང་ལྡན་ཞིང་ཕྱིར་མི་ལྡོག་པ་ནི༔ འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་འོད་དུ་འབར་ཞིང་ཚོམ་བུ་ལྔ་ཤར་བ་དེ་ངོས་ཟིན་ནས་རང་རིག་ཏུ་ལྷུན་གྱིས་གྲུབ་པ་ནི་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་ནོན༔ ཇི་སྐད་དུ་རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་ནི༔ སངས་རྒྱས་ས་ལ་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ དེར་མ་ཟིན་ན་རིག་པ་རྒྱ་དང་བྲལ་བས་རང་སྣང་རང་མདངས་གཞི་སྣང་དུ་ཤར་བ་ནི༔ ཤེལ་འོད་ཕྱིར་གསལ་བའམ༔ བུམ་པ་ཆག་པའི་མར་མེ་སྣང་བ་བཞིན་གསལ་ཏེ་རང་སྣང་དུ་ངོ་ཤེས་པས༔ ནམ་མཁའ་འོད་གསལ་ལ་ཐིམ་པས༔ རང་གི་མིག་གཉིས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ཀ་བ་བཙུག་པ་ལྟ་བུའམ། ཟེར་ཐག་བརྒྱངས་པ་ལྟ་བུ་དེ་རང་གི་རིག་མདངས་སུ་ངོ་ཤེས་པ་ཙམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ བཅུ་གཉིས་པ་མ་ཆགས་པདྨའི་སྤྱན་གྱི་ས་ནོན༔ དེ་ལ་རང་ངོ་ཤེས་ན་ཆོས་ཉིད་བར་དོ་ན་སྣང་བ་ཐམས་ཅད་འོད་ལྔའི་རྣམ་པས་སོས་ཀའི་སྨིག་རྒྱུ་ལྟར་བཀྲ་ལམ་མེ་བ་འོད་ཀྱི་ནང་ནས་ཟེར་མཚོན་ཆའི་ཆར་འབབ་པ་ལྟ་བུ་དང་། ཁྲོ་བོའི་སྐུ་ནམ་མཁའ་གང་ཞིང་ཆོས་ཀྱི་རང་སྒྲ་སྒྲོག་པ་འབྲུག་སྟོང་ལྡིར་བ་ལྟ་བུ་དེ་ངོ་ཤེས་པ་ཙམ་གྱིས་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པ་ཡིན་གྱི༔ ཡེ་ཤེས་ཆེན་པོའི་སྣང་བ་མཐར་ཕྱིན་པ་ནི༔ བཅུ་གསུམ་པ་འཁོར་ལོ་རྫོགས་པ་ཆེན་པོའི་ས་ནོན༔ འོད་ཟེར་འདི་རྣམས་རང་གི་སྙིང་ག་ནས་ཕར་ཟེར་ཐག་འབྲེལ་ཞིང་རིག་པ་འོད་ལ་འཇུག་དུས་རང་སྣང་དུ་ངོ་ཤེས་པ་དང་ཤེས་ཐོག་ཏུ་འཇོག་པ་གནད་ཡིན་ལ༔ རིག་པ་རང་ས་ཟིན་པས་རང་རིག་ཡེ་ཤེས་ཀྱི་སྣང་བ་ལས་གཡོ་བ་མེད་པ་ནི༔ བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན༔ དོན་ལ་རང་ལུས་འོད་ཀྱི་སྦུ་གུར་སྣང་བས་རང་མདངས་ལ་བཞག་པས༔ དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟར་འོད་ཀྱི་སྦུ་གུ་ནང་གི་རིག་པ་ལ་ཐིམ་མོ༔ དེ་རང་མདངས་སུ་ངོ་ཤེས༔ ཤེས་ཐོག་ཏུ་འཇོག༔ འཇོག་ཐོག་ཏུ་ཐིམ་པས། གང་དུ་ཡང་གསལ་འགྲིབ་མེད་པའི་རིག་པ་སྟོང་གསལ་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ནི༔ གདོད་མའི་ཟད་སར་མཐར་ཕྱིན་ཅིང་ཀ་དག་ཆེན་པོའི་ཀློང་དུ་གྲོལ་ནས་སངས་རྒྱས་ཤིང་། ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི༔ བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན༔ དེ་ལ་བརྟན་པ་མ་ཐོབ་ན་ཡེ་ཤེས་བཞི་སྦྱོར་ནི༔ ཟུང་འཇུག་གི་སྣང་བ་རང་ལ་འདུས་པའི་སྐད་ཅིག་མ་ལ༔ རང་གི་སྙིང་ག་ནས་འོད་ཟེར་གྱི་སྣམ་བུ་ཤིན་ཏུ་མཆེད་པ་དཀར་གསལ་གྱི་དཀྱིལ་དུ༔ ཡེ་ཤེས་ལྔའི་ཐིག་ལེ་འོད་ཁ་དོག་ལྔའི་ཚོམ་བུ་དབུས་མ་ཤེལ་གྱི་མེ་ལོང་གིས་བརྒྱན་པ་ལྟ་བུ་དང༔ དེའི་སྟེང་དུ་འོད་སེར་གྱི་སྣམ་བུ་གྲུ་བཞི་པའི་སྟེང་དུ་འོད་ཁ་དོག་ལྔའི་ཚོམ་བུའི་དབུས་མ་གསེར་གྱི་མེ་ལོང་ལྟ་བུས་བརྒྱན་པ་དང་། འོད་དམར་གྱི་སྣམ་བུའི་དཀྱིལ་དུ་ཡེ་ཤེས་ལྔའི་ཚོམ་བུའི་དབུས་མ་པདྨ་རཱ་གའི་མེ་ལོང་ལྟ་བུས་བརྒྱན་པ་དང༔ འོད་མཐིང་གི་སྣམ་བུའི་སྟེང་དུ་ཡེ་ཤེས་ལྔའི་ཚོམ་བུའི་དབུས་མ་བཻ་ཌཱུརྱའི་མེ་ལོང་གིས་བརྒྱན་པ་ལྟ་བུ་དང༔ ལྗང་གུ་མི་སྣང་བ་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལྗང་གུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་སོ༔ ཞེས་གསུངས་སོ༔ འདིར་འཇུག་པ་གོང་གི་གདམས་ངག་དྲན་པར་བྱའོ༔ ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཀ་དག་ལ་ཐིམ་པས་གྲོལ་གཞི་མཐར་སོན་པ་ཡིན་གྱི༔ གཞི་སྣང་གི་དབྱིངས་ཀ་དག་གི་ངང་ནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པར་གཞི་སྣང་ཐུགས་རྗེ་འོད་གསལ་ལ་ཐིམ༔ ཕྱིར་གསལ་དུ་མེད་པ་ནི༔ དཔེར་ན་ཤེལ་འོད་ནང་དུ་གསལ་བ་ལྟ་བུའོ༔ ཕྱིར་གསལ་མ་དག་པ་འཁྲུལ་པའི་སྣང་བ་ལ་གདུལ་བྱ་ལྟར་སྣང་བ་ལ་ཐུགས་རྗེ་ཞུགས་པ་ཉིད་དག་པ་ཡེ་ཤེས་ཀྱི་སྒོ་དང༔ ནང་གི་ཐུགས་རྗེ་ལ་ཐིམ་དུས་འཁྲུལ་སྣང་དང་དེ་ལ་འཇུག་པའི་ཐུགས་རྗེར་སྣང་བ་གང་ཡང་མེད་པས་གདུལ་བྱ་འདུལ་བྱེད་རྣམ་པར་དག་པས་རྒྱལ་བ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས་ཀ་དག་གདོད་མའི་ས་ལ་ངེས་པ་རྙེད་པ་ནི༔ བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པ་ཡིན་ནོ༔ ྈ དེ་ནས་བཞི་པ་སྲིད་པ་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་ཡུར་བ་རྐང་ཆག་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་ནི༔ འདི་དུས་བག་ཆགས་སྔོན་གྱི་ལུས་དེ་མེད་རུང་ཡོད་སྙམ་ནས་ཕྱེད་ལུས་སྣང་བའི་རྐྱེན་ལས་བྱེད་སྤྱོད་ཤེས་པ་བདུན་འགྱུར་གྱིས་གསལ་ལ༔ རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རི་དང་མའི་མངལ་དང་གསུམ་ལ་མ་གཏོགས་པ་ཀུན་ཏུ་འགྲོ་ཞིང་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པས༔ དེ་ཚེ་འོད་དཀར་གྱི་ལམ་བྱས་ནས་ལྷ་ཁང་མཆོད་ཁང་མེ་ཏོག་གི་ཚལ་དུ་ཕྱིན་སྙམ་བྱས་ན་ལྷར་སྐྱེ༔ ཕྲག་དོག་གི་འོད་ལྗང་གུ་བཀྲག་མེད་དེ་ལ་ལམ་བྱས་ནས་བྲག་རི་རྩེ་རྣོན་ཟང་ཟིང་གཅོང་རོང་ཚེར་དོང་དུ་ཕྱིན་སྙམ་བྱས་ན་ལྷ་མ་ཡིན་དུ་སྐྱེ༔ འདོད་ཆགས་ཀྱི་འོད་སེར་པོ་ལ་ལམ་བྱས་ནས་མཁར་དང་ལྷ་ཁང་ནང་དུ་ཕྱིན་སྙམ་བྱས་ན་མི་རུ་སྐྱེ༔ གཏི་མུག་གི་འོད་སྨུག་པོས་སྣ་ཁྲིད་ནས་ས་ཕུག་གད་པ་ཕུག་རིང་དུ་ཕྱིན་སྙམ་བྱས་ན་དུད་འགྲོར་སྐྱེ༔ སེར་སྣའི་འོད་དམར་འོད་ཀྱིས་སྣ་ཁྲིད་ནས་ཐང་རྩ་མེད་ཆུ་མེད་ལུང་སྐམ་རྣམས་སུ་ཕྱིན་སྙམ་བྱས་ན་ཡི་དྭགས་སུ་སྐྱེ༔ ཞེ་སྡང་གི་འོད་སྨུག་ནག་གིས་སྣ་ཁྲིད་ནས་རྫ་རོང་ཆུ་རོང་བྲག་ཆུ་འཐབ་རྣམས་སུ་ཕྱིན་སྙམ་བྱས་ན་དམྱལ་བར་སྐྱེ༔ འདིའི་སྐབས་སུ་ཡི་དམ་ལྷ་ཡི་བསྐྱེད་རིམ་དང༔ བླ་མ་ལ་མོས་གུས༔ དཀོན་མཆོག་ལ་སྐྱབས་འགྲོ༔ ཁྱད་པར་དུ་འཕོ་བ་གུ་རུ་སིདྡྷི་རྣམས་ཀྱིས་ངེས་པར་ཁེག༔ འདི་དུས་བླ་མས་རྣམ་ཤེས་བཀུག་ནས་ངོ་སྤྲད་པས་གྲོལ་བར་ཐེ་ཚོམ་མེད་དོ༔ གལ་སྲིད་མིར་སྐྱེས་ཀྱང་ཕ་མ་ཆོས་ལྡན་གྱི་པང་དུ་སྐྱེས་ནས་ལོ་ཉི་ཤུ་རྩ་ལྔའམ་སུམ་བཅུ་རྩ་ལྔ་ནས་དམ་པའི་ཆོས་དང་འཕྲད་ནས་སངས་རྒྱ་བར་ཐེ་ཚོམ་མེད་དོ༔ བརྩོན་འགྲུས་ཐ་མ་རྣམས་ཀྱང་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་ལ་གོམས་ཤིང་དེ་དོན་ལ་ཅུང་ཟད་སྦྱངས་པའི་བདེན་པའི་བྱིན་རླབས་ཀྱིས༔ སྤྲུལ་པའི་ཞིང་དེ་དྲན་པ་ཙམ་གྱིས་གོང་གི་བག་ཆགས་ཟད་པའི་སྟོབས་ཀྱིས་སྲིད་པའི་བར་དོ་ལས་རྨི་ལམ་སད་པ་བཞིན་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བའོ༔ རྡོ་རྗེ་མི་བསྐྱོད་པའི་ཞིང་ཁམས་རྣམ་པར་དག་པ་དེ་ནི༔ ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ་བཏེགས་ན་འཕར་སྙམ་བྱེད་ཅིང་མནན་ན་ནེམ་པ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་དང་ལྟེང་ཀས་བརྒྱན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་ལ་སྤྲུལ་པའི་བྱ་རྣམས་ཀྱིས་རྩེ་ལིང་ལིང་དང་ཆོས་སྒྲ་སྒྲོག་པ༔ ཐ་གྲུ་ཤིན་ཏུ་ཆེ་ཞིང་རེག་ན་འཇམ་པ༔ ལྗོན་ཤིང་ཁང་བརྩེགས་རྣམས་ལ་རིན་པོ་ཆེའི་དྲིལ་གཡེར་རྣམས་རླུང་གིས་བསྐྱོད་པས་དམ་པ་ཆོས་ཀྱི་སྒྲ་ལྡིར་བ༔ རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་མེད་ཁང་བརྒྱ་སྟོང་དུ་མས་བསྐོར་བ་ཐམས་ཅད་སྒོ་གྲུ་བཞི་པ་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་སྒྲེང་ཞིང༔ ཟུར་བཞིར་མཆོད་རྟེན་རིན་པོ་ཆེའི་ཕྲེང་བས་འབྲེལ་པ་སྙན་པའི་རང་སྒྲ་སྒྲོག་པ༔ རིན་པོ་ཆེ་ཆོས་འཆད་པའི་ལྕགས་རི་གདན་དང་བཅས་པ་ལ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོས་བསྐོར་ཞིང་ཆོས་སྟོན་པས་འཁོར་གྱི་རྒྱུད་སྨིན་པ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཤ་སྟག་གོ༔ དེ་བཞིན་དུ་ལྷོར་དཔལ་ལྡན་མཛེས་པའི་ཞིང་ཁམས་ན་སངས་རྒྱས་རིན་ཆེན་འབྱུང་གནས་དང༔ ནུབ་ཕྱོགས་པདྨ་བརྩེགས་སུ་སངས་རྒྱས་སྣང་བ་མཐའ་ཡས་དང༔ བྱང་ཕྱོགས་ལས་རབ་རྫོགས་སུ་སངས་རྒྱས་དོན་གྲུབ་རྒྱལ་པོ་རྣམས་ལ་གོང་བཞིན་ཆོས་ཉན་སྤྲུལ་པ་སྐུའི་ཞིང་ཁམས༔ ཞི་བའི་དཀྱིལ་འཁོར་དེ་དག་ཏུ་དམ་པའི་ཆོས་ཉན་ཅིང་ཉོན་མོངས་པ་སྤངས་པའི་ཐ་མར༔ བར་དོ་མེད་པར་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ཞེས༔ འཇིགས་པའི་དུར་ཁྲོད་མེ་རི་འབར་བ་དེར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོམ་བུ་དེ་མཐོང་བ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ འདི་དག་རྣམས་ཀྱི་གྲོལ་ཚུལ་རྒྱས་པ་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་དང༔ རིག་པ་རང་ཤར་གྱི་རྒྱུད་དང༔ སྐུ་གདུང་འབར་བའི་རྒྱུད་རྣམས་ལས་གསལ་ལོ༔ ࿊ ཨེ་མ་གང་ཞིག་སྲིད་པའི་རྒྱ་མཚོ་བརྒལ་འདོད་ཅིང༔ གཞོམ་མེད་བདེ་ཆེན་ཐར་གླིང་བགྲོད་འདོད་པས༔ མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་པ༔ སྙིང་པོའི་ཡང་ཞུན་ཐེག་པ་ཀུན་གྱི་རྩེ༔ ཨ་ཏི་བླ་མེད་བློ་བྲལ་རྫོགས་པ་ཆེ༔ ཟབ་མོའི་ལེགས་བཤད་བདེ་ཆེན་པད་ཚལ་རྒྱས༔ སྐལ་ལྡན་བསྟན་འཛིན་བུང་བ་འདུས་པའི་རྟེན༔ རང་རིག་ཆོས་སྐུ་བྱར་མེད་རྗེན་པའི་གཤིས༔ རྒྱུ་འབྲས་མ་རེག་མཐའ་གྲོལ་རྫོགས་པ་ཆེ༔ འོད་ཀློང་ཆོས་ཉིད་ཟད་དོ་ཀ་དག་ཀློང༔ ཟབ་དོན་འདི་ལ་ཡིད་ཆེས་གང་ཟག་རྣམས༔ ཚེ་འདི་ཉིད་གྲོལ་དོན་དུ་མི་གཉེར་རམ༔ བར་དོར་རང་རིག་སངས་རྒྱས་འདོད་པ་དང༔ སྤྲུལ་པ་སྐུ་ཡི་ཞིང་དུ་འགྲོ་འདོད་ཀུན༔ ལམ་མཆོག་འདིར་ཞུགས་ཅི་བསམ་དོན་ཀུན་འགྲུབ༔ མི་ཟད་གཏེར་འདི་གཏད་དོ་མི་སྤྱོད་དམ༔ རང་བྱུང་རྣམ་དག་འཇའ་ཚོན་འོད་ལྔའི་ཀློང༔ རང་རིག་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད༔ གསལ་སྟོང་འཛིན་མེད་སྐུ་ཐིག་ལམ་མེར་འཆར༔ གང་ཤར་ཐམས་ཅད་ལྷུན་རྫོགས་ངང་ལ་རོལ༔ ཞེན་འཛིན་རྩོལ་སྒྲུབ་ཐམས་ཅད་སྒྲིབ་བྱེད་ཡིན༔ རེ་དོགས་རྟག་ཆད་འཆིང་བའི་རྒྱ་ཁྲོལ་ཅིག༔ བཟང་ངན་བླང་དོར་ཐམས་ཅད་སེམས་འཛིན་ཡིན༔ བྱས་ཆོས་བློ་ཟད་བསྒོམ་རྒྱུ་རྡུལ་ཙམ་མེད༔ ཁྲེགས་ཆོད་རིག་དོན་མཐོང་བས་གཉེན་པོ་བྲལ༔ ཐོད་རྒལ་དོན་རྟོགས་སེམས་འཛིན་མཁན་པོ་མེད༔ རྣམ་རྟོག་གང་བྱུང་རང་ཤར་ཀློང་གྲོལ་ཡིན༔ རྩོལ་སྒྲུབ་སྤྲོ་བསྡུ་བྲལ་བ་ལྷུན་གྲུབ་ཡིན༔ མ་བཅོས་མ་སྤང་ཅིར་སྣང་ཟང་ཐལ་ཀློང༔ ཡེ་ཡིན་ངང་རྫོགས་སྣང་སྲིད་ཆོས་སྐུར་འཆར༔ སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར༔ ཀུན་བཟང་པད་འབྱུང་མང་གྷ་ཨཱ་ཡུ་ཡི༔ དགོངས་བཅུད་མཁའ་འགྲོའི་སྙིང་ཁྲག་དྭངས་མ་འདི༔ ཤར་ཕྱོགས་མི་དབང་ནོར་འཛིན་བསྟན་པའི་བདག༔ ཀུན་གྱི་གཙུག་རྒྱན་རིག་འཛིན་རྒྱལ་བའི་དབང༔ མཁས་གྲུབ་ཀུན་དགའ་རྒྱ་མཚོས་བཀས་བསྐུལ་ངོར༔ དགུ་ལྡན་བླ་མ་འོད་སྐུར་གཤེགས་རྣམས་ཀྱི༔ ཐུགས་བཅུད་དམ་པ་ཁོ་བོའི་པད་འཁྱིལ་འདི༔ མདོ་ཁམས་ཤར་ཕྱོགས་ཡུལ་གྱི་དབུས༔ རང་བྱུང་ལྷུན་གྲུབ་བསམ་ཡས་པད་བརྩེགས་ཀྱི༔ ཕོ་བྲང་བདེ་ཆེན་མངོན་དགའ་རུ༔ རིག་འཛིན་བདུད་འདུལ་རྡོ་རྗེ་བདག་གིས་བཀོད༔ དམ་ཆོས་འདི་ལ་གཞན་གྱིས་མིང་བཏགས་ནས༔ ང་ཡི་དགོངས་ཉམས་ཡིན་སྨྲ་དང༔ བཀའ་ལུང་མ་ཐོབ་གཞན་ལ་འཆད་བྱེད་དང༔ གཟུ་ལུམ་རས་ཆོད་མཁན་གྱི་དམ་ཉམས་ལ༔ དཔལ་ལྡན་བདུད་ཀྱི་མགོན་པོ་ཡབ་ཡུམ་དང༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏཱི་དང༔ དྲེགས་པ་མིང་སྲིང་དྲང་སྲོང་གཟའ་བདུད་དང༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ཡིས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་མྱུར་དུ་ཕོས༔ འཆི་ནས་མནར་མེད་གནས་སུ་སྐྱོལ་ཅིག་ས་མ་ཡ༔ ཆོས་འདི་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་མ་རྫོགས་སོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་ཤོག༔ མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).