Terdzo-OM-069



Property "Author" has a restricted application area and cannot be used as annotation property by a user. 








Terdzo-OM-069.pdf

Click the picture above to view the Shechen manuscript.

སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་བསྩལ་པའི་སྐོར་ཡིད་བཞིན་ནོར་བུའི་རྒྱུན་བཟང་

sgrub thabs 'dod 'jo'i bum bzang gi dka' gnad zin bris lo chen d+harma shrIs mchog sprul kun bzang pad+ma legs grub kyi dris lan du bstsal pa'i skor yid bzhin nor bu'i rgyun bzang

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
in cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 777-843 / Folios 1a1 to 34b3

Tibetan Text

༄༅། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་བསྩལ་པའི་སྐོར་ཡིད་བཞིན་ནོར་བུའི་རྒྱུན་བཟང་བཞུགས་སོ། ། ན་མོ་གུ་རུ་བེ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་བརྩམ་པའི་དྲི་བའི་ཤོག་དྲིལ་ཕྱག་བྲིས་ཁ་སང་ནས་བསྩལ་ནའང་། འཆད་ཉན་ཐན་ཐུན་གྱི་རྣམ་གཡེང་ཟ་ཟིར་འཕྱན་པའི་ཁར་གཟུགས་གཞི་ཁྱོ་རེ་བའི་གཞན་དབང་དུ་ཐལ་ནས་ཞུ་ལན་འབུལ་འགྱངས་པར་མ་ཟད། ད་རེས་ཀྱང་བཅད་རྒྱར་མིང་བཏགས་ཀྱི་འགོལ་སྡོད་ལ་ཞུགས་པའི་ཐུན་མཚམས་ཀྱི་བར་གསེང་དང་བསྟུན་དགོས་ཤིང་། སོ་སོའི་སྒྲུབ་ཐབས་དང་དབང་ཆོག་གི་ཡི་གེ་རྒྱས་པ་རྣམས་ལ་བལྟ་རྟོགས་ཀྱི་ལོངས་མ་བྱུང་བ་དང་བཅས་མཐའ་ཁྲོལ་བའི་རྒྱས་པ་ཞིག་འབུལ་ཐུབ་པ་མ་མཆིས་རུང་། རང་བློས་གང་ཆོད་ཐོ་རེ་ལོང་དུ་ཕུལ་བར། ༡ ཟླུམ་པོ་བཞི་དབང་གི་ལྷ་བསྐྱེད་སྐབས་བསྙེན་སྒྲུབ་གཉིས་ཀྱི་མངོན་རྟོགས་སོ་སོའི་བསྒྱུར་ཚུལ་གསུངས་པ་ལས། དབང་སྒྲུབ་དང་སྐུ་འབག་གི་ཙཀླི་གཉིས་ཀ་སྒྲུབ་དུས་ལྟར་གནང་སྲོལ་འདུག །གཏེར་སྲུང་མཆོད་པ་ནི་གནམ་སྐས་ཀླུ་བདུད་སོགས་ཀྱི་གསོལ་ཀ་གནང་དགོས་རུང་། འདིའི་མཚོན་གཏོར་མ་རྣམས་སོ་སོའི་གཏེར་བདག་གི་སྒོས་མཆོད་མ་འབྱོར་ན་གཏེར་བདག་སྤྱི་གཏོར་གནང་བས་འཐུས། གཏོར་མ་གཏང་ཞེས་པ་ཆད་ཐོ་དང་བསྟན་སྐྱོང་སོགས་ལེན་པའི་དབང་དུ་མཛད། དབང་རྫས་སྙིང་གར་འཇོག་སྐབས་ཚིག་དོན་ངོ་སྤྲོད་རྒྱས་པར་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་ཟུར་དུ་བྲིས་པ་ལྟར་བྱ། ཞེས་གསུངས་པའི་བཀའ་རྩོམ་ཟུར་གནང་བཀའ་འབུམ་ཁྲོད་ན་མི་སྣང་ཡང་། ཕྱག་བཞེས་རྒྱས་པའི་སྐབས་འདི་ལྟར་མཛད་དེ། བུམ་པ་སྙིང་གར་འཇོག་དུས། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་དེ། སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཐོད་པ་སྙིང་གར་འཇོག་དུས། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་པ་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔ་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པའི་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། མེ་ལོང་སྙིང་གར་འཇོག་དུས། རིག་པ་གསལ་ལ་མ་འགགས་པར་ངོ་སྤྲད་པ་ནི་སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་གཟུགས་བརྙན་ཅིར་ཡང་ཤར་བ་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཏོར་མ་སྙིང་གར་འཇོག་དུས། སེམས་ཉིད་ཆོས་ཀྱི་དབྱིངས་རིས་སུ་མ་ཆད་པ་མཚོན་པའི་གཏོར་སྣོད་བྷཉྫ་ཟླུམ་པོའི་ནང་དུ་གང་ཤར་ཐམས་ཅད་བདེ་ཆེན་དུ་རང་རིག་པ་གུ་རུའི་སྐུ་དང་། འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་དག་པ་བདུད་རྩིའི་མཆོད་རྫས་དབྱེར་མེད་དུ་མཚོན་པ་གཏོར་མའི་དབང་བསྐུར་བས། སེམས་ཉིད་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པས་འཁོར་འདས་གཉིས་མེད་ཀྱི་དབྱིངས་སུ་དམ་ཚིག་གཉན་པོ་འདྲེས་པས་ཕྱི་ནང་གི་མ་མོ་ཌཱ་ཀི་དབང་དུ་འདུས་ཏེ། ཕྲིན་ལས་བཞིས་འགྲོ་བ་མ་ལུས་འདུལ་བའི་ཕྱིར་སྤྲུལ་པ་དང་ཡང་སྤྲུལ་ལས་ལ་བཀྱེ་བར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། སྐུ་འབག་སྙིང་གར་འཇོག་དུས། བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲོད་པ་ནི། སེམས་ཉིད་ཡེ་ཐོག་མ་ནས་སྐུ་བཞི་ལྷུན་གྲུབ་ཏུ་གནས་པ་འདི་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་བཞི་དབྱེར་མེད་མཚོན་པ་གུ་རུའི་སྐུའི་དབང་བསྐུར་བས། རང་ཐ་མལ་དུ་འཛིན་པ་དག་ནས་རང་སེམས་གདོད་མ་ནས་དག་པ་གུ་རུ་པདྨ་འབྱུང་གནས་དང་འདྲའང་། དེ་ལྟར་མ་རྟོགས་པས་སྒོ་གསུམ་ཐ་མལ་དུ་གྱུར་པ་འདི་སྦྱོང་བའི་ཕྱིར། བདག་དང་སློབ་མ་ལ་བྱིན་གྱིས་རློབ་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཞེས་ཕྱག་ལེན་རྒྱས་པའི་དུས་ངོ་སྤྲོད་འདི་ལྟར་གནང་བ་ལགས།། ༢ གཏོར་དབང་གནད་ཀྱི་ཤོག་གཅིག་མར་རྒྱབ་ཏུ་བཀའ་སྲུང་གི་གཏོར་མ་ཞེས་པ། འདི་དང་ཟླུམ་པོ་བཞི་དབང་གཉིས་ཀ་ལ་སྒོས་ཀྱི་བཀའ་སྲུང་གཏོར་མ་གནང་ཚེ། དཔལ་མགོན་མ་ནིང་རང་ལ་མཛད་པ་ཕྱག་ལེན་དུ་གནང་ཞིང་མཇུག་གི་གཏོར་མ་གཏོང་བ་སྔར་ཞུས་ལྟར་རོ།། ༣ ཉང་གི་བླ་མ་ཡོངས་རྫོགས་ཀྱི་བཀའ་སྲུང་གཏོར་མ། གཏེར་སྲུང་མཆོད་པ་སྤྱི་སྒོས་གང་བདེ། རྗེས་གཏོར་མ་གཏོང་བ་རྣམས་སྔར་ཞུས་ལྟར་དང་། ལྷའི་རྣམ་པ་གསལ་བཏབ་ལ་སྔགས་ཀྱི་བཟླས་ལུང་འབོགས། ཞེས་པའི་འབོགས་ལུགས་ཟླུམ་པོ་བཞི་དབང་ལྟར་གནང་བ་མི་འགལ། གཏོར་མའི་དཔེ་བྲིས་ཟུར་ཕུལ་ལྟར་ལགས།། ༤ དྲག་སྒྲུབ་བདེ་གཤེགས་འདུས་པའི་སྲུང་འཁོར་སྐབས། གསེར་འཁོར་མེ་འཁོར་རྩེ་བསྣོལ་གྱི་འཁོར་ལུགས་ནི། གཞལ་ཡས་ཁང་གི་ཕྱི་རོལ་དུ། ལྟེ་བ་ཟླུམ་པོ་སྦུབས་སྟོང་གི་ཕྱོགས་མཚམས་སུ་རྩིབས་ལེབ་ཆགས་ཀྱི་རྣམ་པར་གྱེས་པའི་གསེར་འཁོར་རྩིབས་བརྒྱད་པ་ཕྱིར་བསྟན་གཡས་སུ་འཁོར་བ་དང་། དེའི་ཕྱི་རོལ་དུ་མེའི་འཁོར་ལོ་རྩིབས་སྟོང་ནང་བསྟན་གཡོན་དུ་འཁོར་བ། དེ་གཉིས་ཀའི་དབལ་ལས་ལྕགས་སྡིག་གི་ཕོ་ཉ་འཕྲོ་བ། དེའི་ཕྱི་རོལ་དུ་རྡོ་རྗེའི་གུར་ཁང་མེ་ཕུང་དང་བཅས་པའོ། །སྟེང་གི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པའི་མངོན་རྟོགས་གསང་འདུས་ལྟར་གནང་བ་མི་འགལ། སྔགས་ཤམ་སྦྲེལ་ལུགས་གཞན་དུ་བལྟ་གནང་བ། དབང་སྒྲུབ་ཙམ་ལ་དཀྱུས་ལྟར་གནང་བས་ཆད་སྐྱོན་མེད་ཅིང་། གཞན་དུ་ན་གཞལ་ཡས་ཁང་གི་ནང་དུ་བསྲུང་བྱ་རྣམས་ལྷའི་རྣམ་པ་དང་། ཕྱག་རྡོར་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་དམར་ལ་སྔགས་ཕྲེང་མགལ་མེ་ལྟར་འཁོར་བ་སོགས་ཀྱི་དམིགས་གནད་བསྒྱུར་ཁ་དང་། སྔགས་ཤམ་འདོགས་ལུགས་རྣམས་རྩ་བའི་ཡི་གེ་ལྟར་གནང་བའི་དོན་ལགས་ཏེ། ད་རེས་འདིར་དཔེ་ཆ་མ་འབྱོར་བས་ཞིབ་བལྟས་མ་ཐུབ་ལགས། གཏོར་འབུལ་གྱི་རྗེས་སུ་ཕྲིན་བཅོལ་གྱི་ཚིག་ནི། ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔ ཞེས་པ་ནས། གྲུབ་པར་མཛོད་ཅིག༔ ཅེས་པའི་བར་ལེན་དགོས་རྒྱུར་སྣང་ཡང་། མ་འབྱོར་ན། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་སྤྱི་ལྟར་གནང་ཡང་མི་འགལ། གཏེར་སྲུང་གི་གཏོར་ཆོག་ཀྱང་། རྒྱས་པར། ཧཱུྃ༔ ཉི་མ་ཕྱོགས་ཕྱོགས་ཕ་གི་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི༔ ཞེས་སོགས་ཀྱི་བཀའ་སྲུང་མ་མགོན་སྡེ་བརྒྱད་དང་། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་སྒོས་ཀྱི་གཏོར་ཆོག་གཏོང་བ་ཡིན་ཡང་། སྤྱི་གཏོར་ཙམ་གྱིས་ཀྱང་འཐུས། རིགས་དང་མཐུན་པའི་མིང་འདོགས་པ་ལ། རང་གཞུང་དུ་ཇི་ལྟར་འདོགས་དམིགས་བསལ་མེད་ན། ཆེ་མཆོག་དྲག་པོ་རྩལ། ཞེས་པ་ལྟ་བུ་གཞན་ནས་འབྱུང་བ་ལྟར་སྦྱར་ཡང་མི་འགལ། གནས་ལྔར་ཁྱུང་འཇོག་པའི་གནས་ལྔའི་ངོས་འཛིན་པད་གླིང་ལུགས་སུ་འཆད་འགྱུར་ལྟར་སྤྱི་བོ། དཔུང་པ་གཉིས། པུས་མོ་གཉིས་ལ་གནང་ན་བདེ། སྒོམ་ལུང་འབོགས་ཤིང་བཟླས་ལུང་སྦྱིན་ཚུལ་ནི། སློབ་མར། པད་ཉི་དྲེགས་པའི་གདན་སྟེང་ཟིལ་གནོན་པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཞེས་སོགས་ཚིག་སྦྱོར་རྒྱས་བསྡུས་ཅི་རིགས་པས་དམིགས་པ་ཕོག་ནས། སློབ་དཔོན་ཡང་དེ་ལྟར་གསལ་བའི་གཉིས་ཀའི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་དང་། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་བཀོད་པ་ལས་སྔགས་ཕྲེང་ཐོན་པ། ཞལ་སྒོ་ནས་སློབ་མའི་ཁར་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའམ། ཧཱུྃ་མཐར་སྔགས་ཕྲེང་འཁོར་བར་བསམ་དུ་བཅུག་ལ། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག་གོ། ༥ པད་གླིང་གཏེར་མའི་དྲག་སྒྲུབ་ཀྱི་དབང་་་འདི་ཉང་གཏེར་དབང་ཆོག་བསྒྱུར་སོས་བྱ་དགོས།གི་ཁྱད་པར་ལ་སྲུང་སྐུད་འདོགས་པའི་ཚིག་ཟུར་པ་དབང་ཆོག་རང་དུ་མེད་པས་སྤྱི་ལྟར་དང་། མཁའ་འགྲོའི་གྲི་ཐོད་ཅེས་པ་ཡིག་ནོར་དུ་འདུག་པས། ཌཱ་རུ་དང་ཐོད་ཁྲག་ལྟེ་བར་བཞག་སྟེ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་ཀུན་འབྱུང་ཐོད་ཁྲག་འདི༔ དཔའ་བོ་མཁའ་འགྲོའི་སྲོག་རྟེན་དབང༔ སྐལ་ལྡན་བུ་ཡི་མཆོག་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པའོ།། ༦ དྲག་འབྲིང་ལ། བདག་གི་ཞལ་དང་མེ་དབལ་གྱི་ཞལ་གཉིས་ལས་སྔགས་ཀྱི་སྤྲོ་བསྡུ་སྤུ་གྲི་རྩེ་བསྣོལ་གྱི་བར་དུ་གནོད་བྱེད་གཅད་བསྲེག་གི་དམིགས་པ་ནི། སྔགས་ཀྱི་འོད་ཟེར་རྣམ་པ་སྤུ་གྲི་ལྟ་བུའི་རྩེ་བསྣོལ་བས་གཅོད་པ་དང་། དེ་ལས་འབར་བའི་འོད་འཕྲོས་པས་སྲེག་པ་ལས་འོས་མེད། དྲག་པོ་ཆེ་འབྲིང་གི་སྔགས་རྣམས་ཐོག་མ་ནས་རྩ་སྔགས་དང་ལས་སྔགས་སྦྲེལ་ནས་བཟླ་བར་དམིགས་པའི་འཕྲོ་འདུ་དང་། འབྲིང་པོའི་གྲངས་ཚད་འཛིན་ཚུལ་གྱིས་ཀྱང་མཁྱེན་མོད། འོན་ཀྱང་གཏེར་གསར་དུའང་བཟླས་དམིགས་སྐབས། དྲེགས་པ་ཚར་བཅད་ནུས་མཐུ་ཕྲོགས༔ ཞེས་བཟླས་དམིགས་ལ་རྣམ་དབྱེ་མ་བྱུང་ཡང་། སླར་ལས་སྔགས་དང་སྤུ་གྲི་རྣམས་རིམ་པར་སྦྲེལ་ནས་བཟླ་བར་གསུངས་པ་ལྟར། འདིར་ཡང་བསྙེན་པ་ལྟ་བུར་དེ་ལྟར་གནང་ན་ཤིས་ལ། དབང་སྒྲུབ་དང་ཤར་སྒོམ་ཙམ་ལ་དཀྱུས་ལྟར་དྲིལ་ནས་བཟླས་ཀྱང་མི་འགལ་ལོ།། ༧ ལུ་གུ་རྒྱུད་ཀྱི་བཟླས་ལུང་སྦྱིན་ལུགས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་ཐོན་པ་ཞལ་སྒོ་ནས་སློབ་མའི་ཁར་ཞུགས་ཏེ་སྙིང་གའི་ས་བོན་ལ་བསྟིམ་པའམ། ས་བོན་མཐར་འཁོར་བ་གང་རུང་གི་བཟླས་དམིགས་སྤོད་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་འཇུག་པའོ།། ༨ འོ་བྲན་ལུགས་ལ་ཨོ་རྒྱན་གྱི་སྤྱི་བོར་ཁྱུང་བསྒོམ་རྒྱུ་འདྲ་ཞིག་བྱུང་བ་ཚིག་གི་བརྗོད་རིམ་ཙམ་སྟེ། དོན་ལ་གཙོ་བོའི་སྤྱི་བོའི་ནམ་མཁར་པདྨ་སམྦྷ་ཝ་དང་། དེ་འོག་གཙོ་བོ་རང་གི་སྤྱི་བོར་བྱ་ཁྱུང་བསྒོམ་པ་འབྲེལ། བཟླས་པའི་རྗེས་སུ་འདོད་དོན་གསོལ་བ་དང་། གསང་མིང་ཆེ་མཆོག་དྲག་པོ་རྩལ་ལྟ་བུ་རིགས་མཐུན་གྱི་ཆོ་ག་ལས་བླངས་པས་ཆོག །དབང་རྫས་ཀྱི་གུ་རུའི་སྐུ་འབག་ཞི་དྲག་གང་ཡིན་གྱི་གསལ་ཁ་མི་སྣང་ཡང་། དབང་ཚིག་དང་སྦྱར་ན་དྲག་པོའི་སྤྱི་བོར་བླ་མ་ཞི་བ་རང་གཞུང་གི་མངོན་རྟོག་ལྟར་བྲིས་ན་འབྱོར་བ་འདྲ་ལགས། བཟླས་ལུང་ཡང་དམིགས་བསལ་མེད་པས་སྔར་དང་འདྲ། འདས་གཏོར་སྒོས་འབུལ་མེད་པས་དབང་གཏོར་དང་མཆོད་གཏོར་སྦྲགས་པས་རུང་ལ་སོ་སོར་འགྲུབ་ནའང་ལེགས། གཏོར་དབྱིབས་དམིགས་བསལ་མེད་པས་དཔལ་གཏོར་ལྟ་བུ་དང་། བསྐུར་གནས་མགོ་བོ་ལས་འོས་ཅི་ཡོད།། ༩ བྱང་གཏེར་དྲག་པོ་རྩལ་ལ། བཟླས་པ་སུམ་བརྒྱ་ཉེར་གཅིག་གི་ཉུང་མཐའ་བྱས་པ་ནི་དབང་བསྐུར་གྱི་སྒྲུབ་མཆོད་རང་ལ་བཟླ་དགོས་པས་གཞི་བསྙེན་གྱི་ཚད་མ་ཡིན། གྲངས་རེར་ཧཱུྃ་སུམ་འབྲེལ་དུ་བཟླ། གཏེར་སྲུང་མཆོད་པ་ནི། གསེར་མཛོད་ཀྱི་སྲུང་མ་རྡོར་ལེགས་གཏོང་དགོས་ཀྱང་མ་འབྱོར་ན་སྤྱི་གཏོར་གྱིས་འཐུས། བཞེངས་བསྐུལ་ནི། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་རང་ཡིན། གཏོར་དབང་བསྐུར་བའི་སྐབས་ཀྱི་འདོད་གསོལ་ནི། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་བཤར་ནས། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པའི་མཐར། མ་ཧཱ་གུ་རུ་དང་། བཛྲ་གུ་རུ་དང་། པདྨ་ཐོད་ཕྲེང་སོགས་སྔགས་སྤྱི་འགྲོའི་མཐར་ཀཱ་ཡ་སིདྡྷི་ཨོཾ་སོགས་གསུམ་བཏགས་པས་བསྐུར་བ་ལགས།། ༡༠ ལུང་ལུགས་ཚེ་འབྲང་གི་དཔེ་རིས་ཟུར་དུ་ཕུལ་ཞིང་། འབྲང་རྒྱས་ཞེས་པ་འདོད་རྒྱལ་གྱི་སྒྲ་ལས་ངེས་ཚིག་བཤད་དུ་མ་མཆིས། མཆོད་གཏོར་གྱི་དབྱིབས་གཏོར་ཅོག་སྤྱི་འགྲོ་ལྟར་གནང་བས་ཆོག། ༡༡ རྫོང་ཆེན་ཚེ་སྒྲུབ་ཀྱི་མདུན་བསྐྱེད་ཀྱི་ཡུམ་བཞིའི་ཕྱག་མཚན་ནི། གཙོ་བོའི་ཡུམ་གྱི་ཕྱག་མཚན་ལས་པདྨ་འབྱུང་བས་ནུབ་བདེ་གཤེགས་རིགས་ཀྱི་འཁོར་ལོ་འོང་འདྲ་རུང་ལྷའི་ངོ་བོ་གཉིས་ཀ་གོས་དཀར་དུ་གསུངས་པས། ནུབ་བདེ་གཤེགས་རིགས་ཀྱི་གོས་དཀར་དུ་བྱས་ནས་རིགས་ཆུང་གཙོ་བོའི་དབང་དུ་ཡུམ་བཞིའི་གཡས་ཀྱི་ཕྱག་མཚན་རང་རྟགས་ཞེས་པ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དུ་བྱེད་པ་ལས་འོས་མེད། བདག་བསྐྱེད་ཀྱི་སྒྲུབ་ཐབས་སུ་བཟླས་པ་བྱ་ཞེས་པའི་བཟླ་བྱའི་སྔགས་མདུན་བསྐྱེད་ལྟར་བཛྲ་ཨཱ་ཡུ་ཥེ་དང་། ཚེ་རིལ་ཚེ་ཆང་སྟེར་བའི་གཟུངས་སྔགས་ཀྱང་བཛྲ་ཨཱ་ཡུ་ཥེ་དང་ཚེ་བྷྲཱུྃ་གཡུ་བྷྲཱུྃ་སོགས་ལགས།། ༡༢ ལྕགས་སྡོང་མའི་བཟླས་དམིགས་སྐབས། འོད་ཟེར་སྤྲོ་བསྡུ་རླུང་འབྱིན་འཇུག་དང་སྦྱར་ཞེས་པ་རླུང་རང་བབ་ཀྱི་རྒྱུ་བ་ལས་ཅུང་ཟད་སྣ་སྒོར་ལྟེམ་ཙམ་བྱས་ནས་རླུང་ནང་དུ་འཇུག་དུས་བདུད་རྩི་ཚངས་བུག་ནས་ཞུགས་ཏེ་ལུས་དང་སྲོག་རྩའི་སྦུབས་གང་བར་དམིགས་ཤིང་། རླུང་འབྱིན་ཚེ་སྔགས་འབྲུ་རྣམས་ལས་འོད་ཟེར་འཕྲོས་པ་དང་སྦྱར་ལ་འདིར་ངག་བཟླས་གནང་བས་ཆོག་ཅིང་། ཤར་སྒོམ་ཙམ་མིན་པའི་ཉམས་ལེན་ཆིག་དྲིལ་གྱི་སྐབས་སུ་རེས་བུམ་ཅན་དང་སྦྱར་ནས་ཡིད་བཟླས་གནང་ཡང་འཆུན་ཆེ། དབང་བཤད་སྐབས་ཐུགས་སྒྲུབ་རྣམ་གསུམ་ཞེས་པ། ཐུགས་སྒྲུབ་སྟེང་། རིག་འཛིན་གདུང་སྒྲུབ་དང་། ཐུགས་རྗེ་ཆེན་པོ་གཉིས་བརྩི་བ་ཡིན་ནམ་སྙམ། དབང་གི་རྒྱས་གདབ་ལ་སོག་དབྲག་ཟེར་བ་ལྟག་པ་མ་ཡིན། དཔུང་པ་གཉིས་ནས་ཐད་ཐེན་གྱི་སོག་པ་གཉིས་ཀྱི་བར་དེ་ཡིན།། ༡༣ རྡོར་ཕྲེང་གསུང་རྒྱུན་མའི་སྔགས་དེ་ཕྱོགས་ཀྱི་དཔེ་རྒྱུན་དུ་ཨཱ་ཡུའི་གོང་དུ་བཛྲ་མེད་ཅིང་ཨ་མཱ་རའི་གོང་དུ་ཨཱོྃ་ལྷག་པོར་བྱུང་བ་དང་། དབུས་ལུགས་ཀྱི་དཔེ་རྒྱུན་འདི་ཕྱོགས་སུ་འདོད་འཇོའི་དཀྱུས་ལྟར་འབྱུང་བས་མི་གཅིག་པ་འདི་རིགས་པ་གང་དག་ཁ་ཚོན་ཆོད་དཀའ་བས་དཔྱད་པ་མེད་པར་སོ་སོའི་ལུགས་ལྟར་གནང་བ་ལེགས། རྡོར་ཕྲེང་གི་ཚེ་དབང་བརྒྱ་རྩ་གསག་ལུགས་འདི་ཕྱོགས་དབུས་ལུགས་ཀྱི་ཕྱག་བཞེས་སུ། ཐོག་མའི་ཚར་གཅིག་ལ་བུམ་པ་ནས་ཚེ་རིལ་ཚེ་ཆང་སྟེར་བའི་བར་སོ་སོའི་དབང་ཚིག་ལ་མཚམས་སྦྱོར་གྱི་བཤད་པ་རྒྱས་བསྡུས་སྐབས་སྦྱར་གྱིས་བསྐུར་རྗེས། བུམ་ཐོད་མེ་ལོང་གཏོར་མ་རྣམས་དང་། ཚེ་རིལ་ཚེ་ཆང་གཉིས་ལག་པ་གཡས་གཡོན་དུ་མཉམ་སྟེར་གྱིས་སོ་སོའི་དབང་ཚིག་སྔགས་བཅས་ཀྱིས་སོ་སོར་བསྐུར་བས་བརྒྱ་རྩ་བསགས་རྗེས། མཐར་རྒྱས་གདབ་གཅིག་གིས་ཆོག་པར་མཛད་པ་ཡིན་པས། ཚུལ་འདི་དང་བསྟུན་ན། དེ་ཕྱོགས་སུ་དབང་རྒྱས་པ་ཚར་གཅིག་སོང་རྗེས། བུམ་ཐོད་མེ་ལོང་གཏོར་མ་བཞི་སྣོད་གཅིག་ཏུ་བྱས་ནས་ཚེ་འགུགས་ཀྱི་ལྷ་སོ་སོའི་གྱེར་ཚིག་སྔགས་བཅས་དང་སྦྲགས་དབང་རེ་བསྐུར་བ་ལ་བརྒྱ་རྩར་བརྩི་བ་དེ་ཟོར་ཡང་གི་ལག་ལེན་འབྱམས་པ་ཞིག་ཡིན་པ་འདྲ།། ༡༤ འཆི་མེད་དཔལ་སྟེར་ལ། རང་དོན་དུ་ཚེ་སྒྲུབ་རྐྱང་པ་བྱེད་སྐབས་ཚེ་རྫས་དང་མཆོད་གཏོར་མ་བཤམས་ཀྱང་ཆོག །དབང་གི་དུས་རང་ཉིད་བསྐྱེད་བཟླས་བྱེད་ཚེ་སྤྱི་བོར་རང་གི་རྩ་བའི་བླ་མ་ཚེ་དཔག་མེད་ཀྱི་རྣམ་པར་བསྐྱེད་ཅིང་། དབང་བསྐུར་དུས་སློབ་མའི་བློ་ཡུལ་དུ་གསལ་འདེབས་སྐབས། རང་ཉིད་བསྐྱེད་ཚུལ་ཇི་ལྟ་བས་སློབ་མ་ཚེ་དཔག་མེད་དུ་བསྐྱེད་པའི་སྤྱི་བོར། ད་ལྟ་དབང་བསྐུར་བ་པོའི་སློབ་དཔོན་ཉིད་ཚེ་དཔག་མེད་ཀྱི་རྣམ་པ་ཅན་དུ་བྱས་པའི་སྤྱི་བོའི་སྟེང་ནས་ཡར་རིམ་པར་བརྒྱུད་པའི་བླ་མ་རྣམས་གསལ་བཏབ་ཅིང་། སློབ་དཔོན་གྱི་ཕྱག་གི་བུམ་པ་དང་ཚེ་གཏོར་དབྱེར་མེད་དུ་བྱས་ནས་དབང་བསྐུར་བ་ལགས། མཁའ་འགྲོ་སྤྱི་གཏོར་སྤྱི་འགྲོ་ལྟར་རམ་ནང་གི་ཆོས་སྤྱོད་ཀྱི་ལུགས་གཉིས་གང་ལྟར་གནང་ཡང་མི་འགལ། བྱིན་འབེབ་སྐབས། སྤྲོ་ན་གསོལ་འདེབས་ཚེ་ཛཔ྄་དབྱངས་དང་བཅས་པས་གྱེར་ཞེས་པ་ནི། སྤྲོས་བཅས་དང་འབྲེལ་བ་ཁྲོམ་དབང་ལྟ་བུ་ལ་དབྱངས་རམ་འདེགས་མིའི་གྲོགས་དང་བཅས་ཏེ་གདུང་དབྱངས་མཛད་སྲོལ་བླ་ཆེན་འགའི་ཕྱག་ལེན་དུ་ཡོད་འདུག་ཅིང་། འདི་ཕྱོགས་སྤྲོས་པའི་ཚེའང་སློབ་དཔོན་གཅིག་པུས་གསོལ་འདེབས་སྔགས་བཅས་ཀྱི་རྗེས་སྤོས་རོལ་གནང་བ་ཙམ་ལས་གདངས་དབྱངས་ཀྱི་རྟར་དྲངས་ནས་གནང་སྲོལ་མི་གདའ།། ༡༥ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཕྱག་བཞི་པའི་གཞལ་ཡས་ཁང་བསྐྱེད་སྐབས། ཕྱི་རོལ་གྱི་སྟེང་ན་འཁོར་ལོ་རྩིབས་སྟོང་བྲེས་ཞེས་པ་ནི། སྲུང་འཁོར་གྱི་རྡོ་རྗེའི་གུར་གྱི་ནང་དང་། གཞལ་ཡས་ཁང་དངོས་གཞིའི་ཕྱི་རོལ་དུ། སྟེང་ནས་འཁོར་ལོ་རྩིབས་སྟོང་གི་རྩིབས་རྩེ་རྣམས་ཐུར་བལྟ་དང་། འོག་གཞིའི་པདྨ་འདབ་སྟོང་གྱེན་དུ་ལངས་པ་གཉིས་སྤྲད་པའི་གུར་ཟླུམ་པོའི་རྣམ་པ་ཅན་ཡིན། དེ་མ་ཐག་དེའི་ནང་དུ་པདྨ་འདབ་མ་བཞི་པ་ཞེས་སོགས་ཀྱང་། དེའི་ནང་ཞེས་པ་འཁོར་པད་ཁ་སྦྱོར་མི་སྙེག་པར། གཞལ་ཡས་ཁང་གི་ནང་གི་ལྷ་གནས་ལ་སྙེག་དགོས། འཁོར་གྱི་རིགས་དྲུག་ཡབ་རྣམས་ཀྱི་གཡས་རང་རྟགས་ཐུགས་ཀ་དང་གཡོན་མཉམ་གཞག །ཡུམ་རྣམས་གཡོན་རང་རྟགས་དང་གཡས་འདུད་ཚུལ་གྱི་ཐལ་མོ། ཐུབ་དྲུག་རྣམས་ཕྱག་མཚན་མེད་པའི་ཕྱག་གཅིག་ཤོས་གང་བདེ་སྟེ་སྒྱུ་དྲྭ་སོགས་ལས་འབྱུང་བ་དང་འདྲ། ལས་བུམ་དུ་རྟ་མགྲིན་དམར་པོ་དབྱུག་ཞགས་ཐོགས་པ་བསྐྱེད་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་བཟླས་ཏེ་བདུད་རྩིར་བཞུ། འདི་ལ་ཡེ་ཤེས་པ་སྤྱན་འདྲེན་སོགས་མི་བྱེད་པ་དོང་སྤྲུགས་ཀྱི་བསང་ཆུ་སྒྲུབ་པ་དང་གནད་གཅིག། ༡༦ ནམ་མཁའ་རྒྱལ་པོའི་ཕྱག་མཚན་རྩ་ཕྱག་གཡས་ལྔ་པར་སངས་རྒྱས་ཀྱི་སྐུ་གཟུགས་ཞེས་པ་ཐུབ་པ། གཡོན་གྱི་གསུམ་པ་སྤྱི་བླུགས་དང་གཞན་རིལ་བ་ཞེས་པ་ཆབ་རིལ་རྒྱན་དྲུག་མ། ལྕུག་མ་ལྗོན་པ། བསིལ་ཡབ་ཟླུམ་པོ་རྒྱ་གར་ལུགས། རྒུན་འབྲུ་ཤིང་འབྲས། ཡན་ལག་གི་ཕྱག་མཚན་གཅིག་ཆད་པའི་ཐུགས་དོགས་ནི། པར་ཡིག་འབྲེལ་བས་ལན་པ་སྟེ། གཡས་ལྔ་པར་རྡོ་རྗེ། དྲུག་པར་རྒྱ་གྲམ་གཉིས་སོ་སོ་ལགས། བསྒོམ་བཟླས་ཀྱི་ལུང་སྦྱིན་ཚུལ་འགྲོ་འདུལ་དང་འདྲ་བ་ལས་ཁྱད་པར། དཔོན་སློབ་གཉིས་ཀ་ལྷར་གསལ་བ་ཐུགས་ཀའི་ཧྲཱིཿའིི་གདན་འདིར་པད་ཟླ་བརྩེགས་པའོ།། ༡༧ རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་དྲིལ་གྱི་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་སྔགས་ཅན་བྲི་ལུགས་ནི། སྦ་ལྕག་མའི་རྒྱ་གཞུང་རྡོ་རྗེ་སྙིང་པོས་མཛད་པ་ལས། མེ་ལོང་ཆང་གིས་བྱུགས་པ་ལ། །སིནྡྷུ་ར་ཡི་ཆོས་འབྱུང་དང་། །ས་བོན་ཡི་གེ་སྔགས་བཅས་དགོད། །ཅེས་གསུངས་པས། པད་ཕྲེང་གིས་བསྐོར་བའི་དབུས་སུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿཡི་མཐར་གཙོ་བོ་ཡབ་ཡུམ་འཁོར་སྔགས་དང་བཅས་པ་སྦྲེལ་མ་ཁ་ནང་བསྟན་གཡས་སྐོར་དུ་བྲི། འདོད་འཇོར་མཎྜལ་ཆོས་འབྱུང་དམར་པོ་ཞེས་པ་ལས་རྐྱང་པ་དང་བསྣོལ་མའི་གསལ་ཁ་མ་བྱུང་ཡང་། རྒྱ་གཞུང་དེ་ལས། དཀྱིལ་འཁོར་གྱི་ལྟེ་བ་ཆོས་འབྱུང་བསྣོལ་མ་དང་། སྤྱི་ལྟར་ཟུར་རྣམས་ལ་དགའ་འཁྱིལ་ཡང་བྲི་བར་བཤད། རྟ་མགྲིན་གཡས་དབང་སྡུད་ཀྱི་ཕྱག་རྒྱ་བྲིས་རྒྱུན་ལ་ཁྲོ་བོའི་སྡིགས་མཛུབ་ལྟ་བུ་ལས་མཛུབ་མོ་ཅུང་ཟད་བཀུག་པ་འབྱུང་། གསང་ཡེའི་གར་སྟབས་སྒྲུབ་ཐབས་རྣམས་སུ་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་སུ་གསུངས། སྤྱན་འདྲེན་གྱི་དུས་ཀྱི་སྙིང་གའི་ས་བོན་ནི། ཡེ་ཤེས་སེམས་དཔའ་འམ་རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿདམར། བཟླས་པའི་སྐབས་ཀྱི་འོད་ཟེར་སྤྲོ་བསྡུ་ལ་ས་བོན་གསལ་འདེབས་མི་དགོས་ཏེ། སློབ་དཔོན་པདྨས་མཛད་པའི་གསང་སྒྲུབ་ལས། ལྟེ་བའི་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཞལ་ནས་སྔགས་བགྲངས་པས་འོད་དམར་པོ་ཡར་འཕྲོས། དཔལ་རྟ་མགྲིན་ཡེ་ཤེས་སེམས་དཔའ་ལ་ཕོག །དེས་བཟླས་པ་བྱས་པའི་འོད་ཟེར་དམར་པོ་ཡར་འཕྲོས། སྤྱི་གཙུག་གི་སྣང་བ་མཐའ་ཡས་ལ་ཕོག །ཅེས་སོགས་གསུངས་ཏེ། དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱེད་ཚུལ་སྤྱི་ལྟར་རོ། །གསར་རྙིང་གི་གདམས་པ་དུ་མའི་བྱིན་རླབས་ཀྱི་བཀའ་སྲོལ་ཕྱོགས་གཅིག་ཏུ་འདུས། ཞེས་དང་། མཇུག་ཏུ། རྒྱུད་དང་པཎ་གྲུབ་སོ་སོ་ལས་བྱུང་བའི་སྒྲུབ་པའི་བཀའ་སྲོལ་ཐ་དད་པ་ཕལ་ཆེར་གྱི་རྒྱུན་བཞུགས་ཤིང་། ཞེས་པ་རྣམས་ནི། སྤྱིར་ལུགས་འདི་ལ་སྦ་ལྕག་དང་བ་མཁལ་མའི་ལུགས་གཉིས་ལས། སྦ་ལྕག་མ་ལ། ལོ་ཀེ་ཤྭ་ར། པདྨ་འབྱུང་གནས། རཱ་ཛ་མ་ཧཱ་ཕ་ལ་གསུམ་གྱིས་རྗེས་སུ་བཟུང་བ་ནི། བྷཾ་ག་ལའི་ཕག་མོ་ཞེས་པ་ཡོངས་གྲགས་མ་གཅིག་གྲུབ་པའི་རྒྱལ་མོས་ཏི་ཕུ་པ་ལ་གསུངས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་པོ་ཤཱི་ལ་མཉྫུར་གསན་ནས་ཐུ་མིས་བསྒྱུར་བ་དང་། རྡོ་རྗེ་སྙིང་པོས་མཛད་པའི་རྒྱ་གཞུང་རྣམས་ཏེ་ལུགས་གསུམ་པོ་ཆ་ལག་དང་བཅས་པ་རྣམས་ལ་སྦ་ལྕག་མར་གྲགས། ཡང་བསམ་ཡས་སུ་སློབ་དཔོན་ཆེན་པོ་པདྨས། མཁར་ཆེན་བཟའ་དང་ཁྲི་སྲོང་ལ་གསུངས་པའི་གཞུང་ལེའུ་བཅུ་གཉིས་པ་ཆ་ལག་དང་བཅས་པའི་ཡིག་མེད་ལྔ་པོ་རྒྱ་རིམ་གསུམ་གྱིས་བཏབ་སྟེ་བསེ་སྒྲོམ་དུ་བཅུག་ནས་སྦར་རྗེས་ཅན་ལ་སྦས་པ་ཉང་གིས་བཏོན་པ་དང་། ཡང་གྲོང་ཁྱེར་ཤིང་བལ་གྱི་འདབས་སུ་བྷཾ་ག་ལའི་ཕག་མོས་ཏཱ་ལའི་བྱང་བུར་མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་པ། རས་ཆུང་པར་གནང་བ་གཉན་ཆུང་ལོ་ཙཱ་བས་བསྒྱུར་པ་དང་བཅས་པ་རྣམས་ལ་བ་མཁལ་མར་གྲགས་སོ། །ཡང་བྷཾ་ག་ལའི་ཕག་མོས། བྲམ་ཟེ་བསོད་སྙོམས་པ། དེ་ནས་ཛ་ལན་དྷ་ར། མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་ཡེ་རང་པ། རས་ཆུང་པ་རྣམས་ལ་བརྒྱུད་པ་པདྨ་རྒྱལ་པོའི་རྒྱུད་དང་། པདྨ་ཟབ་པའི་རྒྱུད་གཉིས་སོ་སོའི་སྒྲུབ་དཀྱིལ་དང་བཅས་པ་རྣམས་ཏེ། དེ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རྒྱུན་འདུས་པའི་དོན་ལགས། དབང་བསྐུར་རྡོ་རྗེ་སོགས་ཀྱི་ཚིག་ངེད་རང་གི་རབ་གནས་ལ་ཡོད་པ་དང་འདྲ། བསྒོམ་ལུང་འབོགས་ལུགས། དཔོན་སློབ་གཉིས་ཀ་ལྷར་བསྐྱེད་པའི་ཐུགས་ཀའི་ས་བོན་ཧྲཱིཿལས་སྔགས་ཕྲེང་སྤྲོ་བསྟིམ་དང་སྦྱར་ཏེ་སྔགས་རྗེས་ཟློས། གཏོར་དབང་བྱེད་ནའང་གཏོར་མ་ལྷར་གསལ་སློབ་མའི་སྤྱི་བོར་བྱོན་པའི་སྐུ་ལས་མཆོག་ཐུན་དངོས་གྲུབ་ཀྱི་སྐལ་པ་ཐམས་ཅད་ཆར་ལྟར་བབས་པར་བསམ་དུ་བཅུག་ལ། གཏོར་མ་མགོར་བཞག་ནས་བརྒྱུད་པའི་ཤར་འདེད་འདོད་གསོལ་དང་བཅས་པ་བྱེད་པ་ལགས།། ༡༨ རྣོན་པོ་ནང་གཅོད་ཀྱི་གཏོར་མའི་དཔེའུ་རིས་ཟུར་དུ་ཕུལ། གཙོ་བོའི་གདན་གྱི་འཆི་བདག་གཤིན་རྗེ་ནི་དྲེགས་པའི་གཟུགས་ཕོ་ཁ་སྦུབ་དང་། མོ་གན་རྐྱལ། དེ་སྟེང་མ་ཧེ་དང་གླང་རྒོད་གཉིས་གཉིས་ཏེ་བཞི། ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ཐབས་ཤེས་ཀྱི་ཁྱད་ཀྱི་ཉི་མ་འོག་དང་ཟླ་བ་སྟེང་། ཧཱུྃ་དང་བྷྲཱུྃ་གྱི་ཁོག་པར་ཞེས་པ་ཡི་གེ་རང་གི་ལྟེ་བར་བསྒོམ་པའི་དོན་ལས་ཡིག་གཟུགས་ཁོང་སྟོང་དུ་དགོས་པའི་དོན་མིན། ཨེ་ཀ་ཡ་མ་དུ་རུ་ཙཀྲའི་སྔགས་ཀྱང་ཧཱུྃ་ཡིག་ཉིད་ལ་བསྐོར་རྒྱུ་ཡིན། སྲས་ཀྱི་བཤན་གྲི་ཞེས་པ་གསོད་བྱེད་ཀྱི་དོན་འདྲ་སྟེ། གཞན་འཕུལ་བྱེད་མེད་པའི་ཤན་ཞེས་པ་གྲི་སྤྱིའི་མིང་། གུར་རིམ་བསྒོམ་ཚུལ། བྱང་ཆེན་མཆོད་རྟེན་གྱི་ཕྱི་རོལ་དུ་བྷྲཱུྃ་ལས་གསེར་གྱི་གྭའུ་ཁ་སྦྱོར་གྱི་གུར་ཁང་། དེའི་ཕྱིར་ཧཱུྃ་ལས་ཁྲོ་བོ་སྔོན་པོ་རྡོ་རྗེ་ཐོགས་པས་གཏམས་པའི་ཕྱིར་རྡོ་རྗེ་སྔོན་པོའི་གུར་ཁང་སོགས་རིམ་བཞིན་ཕྱག་མཚན་ལྔ་སོ་སོ་བཞུ་ལུགས་སུ་འབྲེལ་བའི་གུར་ཁང་གི་ནང་སོ་སོར། ཁྲོ་བོ་རིགས་མཐུན་གྱི་ཁ་དོག་དང་རང་རྟགས་ཀྱི་ཕྱག་མཚན་ཅན་གྱིས་གཏམས་པ། དེའི་ཕྱི་རོལ་དུ་ཡུམ་ལྔའི་རང་བཞིན་ཡཾ་ལས་རླུང་ནག་འཚུབ་མའི་གུར་ནང་ཁྲོ་བོ་ཁམས་ནག་རླུང་གཡབ་དང་མཚོན་ཆ་ཐོགས་པ། དེ་བཞིན་དུ་མེ་དང་། ཆུ་དང་། ས་དང་། ནམ་མཁའ་ལྕགས་ཀྱི་གུར་ཁང་རྣམས་སོ་སོའི་ནང་དུ་ཁྲོ་བོ་དམར་ནག་མེ་ཐོགས་པ། དཀར་པོ་ཆུ་ཞགས། སེར་པོ་རི་རབ། ནག་པོ་མཚོན་ཆའི་ཆར་འབེབ་པས་གཏམས་པ། དེ་དག་གི་ཕྱི་རོལ་དུ་མེ་ཕུང་འབར་བའི་བར་སྣང་ལ་དབྱངས་གསལ་གྱི་ཕྲེང་བ་འཁྲུགས་པ་ལས་དགྲ་བགེགས་འཇོམས་པའི་སྒྲ་ལྡིར་བ། ཡ་མ་རཱ་ཛའི་ཡིག་བརྒྱ་ནི། ཨཱོྃ་ཡ་མ་རཱ་ཛ་ས་མ་ཡ་མ་ནུ་པཱ་ལ་ཡ། ཡ་མ་རཱ་ཛ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། ཡ་མ་རཱ་ཛ་མཱ་མེ་མུཉྩ། ཡ་མ་རཱ་ཛོ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ལྷའི་མཚན་འབྱིན་འཇུག་བྱས་པའོ། །ཨ་ཀྲོ་བཅུ་བདུན་པ་ནི་བདེ་འདུས་ལས་བྱང་གི་གཤིན་རྗེ་གཤེད་ཀྱི་སྔགས་དང་འདྲ། འདོད་དོན་གསོལ་བ་ནི། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ༔ ཞེས་སོགས་ཤློ་ཀ་བཞི་ལས་བྱང་དུ་ཡོད། བསྟོད་བསྐུལ་ངག་འདོན་ཡང་། ཨྱཻ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ ཞེས་སོགས་བསྟོད་བསྐུལ་གསུམ་ཤམ་བུ་སྐབས་ཕྱེད་པར་སྦྱོར་ཚུལ་བཅས་ལས་བྱང་དུ་འབྱུང་བ་ལགས། སྐོར་གསུམ་མཚན་བཞི་གནད་གསུམ་ཞེས་པའི་སྐོར་གསུམ་ནི། སྲུང་ཟློག་གསད་གསུམ། མཚན་བཞི་ནི། ལྷ་ལ་མཚན་དུ་གསོལ་བ་ཚེ་བདག་ནག་པོ། སྔགས་ལ་མཚན་དུ་གསོལ་བ་ཨེ་ཀ་ཡ་མ། རྫས་ལ་མཚན་དུ་གསོལ་བ་སཱཙྪ་དཀར་ནག །དཔེ་ལ་མཚན་དུ་གསོལ་བ་ཡང་ཟློག་མེའི་སྤུ་གྲི། གནད་གསུམ་ནི། བཅའ་བ་རྫས་ཀྱི་གནད་འཁོར་ལོ་དང་སཱཙྪའི་སྦྱོར་བ། སྒོམ་པ་ལྷའི་གནད་གཤིན་རྗེ་གཤེད་ཚེ་བདག་ནག་པོ། བཟླས་པ་སྔགས་ཀྱི་གནད་ཨེ་ཀ་ཡ་མ་ཤམ་བུ་སྐབས་དང་སྦྱར་བ་རྣམས་ལ་ཟེར་བ་འདུག །དབང་ལ་ཕྱག་ལེན་རྒྱས་པའི་སྐབས་བསྟོད་རིང་སྦྱོར་ལུགས། གཏོར་མ་སྤྱི་བོར་འཇོག་དུས། ཨྱཻ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ ཞེས་པ་ནས། དམིགས་པ་གང་ཡིན་དེ་ཉིད་ད་ལྟ་རློགས༔ ཞེས་པའི་བར་གྱི་མཐར། ཁྲོ་རྒྱལ་གཤིན་རྗེ་གཤེད་ཀྱིས་དབང་བསྐུར་རོ། །འཁོར་གྱི་གཤིན་རྗེ་བྱེ་བའི་དབང་ཐོབ་ཤོག །མགྲིན་པར། ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ ཞེས་པ་ནས། ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཞེས་པའི་མཐར། ཡུམ་མཆོག་ཨེ་ཀ་ཙཱ་ཊིས་དབང་བསྐུར་རོ། །འཁོར་གྱི་མ་མོའི་དམག་ཚོགས་དབང་ཐོབ་ཤོག །སྙིང་གར། ཧཱུྃ༔ གཡས་ནས་སྲས་མཆོག་ཡ་མ་རཱ་ཛ་ནི༔ ཞེས་པ་ནས། ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད༔ ཅེས་པའི་མཐར། གསོད་བྱེད་ཡ་མ་རཱ་ཛས་དབང་བསྐུར་རོ། །འཁོར་གྱི་ལས་མཁན་སྡེ་བརྒྱད་དབང་ཐོབ་ཤོག །ལག་ཏུ་གཏད་དུས། ཧཱུྃ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ནས། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་པ་རྣམས་སོ་སོའི་མཇུག་ཏུ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །སོགས་དབང་ཚིག་སྦྲེལ་ནས་བསྐུར། བཟླས་ལུང་གི་ཟློག་སྔགས་རྗེས་ཟློས་སྐབས། སྔགས་ཕྲེང་གཡོན་འཁོར་ཏེ་ཡི་གེ་ཁ་ཕྱིར་བལྟ་ཡིན།། ༡༩ རྟ་མགྲིན་གསང་སྒྲུབ་ཀྱི་འབུལ་གཏོར་བཞི་ཀ་གཏོར་ཅོག་སྤྱི་འགྲོ། ལྷའི་རྒྱན་ལ་མི་སྐྲའི་ཚངས་སྐུད་ཅེས་པ་སེ་རལ་ཁ་སྟེ་མཆོད་ཕྱིར་ཐོགས་ཀྱང་ཟེར། བྱུགས་རྫས་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྩེ་གསུམ་རིས། སྣ་རྩེ། མཁུར་ཚོས་གཉིས། ཨོལ་ཀོ་སྟེ་འབུར་བཞི་ལ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་ཞེས་སྤྱི་ཙམ་སྟེ་མི་འདྲ་བའི་ཁྱད་པར་འགའ་རེ་སྣང་། ཞབས་བརྒྱད་ཀྱིས་ཀླུ་བརྒྱད་པོ་མནན་དགོས་པས་སྦྲུལ་གདན་པད་ཉིའི་སྟེང་། བླ་མ། ཆོས་སྐྱོང་། གཞི་བདག་གསུམ་གྱི་གཏོར་བསྔོ་སྤྱི་གཏོར་གང་རིགས་སྦྱོར་བ་ལས་ཟུར་ཆོག་མེད། བཀའ་བསྒོའི་ངག་འདོན། སྔགས་མཐར་བརྒྱུད་པའི་ཤར་འདེད་ཀྱི་རྗེས་སུ། རྩ་བརྒྱུད་ཀྱི་བླ་མ་དམ་པ། ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། ཁྱད་པར་དུའང་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །བྱེ་བྲག་དུའང་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བདུད་བཙན་རྒྱལ་འགོང་ཐེ་བྲང་འབྱུང་པོའི་གནོད་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཞི་བ་དང་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྲུང་ཞིང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། ཞེས་རྟ་མགྲིན་ཕྱག་རྡོར་སོགས་ལའང་རིགས་འགྲེ། མཐར་མངའ་གསོལ་ཤིས་བརྗོད་ནི། མེ་ཏོག་འཐོར་བཞིན་དུ་སུ་པྲ་ཏིཥྛའི་སྔགས་དང་བཀྲ་ཤིས་བརྗོད་པ་ཙམ་གྱིས་འཐུས།། ༢༠ ཉང་གི་རྟ་ནག་ལྕགས་རལ་ཅན་གྱི་དབང་གཏོར་དཔལ་གཏོར་སྤྱི་འགྲོ་ཁ་དོག་ནག་རྐྱང་ལས་གཏོར་ཁྲ་མིན། མཆོད་གཏོར་དཔལ་གཏོར་རམ་གཏོར་ཅོག་གང་བདེ། དགྲ་བགེགས་ཀྱི་གདན་པད་ཉིའི་སྟེང་དུ་བྲི་ཞིང་དགྲ་མི་གཟུགས་དང་བགེགས་གདོན་གཟུགས་རྔམ་ཞུད་ཅན། བསྙེན་སྔགས་འབུམ་ཕྲག་བཅུ་རྫོགས་པར་བཟླས་ན། ལས་སྔགས་སྦྲེལ་བའི་སྒྲུབ་སྔགས་ཁྲི་ཙམ་ལས་མང་མི་དགོས། ཁྲོ་ཆར་འབེབ་པའང་སྐུའི་ཆ་ཐམས་ཅད་ནས་སྤྲོ་བ་ལས་སྤྱི་མགྲིན་སོགས་གནས་སོ་སོའི་དབྱེ་བ་མེད། མཐར་ཟོར་དུ་འཕང་བའམ། བསྲུང་བའི་དོན་དུ་འཇོག་རྒྱུ་ནི་དབང་གཏོར་རང་ཡིན་ཞིང་། ཟོར་ཚིག་རིགས་མཐུན་གཞན་ནས་ལེན་པའམ། བསྡུ་ན་སྔགས་མཐར་མཱ་ར་ཡ་རྦད་ཀྱི་ཤམ་བུ་བཏགས་པས་འཕང་ངོ་།། ༢༡ ཆོས་དབང་རྟ་ནག་གི་གཏོར་མའང་སྔར་དང་འདྲ། འཁོར་གྱི་ཕྱག་མཚན་མེའི་ཐོ་ལྕགས་གཉིས་མཚོན་ཆ་རང་དབྱིབས་ལས་མེ་འོད་འཕྲོ་བ། འཁོར་གྱི་མོན་ཤན་རྣམས་ཁྲོ་བོ་མངག་གཞུག་གི་ཆ་བྱད་ཅན་སྟེ་སྐུ་མདོག་དང་ཕྱག་མཚན་མ་ངེས་པ་འདྲ། གཞལ་ཡས་ཁང་གི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་བཅུར་ཁྲོ་བོ་བཅུ་ཡང་སྤྲུལ་དང་བཅས་པའི་ཁྲོ་གུར། དེའི་ཕྱིར་ཁ་ཕྱིར་བལྟ་ནང་བལྟའི་རྩིབས་རྩེ་རྣམས་བསྣོལ་མར་གཡས་གཡོན་དུ་འཁོར་བའི་གུར། དེའི་ཕྱི་རྡོ་རྗེའི་གུར། དེའི་ཕྱིར་མཚོན་ཆ་སྣ་ཚོགས་ཀྱི་གུར། དེའི་ཕྱིར་མེ་ཕུང་མཐའ་མེད་དུ་འཕྲོ་བ། བཟླས་པའི་སྐབས་འོད་ཟེར་སྤྲོ་བསྡུ་རླུང་རང་འབབ་སྟེང་ནས་མ་ཚར་ན་འཇམ་རླུང་སྣ་སྒོར་ལྟེམ་ཙམ་བྱས་ལ། རླུང་ལྡང་དུས་འོད་ཟེར་ཕྱིར་འཕྲོ་བས་བགེགས་བསལ། ནང་དུ་འཇུག་དུས་དངོས་གྲུབ་བསྡུ་བའི་དམིགས་གནད་སྦྱོར། རྟགས་རྣམས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་གང་རུང་། སྤྱི་བོར་མེ་ཏོག་འཇོག་པ་དཀྱིལ་འཁོར་ཚོམ་བུ་ལས་སམ་ལེན་མི་བདེ་ན་འབྲུ་ནག་འཇོག །བཟླས་ལུང་སྟེར་ལུགས། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ། སློབ་དཔོན་གྱི་ས་བོན་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་སྤྲོ་བསྟིམ་བྱེད། དབང་རྫས་ཀྱི་ཕུར་བུ་ཁྲོ་ཞལ་སྤྱི་གཙུག་རྟ་མགོ་ཅན། གཏོར་མ་སྙིང་གར་བཞག་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ངོ་སྤྲད། བཀའ་བསྒོའི་ཚིག་རྟ་མགྲིན་གསང་སྒྲུབ་བཞིན་ལས་སྒོས་ཆོས་བསྒྱུར།། ༢༢ ཕྱག་རྡོར་དྲེགས་འདུལ་གྱི་བུམ་པའི་ལས་མཐའི་བྱིན་རླབས་སྐབས། ནད་པའི་དོན་དུ་བྱེད་ན། ཀླུ་གཏོར་དབྱིབས་ཟླུམ་པོ་རྒྱབ་ཡོལ་ཅན་རིལ་བུ་དང་བཅས་པར་ཀླུ་སྨན་དང་འོ་མས་བྲན། གཏོར་འབུལ་དུག་སྦྱོང་གི་སྐབས་དང་འདྲ། གཞི་བདག་གཏོར་མ་དབང་བསྐུར་གང་བྱེད་ལ་འབྱོར་ན་ལེགས། བསྙེན་པ་ལྟ་བུར་སྔོན་དུ་རྩ་སྔགས་རྐྱང་པ་བཟླས་ནས་མཐར་ག་རུ་ཌའི་ཤམ་བུ་སྦྲེལ་བ་ཤིས་ཀྱང་། དབང་གི་སྒྲུབ་མཆོད་ཙམ་ལ་སྦྲེལ་བ་ལས་སོ་སོར་བཟླ་བའི་དབྱེ་བ་མི་དགོས། བསྟོད་རྗེས་ཕྲིན་ལས་གསོལ་བ་བསྟོད་པ་རང་གིས་འཐུས་ཤིང་། ཇི་ལྟར་སྔོན་ཚེ་སོགས་བླངས་ཀྱང་མི་འགལ། བུམ་བཟླས་ཀྱི་ཚེ་ལྷ་བུམ་གྱི་བཅུད་ཁྲོ་ཁྱུང་གི་རྡུལ་ཕྲན་དང་། ཁྲུས་བུམ་བདུད་རྩིར་དམིགས་པ་དང་། དབང་དུས་ཁྲུས་བུམ་ཡང་ཁྲོ་ཁྱུང་དུ་བྱས་པ་འགལ་བ་ལྟར་སྣང་ཡང་མི་འགལ་ཏེ། ཁྲུས་བུམ་ཟུར་པ་བྱེད་པ་ལག་ལེན་བྱས་པའི་འདམ་ཁ་ལས་ལྷ་བུམ་ཉིད་ཀྱིས་ཁྲུས་བུམ་གྱི་གོ་ཆོད་པ་དང་། སོ་སོར་བྱས་ཚེ་ཁྲུས་བུམ་གྱི་ཆུ་ཡེ་ཤེས་ཀྱི་བདུད་རྩི་ནད་གདོན་སྦྱོང་བའི་ནུས་ལྡན་དུ་སྒྲུབ་པ་དེ། ལས་སྦྱོར་གྱི་ཚེ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཁྲོ་ཁྱུང་གི་རྡུལ་ཕྲ་རབ་ཏུ་དམིགས་པ་ཁ་བསྒྱུར་བར་བྱེད་པ་མཚུངས་པས་རུང་བའི་ཕྱིར་སྙམ་མོ། །འཁོར་ལོ་དང་བསྲུང་སྐུད་ཀྱིས་ཀྱང་བསྲུང་བར་བཤད་པ་གཟའ་ཀླུར་བསྔགས་པའི་གསང་བདག་ལྟོ་འཁོར་ལྟ་བུས་བསྲུང་བ་དང་། སྔགས་མདུད་བསྒྲུབ་བྱར་འདོགས་པའི་དོན་དང་། དེའང་དབང་གི་སྲུང་བའི་དུས་སུ་བཏགས་པ་ལེགས་ཤིང་དུས་གཞན་དུའང་མ་བཀག །དབང་གཏོར་ལ་འཁོར་མི་དགོས་ཤིང་། མགྲོན་བཞིའི་དང་པོ་གསུམ་གཏོར་ཟླུམ་མཐེབ་ཀྱུ་ཅན་དང་། བཞི་པར་གཏོར་ཟླུམ་ཏིང་ལོ་དང་ཆངས་བུ་ཅན། མགྲོན་དང་པོ་གསུམ་གྱི་གཏོར་མ་བསྔོས་ནས་ཕྱིར་མ་ཕུལ་ཡང་ཆོག། ༢༣ བྱང་གླིང་གཏུམ་པོའི་འཁོར་རྣམས་ལ། གཏེར་གཞུང་དུ་མངོན་རྟོགས་གསལ་ཁ་མེད་པས། དྲེགས་འདུལ་ལྟར་ཁྲོ་བཅུ་ཐམས་ཅད་མཐིང་ག་རྡོར་དྲིལ་འཛིན་པ་ཕྱོགས་སྐྱོང་གི་གདན་ཅན། ཀླུ་བརྒྱད་ཤར་གྱི་གཉིས་དཀར་པོ་སོགས་རིགས་མཐུན་ལ་ཕྱག་མཚན་ནོར་བུ་དང་བདུད་རྩིའི་བུམ་པ། འདིའི་དབང་བསྐུར་ཕྱིན་གཏོར་དབང་བསྐུར་དགོས་པའི་ངེས་པ་མེད། བསྐུར་ན་བཀའ་བསྒོའི་ཚིག་སྔར་ལྟར། དུས་བཞི་དང་སྦྱར་ནས་བཟླ་བ་ནི། རྩ་བར། འོད་ཟེར་དཀར་སེར་དམར་ནག་པས༔ ཞི་རྒྱས་དབང་དྲག་གང་བསྒྲུབ་པའི༔ ཕྲིན་ལས་གང་ཡིན་འགྲུབ་པར་བསམ༔ ཞེས་པ་ལས་མེད་ཀྱང་། ལས་བཞི་གང་འདོད་ཀྱི་དུས་སམ། ཡང་ན་སྦྱིན་སྲེག་གི་སྐབས་སུ་བཤད་པ་ལྟར་ལས་གང་ལ་བསྔགས་པའི་དུས་དེ་དང་དེར་དམིགས་པ་ཁ་བསྒྱུར་ཏེ་བཟླ་བའོ། །དབུགས་ཆ་སྙོམས་ནས་ཧཱུྃ་བཟླ་ཚུལ་ནི། དབུགས་ཆ་སྙོམས་པས་ཧཱུྃ་ཆེན་དག༔ གསལ་ལ་རྟོག་མེད་ངང་དུ་བགྲང༔ ཞེས་པས། དབུགས་ཆ་སྙོམས་ཏེ་སྒྲ་མཐོ་དམན་དྲག་ཞན་མེད་པར་བཟླ་བའོ། །ཚ་གྲང་ཁམས་དང་སྦྱར་ཚུལ་ནི། འོད་ཟེར་ལྔ་ལྡན་ཧཱུྃ་དག་གི༔ བསིལ་དང་ཚ་བའི་ངད་ལྡན་པས༔ ཚ་གྲང་རྩིས་ལ་ལུས་ངག་བསྲུང༔ ཞེས་པས། རང་གི་ལུས་ཚ་གྲང་དང་བསྟུན་ནས་ཧཱུྃ་གི་འོད་ཟེར་བསིལ་བ་དང་ཚ་བའི་རེག་བྱའི་ངད་དང་ལྡན་པར་དམིགས། འཇིག་རྟེན་པའི་དཀར་གཏོར་གཏོར་ཟླུམ་སྤྱི་འགྲོ། གནང་བ་ནོད་པ་རྗེས་གནང་འདི་རིགས་ལ་དཀྱིལ་འཁོར་དུ་འཇུག་པའི་ཐ་སྙད་མེད་པས། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །ཞེས་སོགས་མ་གནང་ཡང་ཆོག་པས། སློབ་མར་དབང་བསྐུར་བར་གསོལ་བས་གནང་བ་ཐོབ་པར་མོས་པ་ཙམ་གྱིས་འཐུས།། ༢༤ ཕྱག་རྡོར་ཁང་བརྩེགས་ཀྱི་གདན་པད་ཉིའི་སྟེང་དུ་དབང་ཕྱུག་ཡབ་ཡུམ་རྣམ་པ་བདེ་མཆོག་གི་གདན་ལྟ་བུ། དར་སྔོན་གྱི་སྟོད་གཡོགས་བྲིས་ཆའི་རྒྱུན་ལས་འབྱུང་བའི་སྤྱི་འགྲེ། བཟླས་དམིགས་སྤྲོ་བསྡུ་བདག་དོན་སངས་རྒྱས་བྱང་སེམས་མཆོད་ཅིང་བྱིན་རླབས་བསྡུ་བ་དང་། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་བསྡུ་བ་གཞན་དོན་ཕྲིན་ལས་ཀྱི་བཟླས་དམིགས། གཏོར་འབུལ་གྱི་ཕྲིན་གསོལ་འདི་རིགས་དམིགས་བསལ་མེད་པར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་སྤྱི་ལྟར། བདག་མདུན་བུམ་གསུམ་གྱེར་ཚིག་གཅིག་གིས་སོ་སོར་སྒོམ་པའི་ལུགས་ལགས་ནའང་། དམིགས་པ་མི་བདེ་ན་མདུན་བུམ་མཉམ་སྒྲུབ་ནས་བུམ་བཟླས་དུས་ཛཔ྄་ཁང་ཕྱེ་ནའང་ཡོང་། འདིར་དབང་ལ་འབྲས་ཆོས་ལྔ་ལས་ཡོན་ཏན་གྱི་དབང་མ་བྱུང་ཡང་། ཕྲིན་ལས་ཀྱི་དབང་ནི་རྡོ་རྗེ་གསུམ་གྱི་སྒོ་ནས་འགྲོ་བ་སྒྲོལ་བའི་མཛད་པ་ཡིན་པས་སྦྱང་བྱའང་བྱ་བྱེད་ཀྱི་སྒྲིབ་པར་བཤད་ཅིང་། རྒྱལ་བའི་ཕྲིན་ལས་ཀྱི་དོན་གཉིས་མཐར་ཕྱིན་པའི་བྱེད་ལས་སྤངས་རྟོགས་ཀྱི་ཡོན་ཏན་ཤུགས་ལས་འབྱུང་བའི་ཕྱིར། ཡོན་ཏན་གྱི་དབང་ཕྲིན་ལས་ཀྱི་དབང་དུ་བསྡུས་པའོ།། ༢༥ ཉང་གཏེར་ཕག་མོ་ཞལ་གཉིས་མར་སིནྡྷུ་རའི་དཀྱིལ་འཁོར་ཡང་གཞིའི་དཀྱིལ་འཁོར་ལྟར་ཆོས་འབྱུང་ཉིས་བརྩེགས་དགོས། འདིའི་མཚོན་རྣལ་འབྱོར་མའི་བྱིན་རླབས་ཀྱི་སིནྡྷུ་རའི་དཀྱིལ་འཁོར་གྱི་སྔགས་རྣམས་ས་བོན་མཐར་གཡོན་སྐོར་དུ་བྲི་དགོས། རྣམ་རྒྱལ་བུམ་པ་རྩ་བའི་བྱིན་རླབས་ཀྱི་ཆོ་ག་རང་ལ་དམིགས་བསལ་མ་གསུངས་ཀྱང་། དཀྱིལ་ཆོག་ཏུ། རྣམ་རྒྱལ་བུམ་པ་དབུས་སུ་འོ༔ ཞེས་དང་། ཐོད་པ་ཚད་ལྡན་ཆང་གིས་བཀང༔ དེ་ནང་བདུད་རྩི་རིལ་བུ་བརྡར༔ མཉྫིའི་སྟེང་དུ་དབུས་སུ་བཞག༔ ཡང་ན་བུམ་པའི་སྟེང་དུ་འོ༔ ཞེས་གསུངས་པ་ལྟར་ན་བདུད་རྩིའི་ཐོད་པའི་འོག་ཏུ་བཀོད་ཀྱང་ཆོག །ལོགས་སུ་བཤམས་ན། བུམ་པ་མདུན་དུ་བཀོད་པའི་ཁར་སྐུ་འབག་འགོད་ཅིང་། མེ་ཏོག་དམར་པོ་བྱིན་རླབས་དུས་མཎྜལ་གྱི་ཁ་ནས་ཁབ་རྩེས་བླངས། ཞེས་འབྱུང་བས་དཀྱིལ་འཁོར་གྱི་དབུས་སུ་འཇོག །དབང་གཏོར་དང་མཆོད་གཏོར་སོ་སོར་འབྱོར་ཡང་ལེགས། རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ནི། བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡབ་རྐྱང་ལྟ་བུ་ལ་སྐུ་མདོག་དམར་སེར་བྱེད། རྩ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན། ཞེས་པ། ཕོ་མོའི་ཁྱད་པར་མ་གཏོགས་ལྷ་ཆེན་འདྲ་བ། རུས་རྒྱན་གྱི་སྤྱི་བོའི་འཁོར་ལོ་ལྟེ་བ་ཟླུམ་པོའི་དབུས་ནས་སྐྲ་ཅོག་ཡོད་པ་རྣམས་འཐོན་ཞིང་། གང་ལྟར་ཡང་ཕྱོགས་མཚམས་སུ་རུས་ཕྲེང་བརྒྱུས་པའི་རྩིབས་བརྒྱད་ཀྱི་རྣམ་པ་ལས་རྒྱབ་མ་གསུམ་དོར་བའི་ལྷག་མ་ལྔ་སོ་སོའི་རྩིབས་རྩེ་རེའི་ཐད་དུ་དབུ་རྒྱན་གྱི་ཐོད་སྐམ་བཅིངས་པའོ། །རིགས་བདག་ནི། གཙོ་མོ་ལ་རྣམ་སྣང་སོགས་རིགས་ལྔའམ། ཡང་ན་རིགས་ལྔ་ཧེ་རུ་ཀའི་རྣམ་པ་ཅན་གྱིས་དབུ་རྒྱན། སྙིང་པོའི་སྔགས་ཚན་གསུམ་གཅིག་ཏུ་དྲིལ་ནས་བཟླ། ཡང་སྙིང་དང་། སྤྱིའི་བསྙེན་པའི་སྔགས་ཚན་ལྔ་སོ་སོར་བཟླ། གྲངས་ནི་འདིར་འབུམ་ཚོ་བདུན་རེ་གསུངས་པ་འབྲིང་ཚད་དེ། རྒྱས་པ་ལ་བྱེ་བ་རེ་དང་། བསྡུས་པ་ལ་འབུམ་ཚོ་རེར་གསུངས། ཡིད་བཟླས་ནི། ཐུགས་ཀའི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཡིད་ཀྱིས་བཟླ་བའོ། །འགོག་བཟླས་ནི། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས། སྐུ་འོད་ཀྱི་ཕུང་པོར་གྱུར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའོ། །སྤྲོ་བསྡུ་བྱེད་ལུགས་ནི། བསྙེན་སྒྲུབ་ལ་འོད་ཟེར་སྣ་ལྔ་འཕྲོ་བ་བཤད་པ་བཞིན། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྣ་ལྔ་འཕྲོས། འཕགས་པ་རྣམས་མཆོད་ཅིང་མཉེས་པར་བྱས། སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། རྣལ་འབྱོར་མའི་གོ་འཕང་ལ་བཀོད། སླར་འདུས་ཏེ་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་པའོ། །བདག་བསྐྱེད་བསྡུ་སྐབས་ཡེ་ཤེས་པ་ཕྱེ་ལ། ཞེས་པ་ནི། སྒྲུབ་ཐབས་རྩ་བར། ཡེ་ཤེས་སེམས་དཔའ་ཕྱིར་ཕྱུང་ལ༔ རང་བཞིན་གནས་སུ་གཤེགས༔ ཞེས་པ་ལྟར། གཤེགས་གསོལ་བྱེད། གསུམ་པ་བྱིན་རླབས་དབང་གི་ཆོ་གའི་དབང་བསྐུར་བདག་བསྐྱེད་དགོས་པའི་ཚིག་གསལ་མ་བྱུང་བ་ཆོ་ག་སྤྱིའི་འགྲོས་ལྟར། བདག་བསྐྱེད་སྔོན་དུ་གཏོང་བ་གཞིར་བཞག་ཏུ་མཛད། མདུན་བསྐྱེད་ཀྱི་བཟླས་དམིགས་ནི་བཤད་མ་ཐག་པའི་སྤྲོ་བསྡུ་ལྟར་རོ། །བུམ་བཟླས་ལའང་སྔགས་ཚང་མ་བཟླས་པ་ལེགས། གཏོར་མ་གཉིས་པ་ཆོས་སྐྱོང་ལ་འབུལ་བ་ནི། དུར་ཁྲོད་མ་མོར་འབུལ་བ་འགྲེ་ལ། འདི་ལ་གཙོ་རྐྱང་ཙམ་གྱི་དབང་ཐོབ་ཀྱང་དོན་ལ་ལྷ་ལྔ་དང་། ལྷ་དགུའི་དབང་ཐོབ་པར་འགྲོ་མོད། ཕྱག་བཞེས་སུ་རྒྱས་པ་ལྷ་དགུ་ལྟར་བསྐུར་བ་ཤས་ཆེ། དབང་གི་སྐྱབས་སེམས་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ ཞེས་སོགས་སྒྲུབ་ཐབས་ཀྱི་དབུར་ཡོད་པའི་བསོད་ནམས་ཚོགས་གསག་ཉིད་ལེན་ཞིང་། འོག་ཏུ་ཁྲོས་ནག་གི་སྐབས་སུ་སྡོམ་པ་གཟུང་བའང་འདི་ཀས་འགྲུབ་པར་གསུངས་པས་གཞན་མ་བླང་མ་དགོས་ཀྱང་། རྒྱས་པར་སྤྲོ་ན། འདི་ཁའི་དཀྱིལ་ཆོག་ཏུ་འབྱུང་བ་ལྟར། རྡོ་རྗེ་སློབ་དཔོན་མི་སྤང་ཞིང༔ ཞེས་སོགས་ཀྱིས་དམ་ཚིག་དབོག་ནས། བླ་མས་ཇི་སྐད་གསུངས་པ་ཡི༔ ཞེས་སོགས་ཀྱིས་ཁས་བླང་པ་འོ། །སྐུ་འབག་མགྲིན་པར་འཇོག་དུས་མིང་རྡོ་རྗེ་མཁའ་འགྲོ་མ་སོགས་མེ་ཏོག་གང་བབས་ཀྱི་རིགས་དང་མཐུན་པར་འདོགས། བླ་མའི་མན་ངག་དང་ཞེས་པ་ནི། གསེར་སྒྲུབ་རྩ་འགྲེལ་སོགས་གྲུབ་ཐོབ་ཀྱི་གཞུང་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཀྱི་དོན་རྣམས་བླ་མས་འདོམས་པར་མཛད་པ་ལས་སྙན་བརྒྱུད་ཟུར་པ་གཞན་མ་དགོས།། ༢༦ དོན་འགྲུབ་མའི་དམ་རྫས་ཅེ་སྤྱང་གི་ཤ་ཞེས་པའི་ཅེ་སྤྱང་ནི་སྤྱང་ཀི་དང་མི་གཅིག །གཏོར་མ་བྱིན་གྱིས་བརླབས་ནས་མཁའ་འགྲོ་མ་རྣམས་ལ་འབུལ། ཞེས་པ། ཀ་པཱ་ལར་མཁའ་འགྲོའི་གཏོར་མ་དབྱིབས་སྤྱི་འགྲོ་ཤ་ཆེན་གྱིས་བརྒྱན་པ་བཤམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བརླབས། ཧཱུྃ་འོད་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་ལ་གཏོར་སྔགས་ཀྱིས་གཏོར་མ་ཕུལ། ལས་ཀྱི་མཁའ་འགྲོ་མ་རྣམས་ཤ་ཆེན་དུད་པས་མཉེས་པར་བྱ་བའོ། །འོག་གི་པདྨ་དང་སྟེང་གི་འཁོར་ལོ་ཁ་སྦྱོར་གྱི་བར་དུ་སྲུང་འཁོར་གྱི་ཆོས་འབྱུང་། དེའི་ནང་དུ་རང་ལུས་ཆོས་འབྱུང་དུ་གྱུར་པ་ནི་གཞལ་ཡས་ཁང་། མེ་འབར་བ་ནི་ཆོས་འབྱུང་ཕྱི་ནང་གི་བར་དུ་སྟེ། གཞུང་ལས། ཆོས་འབྱུང་ཆེན་པོ་དང་ཆུང་ངུ་གཉིས་ཀྱི་བར་དུ་མེ་དཔུང་འབར་བ་ཞིག་བསྒོམ༔ ཞེས་གསུངས་པའི་ཕྱིར། སྙིང་གའི་ས་བོན་ཡིག་འབྲུ་བཞི་འོད་ཟེར་དང་འདྲ་བའི་ཁ་དོག་སོ་སོའམ་དམར་པོར་གནང་ཡང་འགལ་བ་མེད་འདྲ་ཞིང་། ཡི་གེ་བཞི་ལས་འཕྲོས་པའི་འོད་ཟེར་ཨཱོྃ་ལས་དཀར་པོ། ཧཱུྃ་ལས་སྔོན་པོ། ཧྲཱིཿལས་སེར་པོ། ཧཱ་ལས་ལྗང་གུ་འཕྲོ་བ་དེ་ཕྱི་ལྟར་ཚད་མེད་བཞིར་བཟླ་བའི་སྐབས་ཀྱི་གཞུང་ལས་བཤད། དབང་སྒྲུབ་ཙམ་ལ་སྒྲུབ་པ་དང་སྒྲུབ་ཆེན་བཟླས་པ་མ་གནང་ཡང་ཆོག །དེ་བཞིན་དུ་སྒྲུབ་ཆེན་གྱི་དུས་ཀྱི་ཁྱད་པར་གྱི་མཆོད་པ་ཤ་ཆེན་གྱི་མེ་ཏོག་སོགས་ཀྱང་མི་དགོས། དབང་གི་གསོལ་གདབ་དང་སྐྱབས་སེམས་ཞལ་གཉིས་མ་ལྟར། སྤྱི་བོའི་བླ་མ་ཧེ་རུ་ཀའི་རྣམ་པའང་སྔར་བཞིན། གཡུང་དྲུང་ལག་གཡས་སྐོར་ལ་ཧཱུྃ་གསུམ་བསྒོམ་ལུགས་ནི་གཡུང་དྲུང་གི་སྟེང་དུ་ཧཱུྃ་གསུམ་སྒྲིག །ཁྱད་པར་གྱི་སྤོས་ཀྱི་བདུག་རྒྱུའི་བྲིས་སྐུ་ནི་ཙཀླི་ཙམ་ལ་བརྟེན་ཀྱང་འོང་། རྗེས་མཎྜལ་སོགས་སྤྱི་འགྲོ་གནང་ཡང་མི་འགལ།། ༢༧ དབུ་བཅད་མའི་གཏོར་མ་ཁྲོས་ནག་སོགས་མཁའ་འགྲོ་སྤྱི་ལྟར་གྱི་དབྱིབས་ཅན་སུམ་སྒྲིག །གསང་བའི་མཆོད་ཚིག་ཨ་ནུ་རཱ་གའི་སྔགས་སྤྱི་འགྲོ། ཉི་ཟླ་ཁ་སྦྱོར་ཧྲཱིཿབཅས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བསྐྱེད། ལྷ་གསུམ་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལ་སེམས་གཏོད་དགོས་པས་སྔགས་ཚན་གསུམ་ཕྲལ་ཏེ་སོ་སོར་བཟླས་པ་བདེ། རྡོར་བཟླས་ནི་འབྲུ་གསུམ་འབྱིན་འཇུག་གནས་པའི་གདངས་ལ་སྦྱོར་ཞིང་། འགོག་བཟླས་སྔར་དང་འདྲ། བཟླས་རྗེས་བསྟོད་པ་དང་འདོད་གསོལ། ཧཱུྃ༔ དུར་ཁྲོད་རྒྱན་གྱིས་སོགས་རྒྱས་པར་འབྱུང་ཡང་། འདིར། སྐྱོན་བྲལ་གྲུ་གསུམ་ཕོ་བྲང་ན། །སོགས་ཤློ་ཀ་གཅིག་པོའི་མཇུག་ཏུ། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གསོལ་བ་འདེབས་ཀྱིས་བདག་ལ་སྩོལ། །ཅེས་འདོགས་པ་ཙམ་གྱིས་སོ།། ༢༨ ཁྲོས་ནག་གི་བཤམ་ལ་གཏོར་མ་གསུམ་བྱུང་བ་རྣམས་ཐམས་ཅད་མཁའ་འགྲོའི་དཔལ་གཏོར་ཡིན་པས་དབྱིབས་འདྲ་ཞིང་། འཁོར་མཆོད་གཏོར་རང་འདྲ་བཞི་དང་སྐྱུ་གུ་བརྒྱད། འཁོར་གྱི་མཁའ་འགྲོ་རྣམས་ཀྱི་འབུལ་གཏོར་དང་། སྔོན་གཏོར་གཉིས་ཀ་ལ་མཐེབ་སྐྱུ་བརྒྱད་རེ། འཁོར་གྱི་འབུལ་གཏོར་ཡང་ཕྱིར་འབུལ་སྲོལ་འདུག །མཁའ་འགྲོ་བརྒྱད་ཀྱི་མཚམས་ཀྱི་ལྷ་རྣམས་ཀྱི་སྐུ་མདོག་ཕྱོགས་གཉིས་འདྲེས་པའི་སྐུ་ཡོངས་རྫོགས་ཕྱེད་མ། སྔགས་ཀྱི་བྷ་ར་ཧེ་ཞེས་པ་སྤྱི་དང་བསྟུན་ན་ཧི་ཐོབ་ཀྱང་། སྒྲུབ་ཐབས་ཀྱི་འགྲེལ་པ་སྙིང་གི་མེ་ལོང་དུ། ཧ་ཡི་དོན་ནི་དགྱེས་པ་སྟེ༔ དགྱེས་པའི་གད་མོ་ཆེར་བསྒྲགས་པས༔ རབ་ཏུ་དགྱེས་ཞེས་བྱ་བར་གྲགས༔ ཞེས་པས། ཧེ་དགྱེས་པའི་དོན་ལ་བསམ་པ་ལགས། ཡིད་བཟླས་ལ་བུམ་ཅན་དང་སྦྱར་མ་སྦྱར་གཉིས་ཀ་བཞེད། འདིར་བདག་འཇུག་ལ་ཚིག་གིས་སྤྲོས་པ་དོར་ནས་ཏིང་འཛིན་ཙམ་གྱིས་ལེན་པ་རུང་བར་གསུངས་ལ། རིག་པའི་མེ་ཏོག་དོར་བས་ཀྱང་དགོས་པ་འགྲུབ། མཁའ་སྤྱོད་བདེ་ལམ་དུ་བདག་བསྐྱེད་གཙོ་རྐྱང་དུ་བྱེད་པ། ཕག་མོ་རྩ་སྒྲུབ་དོན་རྒྱུད་རྩ་འགྲེལ་གྱི་དགོངས་པ་ལྟར་དབང་ཁྲིད་གཉིས་ཀའི་རྒྱུན་བཞུགས་པ་བཅས། དེ་དང་མཐུན་པར་བསྙེན་པ་བྱེད་པ་ལ་མཁོ་ཞིང་ཟབ་པའི་དབང་དུ་བྱས་ཤིང་། མདུན་བསྐྱེད་འཁོར་ཅན་དུ་བྱེད་པ་ཐུགས་སྒྲུབ་ཀྱི་དབང་དང་། རྗེས་འབྲེལ་ཕག་ལྔའི་རྗེས་གནང་ཡང་སྦྱོར་བའི་ཕྱག་བཞེས་དང་བསྟུན་པའི་གནད་ཀྱིས་ཡིན་ལ། འདོད་འཇོར་དབང་སྒྲུབ་གཙོ་བས་འཁོར་ཅན་ཉིད་དུ་མཛད་པ་ལགས།། ༢༩ འཇམ་དཀར་གྱི་ཟུར་ཕུད་ལྔ་ནི། རལ་པ་འཆིང་ཚུལ་འབུར་ལྔ་པ་སྟེ། སྐྲ་ཅོག་གི་དབྱིབས་ལྟ་བུ།། ༣༠ སྨྲ་སེང་གི་དཀྱིལ་འཁོར་འདབ་བརྒྱད་ནི། སྣ་ཚོགས་པདྨ་ལྟེ་བ་དམར་སེར། ཡུམ་གྱི་ཐུགས་ཀའི་པད་འདབ་དཀར་པོ་སོ་སོའི་ས་བོན་ལ་སྔགས་ཕྲེང་བསྐོར་རྒྱུ་ཡབ་ཡུམ་སྔགས་སོ་སོར་མེད་པས་གཅིག་ལས་འོས་མ་མཆིས། སྤོག་ཆོག་དུས་ཡུམ་གྱི་ཧྲཱིཿལས་འོད་ཟེར་མེ་ལྟ་བུ་ཤངས་བུག་གཡས་ནས་ཐོན་པ་ཡབ་ཀྱི་གཡོན་ནས་ཞུགས་ཏེ་ཐུགས་ཀའི་དྷཱིཿལ་ཐིམ་པས་གཟིར་བའི་དམིགས་གནད་སྦྱོར། དཔའ་བོ་རིལ་བུའི་རྫས་ཀྱི་སྤང་རྒྱན་དཀར་པོ། མཚལ་དཀར། ཞེས་པ་ཚ་ལ་མིན། པྲ་རྩི་དང་ཀ་པི་སོགས་ཀྱི་སྐམ་རྫས་སུ་བྱེད་པ་དེ་ཡིན། ཙན་དན་ཡང་དཀར་པོ་ཡིན་ནམ་སྙམས་ཏེ། འདིའི་སྒྲུབ་སྐོར་དམ་པའི་ཡིག་རྙིང་ཞིག་སྔར་ལག་ཏུ་ཡོད་ཀྱང་ཕྱིས་ཟག་ནས་མ་བྱུང་བས་དཔེ་རྒྱུན་དེ་ཕྱོགས་སུ་འབྱོར་ཤས་ཆེ་བས་དཔྱད་པར་ཞུ། དབང་སྒྲུབ་སྐབས་བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་གཙོ་བོའི་གནས་དང་། ཞེས་པ་ནས། གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། ཞེས་པའི་བར་བདག་བསྐྱེད་བཞིན་ལས། ཁྱད་པར། མདུན་དུ་འཕགས་མ་དབྱངས་ཅན་མ། ཞེས་པའི་ཚབ་ཏུ། མདུན་དུ་རིལ་བུ་ཧྲཱིཿལས་འཕགས་མ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ཞེས་པས་བརྗེ་བ་མ་གཏོགས་གཞན་འདྲ། གཏོར་འབུལ་གྱི་འདོད་གསོལ་འོག་ཏུ་དབྱངས་ཅན་མར་འབྱུང་བ་ལྟར་སྦྱར་བས་ཆོག །རིལ་བུ་སྟེར་སྐབས་སློབ་དཔོན་དང་མདུན་སྐྱེད་ཀྱི་གནས་ལྔ་ལྔ་ནས་དབྱངས་ཅན་མ་ལས་མཐུན་པའི་སྐུ་མདོག་ཅན་སྤྲོ་བ་མ་གཏོགས་སྤྲོ་གཞི་སློབ་དཔོན་དང་མདུན་བསྐྱེད་ཀྱི་དམིགས་པ་སོ་སོར་འཕོ་མི་དགོས། བཟླས་ལུང་གི་དམིགས་པ་སྤྱི་འགྲོ་ཡིན་པས་དཔོན་སློབ་གཉིས་སྔགས་ཕྲེང་སྤྲོ་བསྟིམ་བྱེད་པ་ལས་མེད། སྐུའི་རྗེས་གནང་སོགས་ལ་ཚིག་བཅད་དང་བཅས་པས་དབང་རྫས་གཏོད་པ་སོགས་རྒྱས་པའི་ལག་ལེན་ཙམ་སྟེ་འདི་ཙམ་ཐོབ་པས་དེ་རྣམས་ཐོབ་པར་འགྲོ།། ༣༡ དབྱངས་ཅན་མའི་བཞི་མཉམ་གྱི་རྫས་ཀྱི་ཙན་དན་ཡང་དཀར་པོ། དཀྱིལ་འཁོར་གྱི་རི་མོ་དཀར་གསུམ་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་བྲིས་པའི་སྟེང་འབྲས་ཕྱེས་ས་འཐབ་རྒྱག་རྒྱག་བྱས་པས་པདྨ་ཡིག་འབྲུ་དང་བཅས་པའི་རི་མོ་གསལ་པོ་འོང་བ་བྱ་བ་ལས། འཁོར་ལོའི་རྣམ་པ་གཞན་མི་དགོས། སྐྲའི་ཟར་བུ་ཞེས་པ་ཉག་མ་འཕྱང་བའི་དོན། དབང་གཞུ་ལྟར་བཀྲ་བའི་སྨད་དཀྲིས། ཞེས་པ། ཁ་དོག་སྣ་ལྔ་བསྒྲིགས་པ་སྟེ་དོན་ལ་ཚིག་གུ་དང་གཅིག །རང་གི་སྙིང་ཆུང་ཤིང་ཟེར་བ་ཡིག་ནོར་ཏེ། ཆུ་ཤིང་ཡིན། དབྱངས་ཅན་མའི་འཁོར་ལོ་འོད་ཟེར་འབར་བ། ཞེས་པའི་འོད་ཟེར་ཡང་དཀར་པོ་ཡིན། ཧྲཱིཿཥྚི་ལ་ཧྲཱིའི་ས་ཊི་ཞེས་པ་ལྟ་བུར་འདོན། བཟླས་དམིགས་ཀྱི་འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཿགཅིག་མཆེད་པ་ལས་ཧྲཱིཾཿགི་ཕྲེང་བ་མི་དགོས། བདག་ཉིད་གང་འདོད་པའི་ཡུལ་ཞེས་པ། གང་འདོད་ཀྱི་ཤེས་རབ་དང་སྤོབས་པ་དྲན་པ་སོགས་ཡིན། མདུན་བསྐྱེད་ཀྱི་སྲུང་འཁོར་རྡོ་རྗེའི་རྭ་གུར་སྤྱི་དང་འདྲ། མདུན་བསྐྱེད་ཐོག་མར་དབྱངས་ཅན་མའི་འཁོར་ལོ་བསྒོམ་པ་ལ་ཡེ་ཤེས་པའང་དབྱངས་ཅན་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས་ནས་བསྟིམ་ཞིང་། ཨཱ་ལི་བཟླས་རྗེས་འཁོར་ལོ་དེ་ཉིད་གཞལ་ཡས་ཁང་དང་བཅས་པའི་ལྷ་མོའི་སྐུར་གྱུར། ཞེས་བརྗོད་དུས་དམིགས་ཡུལ་དུ། གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བརྟེན་པ་སོགས་ཕོ་བྲང་དབྱངས་ཅན་མའི་སྐུ་ཡོངས་རྫོགས་ཀྱི་རྣམ་པར་གནས་གྱུར་པའི་དོན་ཡིན། གསུང་གི་རྗེས་གནང་སྐབས་སློབ་དཔོན་གྱི་མགྲིན་པར་དབྱངས་ཅན་གྱི་འཁོར་ལོ་གནས་པ་ལས་སྤྲོ་བ་ལགས།། ༣༢ སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་དཀྱིལ་འཁོར་འདབ་བརྒྱད་སྣ་ཚོགས་པདྨ་སྤྱི་འགྲོ། བུམ་རྫས་རྡོ་རྗེ་ཕ་ལམ་ནི་ཤེལ་འདྲ་བའི་རིན་པོ་ཆེ་ལྕགས་སོགས་སྲ་བ་ཐམས་ཅད་གཅོད་ནུས་ཤིང་མུན་ཁྲོད་འོད་ཡོད་པ་ཞིག་ཡོང་། མེ་ཏོག་སྔོན་པོར་དམིགས་བསལ་མ་གསུངས་ཀྱང་དུག་རིགས་མིན་པ། མགུལ་དཀྲིས་སྲོག་གསུམ་པ་ནི་རིགས་མཐུན་གྱི་སྐུད་པས་མགྲིན་པ་དཀྲིས་པ་ལ་ཁ་ཚར་མ་ཉམས་པའི་རས་ཀྱི་འགུག་བླངས་པའི་དར་འགུགས་གསུམ་པ། རྨ་བྱའི་སྒྲོ་བདུན་ནི་རྒྱུ་དུག་ལྔ་ལས་འབྲས་བུ་ནད་གདོན་དུ་སྨིན་པའམ་ཡང་ན་འབྱུང་བ་བཞི་དང་ཆགས་སྡང་རྨོངས་གསུམ་གྱི་དུག་སྦྱོང་བའི་རྟེན་འབྲེལ་ཨེ་ཡིན་སྙམ། ལྷ་བསྐྱེད་སྐབས་རྡོ་རྗེའི་གདན་ནི་རྒྱ་གྲམ་གྱི་རྣམ་པ། ཡི་གེའི་ལྷ་ནི་སྟོང་པའི་ལྷ་དེའི་ངང་ལ་ཟླ་དཀྱིལ་ཉ་གང་བ་ལ་གནས་པའི་ཧཱུྃ་སྔོན་པོ་ལ་གཟུངས་སྔགས་ཀྱི་ཡི་གེ་རྣམས་ཀྱིས་བསྐོར་བའི་རྣམ་པ་སྒོམ་པའོ། །གཡོན་བརྐྱང་ནི་བཞེངས་པའི་དོར་སྟབས། རྒྱ་གྲམ་ཕྱོགས་གསུམ་པའི་བརྡ་མ་ངེས་ཀྱང་བྲིས་ཆ་རྙིང་མ་རྣམས་སུ་རྡོ་རྗེ་རྩེ་གསུམ་པའི་རྒྱ་གྲམ་རང་བྲིས་པ་འོང་། སེམས་དཔའི་སྐྱིལ་ཀྲུང་ནི་གཡོན་པའི་ལོང་བུ་གཡས་པའི་ལོང་བུས་མནན་པ་སྟེ། རྒྱལ་པོ་རོལ་པའི་འདུག་སྟངས་ནི་སྐྱིལ་ཀྲུང་ལས་ཞབས་གཡས་གཡོན་གང་རིགས་ཅུང་ཟད་བརྐྱང་བ་ཡིན། དེས་ན་སྐབས་འདིར་སེམས་སྐྱིལ་སྤྱི་འགྲོ་ཡིན་པས་མི་གཅིག །སྒྱུ་འཕྲུལ་བ་རྣམས་རོལ་སྟབས་འདི་ལ་སེམས་སྐྱིལ་ཞེས་གྲགས་ཏེ་ལུགས་ཐ་དད་པ་ལགས། འཁོར་གྱི་ཁྲོ་བོ་རྣམས་གཡོན་བརྐྱང་པའི་བཞེངས་པའི་དོར་སྟབས། རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པ་ནི་རྡོར་བསྡམས་ལས་གུང་མོ་མཐེ་བོང་མཐེའུ་ཆུང་རྣམས་གཤིབས་ཏེ་སྒྲེང་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སོ་སོར་སྒྲེང་བའོ། །གཏོར་འབུལ་གྱི་འདོད་དོན་གསོལ་བ་མཆོད་སྦྱིན་གཏོར་མ་སོགས་སྤྱི་འགྲོ། ཕྱི་ནང་གི་གཙང་སྦྲ་ནི་ཕྱི་ཁྲུས་གསུམ་བྱ་བ་སོགས་དང་ནང་སེམས་ཉོན་མོངས་པའི་རྟོག་པ་མེད་པས་གཙང་བའོ། །བདུད་རྩི་ཐབ་སྦྱོར་གྱི་སྔགས་ནི། ན་མོ་རཏྣ་ཏྲ་ཡ་ཡཱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཧཱུྃ་ཕཊ། ཅེས་པའོ། །སྡིག་སྦྱོང་སྐབས་ཏིལ་མེར་དོར་བའི་ཐལ་བ་ཆུར་སྦྱང་བ་མ་གཏོགས་ཏིལ་རང་ཆུར་དོར་མི་དགོས། རྡོ་རྗེ་གོ་ཆའི་རྒྱ་ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བཀུག་པའི་ཁར་མཐེ་བོང་གཉིས་སྦྱར་བས་བསྣན། གུང་མོ་གཉིས་གཤིབས་ཏེ་སྒྲེང་བའི་རྒྱབ་ཏུ་མཛུབ་མོ་གཉིས་བཀྱེད་དེ་བརྐྱང་བ་ཡིན་མོད། ད་ལྟ་སྤྱི་ལྟར་ཁུ་ཚུར་གཉིས་མདུད་པས་བྱེད་པ་མང་། འཁོར་ལོ་དང་སྔགས་མདུད་ཀྱིས་བསྲུང་བ་སོགས་རྒྱས་པའི་ལུགས་ཏེ་ད་ལྟ་ཕྱག་བཞེས་སུ་མི་མཛད། འདིའི་ཁྲུས་ཆོག་བྱེད་པར་རྗེས་གནང་ཐོབ་དགོས་གཤིས། དེ་དང་འབྲེལ་བར་བཀྲུ་བྱབ་བསྲུང་གསུམ་འབྱུང་བས་ཐོབ་པར་གཞིར་བཅས་དང་། ཡང་རྗེས་གནང་དང་འབྲེལ་བར་ཁྲུས་ཆོག་མ་ཐོབ་ཀྱང་གཞན་ལ་བྱེད་པར་མི་འགལ། རྗེས་གནང་སྐབས་སངས་རྒྱས་གསང་བའི་སྡོམ་ཚིག་སྐབས། སློབ་མ་ནུབ་ནས་ཞུགས་པ་དང་། ཞེས་འདོན་པ་ནི། བྱ་རྒྱུད་ཀྱི་ལུགས་དཀྱིལ་འཁོར་གྱི་ལྷ་ཞལ་ནུབ་གཟིགས་ཡིན་པའི་དབང་དུ་བྱས་པར་སྣང་། གང་སེར་མ་ནི། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་སོགས་ཀྱི་བཀྲ་ཤིས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྟག་བརྟན་གཟུངས་འདུས་པར་མའི་ཀ་ཐོ་ཕུ་པའི་ཤོག་གྲངས་བཞི་པ་ལ་འདུག་པར་གཟིགས་པས་ཁྱབ། བཟླས་ལུང་སྐབས་གཟུངས་ཀྱི་ཝཾ་དང་གུར་གུམ་གྱིས་བྲི་བ་འབྱོར་མ་འབྱོར་གང་ལྟར་ཡང་གཟུངས་མཉམ་ཀློག་གི་ཕྱག་བཞེས་ངེས་པར་མཛད། བཀྲ་ཤིས་རྫས་བརྒྱད་ཡུངས་དཀར་ཐོག་མར་སྨྲོས་པས་ཐམས་ཅད་མས་ཟློག་ཏུ་འདོན་པའི་ངེས་པ་ཅི་ལ་ཡོད།། ༣༣ བ་རི་ལུགས་ཀྱི་རྣམ་འཇོམས་ལའང་། ཤེལ་སོགས་བུམ་རྫས་ཁྱད་པར་བ་རྣམས་དགོས། རྣམ་འཇོམས་མཐིང་གའི་ཕྱག་གཡས་གསེར་རྡོར་རྩེ་ལྔ། ཞབས་གཡོན་བརྐྱང་བའི་དོར་སྟབས། སྤྲུལ་པའི་ཁྲོ་བཅུ་ལ་མངོན་རྟོགས་དམིགས་བསལ་མ་བྱུང་བས་ཤར་དང་ཤར་ལྷོ་རྡོ་རྗེའི་རིགས་སོགས་རིགས་ལྔའི་ཁ་དོག་དང་ཕྱག་མཚན་སྦྱར་ཡང་མི་འགལ་བ་འདྲ། དངོས་གྲུབ་གསོལ་ཚིག་ནི། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུ་གནང་བས་ཁྱབ། སྔགས་ཕྲེང་འོད་ཟེར་བཅས་པ་སྔོན་པོ་གནང་བས་ཆོག །བ་རི་ལུགས་ལྗང་སྔོན་དང་མཐིང་ག་གཉིས་རྗེས་གནང་གི་བྱ་བ་གཅིག་གི་འཐུས།། ༣༤ ལོཀྟྲིའི་སྐབས། རང་ལུས་ཐ་མལ་གྱི་སྟོང་རའི་དབུས་སུ་དྷཱུ་ཏི་ཆོས་བཞི་ལྡན་དཀར་ལ་དམར་བའི་མདངས་ཅན་དེ་ནང་སྙིང་ཐད་ཀྱི་པདྨ་འདབ་བཞིའང་དཀར་པོ། ཁྲོ་བོའི་སྐབས་སྙིང་གའི་གསང་བདག་སྔོན་པོ་ཕྱག་མཚན་རྡོ་རྗེ། ལྕེའི་རྩར་ཟླ་དཀྱིལ་ཨཱཿས་མཚན་པ། ལྕེ་དེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཉལ་སྟབས་ཁོང་གསེང་ཅན་དུ་བསྒོམ་པའི་ལྟེ་བར་ཧཱུྃ་མཐིང་། མདུན་ཕྱོགས་ཀྱི་རྭ་དགུའི་རྩེར་ཕཊ་དམར་པོ་མཆོང་བཅག་པ་འདྲ་བ་དགུ་ལས་མེའི་ཚྭ་ཚྭ་འཕྲོ་བས་གནོད་བྱེད་རྣམས་སྲེག་པ། མཆོད་པ་འདི་དབང་པོ་ལྔའི་ཡུལ་དུ་མཆོད་རྫས་ཕུལ་བ་ཡིན་པས་མེ་ཏོག་མི་འབྱུང་བ་སྤྱན་གྱི་ཡུལ་དུ་མར་མེ་ཕུལ་བས་མ་དགོས། བསྟོད་པའི་སྐབས། སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས༔ ཞེས་པ་སྐེམ་ཞིང་རིད་པའི་དོན་དང་། བསྟོད་པར། ཕྱག་མཚན་རྡོ་རྗེ་བྱུང་ཡང་། ལྷ་བསྐྱེད་སྐབས་མི་འབྱུང་བ། གང་འདུལ་གྱི་ཕྱག་མཚན་མ་ངེས་པ་སྟོན་བྱེད་དེ་མི་འགལ། བཟླས་པའི་འོད་ཟེར་སྤྲོ་གཞི་ལྗགས་ཀྱི་རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིན་ཞིང་། དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྡེ་བརྒྱད་ཀྱི་སྲོག་ཡིག་རྣམས་དྲངས་ཏེ་རྡོ་རྗེའི་གདན་དུ་བཞེས། སྡེ་བརྒྱད་རྣམས་ཀྱི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་འགུལ་མི་ཤེས་པར་མནན་པ་དེ་ལ་སྙེགས། ཐུན་སྔགས་ནི། ཨཱོྃ་ལོཀྟྲི་པཱ་ལ་ནན་རྦད་ཐུམསཿ འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད༔ ཅེས་སོགས་འགྲེ། སྤུ་གྲིའི་དྲག་སྔགས་རིང་མོ་ནི། ཨཱོྃ་ལོཀྟྲི་པཱ་ལ་ནན་རྦད་ཐུམས༔ ས་ག་པཱ་ཤ་ནན་རྦད་ལིང་སོགས་ཏེ་འདིས་མ་ཐུལ་ན་སྔགས་སྔ་མ་འདོགས་པ་སོགས་སྐབས་ཕྱེད་དགོས་པའི་དོན་ཏེ། འདི་དག་དབང་སྒྲུབ་ཀྱི་དུས་མ་བཟླས་ཀྱང་ཆོག་པས། ལས་ལ་སྦྱོར་ཚེ་གནས་སྐབས་མཁྱེན་དགོས་པ་སོགས་ཟིན་ཐུན་གྱིས་མི་མཚོན་པས་གཞུང་ལེ་ལག་དང་བཅས་པའི་ཡི་གེ་ལ་གཟིགས་པས་མཐའ་རྒྱ་གཅོད་དགོས་པ་ལགས། གཏོར་མའི་རྒྱུ་ཆན་ཞེས་པ་འབྲས་ཆན་ལ་སོགས་པའོ། །གཏོར་མ་ནི་ཁྱད་པར་གྱི་རྒྱུ་ལས་དབང་གཏོར་དྲང་སྲོང་ཞི་བའི་སྐུ་རྟེན་བཙུག་པ་དང་། ཡི་དམ་དང་དྲང་སྲོང་གི་མཆོད་གཏོར་གཉིས་བཅས་གསུམ་ཀ་གཏོར་ཅོག་དཀར་པོ་དང་། སྣོད་གཅིག་ཏུ་སྡེ་བརྒྱད་ལ་ཆངས་བུ་བརྒྱད། ཚངས་སྐུད་ནི་བྲམ་ཟེ་རྣམས་ཀྱི་བརྟུལ་ཞུགས་རྟག་ཏུ་ལུས་ལ་འཆང་བ་ཡིན་ལ། སྔར་བླ་མར་གྱུར་པའི་བྲམ་ཟེའི་རྟགས་དེ་བཅད་པའི་རྣམ་སྨིན་གྱི་ལས་ཀྱི་རྒྱུ་བ་བཤད་པ་ལགས། གསལ་ཞིང་བརྟན་པར་བྱེད་པའི་སྐབས་ཀྱི་དམོད་མོ་ལའང་ཐལ་རྡེབ་མཛད། གཏོར་དབང་གི་བཀའ་བསྒོ་སྔར་རྟ་མགྲིན་གསང་སྒྲུབ་ལ་བཀོད་པ་ལྟ་བུས་རིགས་འགྲེ། དྲག་སྔགས་བཟླ་དུས་ཀྱི་དམིགས་པའི་གནད་སྤྱི་ཙམ་ནི། ལྕེ་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་རྭ་རྩེའི་ཕཊ་རྣམས་བསྐུལ་བས། ཕཊ་དགུ་ལས་མེའི་ཚྭ་ཚྭ་གནམ་ལྕགས་ཀྱི་རྡོ་རྗེ་འབར་བའི་གསེར་གཞོབ་ལྟ་བུ་འཕྲོས་པས། མདུན་དུ་རྒྱ་གྲམ་གྱིས་མནན་པའི་གནོད་བྱེད་གང་ཡིན་དེ་ལ་ཕོག་པས་ཚེག་སྒྲ་དང་བཅས་ཏེ་རྩ་སྦུར་མེས་བསྲེགས་པ་བཞིན་དུ་རྡུལ་དུ་བརླགས་པར་མོས་ཤིང་། དམོད་མོའི་ཐལ་རྡེབ་ཀྱི་དམིགས་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་ཕྱག་ཐ་མ་གཉིས་རྡོ་རྗེའི་བྲག་རི་ལྟ་བུར་གྱུར་པའི་མཐིལ་གཉིས་ཉི་ཟླ། སོར་མོ་རྣམས་ལྕགས་སྡིག་མགོ་དགུ་པར་བསམས་ནས་ཐལ་མོ་བརྡབ་པས་གནོད་བྱེད་རྣམས་བར་དུ་བཅར་ཏེ་ཤ་ཆོམ་ཁྲག་ཆོམ་དུ་སོང་བ་སྡིག་པ་རྣམས་ཀྱིས་ཟོས་པར་བསམ་པའོ།། ༣༥ ནཱ་ག་རཀྴར་འབྲུ་ནག་གི་ཚོམ་བུ་བབས་འབྲེལ་ཡང་རྒྱུན་དུ་འབྲུ་དཀར་པོ་རང་གིས་མཛད། དྲག་གཏོར་གྱི་ལུགས་བྱེད་ན། དབྱིབས་གྲུ་གསུམ་སྤྱི་འགྲོ་དམར་པོ་ལྟོ་ནག་ཅན་ཁྱད་པར་གྱི་རྫས་ཀྱིས་བརྒྱན་པ། དཀར་གཏོར་ཆ་ལྔའི་དང་པོ་གསུམ་གཏོར་ཅོག །བཞི་པ་དཀར་ཟླུམ་སྤྱི་འགྲོ། ལྔ་པ་ཟླུམ་པོ་རྒྱབ་ཡོལ་ཅན་རིལ་བུ་ཀླུ་སྨན་བཏབ་པ། འཇིག་རྟེན་འདས་མ་འདས་ཀྱི་མཚམས། ཞེས་པ་ནི། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཉིད་ཀླུ་རྣམས་འདུལ་བའི་གཉེན་པོ་ཀླུའི་སྲིན་པོར་བཞེངས་པས་ན། ངོ་བོ་འཇིག་རྟེན་ལས་འདས་ཀྱང་རྣམ་པ་ཚུལ་བསྟན་ཙམ་དུ་འཇིག་རྟེན་པའི་རྣམ་པར་གནང་བའི་དོན། བླ་མ་མི་བསྐྱོད་པ་ནི་ལོངས་སྐུའི་ཆས་ཅན་རྡོར་དྲིལ་བསྣམས་པ་སྟེ། གཏོར་མའི་ལྷ་ཡི་སྤྱི་བོར་བླ་མ་རྡོ་རྗེ་འཆང་། ཞེས་པ་དེ་ཀའོ། །སྔགས་ཀྱི་འོད་ཟེར་ཁ་དོག་ནི་ཡི་གེ་བཞི་པ་བཟླ་སྐབས་འོད་སྣ་ལྔ། དྲག་སྔགས་བཟླ་སྐབས་མེ་འོད་སྣ་ལྔ། ཆོས་སྐྱོང་གཞི་བདག་ཀླུ་གཏོར་རྣམས་མཐར་ཕྱི་རོལ་དུ་ཕུལ་བས་ཆོག །ཆོས་སྐྱོང་དགོས་དམིགས་མེད་པས་སྤྱི་གཏོར་གྱི་ཡོང་། མདུན་བསྐྱེད་སྐབས་འོད་ཟེར་སྤྲོ་བསྡུ་མགལ་མེ་ལྟར་བསྐོར་ལུགས་ནི། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་བསྡུས་ཏེ་རང་ལ་ཐིམ་པའི་དམིགས་པ་མགལ་མེ་ལྟར་འཁོར་བའོ། །གཏོར་མ་ལྷར་གསལ་བའི་སྤྱི་བོའི་བླ་མ་རྡོ་རྗེ་འཆང་གི་གནས་གསུམ་འབྲུ་གསུམ་བཀོད་ནས། དབང་ལེན་དུས། སློབ་མའི་དཔྲལ་བའི་ཞེས་འབྱུང་བ་ཡིག་སྐྱོན་ཏེ། ཡིག་རྙིང་རྣམས་སུ་བླ་མའི་དཔྲལ་བའི་ཨོཾ་ལས་ཞེས་འབྱུང་བ་ལྟར། དབང་ལེན་ཡུལ་རིགས་བདག་གི་བླ་མ་རྡོ་རྗེ་འཆང་ལས་སོ། །བཟླས་ལུང་དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་སྤྲོ་བསྡུ་བྱེད་པ་སྔར་བཤད་རྣམས་དང་འདྲ། བསྟོད་པའི་ནང་ན། བཱ་སུ་རིགས་དྲུག་ཟེར་བ། གཡུལ་ཟློག་སོགས་སུ། ཀླུ་ཆེན་བརྒྱད། ཀླུ་ཕྲན་བརྒྱད། རིགས་བཞི། བཱ་སུ་རིགས་དྲུག །ཅེས་འབྱུང་བས་དམངས་གདོལ་གཅིག་ཏུ་བྱས་པའི་ཀླུ་རིགས་བཞིའི་སྟེང་དུ་བསྣོན་པ་མ་ཡིན་པར། བཱ་སུ་ཀི་བོད་སྐད་དུ་ནོར་རྒྱས་ཡིན་པས་དེའི་རིགས་ཀྱི་ཀླུ་རིགས་དྲུག་ཡོད་པ་ཡིན་ནམ་སྙམ་པ་ལས་རྣམ་དབྱེའི་རྟོག་པ་ཆོད་པ་མ་བྱུང་།། ༣༦ མགོན་པོ་ལེགས་ལྡན་གྱི་དཀྱིལ་འཁོར་ཆོས་འབྱུང་ནི། ལོགས་མདུན་བསྟན་དགོས་པའི་དམིགས་བསལ་ཡོད་པ་འགའ་རེ་མ་གཏོགས། འདིའི་མཚོན་པའི་དཀྱིལ་འཁོར་ལྟེ་བའི་ཆོས་འབྱུང་རྣམས་ཟུར་མདུན་བསྟན། འདི་དག་ལ་ཚོམ་བུའི་མེ་ཏོག་ཀྱང་ཁྲག་གིས་སྦགས་པའི་འབྲུ་ནག་གིས་མཛད། ཡུམ་གྱི་སྦྲུལ་ནག་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ་ནི། བྲིས་རྒྱུན་དུ་བརླ་གཉིས་ལ་ཆུ་སྲིན་གྱི་ཐོད་པ་དང་། དེ་ལས་དཔྱངས་པའི་སྦྲུལ་གྱི་འཕྱང་འཕྲུལ། ལས་མགོན་ཡང་བཞེངས་པའི་དོར་སྟབས། གཟའ་བདུད་ཀྱི་མགོ་བོ་དགུ་ཞལ་ཁྲ་མི་མཛད། མགོན་པོའི་སྔགས་རྣམས་རྒྱུན་དུ་བསྙེན་པ། ཉེ་བསྙེན། སྒྲུབ་ཆེན་གསུམ་གྱི་སྔགས་ཅུང་ཟད་རེ་བཟླ་བ་ལས་གཙོ་བོར་སྒྲུབ་སྔགས་ཉིད་བཟླ་བར་མཛད། བཟླས་ལུང་ལ་རྗེས་སུ་བཟླས་པའི་ལུང་སྔགས་ཀྱི་རྗེས་ཟློས་དང་། བྱིན་གྱིས་བརླབས་པའི་ལུང་། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །ཞེས་པ་གཉིས་མ་གཏོགས་ཕལ་ཆེར་ལ་དམ་བཅའི་ལུང་མི་མཛད་པ་ཤས་ཆེ། བྱེད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལྷག་པའི་ལྷར་བཟུང་ནས་འདིའི་སྔགས་ཅི་ནུས་རེ་བཟླ་བར་དམ་བཅའ་ལགས་སོ། །ཞེས་པའི་རྗེས་ཟློས་ལན་གསུམ་བྱར་འཇུག་པའོ། །དབང་རྫས་ཀྱི་བདུད་རྩི་ཟུར་དུ་བཤམས་པ་མེད་པས་ནང་མཆོད་ཀྱི་འཐུས། ཙན་དན་གྱི་བེང་ནི། དབྱིབས་གྲུ་བཞི་སྟོད་སྨད་ཀྱི་སྒོ་གཉིས་སྒོ་ཁྱིམ་གྱི་རྣམ་པ་ཅན་རྩེར་ནོར་བུས་བརྒྱན་པ། སྤྲོ་ན་མཚོན་ཆ་གཞན་རྣམས་ཀྱང་གཏད་ནས་གདབ་པ་ཡིག་རྙིང་ལས་ཤེས། ཞེས་པ་ནི། རལ་གྲི། ཏི་རའི་བེང་། རྡོ་རྗེ། ལྕགས་ཕུར། ཐོད་ཁྲག །མདུང་རྣོན་གཡང་གཞི་དཔྱངས་པ། སྦྲུལ་ཞགས། ཙ་མ་ར། ཡུངས་དཀར། གུ་གུལ། རི་རབ་རྒྱ་གྲམ། མེ་ཕུང་། མདའ་གཞུ་རྣམས་རིམ་པར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཞེས་སོགས་ཀྱི་ཚིག་གིས་སྟེར་བ་གཙང་ཤོད་པའི་དབང་ཆོག་སོགས་ལས་བྱུང་བ་ལྟར་ལགས། བཀའ་བསྒོའི་ངག་འདོན་འདི་ལས་རྒྱས་པ་བྱེད་ཚུལ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་སོགས་བརྒྱུད་པའི་བཤར་བཏོན་རྗེས། བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་ནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་རྡོ་རྗེའི་སློབ་མའམ་རིགས་ཀྱི་བུ་འདིའི་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་པ་ལྟ་བུ་སྟེ། འོག་མ་རྣམས་ལའང་འགྲེ། གཏོར་དབང་སྐབས་རྟེན་གཏོར་ཡོད་ན་དེས་བསྐུར་བ་དགོས་པ་དང་རྗེས་སུ་འབྲེལ་བར་བསྒུལ་བསྐྱོད་བྱས་པར་འགལ་བ་ཅི་ཡོད། རྟེན་གཏོར་དངོས་མིན་ཡང་ལྷར་བསྐྱེད་པས་དེ་དང་ཚུལ་འདྲ།། ༣༧ གཏེར་མགོན་ཕྱག་བཞི་པའི་མདུན་གྱི་མཆོད་གཏོར་ཡང་དབྱིབས་དཔལ་གཏོར་རང་ཡིན། རྒྱབ་ཀྱི་གིང་སྡེ་བཞི་གྲུ་གསུམ་བཞི་སྒྲིག །ཧེ་རུ་ཀའི་ཅོད་པན། ཞེས་པ་སྤྱི་བོར་རིགས་བདག་གི་ཚུལ་ཏེ། ཆེ་མཆོག་ཞལ་གཅིག་ཕྱག་གཉིས་པ། དམ་གཞག་སྐབས། ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་སྟེ། ཕྱིར་མི་སྟོན་པ་དམ་ཚིག་མེད་པས་མཐོང་དོགས། བསད་པའི་ཤ་ནི་རང་བཞིན་གྱིས་ཤི་བ་མ་ཡིན་པ། གཙོ་བོ་དང་ཡབ་ཡུམ་སྦྲེལ་མའི་སྔགས་གཉིས་སོ་སོར་བཟླ་བ་ཡིན་པས་སྔགས་ཕྲེང་ཡང་སྐབས་ཐོབ་ཀྱིས་བསྐོར་བས་ཆོག །འཁོར་སྔགས་རྣམས་ཀྱང་སོ་སོའི་ཐུགས་ཀར་བསྐོར་དགོས། གཏོར་དབང་བསྐུར་སྐབས་གཡས་སུ་བཀོད་པའི་གཏོར་མ་སྐུ་རྟེན་བཙུག་པ་དེ་ཀས་ཆོག །རྐྱེན་སེལ་གཏོར་དབང་ཙམ་ལའང་གཏོར་དབྱིབས་སོགས་དེ་བཞིན་ནོ། །ཐུན་མོང་མིན་པའི་དབང་བསྐུར་སྐབས། ལས་མཁན་རྣམས་ཀྱི་བཟླས་ལུང་སོ་སོའི་ཐུགས་ཀ་ནས་སྔགས་ཕྲེང་སློབ་མའི་སྙིང་ཀར་བསྟིམས་ནས་རྗེས་ཟློས། སྲོག་ཡེ་ཤེས་སུ་བསྟིམ་པ་ཡང་སོ་སོའི་སྐུ་སྙིང་གའི་ས་བོན་གྱི་ཞབས་སུ་བསྟིམས་ནས་གཉིས་མེད་ཀྱི་དགོངས་པ་སྐྱོང་དུ་འཇུག །ལས་མགོན་གྱི་གཏོར་མ་དང་དམ་བསྲེ་བ་ནི་སྤྱི་བོར་རྡོ་རྗེ་བཞག །ལྕེར་བདུད་རྩི་བླུད་དེ་ཕན་ཚུན་བསྲེ་བའོ།། ༣༨ མགོན་དཀར་གྱི་དཔལ་གཏོར་ཉི་ཟླའི་རྒྱན་ཅན་གྱི་དབྱིབས་དཔལ་གཏོར་སྤྱི་འགྲོ། དཀྱིལ་འཁོར་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ། མཆོད་གཏོར་ཡང་དཔལ་གཏོར་རང་བཅོས་པས་ཆོག །ཡི་གེ་ལྔ་ལས་བྱུང་བ་ཡི༔ ཞེས་གཏོར་མ་བསྐྱེད་པའི་ས་བོན་རིགས་ལྔའི་ཡི་གེ །སྔགས་ཕྲེང་གི་འོད་ཟེར་སྔགས་མདོག་མཚུངས་པའི་དཀར་པོ་འམ། འབྱུང་ལྔ་ཡེ་ཤེས་ལྔའི་ཡོན་ཏན་བསྡུ་བའི་བརྡར་ཁ་དོག་སྣ་ཚོགས་བསྒོམ་ཀྱང་མི་འགལ། ཚེ་འགུགས་ཀྱི་རྗེས་སུ་འདོད་གསོལ་ནི། ཚེ་དབང་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་པ་ཙམ།། ༣༩ མ་ནིང་ལ། འདིར་མ་ཟད་མགོན་པོ་ཕལ་ཆེ་བའི་གཏོར་མའི་རྒྱུ་འབྲུ་ནག་ངར་མ་བཅག་པའི་རྗེན་ལ་བྱ་བ་ཤིས། ཚོམ་བུའང་འབྲུ་ནག་ལས་བྲ་སྲན་མི་དགོས། བེང་གི་སྒོ་གསུམ་ནི་སྔར་ལེགས་ལྡན་ལ་སྟོད་སྨད་ཀྱི་སྒོ་གཉིས་བྱེད་པ་ལྟར་འདིར་གསུམ་བྱེད་པའི་ཁྱད་པར་ཙམ་ཡིན། བུམ་པའི་བསྐུར་གནས་སྤྱི་བོའི་གནས་ལྔ་ལས་འོས་ཅི་ཡོད། གསུང་དབང་གི་རྫས་སྲོག་སྙིང་ནི་མགོན་པོའི་སྔགས་བྱང་། བཟླས་ལུང་ལེགས་ལྡན་དང་འདྲ་ཞིང་། དམ་གཞག་དམ་བསྲེའང་ཕྱག་བཞི་པ་ལྟར་རོ།། ༤༠ སྟག་ཞོན་ལ་འཁོར་མོན་པ་གསུམ་དང་། དེ་ལྷག་མོན་པ་དང་མ་མོ་བདུན་པོ་སྐྱུ་གུ་ཙམ་གྱིས་བསྐོར་བས་ཆོག །སྐུ་མདོག་དུས་མཐའི་སྤྲིན། སྣོད་ཆུས་འཇིག་དུས་ཀྱི་ཆར་སྤྲིན་ལྟར་ཤིན་ཏུ་གནག་པ། ལྷ་མོའི་ཞོན་པ་ལྕགས་ཀྱི་དྲེལ་ཡང་ཁ་དོག་སྔོ་ནག །འདི་ལ་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་ཞང་ཁྲོམ་གྱི་གཏེར་བྱོན་དང་། བཀའ་མ་སོགས་རྒྱུན་མ་ཆད་པར་སྣང་། བདག་བསྐྱེད་ཀྱི་ཡི་དམ་བསྒོམ་ཚུལ་འཕོག །ཅེས་པ་སློབ་མ་ཉིད་གསང་བདག་ལྟ་བུ་བདག་བསྐྱེད་གང་ཡིན་དེའི་དམིགས་པ་འཕོག་ནས་སྒོམ་དུ་འཇུག་པའོ། །དམ་བསྲེ་སྔགས་ནི་དམ་གཞག་གི་སྔགས་ཀྱིས་སོ།། ༤༡ བེང་མའི་སྐབས་སུ་བཟླ་བྱའི་སྔགས་ཀྱི་ཁྱད་པར་ཙམ་མ་གཏོགས་བཟླས་ལུང་བྱིན་ཚུལ་སྟག་ཞོན་དང་འདྲ། སྟག་ཞོན་ལའང་རྗེས་གནང་གི་ཆོ་གའི་འགྲོས་འདི་ལྟར་སྦྱར་ནས་ཐོབ་པ་དེས་སྟག་ཞོན་རང་གི་སྒོས་ཆོག་གི་རྗེས་གནང་ལྟར་གཞན་ལ་བསྐུར་ཡང་མི་འགལ་ཏེ། ཆོ་གའི་འགྲོས་ཐ་དད་པ་ཙམ་ལས་ངོ་བོ་གཅིག་པར་གསུངས་པའི་ཕྱིར་རོ།། ༤༢ སྡེ་བདུན་ལ། དཀྱིལ་འཁོར་བྲུབ་ཁུང་གྲུ་གསུམ་བསྣོལ་མ། ཞེས་པ་ཆོས་འབྱུང་བསྣོལ་མ་ལྟ་བུ། གནོད་སྦྱིན་གཏོར་མར་ཏེལ་པ་ཞེས་པ་གཏོར་མ་གྲུ་གསུམ་ལ་ལོགས་ལ་ག་ཌུའི་མཆུ་འདྲ་བ་སྦྱར་བ། ནུབ་ཀྱི་རྟེན་རྫས་རི་རབ་གླིང་བཞི་སྤྱི་འགྲོ། རྟེན་རྫས་དང་མཉམ་དུ་བཀོད་པའི་མདའ་དར་དང་དབང་རྫས་ཀྱི་བ་དན་མི་གཅིག་པས་བ་དན་ལོགས་སུ་དགོས། བྱང་གི་བྷནྡྷར་བཅུད་བདུད་རྩི་ཐུན་རྫས་ལྕགས་ཟངས་རྡོ་ཕྱེ་ཁྲག་སྣ་རྣམས་མ་འབྱོར་ཀྱང་ཡུངས་དཀར་ཙམ་ལ་བརྟེན་པས་ཆོག །སྤྲུལ་པའི་མ་མོ་རྣམ་གསུམ་ནི། རལ་གཅིག་དགུ་མ། མཁའ་ལ་གཤོག་གཅིག་མ། མཐིང་ནག་གཅེར་བུ་དབུ་དགུ་མ་གསུམ་འདྲ་སྟེ། དེ་གསུམ་གྱི་མངོན་རྟོགས་གསང་རྒྱུད་ལེའུ་ཉེར་དགུ་པར་ཡོད། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ་ནི། རྡོ་རྗེ་ཤུགས་སྒྲོལ་མ། རྡོ་རྗེ་སྒྲོལ་མ། རྡོ་རྗེ་གསུང་སྒྲོལ་མ་གསུམ་སྟེ། གསུམ་ཀ་སྨུག་ནག་གཡས་ལྕགས་ཀྱུའམ་ཕུར་བུ་གཡོན་ཐོད་ཁྲག་བསྣམས་པ། ཏྲཀྴད་ཀྱི་ཕྱག་མཚན་དུག་སྡོང་ནི། དུག་གི་ཤིང་སྡོང་མེ་ཏོག་སྔོན་པོ་ཡོད་པ་ཞིག་བྲིས་རྒྱུན་ལ་འབྱུང་། སྲོག་སྒྲུབ་མ་བྲིས་རྒྱུན་ལ་ཁྲོ་མོ་རང་བྲི། སྲོག་སྒྲུབ་མའི་མངོན་རྟོགས་དང་བསྟོད་པ་ཕྱག་མཚན་མི་མཐུན་པ་བྱུང་ཡང་། འདི་རིགས་སྔགས་སྒྲུབ་སོ་སོའི་ལུགས་ཏེ་འགལ་བར་མི་བསམ། གཟའ་ལ་ཞལ་མདོག་ལས་འབྲེལ་ལྟར་གནང་ཡང་མི་འགལ། འོན་ཀྱང་བླ་མ་ཡང་ཏིག་ཏུ། དབུ་དགུ་དབུས་གསུམ་མཐིང་། གཡས་གསུམ་དམར་ནག །གཡོན་གསུམ་ལྗང་ནག་ཏུ་གསུངས། སྔགས་སྲུང་མའི་བསྟོད་པར། ཤིན་ཏུ་བཟོད་དཀའི། ཞེས་པ་ཡིག་སྐྱོན་ཏེ། ངེད་རང་གི་ཤོག་སེར་དང་། བླ་མ་ཡང་ཏིག་ཏུ་འང་། ཤིན་ཏུ་གསོད་པ། ཞེས་འབྱུང་བ་གསོད་པའི་ལས་ལ་ཤིན་ཏུ་རྔམས་པའི་དོན་ནོ། །དེ་བཞིན་དུ་སྲོག་ལ་དགྱེས་ཕྱིར། ཞེས་པའང་འགྱེད་ཕྱིར། ཀུན་མཁྱེན་པའི་སྡེ་ལྔའི་ལས་བྱང་དུ། སྲོག་ལ་རྦད་ཕྱིར། ཞེས་འབྱུང་། བཟླས་པའི་སྐབས་སོ་སོའི་སྲོག་ཡིག་ནི་ཏྲག་ཡིག་སོགས་སོ། །སྔགས་སྲུང་མའི་མཚན་རཀ་གདོང་མ་ནི། རཀྴ་སྲིན་པོ་སྟེ། སྲིན་མོའི་གདོང་ཞེས་པའོ། །ཡི་དམ་དུ་སྒྲུབ་ཚུལ་སོགས་རྩ་བའི་ཡིག་རྙིང་རྣམས་སུ་གཟིགས་པས་མཁྱེན་པ་ལགས། འདིའི་སྔགས་ཀྱི་རྗེས་གནང་གི་སྐབས་རྣམས་སུའང་དཔོན་སློབ་གཉིས་ཀ་ཡི་དམ་དུ་གསལ་བཞིན་པ་ཡིན། བ་དན་དང་རུ་མཚོན་གནད་གཅིག་པར་བཤད་པའང་མང་དུ་འབྱུང་། ཐུན་རྫས་གཏོད་པའི་གོང་དུ་ལིངྒ་ལ་དམིགས་བྱ་བསྐྱེད་བསྟིམ་ཡང་ཕྱག་ལེན་རྒྱས་པའི་ཚེ་མཛད། ཁྱབ་འཇུག་གི་དབང་ཚིག་ལ་ཕྱག་མཚན་མདའ་གཞུ་མ་བྱུང་བ་དབང་ཚིག་འདི་བསྟོད་ཚིག་བསྒྱུར་ནས་གནང་བས། ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །ཞེས་པའི་ཚིག་ཟུར་ཉམས་པ་འདྲ། ཏྲཀྴད་ལྕམ་དྲལ་གཉིས་ནི། བི་མ་སྙིང་ཐིག་ཏུ། ཞྭའི་མགོན་པོ་གྲི་ཐོད་ཅན་ནམ་བྲེས་ཐག་ཅན་དུ་གྲགས་པ་དེ་ཡིན་པས་སྙིང་ཐིག་རང་གི་གཏེར་སྲུང་ལགས།། ༤༣ སྙིང་ཐིག་སྔགས་སྲུང་མའི་དབང་གཏོར་མོ་རྒྱུད་དཔལ་གཏོར་གྱི་དབྱིབས། དབྱིངས་ཀྱི་མ་མོའི་ཕྱག་མཚན་དམ་ཚིག་གི་གཎྜི་ནི་དབྱིབས་སྤྱི་དང་འདྲ། ཞབས་གཉིས་བཞུགས་པའི་རོལ་སྟབས། འཁོར་གྱི་ཕྱག་མཚན་གསལ་ཤིང་ནི། བྲིས་ཆ་འགར་དཔལ་འབར་བྲིས་པ་སྣང་ཡང་ཞིང་དབྱུག་འཐད། གཞན་དོན་ཕེར་བའི་སློབ་མ་ལ་རྗེས་གནང་ཐུན་མིན་གྱིས་ལུགས་སུ་བསྐུར་དགོས་པས། ཐུན་མོང་བ་ཙམ་ཐོབ་པས་ཐུན་མིན་གྱི་ལུགས་བསྐུར་ཆོག་མིན་གྱི་ཐུགས་དོགས་མ་དགོས།། ༤༤ རང་བྱུང་མའི་གཞལ་ཡས་ཁང་ཕྱི་གནམ་ལྕགས་དང་ནང་ཐོད་མཁར་ཉིས་རིམ་གྱི་རྣམ་པ། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ལ་རྟ་བབས་མི་བྱེད་པའི་ལུགས་ལྟར་ཆོས་སྐྱོང་གི་རྟེན་རྣམས་ལའང་རྟ་བབས་མ་བྱས་པ་མང་མོད། མཐའ་གཅིག་ཏུ་མ་ངེས་ཏེ། ཕྱག་བཞི་པ་བཞིན་ནོ། །དྲེལ་རྟ་རྐང་གསུམ་ཞེས་པ། མགྱོགས་པའི་བང་། མྱུར་བའི་རྩལ། རྫུ་འཕྲུལ་གྱི་ཤུགས་ཏེ་རྐང་པའི་ཡོན་ཏན་བརྗོད་པའོ། །ཡང་ན། རྫུ་འཕྲུལ། མྱུར་མགྱོགས། རླུང་གི་གཤོག་པ་ཅན་ཞེས་བྱས་ཀྱང་ཆོག །བསེ་སྒ་དམར་པོར་སྒ་གཉིས་ཟློས་པ་ཡིག་སྐྱོན། དུས་བཞིའི་ལྷ་མོ་ནི། སྐྲ་གསེབ་ནས་སྤྲོས་པའི་སྤྲུལ་གཟུགས་ཙམ་ཡིན་པས་སྤྱི་འགྲོ་གནང་བས་ཆོག་པ་འདྲ། གོ་ཟུ་ཞེས་པ་གོས་རང་གི་མིང་། སྙན་གཡས་གཡོན་ན་སྦྲུལ་དང་སེངྒེ། ཞེས་པ་བརྗོད་པའི་རིམ་པ་སྟེ། སྤྱི་ལྟར་གཡས་ལ་སེང་གེ་དང་གཡོན་ལ་སྦྲུལ། བཙན་སྐྱིལ་ནི། ཞབས་གཡོན་ཅུང་ཟད་བརྐྱང་བའི་རོལ་སྟབས་ལྟ་བུ། ལྕགས་ཀྱི་དྲྭ་བ་ནི། ལྕགས་སྐུད་སྦྲེལ་བའི་དྲྭ་བའི་སྣོད། མཚོན་ཆ་ལྔ་ལས་ཤོ་རྡེའུ་དཀར་ནག་དང་བདུད་ཀྱི་ཁྲམ་ཤིང་འདིར་མི་འབྱུང་བས་ཆད་པའི་ཐུགས་དོགས་མི་དགོས། དུད་སོལ་མ་དང་རང་བྱུང་མ་སོགས་ལ་རྗེ་མོ་དང་། དམག་ཟོར་མར་ཁོལ་མོ་རེ་མ་ཏཱི་ཟེར་བ་ཁུངས་མ་ལས་འབྱུང་ཞིང་། བཞོན་པ་རང་ལ་མཐའ་གཅིག་པའི་ངེས་པ་མ་མཆིས། ཁྱད་པར་གྱི་མཆོད་རྫས་འདི་དག་གཞུང་དུ་ཤིང་ལོ་སར་མ་ལྷུང་བ་་་དམག་དུས་མགོ་བཅད་པ་སར་མ་ལྷུང་བ་ལ་འདོད་པ་ཡོད།མཆན།ལ་བརྟེན་ནས་ལས་སྦྱོར་བྱེད་རྒྱུ་སོགས་བཤད་དེ། ད་ལམ་དཔེ་ཆ་མ་འབྱོར་བས་ཞིབ་ཆ་མ་ཐུབ། གྲི་སྙིང་ནི་ལས་ཀྱིས་ཤི་བ་མ་ཡིན་པ་སྟེ། གློ་བུར་དུ་བསད་པ་དྭངས་མ་མ་བསྡུས་པས་ནུས་པ་ཆེ། ནལ་བུ་ནི་བྱིས་པའི་རོ། ས་ལེ། ཤེལ་གོང་། ཙ་ར་ཞེས། འབྲི་ལུག་རའི་བརྡ་རྙིང་སྟེ་རྒྱུ་མཚན་བཤད་རྒྱུ་ཡོད་པ་མ་མཐོང་། ལུས་ལ་ཏིལ་མར་བཀུས་པའང་དུད་སོལ་མ་སོགས་རེ་ཏཱི་ཐམས་ཅད་ལ་འབྱུང་། དབང་བཤད་དུ་འབྱུང་བའི་རྒྱུད་སྒྲུབ་གདམས་པ་སོགས་ཀྱི་ཁྱད་པར་གྱི་རྣམ་དབྱེ་ཡང་ད་རེས་ལྟ་རྟོག་མ་ཐུབ། ལྷ་མོའི་མིང་བརྒྱ་མ་སོགས་ནི། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བར། ཐོས་བསམ་སྒོམ་ལ་ཆེར་གནས་པ། །རྒྱུ་འབྲས་རྟེན་འབྲེལ་བདག་ཉིད་ཅན། །འགྲོ་བ་ལ་ཕན་མཁས་པའི་མཆོག །དཔལ་ལྡན་ལྷ་མོ་ནག་མོས་འཕགས། །ཞེས་སོགས་ཤོག་བུ་གསུམ་ཙམ་ཡོད་པའི་ཆོས་ཚན་གཅིག་རང་ཡང་ཡོད་དེ་ད་ལམ་བྲི་མ་ནུས། བཟླས་ལུང་ཡང་སྤྲོ་བསྟིམ་སྤྱི་ལྟར་གནང་བས་ཆོག། ༤༥ གཤོག་རྒོད་མར། རུས་ཕྲེང་ནི་ཕྱག་རྒྱ་ལྔ། ནཻའུ་ལེ་ནི་རྒྱ་སྐད་དུ་ནཱ་གུ་ལ་སྟེ། དབྱངས་ཅན་བརྡ་སྤྲོད་པ་རྣམས་འཕྱི་བར་འདོད། རྣམ་སྲས་ཀྱི་སྐུ་བྲིས་རྙིང་རྣམས་ན་སྲེ་མོང་བྲིས་པ་མང་། ད་ལྟའི་བྲིས་རྒྱུན་ལ་བྱི་ལའི་རྣམ་པ་བྲི། འདི་ཡང་སྔོན་བྱུང་གི་ལོ་རྒྱུས་ཞིབ་མོ་རྣམས་ལ་བལྟས་ན་མཐའ་ཆོད་པ་ལས་བློས་དཔྱད་དཀའ། སྔ་འགྱུར་ཕྱི་འགྱུར་གྱི་གཞུང་མན་ངག་དང་ལོ་རྒྱུས་ཀྱི་དབྱེ་བ་སོགས་ཞིབ་ཆ་ད་ལམ་ལྟ་རྟོག་མ་ནུས་པས་འབུལ་མ་ཐུབ།། ༤༦ སྲོག་སྒྲུབ་མའི་ཐོད་རུས་ཀྱི་རྒྱན་ནི་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔ་རྣམས་ཡིན། ཕོ་ཉ་གསུམ་གྱི་མངོན་རྟོགས་ཕྱག་མཚན་ནི། ཅེ་སྤྱང་གདོང་མ་དམར་མོ་གཡས་ཆུ་གྲི་དང་གཡོན་སྙིང་ཟ་བ་རོ་ལངས་ལ་ཞོན་པ། ཝ་གདོང་མ་གྲི་གུག་དང་ཞགས་ནག་ཐོགས་ནས་རྒྱུག་ཚུལ། འུག་གདོང་ནག་མོ་ལྕགས་ཀྱུ་དང་སྙིང་ཟ་བ་མཆོང་ཞིང་རྒྱུག་པའི་ཚུལ། དབང་བཤད་སྐབས། སྲོག་དབང་ཐུན་མོང་མ་ཡིན་པ་ཞེས་པའི། ཟུར་གྱིས་ཐུན་མོང་བ་ཞིག་ཀྱང་ཡོད་དམ་ཞེས་པ་ནི། ཐུན་མོང་བ་ནི་སྡེ་བདུན་ནམ་སྡེ་ལྔའི་སྐབས་སུ་འབྱུང་བ་དེ་ལགས། བཟླས་ལུང་དཔོན་སློབ་གཉིས་ཀ་ཡི་དམ་གྱི་ལྷར་གསལ་བ་ལ། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་སློབ་མའི་ཁ་བརྒྱུད་སྙིང་གར་བསྟིམས་ལ་སྔགས་ཀྱི་རྗེས་ཟློས།། ༤༧ གཟའི་དཀྱིལ་འཁོར་སྒོ་རྫོགས་ལ་རྟ་བབས་བྲིས་ཀྱང་མི་འགལ། དངོས་གྲུབ་རོལ་མཚོར་ཞལ་ཁྲ་འབྱུང་ཞིང་འདིར་ཞལ་མདོག་ཐ་དད་མེད་པ་འདམ་ཁ་ཡིན། ཕྱག་མཚན་ཆུ་སྲིན་རྒྱལ་མཚན་གྱི་ཡུ་བ་རང་རལ་གྲིས་བྱེད། ཞྭ་ལྷ་ཁང་གི་སྐུ་བརྙན་ལ་མདའ་གཞུ་ལྷན་གཅིག་ཕྱག་གཅིག་གིས་ཟིན་པ་ལའང་མངོན་རྟོགས་ཀྱི་ཁུངས་ཡོད་པར་གཞིར་བཅས་ཀྱང་། ད་ལྟའི་ཕྱག་ལེན་དུ་མདའ་གཞུ་འགེངས་པའི་ལུགས་ཉིད་མཛད། བྱི་ནུའི་གཡོན་པའི་ཕྱག་མཚན་སྟག་གི་མགོ་རང་ཡིན། ཡུམ་དང་གཟའ་བརྒྱད་སྦྲུལ་མཇུག་དང་ཡབ་ཞབས་གཉིས་དོར་སྟབས། འབྲོག་སྲིན་གྱི་ཕྱག་གཉིས་ཀས་རི་རབ་སྤྱི་བོར་འདེགས་པས་གཡོན་པར་ཕྱག་མཚན་གཞན་མེད། བུམ་རྫས་སྤྱི་འགྲོ། ཐུགས་ཀའི་ཨོ་རྒྱན་ཟ་ཧོར་ཆ་ལུགས་རང་གནང་ཆོག །ཡེ་ཤེས་ཀྱི་རཱ་ཧུ་ལ་ལའང་སྦྲུལ་མཇུག་དགོས་ཤིང་བླ་མའི་ཞལ་རྒྱུན་ལ་སྦྲུལ་མཇུག་མདུན་དུ་སྒྲེང་བའི་དམིགས་པ་མཛད། དམ་བསྲེ་དཀྱུས་བཞིན་ལས་ཁྱད་པར་གཞན་མི་དགོས། གཏོར་དབང་མཐར་གཏོར་མ་འགྱུ་ཕྱོགས་སུ་གཏོང་བ་ནི་དབང་གཏོར་ཏེ་དེ་ལ་པྲ་བརྟགས། རྐྱེན་སེལ་ཙམ་ལ་གཙོ་རྐྱང་ལ་བསྟེན་པའང་གནང་ཆོག་ཅིང་། དེར་མ་ཟད་གཉན་ཆ་ཆུང་ཁྱད་གཏོར་མ་ཉིད་ལྷར་མི་བསྐྱེད་པར་དེའི་སྟེང་གི་ནམ་མཁར་བསྐྱེད་པའང་མཛད།། ༤༨ གནོད་སྦྱིན་དམར་ནག་གི་མེ་ཧོམ་གྱི་ཏིང་ལོ་གྲུ་གསུམ་པ་ནི། འགྲུབ་ན་དྲག་པོའི་ཤིང་ལས་ཧོམ་གྲུ་གསུམ་ལ་མེ་སྦོར་བ་ཡིན་ཡང་། ལག་ལེན་བདེ་ཁྱད་ཟན་ལ་ཧོམ་ཁུང་ཟོར་ཀོང་འདྲ་བ་བཅོས་པར་སྡོང་བུ་སྣུམ་ལྡན་ལ་མེ་སྦར་ཏེ་གཏོད། མནན་པའི་སཱཙྪ་རབ་གནས་མེད་པ་མི་དགོས། ཕྱག་གཡོན་གྱི་འོག་མར་སྡེ་བདུན་སྐབས་སྦྲུལ་ཞགས་འབྱུང་བ་བསྟོད་པར། རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །ཞེས་དང་། འདིར་སྙིང་ཕྲེང་འབྱུང་བས། གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས༔ ཞེས་བསྟོད་ཚིག་སོ་སོའི་དགོངས་པ་ལྟར་ལགས་པས་འདམ་ཁ་ལས་མི་འགལ།། ༤༩ རྡོར་ལེགས་ཀྱི་འཁོར་གིང་ཆེན་སྡེ་བཞི་ནི། སྙེ་བོ་སྐྱོང་བཙན། གུར་མཐིང་རྒོད་བཙན། སྟོད་ལུང་འགུར་བཙན། ཁྲང་ལུང་སྟོང་བཙན་ཏེ། རུ་འདྲེན་སྡེ་བཞི་འདྲ་ཡང་མངོན་རྟོགས་གསལ་བ་མི་སྣང་། མཆེད་སུམ་བརྒྱ་དྲུག་ཅུ་ཡང་སྤྱི་ལ་གྲགས་པར། རྟ་པ་དཀར་དམར་སྔོ་གསུམ་རེ་རེ་ལ་བརྒྱ་ཉི་ཤུ་རེ་སྟེ་སུམ་བརྒྱ་དྲུག་ཅུ་དང་། རཏྣའི་ཀློང་གསལ་གྱི་ཕུད་སྐོང་ལས་ནི། དཀར་དམར་སྔོ་གསུམ་ལ་བརྒྱ་རེ་དང་། སེར་པོ་དྲུག་ཅུ། ཞེས་གསུངས་ཏེ། དྲེགས་པ་འདི་དག་ཅིར་ཡང་འཕྲུལ་བས་མཐའ་གཅིག་ཏུ་མ་ངེས་སོ། །སྤྱན་འདྲེན་ལ། གནམ་ས་མེད་ཅེས་པ་ཡིག་སྐྱོན་ཏེ། གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ ཞེས་པའོ། །བཟླས་ལུང་ནི། དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བ་ལས་བླ་མའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། དེའི་ཐུགས་ཀ་ནས་སྔགས་ཕྲེང་ཞལ་ནས་ཐོན་པ་སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུར་བསྡུས་པའི་དམིགས་པ་དེ་ཀ་གསལ་བཏབ་ལ་སྲོག་སྔགས་ཀྱི་རྗེས་ཟློས་བྱེད།། ༥༠ ཞིང་སྐྱོང་གི་བཟླས་ལུང་ཡང་སྤྱི་ལྟར་གནང་བས་ཁྱབ། སྒྲོལ་དབང་སྐབས་ལིངྒ་གཅིག་བསྒྲལ་བ་དེ་གཏོར་མར་སྟོབ་དགོས་པའི་ཚིག་ཟིན་མ་བྱུང་ཡང་སྟོབ་པ་མི་འགལ། འདིའི་རྗེས་གནང་རྒྱས་པ་ཐོབ་པས་འབྲིང་བསྡུས་གཉིས་བསྐུར་བ་རུང་མོད། འབྲིང་པོ་ཙམ་ཐོབ་པས་རྒྱས་པ་བསྐུར་བ་ལའང་དོན་ལ་མི་འགལ་བར་སྣང་།། ༥༡ ཞིང་སྐྱོང་མ་མོར། དུས་ཁྱད་པར་ཅན་ཞེས་པ་ཉི་ཤུ་ལྔ་དང་། ཉེར་དགུ་ལྟ་བུའི་མཚན་མོ་མཁའ་འགྲོ་འདུ་བའི་དུས་ཤིས། མར་ཟན་གྱི་གཏོར་མ་ནི་མར་གྱིས་བརྫིས་པའི་གཏོར་ཅོག་དཀར་པོ་སྤྱི་འགྲོ། འཁོར་གྱི་དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ་ཞེས་པ་སེང་གདོང་གི་བམ་རོ་ཕོ་མོ་ལྟ་བུ་མ་ཡིན་པ། དུར་ཁྲོད་བརྒྱད་ཀྱི་ཤིང་ལ་གནས་པའི་གཏུམ་དྲག་དཀར་པོ་གླང་པོའི་གདོང་ལ་སོགས་པའི་རིགས་རྣམས་སོ། །མར་ཟན་གྱི་གཏོར་མར་འབུལ་ཚིག་ཟུར་པ་མེད། བསྙེན་པའི་དུས་གཏའ་མར་བཟུང་ནས། རྟགས་བྱུང་བའི་ཚེ་འབུལ་ཞིང་ཕུག་རོན་དྭངས་རུས་འོ་ཕུད་འཐོར་བ་སོགས་བྱ་བ་ཡིན་མོད། རྒྱུན་དུའང་འབྱོར་ན་བཟླས་པའི་མཐར་སྙིང་པོར་གཏོར་སྔགས་བཏགས་པས་གཏོར་མ་འབུལ་ཞིང་འོ་ཕུད་འཐོར། བཟླས་ལུང་གི་སྤྲོ་བསྡུ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། དེའི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། སློབ་མའི་ཁ་ནས་སྙིང་གར་བསྟིམ། འདིར་གནད་གཅིག་ཞལ་ལས་ཤེས་སོ། །ཞེས་པ། དེའི་མཐར་རང་གི་སྙིང་གའི་བྷྱོཿཡིག་གི་སྟེང་དུ་ཡི་དམ་གྱི་ས་བོན་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པའི་དྲྭ་བས་བྷྱོཿཡིག་ལ་དཀྲིས་པས་ནམ་ཡང་མི་གཡོ་བར་འགྲོགས་པའི་གནད་དེ། དམིགས་གནད་འདི་སློབ་མ་ཁྱད་པར་ཅན་མ་གཏོགས་སྤྱི་ཁྱབ་ཏུ་མི་མཛད་པས་གསང་ངོ་།། ༥༢ བརྟན་མའི་མཆོད་གཏོར་པདྨ་སྤུངས་པ་ནི་ཟླུམ་པོའི་ལོགས་བཞིར་འདབ་མ་སྦྱར་བ་རིམ་གསུམ། རྒྱ་ཕོར་ནི། རྒྱ་ནག་བཟོས་སྣོད་མ་བྱུང་ནའང་དྭགས་སོགས་སུ་བཟོས་པའི་རྒྱ་ཕོར་གྱི་དབྱིབས་ཀྱིས་འཐུས་ཤིང་། རྒྱ་ཕོར་དངུལ་ཕོར་སོགས་ལ་མར་གྱི་ཟེ་སྲོག་སྒྲོན་པའང་ཕྱག་ལེན་དུ་སྣང་། བདག་བསྐྱེད་གུ་རུ་ཞི་དྲག་གང་རུང་ཤིས། དབང་ཚིག་ནས་འབྱུང་བའི་ཕྱག་མཚན་ཤང་ལང་ནི་སྟོད་ཀྱི་འཛུང་ལང་སོགས་ནས་གྲི་གུ་རྩེ་རྒྱས་པ། ངེད་རང་གི་འདིར་ཟོར་འཆམས་ལ་འགྱེད་པ་དེ་ལྟ་བུ། རུ་མཚོན་རྩེ་ལྔ་ནི་ཐུགས་ལྕགས་རྩེ་ལྔ་པ། གཡུའི་དྲིལ་བུའི་ཕྱག་མཚན་རིན་ཆེན་པདྨ་ཞེས་པ་རྒྱུ་རིན་ཆེན་པདྨའི་དབྱིབས་ཅན་ཡིན་པས་ཕྱག་མཚན་གཉིས་སུ་མི་བགྲང་།། ༥༣ པེ་ཧར་ལ་དབང་གཏོར་དང་མཆོད་སྐོང་གཏོར་མའི་དཔེ་ཟུར་དུ་ཕུལ། གསང་ཕྱི་ལ་ངེས་ཚིག་བཤད་དུ་ཡོད་པ་མ་ཡིན་པས་འདོད་རྒྱལ་གྱི་སྒྲར་སྣང་། རྒྱལ་པོར་མ་ཟད་དྲེགས་པ་ཅན་གཞན་གྱི་གཏོར་མ་ལའང་གྲགས་ཤིང་། དབྱིབས་ནི་རྒྱལ་པོའི་ལྟ་བུ་གཞན་ལ་མི་དགོས། འགའ་ཞིག་ཏུ་གསང་བྲེ་ཐག་པ་ཞེས་ཀྱང་ཟེར། སྨྱུག་རྒོད་ནི་སྨྱུག་མ་ཚིགས་ཅན་ལས་ཀྱིས་དམའ་མ་ཕབ་པ། རྒྱལ་མཚན་ལྔའི་དབྱིབས་ནི། སྟག །སྤྲེ། བྱ་རྒོད། སྤྱང་ཀི་བཞིའི་ཏོག་ཅན་དར་ཤམ་དཔྱངས་པ་དང་། ཟ་འོག་རྒྱལ་མཚན་གྱི་ཏོག་རིན་པོ་ཆེས་སྤྲས་པ། མ་ཊཾ་བསྣོལ་ལུགས་ནི་ཕྲིན་ལས་དོན་བཅུ་མའི་བཞུགས་གསོལ་དུ། ཁ་སྦུབས་གན་རྐྱལ་བྱི་ཆིངས་གདན་དུ་བསྣོལ༔ ཞེས་འབྱུང་། བྲིས་རྒྱུན་ལ། དོམ་སློག་དར་ནག་བེར་གྱི་ཕྱི་ལ་མནབས། མེ་ཏྲི་ཞེས་པ་དར། ཤེར་ཤིང་ནི་ཤིང་ཁྲ་ཡོད་པ་ཞིག་ཡོང་ཟེར། སྦའི་འགྱིང་འཁར་ནི་སྦ་འཁར། ཙན་དན་བེང་ནི་སྤྱི་དང་འདྲ། དར་དཀར་གྱི་རལ་ཀ་ཞེས་པའི། རལ་ཀ་ནི་ཤུབ་ཀྱི་དོན་ཏེ་དར་དཀར་གྱི་གོས། ཐིབས་ཞུ་ནི་ཞྭ་ཐེབས་ལ་དར་ཤམ་འཕྱང་བ། ཐང་ཞུ་ནི་རྒྱ་བཟོའི་བསེ་ཐེབས། སྨུག་ཞུ་དང་ཚག་ཞུའང་རྒྱུའི་ཁྱད་པར་མ་གཏོགས་དབྱིབས་ཐང་ཐེབས་རང་ཡིན། སྐྱོ་སངས་ནི་བྷ་ཏ་ཧོར་ནས་འོངས་པས་སྐྱོ་བ་སངས་བྱེད་གཏམ་རྒྱུད་ཀྱི་སྒྲུང་འཆད་མཁན་དེ་ཡིན་ཟེར། གར་མཁན་ནི་ཨ་ཙ་རའི་གཟུགས་འདྲ་བའི་གར་པ། འབག་ནི་འདྲ་འབག་སྟེ་རྒྱལ་པོ་རང་དང་ཆ་ལུགས་འདྲ་བ། གནས་ཆུང་ཆོས་སྐྱོང་ནི་གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་ཡིན་པར་སྣང་སྟེ་ཡོངས་གྲགས་ལ་ད་ལྟ་གསུང་གི་རྒྱལ་པོ་རང་འབོད། ལ་མོ་ནི་ཚངས་པ་དུང་ཐོད་ཅན་ཡིན་པར་བྱེད་པས་སྔོན་གྱི་དྲེགས་པ་སོ་སོའི་ཁུངས་དང་དམ་རྫས་སོགས་རྒྱལ་པོ་དང་སོ་སོ་བར་བཤད་པས་སྐུ་ལྔར་འདྲེན་པ་ཅི་འདྲ་འཐད་དམ་སྙམ། དགའ་གདོང་ཆོས་སྐྱོང་གང་ཡིན་མ་ངེས། བྷ་ཏ་ཧོར་གྱི་སྒོམ་གྲྭ་ནི་ཟ་ཧོར་རང་ཡང་མིན། ཟ་ཧོར་དང་འབྲེལ་བའི་ཡུལ་རང་གི་ངོ་བོ་རྒྱ་ནག་ལ་གཏོགས། ཁམས་ཀྱི་དབྱར་མོ་ཐང་ནི་མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་དེང་སང་མཚོ་ཁར་གྲགས་པ་འདི་དང་འདབས་ཆགས་པ་ཁམས་ཀྱི་སྟོད་ན་ཐང་ཧ་ཅང་མི་ཆེ་བ་ཞིག་ཡོད་པ་ཡིན་ཟེར། གང་ལྟར་ཡང་། རྣམ་ཐར་ཡིད་ཀྱི་མུན་སེལ་དུ། དེ་ནས་ལྷ་སྲས་མུ་རུབ་བཙན་པོ་བྱང་ཕྱོགས་ཀྱི་དམག་ལ་གཏོང་བའི་དུས། ཞེས་པས། དེ་དུས་ཀྱི་དམག་ལམ་དེ་བོད་ནས་བྱང་ཕྱོགས་སུ་འགྲོ་དགོས་པ་ཞིག་ནི་ཡིན་པར་སྣང་། གྲུ་གུའི་ཡུལ་ཡང་རྒྱ་དང་འདབས་འབྲེལ་དུ་ཡོད་པར་འདུག །ཡུ་གུར་ནི་འདུལ་བ་ལུང་གི་བརྒྱུད་པར་དྷརྨ་རཀྵི་ཏ་སོགས་ཡུ་གུར་གྱི་སློབ་དཔོན་ཉི་ཤུར་འབྱུང་བ་ལྟར་ན། རྒྱ་གར་གྱི་ཡུལ་གྱི་བྱེ་བྲག་པ་ཞིག་འདྲ་མོད། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་དུ་སོག་ཡུལ་འདི་ཡུ་གུར་གྱི་ཡུལ་ཡིན་པ་འདྲ་ཞིག་གསུངས་འདུག །སྒོམ་གྲྭ་བར་པ་ཞེས་པའི་ཡོངས་གཅོད་ལ་སྒོམ་གྲྭ་གཞན་ཡོད་པ་འདྲ་ཞིག་བྱུང་ཡང་བཤད་པ་མ་མཐོང་། གྲུ་གུ་དང་རྒྱ་ནག་གཉིས་ཀྱི་ཡུལ་བཅོམ་ནས་འགྲོ་ལུགས་ལ་བལྟས་ན་དམག་ལམ་རྒྱ་རང་བརྒྱུད་དེ་ཕྱིན་པར་སྣང་བས་དབྱར་མོ་ཐང་ནས་ཟ་ཧོར་ལ་འགྲོ་བའི་ལམ་ཡོད་མེད་ཀྱི་ཐེ་ཚོམ་མི་དགོས། ཧོར་གྱི་སྒོམ་གྲྭ་དེ་དང་པོ་སུས་བཙུགས་སོགས་ཀྱི་ལོ་རྒྱུས་མི་སྣང་ཡང་། སྔར་རྒྱ་གར་ཤར་ཕྱོགས་དང་རྒྱ་ནག་གཉིས་ཡུལ་འབྲེལ་ཆགས་ཀྱིས་འགྲུལ་ལམ་དང་ཆོས་ཀྱང་བོད་ལས་རྒྱ་ནག་དར་བ་སྔ་བས། འོད་སྲུངས་ཀྱི་སློབ་མ་དར་མོ་ཏ་ར་སོགས་ལས་བརྒྱུད་པའི་ཧ་ཤང་གི་སྒོམ་གྲྭ་དར་བར་བྱུང་ཡོད་འདུག་པས་དེ་འདྲའི་ལུགས་འཛིན་ཨེ་ཡིན་སྙམ། མི་ཉག་གི་ཡུལ་ནི་དར་རྩེ་མདོ་དང་ཐག་ཉེ་སྔར་བོད་དང་ད་ལྟ་རྒྱས་བདག་བྱེད་པ་དེ་ཡིན། མི་ཉག་གན་དྲིལ་ཡུལ་དེ་ནས་ཐོན་པ་མ་ཡིན། སྔར་རྒྱ་ནག་དུ་ཙིའུའི་རྒྱལ་པོ་ནས་བཟུང་སྟེ་རྒྱལ་པོ་འཕོ་ལེན་བཅུ་གཅིག་སོང་བའི་བཅུ་གཉིས་པ་མི་ཉག་གིས་རྒྱལ་ས་བྱེད་དུས་ཐོན་པ་ཡིན། རྡོ་རྗེ་རྩེ་གསུམ་པའི་རྒྱ་སྤྱི་དང་འདྲ་བས་རིགས་ལྔའི་ཕྱག་མཚན་གྱི་ཙཀླི་ཐོགས་ནས་བསྐུར། སྐྱབས་སྦྱིན་གྱི་ཕྱག་རྒྱའང་སློབ་དཔོན་གྱིས་བྱེད་པ་ལས་འོས་ཅི་ཡོད། རྒྱ་ནི་གཡས་པའི་ཐལ་མོ་སློབ་བུའི་སྤྱི་བོར་འཇོག་པ་ཡིན། དམ་ཤིང་ནི་སྟོད་དབུ་གསུམ་དཀར་དམར་ནག་པའི་ཞལ་སྤྱན་གསུམ་པ། དབུ་ལ་ཚག་ཞུ་ཞེས་པ་ཐང་ཐེབས་དར་ཤམ་ཅན་གསོལ་བ། རྒྱ་མདུད་ཉིས་རིམ་ཧཱུྃ་བཞིས་བརྒྱན་པ་འཆང་ཟུང་ཅན་དབལ་ཕུར་བུ་སྤྱི་འགྲེ་ལྟར་ཟུར་གསུམ་པ་ལ་སྦྲུལ་ཆུན་དང་། དར་ཆིངས་དཀར་དམར་མཐིང་གསུམ་འཕྱང་ཞིང་དབལ་ལོགས་ལ་ཏྲི་ཡིག་གིས་མཚན་པའོ།། ༥༤ རྣམ་སྲས་ཀྱི་ཕོ་བྲང་ནང་མ་ཁང་བཟང་སུམ་བརྩེགས་ཕྱི་མ་ཕྱོགས་རེར་ཀ་བ་ཉིས་སྟོང་ལྔ་བརྒྱ་རེ་སྟེ་ཁྱོན་ཁྲིས་བཏེགས་པས་ཕུབ་པའི་འཁོར་ཡུག་ཕྱོགས་མདོག་ཅན་གྲུ་བཞི་པ་སྒོ་བཞི་རྟ་བབས་ཀྱི་རྒྱན་དང་བཅས་པ། དེའི་ཕྱི་རོལ་དུ་འཁོར་ས་རིམ་པ་གསུམ་པའི་ནང་མ་ལ་ལྕོག་ལྟ་བུའི་ཁང་བརྩེགས་བརྒྱད། འཁོར་ས་གསུམ་གྱི་ཕྱི་རོལ་དུ་རིན་པོ་ཆེའི་ལྕགས་རི་གྲུ་བཞི་པས་བསྐོར་བའོ། །སེར་ཆེན་ལ་བསེ་ཁྲབ་བྲིས་རྒྱུན་ལ་ལར་འབྱུང་ཡང་མངོན་རྟོགས་སུ་མེད་པས་གཞན་གྱི་ཤན་ཤོར་བ་འདྲ་ཞིང་། དབུ་རྒྱན་ཡང་པདྨ་རྒྱལ་པོ་ལ་བྲིས་སྐུ་ཁ་གཅིག་ཏུ་འབྱུང་བ་ལྟར་ཞྭ་ལུགས་སུ་གྱོན་པ་འདྲ་བའང་སྣང་མོད་ཀྱང་། རིན་པོ་ཆེའི་དབུ་རྒྱན་ཐོར་ཚུགས་ཅན་སྤྱི་དང་འདྲ་བ་བྲིས་པ་འཐད། པཉྩ་ལི་ཀ་ནི་ལྷའི་གོས་ཤིག་སྟེ་བོད་སྐད་མ་མཐོང་། གནོད་སྦྱིན་པི་ཙི་ཀུཎྜ་ལཱི་དང་ཞོན་པ་གཉིས་ཀ་གདོང་མི་སྟོན་པ་ནི་གདོང་པ་གཉིས་ཀ་ལ་མཐོང་བའི་དུག་ཡོད་པས་ཡིན་ཟེར། སྙིང་པོ་དང་ཉེ་སྙིང་ཕྱི་མ་ཅུང་ཟད་མང་བ་བཟླ། ཕྲུ་མ་གཞོམ་པའི་དོན་ནི་ཕྲུ་མ་དམག་དཔུང་སྟེ་དེ་གཞོམ་པའམ་ཡང་ཕྲུ་མ་མངལ་དུ་སྐོམ་པ་ཞེས་མི་རབས་གཅོད་པའི་དོན་དུའང་བཤད། བུམ་བསྐྱེད་དུ་བདག་བསྐྱེད་གང་ལ་བརྟེན་པ་དང་མཐུན་པའི་གསང་བདག་བསྒོམ།། ༥༥ མདུང་དམར་ཅན་ལ། བསེའི་ལོ་ཁྲམ་ནི་ལྷྭམ་རང་གི་བརྡ་ཨེ་ཡིན་སྙམ། འཁོར་རྣམས་དམིགས་བསལ་མེད་ཕྱིན་བཞེངས་བཞུགས་ཅི་བདེར་གནང་བས་ཆོག་པ་འདྲ། འདོད་རྒྱལ་ནི་ཁྲོ་བོ་དམར་པོ་ལྕགས་ཀྱུ་ཐོགས་པ། དྲིའི་དུང་ཕོར་ཐོད་པ་འདྲ་རུང་སྣང་མོད་ཕྱག་བཞེས་སུ་དུང་ཞལ་རང་མཛད།། ༥༦ དྲག་པོ་རྟ་སྔོན་ལ། ཕྲ་མེན་གྱི་ཡོབ་ཞེས་པ་རིན་པོ་ཆེ་སྣ་ཚོགས་འདུས་པ། ཡི་དམ་གྱི་སྤྲོ་བ་ལྔའམ་དྲུག་ནི། འཁོར་གདུག་པ་ཅན་ཚར་གཅོད་པའི་ཕྱིར་སློབ་མ་ཕྱག་རྡོར་གྱི་ང་རྒྱལ་བསྐྱེད་ལ། ཞབས་ཀྱིས་གདུག་པ་ཅན་གྱི་གཙོ་བོའི་སྙིང་གར་མནན་ནས་གཟིར་བར་བསམ། ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཐོག་ལྟ་བུ་འཕྲོས་གདུག་པ་ཅན་ཚར་གཅད། བ་སྤུའི་བུ་ག་ནས་ཁྲོ་ཆུང་སྤྲོས་བསྐལ་པའི་རླུང་ལྟ་བུས་གདུག་ཅན་གཏོར། བ་སྤུའི་བུ་ག་ནས་མེ་སྤྲོས་གནོད་བྱེད་བསྲེགས། རྒྱན་གྱི་སྦྲུལ་ལས་གདུག་པའི་ཁ་རླངས་སྤྲོས་མ་རུངས་པ་མྱོས་ཤིང་བརྒྱལ། གསུང་གི་རིག་སྔགས་ཀྱི་སྒྲས་འཇིག་རྟེན་གང་བས་གདུག་པ་ཅན་བཏུལ་བར་བསམ་མོ། །ཆོས་སྐྱོང་གི་སྤྲོ་བ་གསུམ་ནི། རྒྱལ་པོའི་སྐུ་སྟོད་ལས་བྱ་གཅན་སྤྲོས་ས་བླའི་གདུག་པ་ཅན་བཏུལ། རྐེད་པ་ནས་གནོད་སྦྱིན་དང་སྲིན་པོ་སྤྲོས་ས་སྟེང་གི་གདུག་པ་ཅན་བཏུལ། སྐུ་སྨད་ནས་སྟག་དང་སྦྲུལ་སྤྲོས་ས་འོག་གི་གདུག་པ་ཅན་རྣམས་བཏུལ། སྔགས་ནི། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཨ་ནུ་རཱ་ཙ་ཀུ་རུ་ཧཱུྃ། ཞེས་དཔོན་སློབ་གཉིས་ཀས་བཟླའོ། །སྤྲིན་གསེབ་མའང་གསན་ཡིག་ཏུ་བཀའ་མའི་གྲས་སུ་བྱུང་བའང་གསན་ཡུལ་སོགས་ཀྱི་འབྲེལ་བསྡེབས་པས་འདིར་གཏེར་མར་མཛད་པ་མི་འགལ་ཞིང་། གཏེར་གནས་བྱ་རྒོད་གཤོངས་ནི་གཙང་སྟོད་བོ་དོང་ཨེའི་ནུབ་ཕྱོགས་ཀྱི་རི་འདེགས་ཀྱི་ཞོལ་ན་ཡོད། རྩ་བའི་ཡིག་ཆ་ལ་ཧ་ཅང་བཞུགས་ཚོགས་ཆེ་བ་རང་མེད། ཡོད་འདུག་ཚེ་གསན་ཡིག་ཏུ་འདུག་པའི་རྣམ་སྲས་ཀྱི་བཀའི་རྒྱུན་ཐམས་ཅད་ད་ལྟ་ཚང་བར་ཡོད་མེད་མ་ངེས། ། ༥༧་་་པ་ཡང་གསང་ཕྱག་མཚན་བཞི་པ་ཡིན།། ༥༨ ཞང་བློན་གྱི་དབང་གཏོར་དཔེ་བྲིས་ལྟར་དང་། གསང་ཕྱི་མཐུན་རྫས་ཀྱི་རྒྱ་ཕོར་སོགས་ཕུད་སྐོང་ལ་ངེས་པར་དགོས་ཤིང་། འདིར་ཡང་དམ་རྫས་ཙམ་ལ་བཤམས་པ་ཡིན། ཞབས་རོལ་སྟབས་ནི་གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། རྣམ་སྲས་ཀྱི་བཞོན་པ་རྟ་དང་སེར་ལ་ཞོན་པ་ཞེས་པ་ཡིག་སྐྱོན་ཏེ། རྟ་ངང་སེར་ལ་འཆིབ་པ། གཙོ་འཁོར་གྱི་གདན་སྲིན་པོ་སོགས་རྣམ་འགྱུར་ཇི་ལྟར་བདེ་བ་ལས་དམིགས་བསལ་མེད། ཀུན་གྱི་འཇིགས་བྱེད་མའི་ཕྱག་མཚན་གྱི་གཡབ་དར་ནི་ནག་པོ། ཕྱི་ནང་གསང་བ་གསུམ་ཀའི་རྗེས་གནང་སྡེབ་སྒྲུབ་དུས། གཙོ་བོ་དབུས་སུ་ཕྱི་སྒྲུབ། གཡས་སུ་ནང་སྒྲུབ། གཡོན་དུ་གསང་སྒྲུབ་སུམ་སྒྲིག །འདིའི་རྗེས་གནང་ཕྱི་ནང་གསང་གསུམ་གང་རུང་གཅིག་ཐོབ་པ་ཙམ་གྱིས་གསུམ་ཀ་ཐོབ་པར་མི་བརྩི། རྗེས་གནང་བཀའ་སྲོལ་གཉིས་ཕྱག་ལེན་གྱི་ཁྱད་པར་ཙམ་ལགས་པས་གཉིས་ཀའི་གོ་གཅིག་གིས་ཆོད། འདི་ལ་ཞང་བློན་དུ་འབོད་པ། ཡིག་ཆར་འཁོད་པ་མ་མཐོང་ཡང་། རྣ་གཏམ་གོག་པོར་ཕྱག་རྡོར་གྱི་བློན་པོ་དང་རྣམ་སྲས་ཀྱི་ཞང་པོ་ཡིན་པས་ཞང་བློན་ཟེར་ཏེ། ཡིག་རྙིང་འགར་ཞང་འོན་ཞེས་པའང་བྲིས་སྣང་བས་སྒྲ་བཤད་ལ་ངེས་པ་ཡོད་མེད་ཐེ་ཚོམ་ཟ།། ༥༩ ཛམ་དམར་ལ། ཀླུ་ཆེན་བརྒྱད་ཀྱི་རྒྱན་ནི་སྦྲུལ་གྱི་རྣམ་པ། ཨུཏྤ་ལའི་མདའ་གཞུ་ནི་དེས་མཚན་པ། ཡབ་ཀྱི་ཐུགས་སྲོག་ས་བོན་ཀུ་རུ་ཀུལླེའི་མདུན་དུ་བསྒོམ། ཞབས་འོག་གི་གནོད་སྦྱིན་ཕོ་མོའི་ཁ་ནས་ནོར་བུ་སྐྱུག་ཅིང་ནེའུ་ལེའི་རྐྱལ་པ་ཐོགས་པ་གཞན་རྣམ་འགྱུར་གང་བདེ་བྱི་ཆིངས་སུ་མནན་པ། གཏོར་མ་ཕྱི་མ་འདི་འཇིག་རྟེན་པར་འབུལ། བུམ་བསྐྱེད་ཀྱི་ས་བོན་བྷྲཱུྃ་ལས་རྣམ་སྣང་སོགས་རིམ་པ་ལྟར་སྦྱར་ཆོག །སློབ་བུའི་ལུས་འོད་ཀྱི་གོང་བུ་དཀར་པོ་ཞེས་པ་ཡིག་ནོར་ཏེ་འོད་དམར་པོ། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་དབང་བསྐུར། བཟླས་ལུང་གི་ཚིག་ཀྱང་པར་ལ་ཆད་པར་སྣང་བས། བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་དམར་ནར་གྱིས་བྱུང་བ་སློབ་མའི་ཁར་ཞུགས་ལུས་མེར་གྱིས་གང་བར་བསམ་ནས་སྔགས་ཀྱི་རྗེས་ཟློས་བྱས་ཏེ། ཞེས་པའོ། །གཏོར་དབང་དུས་གཏོར་མ་ལག་ཏུ་གཏོད།། ༦༠ ལས་འབྲེལ་ལྷ་ཆེན་གྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་སྒོ་ནུབ་བསྟན། ཁྱད་པར་གྱི་རྟེན་རྫས་བཟོ་ཚུལ་ད་རེས་གཏེར་གཞུང་གི་དཔེ་མ་འབྱོར་པས་འབུལ་མ་ཐུབ། ཡུམ་གྱི་ཕྱག་མཚན་དུང་དམར་ནི་ཐོད་ཁྲག །བསྟོད་པའི་སྐབས། ཕྱག་གཉིས་དབང་སྡུད་ཕྱག་རྒྱ་འཛིན༔ ཞེས་པ། དབང་སྡུད་ཀྱི་ཕྱག་རྟགས་ལྕགས་ཀྱུ་དང་རླུང་ཞགས་འཛིན་པ་ལ་སྙེགས། དབང་སྒྲུབ་ཙམ་ལ་བཟླས་དམིགས་དཀྱུས་སུ་བཀོད་པས་ཆོག་ཅིང་། ཁྱད་པར་གྱི་དམིགས་གནད་དང་སྔགས་ཞལ་འཕང་ནི་བསྙེན་སྒྲུབ་ལས་སྦྱོར་གང་ལ་གང་དགོས་ཀྱི་ཁ་བསྒྱུར་གཏེར་གཞུང་དུ་གཟིགས་པ་ལས་མ་བྱུང་། སྦྱར་སྤོས་ཀྱི་སྦྱོར་སྡེ་ཡང་དེ་དང་འདྲ། བཟླས་ལུང་གི་བྱིན་རླབས་ཀྱི་ལུང་གི་སྐབས། ཕྲེང་བ་སྤྱི་བོར་འཇོག་ཅེས་པ། སློབ་དཔོན་ཉིད་ཀྱི་ཕྱག་ཕྲེང་ལས་འོས་ཅི་ཡོད་ལགས།། ༈ ད་ནི་སྒྲུབ་ཐབས་སྤྱི་ཁོག་གི་དོགས་གནས་ལ་ཞུ་ལན་ཉུང་བསྡུས་བསྡོམས་ནས་འབུལ་ན། དབང་བསྐུར་དང་མ་འབྲེལ་བའི་སྒྲུབ་ཐབས་སོ་སོའི་ཉམས་བཞེས་ཙམ་ལ་ཡོ་བྱད་ཀྱི་གཤོམ་མཆོད་གཏོར་བཤམ་པ་ཙམ་གྱིས་ཆོག་པར་མ་ཟད། ཐང་སྟོང་ཚེ་སྒྲུབ་ཀྱི་མཚོན་རིགས་ལ་མཆོད་གཏོར་མ་འབྱོར་ཡང་ཆད་སྐྱོན་མི་སྣང་། བདག་མདུན་སྒྲུབ་ཚུལ་ལ་དབྱེར་མེད་དུ་སྒྲུབ་པ། མཉམ་སྒྲུབ། ཐ་དད་དུ་སྒྲུབ་པ་ཞེས་ཚིག་གིས་འཆད་ལུགས་གསུམ་བྱུང་ཡང་། དོན་ལ་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པ་ལའང་། བུམ་བཟླས་སྒོས་སུ་ཡོད་པར་ཛཔ྄་ཁང་ཕྱེ་ནས་བཟླ་དགོས་པ་དང་། མཉམ་སྒྲུབ་ལའང་གྱེར་ཚིག་གཅིག་གིས་བདག་མདུན་གཉིས་བཞིན་དང་མེ་ལོང་གི་བྱད་གཟུགས་ལྟར་སོ་སོར་སྒོམ་པའམ། བདག་དང་མདུན་རྟེན་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་སྒོམ་པ་དབྱེར་མེད་དང་དགོངས་དོན་གཅིག་པར་འགྱུར་བ་དང་། ཐ་དད་དུ་སྒྲུབ་པ་ལའང་བདག་བསྐྱེད་སྒོམ་བཟླས་གྲུབ་རྗེས་འོད་གསལ་དུ་བསྡུས་པའི་སྟོང་ཉིད་ཀྱི་ངང་ནས་མདུན་བསྐྱེད་སྒྲུབ་པའི་ལུགས་དང་། བདག་བསྐྱེད་མ་བསྡུས་པར་མདུན་དུ་མདུན་བསྐྱེད་དཀྱིལ་འཁོར་བསྒོམ་ཞིང་། དེ་ལའང་བདག་མདུན་སོ་སོར་བསྒྲུབས་མཐར་དཀྱིལ་འཁོར་ཕན་ཚུན་བསྲེས་ཏེ་གཅིག་ཏུ་བྱེད་པ་སོགས། སོ་སོའི་སྒོས་ཆོས་དམིགས་སུ་བསལ་བ་རྣམས་དོན་ལ་མི་འགལ་བ་ཡིན་ཡང་། གནས་སྐབས་ཕྱག་བཞེས་ཀྱི་ལུགས་སྲོལ་ཐ་དད་པ་ལ་གཅེས་སྤྲས་ཀྱིས་ལུགས་མ་འདྲེས་པར་སྐྱོང་དགོས་པ་དང་། སྒོས་ཆོས་སོ་སོར་མིག་གསལ་བ་ལ། གསང་བ་སྤྱིའི་འགྲོས་བཞིན་སྦྱར་བས་མི་འགལ་བར་འགྱུར་བ་ལགས། སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཚུལ་དུ་བླང་། ཞེས་དང་། ཏིང་ངེ་འཛིན་གྱི་དབང་བླང་ཞེས་པ་ལྟ་བུའི་ཚིག་གི་གསལ་ཁ་ཡོད་པ་རྣམས་ལ། སློབ་མ་ལ་བསྐུར་བ་བཞིན་དུ་རང་གིས་རྒྱས་པར་བླང་བ་འམ། ཏིང་ངེ་འཛིན་ཙམ་ལ་བརྟེན་ནས་བསྡུས་པའི་ལུགས་སུ་ལེན་པ་ཡིན་ཡང་རུང་། བདག་འཇུག་ལེན་པར་མི་སྤྲོ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དོན་འགྲུབ་ཅིང་། དཀྱིལ་འཁོར་གྱི་ལྷ་ཞི་ཁྲོ་གང་ཡིན་ཡང་རིག་པའི་མེ་ཏོག་དོར་ཚིག་སྒྱུ་འཕྲུལ་ཞི་བ་ལྟར་གནང་བས་མི་འགལ་བ་འཐོར་ཚིག་གི་དོན་ལ་དཔྱད་པས་མཁྱེན་པ་དང་། དབང་ལེན་དགོས་པའི་ཚིག་དམིགས་བསལ་མེད་པ་རྣམས་སུ་མ་ཟད། རྗེས་གནང་དང་རིག་གཏད་ཙམ་ལ་བདག་འཇུག་མ་གནང་ཡང་ཆོག །སྤྱིར་དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཞིང་བྱ་བའི་རིམ་པའང་ཤིན་ཏུ་ཟོར་ཡང་བ་རྣམས་ལ་བྱིན་རླབས་ཞེས་གྲགས་པ་དང་། ལྷ་སྒོམ་སྔགས་བཟླ་ཏིང་ངེ་འཛིན་སྒོམ་པ་ལ་རྗེས་སུ་གནང་བ་སྟེར་བ་དང་། རིག་པ་གཏད་པ། བཟླས་ལུང་ཙམ་འབོགས་པ། དྲེགས་པ་རྣམས་ཀྱི་སྲོག་གཏད་པ་སོགས་དེ་ཐམས་ཅད་དང་པོར་དཀྱིལ་འཁོར་ཆེན་པོ་གང་རུང་དུ་དབང་བསྐུར་བས་རྒྱུད་སྨིན་པར་བྱས་པ་ཞིག་ལ་བྱིན་པར་བྱ་བ་ཡིན་མོད། འོན་ཀྱང་གནས་སྐབས་སུ་རྐྱེན་སེལ་ཙམ་གྱི་ཚེ་དབང་ལྟ་བུ་ལས་སྒྲུབ་ཐབས་ཕྲན་ཚེགས་དང་འབྲེལ་བའི་རིགས་ཁ་གཅིག་སྨིན་དབང་སྔོན་དུ་མ་སོང་བར་སྦྱིན་ཡང་འགལ་བ་མེད་པ་ཁྲོམ་དབང་ལྟ་བུས་མཚོན་པ་དང་། མཆོག་སྒྲུབ་དང་འབྲེལ་བའི་སྒྲུབ་ཐབས་ཟབ་མོ་རྣམས་ལ་ངེས་པར་རྒྱུད་མ་སྨིན་པའི་གང་ཟག་ལ་སྦྱིན་མི་རུང་བ་སོགས་ཀྱི་རྣམ་དབྱེ་ཡང་ཕྱེ་དགོས་ཤིང་། དེས་ན་གསང་འདུས་ཟླུམ་པོ་བཞི་དབང་། ཉང་གཏེར་ཕག་མོ་ཞལ་གཉིས་མ་དང་། ཁྲོས་ནག་སོགས་དབང་བཞིའི་དོན་ཚང་ཡང་ངོ་བོ་བྱིན་རླབས་ཀྱི་ནང་ཚན་དུ་གཏོགས་པ་དང་། ཁྱད་པར་ཕག་མོའི་སྐོར་ལ་གསར་མའི་ཕྱག་ལེན་དུའང་བདེ་མཆོག་ལྟ་བུ་ཡབ་ཀའི་དབང་ཞིག་ངེས་པར་སྔོན་དུ་གཏོང་བ་མཛད་ཅིང་། རང་ལུགས་ལའང་ཁྲོས་ནག་ལྟ་བུ་ཟབ་ལམ་ཁྱད་པར་བ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སམ། བླ་མ་གསང་འདུས་ཀྱི་རྩ་དབང་ལྟ་བུ་ཡབ་ཀའི་སྨིན་བྱེད་རེ་ངེས་པར་སྔོན་དུ་གནང་བའི་ཕྱག་སྲོལ་ཡོད་པ་བཞིན། དངོས་གྲུབ་མཆོག་ལ་ཡིད་རྟོན་པ་རྣམས་ལ་སྒོས་ཀྱི་ཕྱག་བཞེས་ཟུར་ཁྱད་ལྟ་བུ་འདི་དག་ཀྱང་ཤིན་ཏུ་གལ་ཆེ་བར་སྣང་། སྔ་འགྱུར་བའི་ལུགས་སྤྱིར་གཏོར་མ་ཤེས་པ་གསུམ་ལྡན་སོགས་བཤད་པས་མཆོད་གཏོར་དོན་ལ་ཚང་ཡང་། ཐ་སྙད་རྣམ་འཇོག་དང་བསྟུན་ཏེ་ཐུན་མོང་བའི་དབང་དུ་མཆོད་གཏོར་ཟུར་པ་རེ་བཤམས་པ་ཡང་ངེས་པར་དགོས་ཤིང་། ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་གི་དབང་གཏོར་རྣམས་ཀྱང་ལྷར་བསྐྱེད་པས་རྟེན་གཏོར་དང་མཚུངས་པའི་གནད་ཀྱིས་ཕྱིར་འབུལ་བ་མི་མཛད། ཚེ་དབང་བརྒྱ་རྩ་གསག་ལུགས་གོང་ཞུས་ལྟར་དང་། རྟ་མགྲིན་དང་ཕྱག་རྡོར་ལྟ་བུར་བརྒྱ་རྩ་གནང་དགོས་བྱུང་ན། དབང་ཚང་མ་ཚར་གཅིག་སོང་རྗེས། གཏོར་དབང་བསྐུར་བའི་ཚིག་གཅད་ཡོད་ན་དང་། མེད་ན་སྔགས་ཙམ་ལ་བརྟེན་ནས་གཏོར་དབང་ཁོ་ན་བརྒྱ་རྩའི་གྲངས་བསགས་པའི་ཐ་མ་དེ་ལ་བཀའ་བསྒོའི་ཚིག་རྒྱས་པ་རེ་གནང་ན་ཡོང་བ་ལགས། སྤྱི་ཆིངས་སུ་ལེ་ཚན་ལྔ་བཅུ་རྩ་གསུམ་ལ་ནང་གསེས་དྲུག་ཅུ་རྩ་བདུན་དུ་ཕྱེ་བའི་ཚིག་གསུངས་པ་ཡང་། ཕྱག་རྡོར་དྲེགས་འདུལ། ལྷ་མོ་རང་བྱུང་མ། རྡོ་རྗེ་གཤོག་རྒོད་མ། བརྟན་མ། པེ་ཧར་སོགས་ཕྱིས་བསྣོན་པ་གནང་བ་ལགས་པས། དེ་དུས་སྤྱི་ཆིངས་སུ་མཚན་ཐོ་རྣམས་འཁོད་ཀྱང་། སྡོམ་གྲངས་ཀྱི་ཚིག་ཟུར་ལ་བསྒྱུར་བཅོས་གནང་རྒྱུ་ལུས་པ་ཡིན་འདུག་ཅིང་། རྟ་མགྲིན་ཡང་གསང་གི་གཏོར་དབང་ཡང་སླར་བསྣོན་པ་གནང་རྩིས་ཀྱི་དགོངས་པས་བརྒྱུད་ཡིག་ཏུ་འཁོད་ཀྱང་སྒྲུབ་ཐབས་བཀའ་རྩོམ་གནང་རྒྱུ་མ་བྱུང་བ་བཅས་པར་བརྐོས་ཚང་མ་གྲུབ་བསྟུན་ཡིད་གཞུངས་པས་ཞུས་དག་རུ་ང་ཞིག་མ་གྲུབ་པའི་སྐྱོན་དུ་སྣང་བ་ལགས། དེ་ལྟར་སྒྲུབ་ཐབས་འདོད་འཇོ་ལས་བརྩམ་པའི་དྲི་བ་རྣམ་གྲངས་མང་བ་བསྩལ་པ་རྣམས་ལ་ལན་རང་བློས་གང་ནུས་ཕུལ་བའི་རྩིས་ལགས་རུང་། སྤྱིར་དྲི་བ་དངོས་ལ་ལན་ཐེབས་པ་སངས་རྒྱས་འཕགས་པའི་ཁྱད་ཆོས་ཞེས་གྲགས་པ་ལྟར། བདག་འདྲ་བ་ཤིན་ཏུ་མ་བསྡམས་པས་དོན་ཟབ་པ་རྣམས་ལ་གནད་འཁྲོལ་གྱི་ལན་འབུལ་དཀའ་བ་དང་། འགའ་ཞིག་ཉིད་ལྟ་བུ་ལ་ཐུགས་དོགས་མི་སྐྱེས་ཐང་བའི་དོན་ཆུང་ཆུང་འདྲ་ཡང་སྣང་མོད། འོན་ཀྱང་ཕྱིས་ཀྱི་བློ་དམན་རྣམས་ལ་ཕན་དགོངས་ཀྱིས་དྲི་བ་གནང་བ་ཡིན་ནམ་སྙམ་པས་ལན་འབུལ་མ་འཚེམས་པར་ཞུས་ཁུལ་ལགས་ཤིང་། ད་རེས་མཚམས་ཀྱི་གཅད་རྒྱ་དང་ཐུག་གཤིས་སོ་སོའི་སྒྲུབ་ཐབས་དང་དབང་ཆོག་གི་དཔེ་དཔང་ཡང་བླ་བྲང་ནས་ཕྲལ་ཕྲལ་གྱིས་ཞུ་ལེན་སྟབས་མ་བདེ་བ་དང་། ལག་ཏུ་དཔེ་འགའ་རེ་ཡོད་པའང་ཉིན་ཐུན་སྔ་ཕྱིའི་ཐུན་མཚམས་ཀྱི་བར་གསེང་ཉིན་གུང་གི་དུས་གང་ཁོམ་གྱིས་འབྲི་བ་ལས་མ་བྱུང་བས། དཔེ་ཚོལ་དང་བལྟ་རྟོག་བྱེད་པའི་ལོངས་སྐབས་ཀྱིས་བསྐལ་གཤིས་ཁོག་ཁྲོལ་གྱིས་མཐའ་ཆོད་པའི་དགོངས་པ་གང་བ་ཞིག་ཡོང་རེ་མ་མཆིས་པའི་ཁར། ཉིས་བྲིས་ཀྱང་མ་ལྕོགས་པས་ཚིག་དོན་གཉིས་ཀར་འགལ་ཟློས་ཆད་ལྷག་སོགས་སྐྱོན་དུ་གྱུར་པ་དང་། འབུལ་འགྱངས་པ་བཅས། ཡོང་རྒྱུ་འདི་ལ་དགུག་ཡུན་དེ་ཙམ་སྙམ་དུ་ཟབ་ཐུགས་མི་ཁྲེལ་བ་ཅི་ནས་མཁྱེན་མཁྱེན་ལགས། །མངྒ་ལཾ།། །། ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱིས་དྲིས་ལན་དུ་བསྩལ་པའོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).