Terdzo-NYI-003

From Rinchen Terdzö

གཏེར་མགོན་ཞལ་བཞི་པའི་དྲག་པོའི་གཏོར་མའི་ལས་རིམ་རྡོ་རྗེའི་ཐོག་མདའ་

gter mgon zhal bzhi pa'i drag po'i gtor ma'i las rim rdo rje'i thog mda'

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྨིན་གཏེར་དཔལ་མགོན་ཞལ་བཞི་པ་ (Smin gter dpal mgon zhal bzhi pa)
parent cycle  ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 38 (ཉི) / Pages 33-40 / Folios 1a1 to 4b5

[edit]

༄༅། །གཏེར་མགོན་ཞལ་བཞི་པའི་དྲག་པོའི་གཏོར་མའི་ལས་རིམ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཀཱ་ལ་ཡ། ལེགས་ལྡན་ནག་པོ་ཞལ་བཞི་པའི་གཏོར་མའི་ལས་ཀྱི་རིམ་པ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། རྗེས་ལས་ཀྱི་མཐའ་སྡུད་དང་གསུམ་མོ། །དང་པོ་ནི། དྲག་པོའི་ལས་དང་རྗེས་སུ་མཐུན་པའི་མཚན་ཉིད་ཅན་གྱི་གནས་སམ། རྒྱུན་གྱི་སྒྲུབ་ཁང་ལ་སོགས་ཏེ་གང་ཡང་རུང་བའི་སྟེང་ལོགས་རྣམས་མཛེས་པར་བརྒྱན། ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་སོགས་རྟེན་བཤམས་པའི་མདུན་དུ་སྟེགས་མཐོ་བ་ལ་བླ་མ་ཡི་དམ་སྤྱི་དང་། ཆོས་སྐྱོང་ཉིད་ཀྱི་གཏོར་མ་གཞི་བདག་གཏོར་མའི་བར་ཕྲེང་ཚར་མཆོད་པ་དང་བཅས་པ་བཤམ། དེའི་མདུན་དུ་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་རྒྱར་མདའ་གང་ལས་མི་ཆུང་བ་གྲུ་བཞིར་བརྩིགས་པའི་དབུས་སུ་བྲུབ་ཁུང་མཛུབ་གང་པ་རྒྱ་དཔངས་མཉམ་པར་བྲུས་པའི་ཁ་ཁྱེར་མེ་དང་རྩང་གིས་བསྐོར། དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའམ། ཡང་ན་དེ་དང་མཉམ་པའི་གཞི་ལ་རྫས་དེས་བྱུགས་པའི་དབུས་སུ་བྲུབ་ཁུང་བཞག །དེའི་ནང་དུ་དུག་ཤོག་ལ་དམིགས་བྱའི་ལིངྒ་མིང་རུས་ཅན་ཟག་རྫས་ཀྱིས་སྦགས་པ་ཟན་ལིང་གི་སྙིང་གར་བཅུག་པ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ཏེ་བཅུག །སྟེང་དུ་མཉྫའི་ཁར་ལྕགས་སྣོད་དུ་སྲན་རྗེན་གཙོ་བོར་གྱུར་པའི་འབྲུ་སྣའི་ཕྱེ་དུག་ཁྲག་གིས་སྦྲུས་པའི་བཤོས་བུ་གྲུ་གསུམ་ཐོག་མདེའུ་ལྟ་བུ་འཁོར་བཞི་དང་ཁྲག་ཀོང་མཐེབ་ཀྱུས་བསྐོར་ཞིང་། དུག་ཁྲག་དང་རོ་སོལ་གྱིས་དམར་ནག་ཏུ་བྱུགས་པ་རྩང་དང་ཤ་དུམ་ཡུངས་དཀར་རྒྱུ་རློན་གྱི་ལྡ་ལྡིས་བརྒྱན་པའི་རྩེར་མདའ་དར་ནག་པོ་སྐུ་རྟེན་ཅན་བཙུགས་པ་བཀོད། དེའི་གཡས་སུ་ཐོད་ངན་གྱི་ནང་དུ་ཡུངས་དཀར་ནག །ཀེ་ཚེ་ཤང་ཚེ། རྦབ་རྡོ། ལྕགས་ཕྱེ་ལ་སོགས་པའི་སྐམ་ཐུན། གཡོན་དུ་དུག་སྣ་ཁྲག་སྣས་བཞུར་པའི་རློན་ཐུན། མཐར་དབང་པོའི་མེ་ཏོག་སོགས་དྲག་པོའི་མཆོད་པས་བསྐོར་བའམ་ཕྲེང་ཚར་དུ་བཤམ། མདུན་དུ་ཐུན་གཏོར་གྲུ་གསུམ་ཤ་ཁྲག་སོགས་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་པ། ཁྲག་དང་ཆང་གིས་བཀང་བའི་ཞལ་བུ། གཞན་ཡང་རྟེན་རྫས་སྤྱན་གཟིགས་རྔ་རོལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། བླ་མ་ཞི་དྲག་ལྟ་བུའི་བདག་བསྐྱེད་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་རྫས་བྱིན་གྱིས་བརླབ་པ་ནས་གཟུང་དཀྱུས་ཀྱི་བཟླས་པའི་བར་ལས་བྱང་ལས་བཞི་རྣམ་རོལ་བཞིན་སོང་ནས། ཁྱད་པར་དྲག་པོའི་ལས་ལ་བསྐུལ་བའི་བཟླས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་འཕྲོས། མདུན་གྱི་མགོན་པོའི་ཐུགས་རྒྱུད་བསྐུལ། དེ་ཉིད་ཁྲོས་འཁྲུགས་རྔམས་པར་བཞེངས་ནས་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་བུ་ཡུག་འཚུབས་པ་ལྟར་སྤྲོས་པས་དགྲ་བགེགས་གསོད་གཅོད་ཀྱི་ལས་མཛད་པར་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ སྲོག་ལ་ཛ༔ སྙིང་ལ་རྦད༔ རྩ་ལ་བྲེང་ཤག༔ ཛ་ཁྲམ་ཡ་ཕཊ༔ ཅེས་དྲག་ཏུ་བཟླ་ཞིང་ཞར་བྱུང་ཐུན་རྫས་ལ་ཡང་མཐུ་བསྐྱེད། དེ་ནས་ཐུན་གཏོར་ལ་རཀྟ་བྲན། ཕོ་ཉ་རྣམས་ཀྱིས་དམིགས་བྱ་བཀུག་པར་བསམ་ལ་དགུག་གཞུག་བྱ། བདུད་རྩིས་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྦར་བ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་ནམ་གསུམ་སོགས་ཀྱིས་ཡིད་ཆེས་པར་བསྔོས་ལ། ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ ཞེས་སོགས་ཀྱི་མཐར་དྲག་རོལ་ཡུན་རིང་བ་དང་བཅས་པས་གཏའ་གཏོར་སྟོབས་ལ་ཡང་གཅིག་བཤམ། ལས་བཞི་རྣམ་རོལ་དུ་བཤད་པ་བཞིན་སྐོང་རྫས་བྱིན་རླབས་ནས་ལས་ཀྱི་གཉེར་གཏད་པའི་བར་སོང་ནས། ཐུགས་དམ་བསྐུལ་བ་ནི། གཏོར་མ་ལ་སྨན་རཀ་བྲན་ཏེ། ཧཱུྃ་བྷྱོ༔ དམིགས་མེད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ དཔལ་ཆེན་ཁྲོ་རྒྱལ་དྲེགས་འདུལ་ནག་པོ་ཆེ། །འབར་བའི་དབྱིངས་ནས་བསྐུལ་ལོ་སྐུ་བཞེངས་ཤིག༔ སངས་རྒྱས་བསྟན་པ་སྐྱོང་ཕྱིར་སྐུ་བཞེངས་ཤིག༔ ལོག་ལྟའི་དགྲ་བགེགས་འདུལ་ཕྱིར་སྐུ༴ དུས་ངན་མཐའ་དམག་བཟློག་ཕྱིར་སྐུ༴ བྱད་མ་རྦོད་གཏོང་བཟློག་ཕྱིར་སྐུ༴ དཔལ་ཆེན་རྡོ་རྗེ་སྲིན་པོ་སྐུ༴ མཐུ་ཆེན་དྲག་པོ་ཞལ་བཞི་སྐུ༴ ཡུམ་མཆོག་རེ་ཏི་ཆེན་མོ་སྐུ༴ སྟོབས་ལྡན་ལས་མཁན་སྡེ་བཞི་སྐུ༴ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་སྐུ་བཞེངས་ཤིག༔ བཞེངས་ཤིག་བཞེངས་ཤིག་རང་རང་གནས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་བསྐུལ། གསེར་སྐྱེམས་སྤྱི་ལྟར་ཕུལ་ནས་སྔར་གྱི་བྲུབ་ཁུང་གི་ལིངྒ་ལ་དམིགས་བྱ་བསྐྱེད་ཆོག་བྱས་ཏེ། བདག་མདུན་ཐུགས་ཀའི་སྔགས་ཕྲེང་ལས༔ ལས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ གནོད་བྱེད་ཐམས་ཅད་འུབ་ཀྱིས་བསྡུས༔ མདུན་གྱི་རཱུ་པ་ཉིད་ལ་བསྟིམ༔ ཞེས་པའི་དམིགས་པ་དང་སྦྱར་ཏེ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དགུག་གཞུག་གི་མཐར་དྲག་སྔགས་ཀྱིས་སྣ་དྲངས་པའི་གནོད་བྱེད་ཆེ་གེ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ནན་ཏན་དུ་དགུག་ཅིང་། སླར་ཡང་། ཧཱུྃ༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ལོག་འདྲེན་བར་གཅོད་དགྲ་བགེགས་རྣམས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ གང་ཞིག་དཀོན་མཆོག་གསུམ་སྨོད་དང༔ བླ་མ་ལ་བརྙས་སེམས་ཅན་འཚེ༔ བདག་གིས་བསྒོ་བ་ཀུན་ཁུག་ལ༔ ལིང་ག་འདི་ལ་མྱུར་དུ་ཆུག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ ཞེས་པས་ཡིད་ཆེས་པར་བཀུག་ལ་གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་ལྷ་དང་དབྱེ། དེ་ནས་སྔར་གྱི་དྲག་བཟླས་ཀྱི་དམིགས་གནད་གསལ་ལ་དྲག་སྔགས་དཔུང་ཚུགས་སུ་བཟླ་ཞིང་ཐུན་ལ་ཡང་སྔགས་ལ། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་ཁར་གཟིར་ཞིང་བསྡིགས་པས་གཟུགས་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ་ལ། ཧཱུྃ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ གཏུམ་དྲག་ཕོ་ཉ་འབར་བའི་ཐུན༔ རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ༔ མི་བཟད་མཚོན་ཆའི་འཕྲུལ་འཁོར་ནི༔ གནམ་ས་འཁྲུགས་པའི་ཐོག་སེར་བཞིན༔ དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡཱ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་སྔར་གྱི་དྲག་སྔགས་བཟླ་བཞིན་པར་སྐམ་ཐུན་གྱིས་བྲབ། རློན་ཐུན་གྱིས་གཤེར་བས་དམིགས་བྱ་བསད་གཅད་རྡུལ་དུ་བཅོམ་པར་བསམ་ལ། དེའི་སྙིགས་མའི་ཤ་རུས་དང་དབྱེར་མེད་དུ་བྱས་པའི་ཐུན་གཏོར་འབུལ་ཚུལ་སྔར་དང་འདྲ་བས་རྟགས་མཐོང་གི་བར་སྒྲུབ་པའམ། ལས་སྦྱོར་གྱི་འདྲ་འབག་ཙམ་ལ་ཞག་གི་རིམ་པ་ཇི་ཙམ་འོས་པ་དེ་ཙམ་དུ་བསྒྲུབས་པའི་ནུབ་ཐ་མ་ཕུར་བུས་བཏབ་རྣམ་ཤེས་སྤར་ལ་མཚོན་ཆས་བསྒྲལ་ཏེ་བསྟབས་ལ། ཁོང་བའི་ལིང་རྐྱང་སླར་མཐའ་སྡུད་དམིགས་གསལ་བྱེད་ན་དེ་ལྟར་དང་། དེ་མིན་སྐབས་འདིར་སྟོབ་པ་དང་སྦྲེལ་ལ་མེར་བསྲེག་པ་རྣམས་ཁྱད་པར་རོ། །གསུམ་པ་རྗེས་ལས་ཀྱི་མཐའ་སྡུད་ནི། སྒྲུབ་ཞག་རྫོགས་པའི་ནུབ་ཐ་མའི་ཚེ་གཏའ་གཏོར་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་འཕྱར་དར་ནག་པོས་སྣ་དྲངས་ཏེ་གང་དུ་འཕང་བའི་སར་སོང་ལ། ཕུད་ཕྱོགས་བཅུར་འཐོར་ཞིང་། ཀྱེ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །ལྕམ་དྲལ་འཁོར་དང་བཅས་པ་དང་། །སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས། །གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ༔ ཟོར་སྒོ་དགྲ་བགེགས་སྟེང་དུ་ཕྱེས༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ ཁྲག་འཐུང་ཁྲོ་བོའི་དམག་དཔུང་སྐྱེད༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཟོར་ལམ་བསལ་ནས། སླར་ཡང་། ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུ༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ གཡས་པས་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་ཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཁྱོད་ཀྱི་ལས་བྱེད་དྲེགས་པ་བཞི༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་དྲག་པོར་བསྐུལ་ཞིང་སྔགས་རྣམས་དྲག་ཏུ་བཟླ། རོལ་མོའི་སྒྲ་དམོད་མོ་དང་བཅས་པས་གཏོར་མ་དགྲ་ཕྱོགས་སུ་འཕང་། སྲུང་མ་འཁོར་དང་བཅས་དཔའ་བའི་ངར་སྒྲ་དང་བཅས་བསྐྱོད་པས་དགྲ་བོའི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ། སྲུང་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་མཚམས་གཅད། སླར་ནང་དུ་ལོག་ནས་མཆོད་ཅིང་བསྟོད། བཟོད་པར་གསོལ། བརྟན་བཞུགས་དང་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་སོགས་ཀྱིས་མཐའ་བསྐྱང་ངོ་། །མནན་པས་མཐའ་སྡུད་ན་གོང་གི་ཤོག་ལིང་དྲིལ་ལྟེབ་ཚོན་སྐུད་ཀྱིས་བཅིངས་གླང་རུར་བཅུག །ཐུན་རྫས་ཀྱིས་བཀང་རེ་བས་དྲིལ། རྩ་སྔགས་ཀྱི་ཤམ་བུར་མཱ་ར་ཡ་ནན་བཏགས་པ་མང་དུ་བཟླས་ནས་མཆོད་རྟེན་གྱི་འོག་གམ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་ནས་བྲོ་བརྡུང་སོགས་བྱའོ། །བསྲེག་པས་མཐའ་སྡུད་ན། ཚེར་མ་ཅན་གྱི་ཧོམ་ལ་མེ་སྦར་དེར་མགོན་པོ་འཁོར་བཅས་བསྐྱེད་ལ་ཞལ་རབ་ཏུ་གདངས་པར་དམིགས་བྱ་གསོལ་བར་བསམ་ལ། གོང་གི་ཤོག་ལིང་དང་དུག་ཁྲག་ཚིལ་ཞུན་ཐུན་རྫས་རྣམས་བསྲེག་རྫས་སུ་ཕུལ་ལ་སྔགས་མཐར་མཱ་ར་ཡ་ཛྭ་ལ་རཾ་ཞེས་བཟླ་ཞིང་བཞེས་སྒྲ་དྲག་པོ་དང་བཅས་པས་བསྲེག་གོ །དེ་གསུམ་མཉམ་སྒྲུབ་བྱེད་ན་མནན་བསྲེག་གཉིས་འཕང་བའི་གོང་དུ་བྱ་ཞིང་། སྤྱིའི་ཁོག་དབུབ་ནི་ལས་དེ་དང་དེ་རང་ཐད་དུ་བཤད་པ་རྣམས་ལས་འཕྲུལ་ཤེས་པར་བྱའོ། །གཏེར་མགོན་ཞལ་བཞི་པའི་དྲག་གཏོར་གྱི་ལས་རིམ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་འདི་ཡང་མདོ་ཁམས་པ་དགེ་སློང་ཨོ་རྒྱན་ལྷུན་གྲུབ་བསྟན་འཕེལ་གྱིས་བསྐུལ་བའི་ངོར་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བློ་གསལ་རྒྱ་མཚོས་བགྱིས་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).