Terdzo-NYI-002
དཔལ་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་
by གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle སྨིན་གཏེར་དཔལ་མགོན་ཞལ་བཞི་པ་ (Smin gter dpal mgon zhal bzhi pa)
parent cycle ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 38 (ཉི) / Pages 17-32 / Folios 1a1 to 8b3
Tibetan Text
༄༅། །དཔལ་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་དྷཱ་རཱ་ཡ། རྒྱལ་བ་ཀུན་གྱི་བསྟན་སྲུང་ཕྱིར། །ཧེ་རུ་ཀ་དཔལ་ནག་པོ་ཆེར། །ཡོངས་བཞེངས་དེ་ལ་གུས་བཏུད་ནས། །འཕྲིན་ལས་ཆོ་ག་མདོ་ཙམ་བཤད། །འདིར་དཔལ་མགོན་ལྕམ་དྲལ་མཆོད་ཅིང་མཉེས་པར་བྱ་བའི་ལས་ཀྱི་རིམ་པ་ལ་སྦྱོར་བ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་རྒྱུན་གྱི་མཆོད་གཏོར་ནར་མའམ། ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་ལ་ཡིད་དང་མཐུན་པའི་གནས་ཁང་ལེགས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པ་ལ་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར། འབྲུ་ནག་གི་ངར་ཕྱེ་སོགས་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལ་གཏོར་མ་རི་རབ་བང་རིམ་བཞི་སྟེང་དུ་གཙོ་བོའི་བཤོས་བུ་གྲུ་གསུམ་སྙིང་གཟུགས་མ་བཞག །བང་རིམ་དང་པོའི་ཕྱོགས་བཞིར་མདུན་ནས་བརྩམ་སྟེ་བཤོས་བུ་གྲུ་གསུམ་སྦྲུལ་དཀྲིས། གྲུ་གསུམ་པ་དམར་ནག །གྲུ་གསུམ་གཡས་གཅུས་གཟའ་མིག །གྲུ་གསུམ་རྐྱང་པ་སྟེ་ལས་མཁན་བཞིའི་བཤོས་བུ། བང་རིམ་གྱི་རྩ་བར་ཕོ་ཉ་སྤྱི་ལ་བཤོས་བུ་གྲུ་གསུམ་གྲངས་མེད་མཐེབ་ཀྱུས་བསྐོར་བ། དེ་དག་ལ་ཤ་ཁྲག་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་ཅིང་མདའ་བྱ་རྒོད་དམར་ནག་གི་ཅོད་པན་བཏགས་པ་གཟུག །དེའི་མདུན་དུ་ཐུན་མཐའི་འབུལ་གཏོར་དང་། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། དེ་དག་གི་མདུན་ངོས་སུ་ཕྱིའི་ཉེར་སྤྱོད་ལྔ་དང་། དབང་པོའི་མེ་ཏོག་ལ་སོགས་པ་ཁྱད་པར་གྱི་མཆོད་པ་རྣམས་དང་། གཞན་ཡང་ཡི་དམ་དང་ཆོས་སྐྱོང་གཞན་གྱི་གཏོར་མ་ཡོད་ན་གོ་རིམ་མ་ནོར་བར་ལག་ལེན་སྤྱི་འགྲོ་ལྟར་བསྒྲིག །སྒྲུབ་པ་པོའི་མདུན་དུ་རྡོར་དྲིལ་ནང་མཆོད་གཡབ་དར་སོགས་དང་རོལ་མོའི་ཆས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བཤམས་ནས། ཆོ་གའི་སྔོན་འགྲོ་ནི་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་སྐད་ཅིག་གིས་ལྷར་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་ཡི་དམ་ཞི་ཁྲོའི་རིགས་གང་རུང་ཞིག་གི་བདག་བསྐྱེད་སྐབས་འདིར་བྱའོ། །མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས། །དུར་ཁྲོད་ཞིང་ཁམས་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་འདོད་ཡོན་མཆོད་པའི་ཆར་འབེབ་པས། །རབ་འབྱམས་ནམ་མཁའི་ཁམས་རྣམས་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ། ཞེས་མཆོད་ཅིང་རོལ་མོའི་སྒྲ་སྦྱར། གཏོར་མ་ལ་དམིགས་ཏེ། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི༔ འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས༔ ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས༔ བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ་གྱི་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ནི། མདུན་རྟེན་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྣང་གྲགས་འཁོར་འདས་ཆོས་ཀུན་སྟོང་པར་གྱུར༔ སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་ཀྱི༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་དུ་ན་ལས་ཀླུ་བདུད་རྔམ་པའི་གཟུགས༔ མཐིང་ནག་སྦྲུལ་ཞགས་གྲི་གུག་ཕྱག་ན་བསྣམས༔ རལ་པ་གྱེན་བརྫེས་སྐུ་སྨད་སྦྲུལ་དུ་འཁྱིལ༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡ་མ་རཱ་ཛ་གཤིན་རྗེའི་གཙོ༔ དམར་ནག་རྡོ་རྗེའི་ཐོད་དབྱུག་དུང་ཁྲག་འཐུང༔ དུར་ཁྲོད་ཆས་ལྡན་མ་ཧེ་སེར་ནག་ཞོན༔ རབ་འཇིགས་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ ནུབ་ཏུ་རཱ་ཧུ་ལ་ཉིད་དམར་ནག་མདོག༔ ཆུ་སྲིན་ཞགས་པ་ཐོད་ཁྲག་ཕྱག་ན་བསྣམས༔ མིག་སྟོང་དང་ལྡན་ཆུ་སྲིན་དམར་སྐྱ་ཞོན༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ བྱང་དུ་ཀྵ་ལས་སྲིན་པོ་སྨུག་ནག་ནི༔ གཡས་གཡོན་རལ་གྲི་དུང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་ཆས་ལྡན་ཞབས་གཉིས་དོར་སྟབས་བགྲད༔ ལས་བྱེད་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ གཞན་ཡང་བཀའ་སྡོད་དྲེགས་པ་ལས་བྱེད་དང༔ ཤ་ཟ་བཤན་པ་སྤྲུལ་པ་ཡང་སྤྲུལ་བཅས༔ གསལ་བའི་ཐུགས་ཀའི་འོད་ཀྱིས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བསམ༔ སྤྱན་འདྲེན་པ་ནི། སྦྱར་བའི་སྤོས་བསྲེག་རོལ་མོའི་འགྱུར་བ་དང་བཅས་པའི་ང་རོའི་དབྱངས་ཀྱིས། ཧཱུྃ༔ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་དྲེགས་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ༔ དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས༔ རང་རང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང༔ རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ༔ འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས༔ ཕྱོགས་བཅུའི་ཞིང་ནས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་རེ་མ་ཏི་ས་མ་ཡ་ཛ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་པས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམ་ནས། བཞུགས་སུ་གསོལ་བ་ནི། ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུགས་པའི་དབུས༔ ལོག་འདྲེན་དྲེགས་པ་པདྨ་ཉི་ཟླའི་སྟེང༔ དྲེགས་པ་ཀུན་འདུལ་ལྷ་མཆོག་འཁོར་དང་བཅས༔ འཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྻ་ཏི་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། དམ་ལ་བཞག་པ་ནི། ཡི་དམ་གྱི་སྙེམ་པ་བརྟན་པོས། མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྕེ་ལ་བླུད་པར་མོས་ཏེ། ཀྱཻ༔ ལེགས་ལྡན་མགོན་པོ་རྡོ་རྗེ་ནག་པོ་ཀྱེ༔ སྔོན་ཚེ་ཀུན་བཟང་རྡོ་རྗེ་འཆང་དབང་གིས༔ ཁྱོད་ནི་གསང་སྔགས་བཀའ་ཡི་སྲུང་མར་བསྐོས༔ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ཚིག་གཉན་པོའི་གཉེར་ཁ་ཡོངས་གཏད་པའི༔ ཁས་བླངས་དམ་བཅས་གཡེལ་བར་མ་མཛད་པར༔ བཅོལ་བའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག༔ ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་རཀྵནྟུ༔ ཞེས་དམ་ལ་བཞག་པས་ཇི་ལྟར་བསྒོ་བའི་འཕྲིན་ལས་སྒྲུབ་པ་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། མཆོད་པ་ནི། ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ མ་རུངས་ལོག་འདྲེན་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་དོན་སྙིང་ལྔ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ དམར་ཆེན་རཀྟ་པཉྩ་ཨ་མྲྀཏ༔ མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ མ་ལུས་དངོས་བཤམས་ཡིད་སྤྲུལ་དམ་པ་འདི༔ བསྟན་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ སརྦ་པཱུ་ཛ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་ཙམ་གྱིས་མཆོད་པའམ། སྤྲོ་ན། ཧཱུྃ། བཀའ་ཡི་བསྟན་སྲུང་དཔལ་ལྡན་ནག་པོ་ཆེ། །ལྕམ་དྲལ་ཕོ་ཉ་འཁོར་དང་བཅས་རྣམས་ལ། །དངོས་སུ་བཤམས་དང་ཏིང་འཛིན་རྣམ་རོལ་ལས། །མངོན་པར་སྤྲུལ་པའི་མཆོད་པ་འདི་འབུལ་ལོ། །དམར་ཆེན་ཨརྒྷཾ་རྦ་ཀློང་འཁྲུག་པའི་དབྱིངས། །རྣམ་བཀྲ་དབང་པོའི་མེ་ཏོག་ལང་ལོང་འཕྱོ། །སྦྱར་དང་རང་བྱུང་སྤོས་སྤྲིན་གཏིབས་པའི་རུམ། །ཞུན་ཆེན་སྣང་གསལ་སྒྲོན་མེ་གློག་སྟོང་འཁྱུག །མཁྲིས་ཆེན་བྱུག་པའི་ཆར་རྒྱུན་རྒྱ་མཚོར་བསྐྱིལ། །ཤ་རུས་བཟའ་བའི་ཞལ་ཟས་རི་བོར་སྤུངས། །རྔམ་བརྗིད་རོལ་མོའི་སྒྲ་ཡིས་ས་གསུམ་གཡོ། །མདོར་ན་ཕྱི་ནང་གསང་བའི་དམ་རྫས་སུ། །གྱུར་པའི་འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་སྟེ་འབུལ། །ཐུགས་དམ་དབང་གིས་བཞེས་ནས་འཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤ་མ་ཤཱ་ན་པཱུ་ཛ་ཨརྒྷཾ་ནས་ཤབྡའི་བར་དང་། ཧཱུྃ། རྩ་བརྒྱད་སྟོང་ལས་སྦྱར་བའི་འཆི་མེད་སྨན། །འབྲུ་བཅུད་མྱོས་བྱེད་དཔའ་བོའི་ཆང་དང་སྦྱར། །ཟག་མེད་བདུད་རྩི་མཆོག་གི་མཆོད་པ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཧཱུྃ། དགྲ་བགེགས་སྙིང་ཁྲག་རྦ་ཀློང་འཁྲུག་པའི་མཚོར། །སྣ་ཚོགས་ཁྲག་སྣ་སྟོང་གི་འདབ་ལྡན་ཅན། །འདོད་ཡོན་ལྷ་མོའི་ལྦུ་འཕྲེང་གཡོ་བ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། སྟོང་གསུམ་དང་མཉམ་རང་བྱུང་ཀ་པཱ་ལར། །ཤ་ཆེན་ལྔ་དང་བདུད་རྩི་རྣམ་ལྔ་སོགས། །སྣ་ཚོགས་བཟའ་བའི་འདོད་ཡོན་གཏོར་མ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀཱ་ལི་དེ་ཝཱི་ཧཱུྃ་བྷྱོ་ཧཱུྃ་ས་པ་རི་ཝཱ་ར་སོགས། ནཱ་ག་རཀྴ་ཡ་མ་རཱ་ཛ་རཀྴ་ས་རཱ་ཧུ་ལ་རཀྴ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་སོགས། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་ནག་པོ་ཆེན་པོ་ཞལ་བཞི་པ། ཡུམ་ཆེན་མ་མོ་ནམ་གྲུ །བཀའ་སྡོད་ལས་མཁན་སྡེ་བཞི། སྲོག་གཅོད་བཤན་པ་བྱེ་བའི་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་བས་ལས་ཐམས་ཅད་བསྒོ་བ་བཞིན་མཛད་པར་བསམ་མོ། །བསྟོད་པ་ནི། ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང༔ རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན༔ དྲེགས་པ་ཀུན་འདུལ་ཁྱོད་ལ་བདག་བསྟོད་དོ༔ སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད༔ རྣམ་བཞིའི་འཕྲིན་ལས་ཅི་བཅོལ་ཐོགས་པ་མེད༔ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན༔ ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ༔ ཕྱོགས་བཞིའི་གནས་ནས་སངས་རྒྱས་བསྟན་པ་སྲུང༔ སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འགྱེད༔ སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི༔ དྲེགས་པ་འཁོར་དང་བཅས་ལ་བདག་བསྟོད་དོ༔ ཞེས་དང་། ཀ་དག་དབྱིངས་ལས་སྙིང་རྗེས་ཁྲོས་པའི་སྐུ། ཁ་དོག་མི་བཟད་དུས་མཐའི་ཆར་སྤྲིན་འདྲ། །ག་ཤ་མགོ་ཕྲེང་དུར་ཁྲོད་ཆས་ཀྱིས་བརྒྱན། །ང་རོའི་གད་མོས་ས་གསུམ་གཡོ་ལ་བསྟོད། །ཅ་ཅོ་གདུང་བའི་ཤུགས་ཀྱིས་བསྐུལ་བསྒྲུབ་ཚེ། །ཆ་ལུགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །ཇ་རིལ་ཐོད་པའི་གུར་ཁང་བསྐལ་མེའི་ཀློང་། །ཉ་རྒྱས་སྟོན་ཟླའི་མཛེས་པ་ངོམ་ལ་བསྟོད། །ཏ་ཐཱ་ག་ཏའི་སྤྱན་སྔར་ཞལ་བཞེས་པའི། །ཐ་ཚིག་རྡོ་རྗེའི་དམ་ལས་མི་འདའ་བར། །ད་ལྟ་དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །ནམ་མཁའ་མཛོད་ཀྱི་དངོས་གྲུབ་སྦྱིན་ལ་བསྟོད། །པ་སངས་ལྟར་དཀར་མཆེ་བའི་རྣོ་དབལ་གྱིས། །ཕ་རོལ་སྡེ་དང་བཅས་པ་ཞལ་བསྟབ་ཚེ། །བ་ལང་སྤྱོད་སོགས་གླིང་བཞིའི་དྲེགས་པ་ཀུན། །མ་ལུས་ཞུམ་སྟེ་ཁྱོད་སྐྱབས་གསོལ་ལ་བསྟོད། །ཙ་ཏུར་བཞིན་གྱི་སྤྲིན་རུམ་ཆེན་པོ་ལས། །ཚ་ངར་རྡོ་རྗེའི་མེ་ཆར་མི་བཟད་པས། །ཛ་ལང་གདུག་པའི་དཔུང་ཚོགས་མ་ལུས་པ། །ཝ་སྐྱེས་བཞིན་དུ་འཇོམས་པར་མཛད་ལ་བསྟོད། །ཞ་རེངས་ལ་སོགས་མི་བཟད་ཆོ་འཕྲུལ་གྱིས། །ཟ་མ་ཙམ་ལ་དགྲ་བོ་དཔུང་དང་བཅས། །འ་འུར་བརླག་མཛད་རྒྱལ་བའི་བསྟན་སྲུང་གཙོ། །ཡ་མཚན་ཆོ་འཕྲུལ་ཅིར་ཡང་སྟོན་ལ་བསྟོད། །ར་བ་གངས་རིས་མཛེས་པའི་སྨན་ལྗོངས་འདིར། །ལ་ལར་ཞི་དང་ལ་ལར་ཁྲོ་གཏུམ་གྱིས། །ཤ་ཁྲག་དོན་སྙིང་དབུགས་ལ་ལོངས་སྤྱོད་ཀྱང་། །ས་བཅུའི་དབང་ཕྱུག་ཆེན་པོར་གྱུར་ལ་བསྟོད། །ཧ་ཅང་གཅམ་བུ་མིན་པའི་གདུང་བའི་དབྱངས། །ཨ་ལ་ལ་ཞེས་ཁྱོད་ལ་གུས་བསྟོད་ན། །ཧ་ཧའི་གསུང་དང་དགྱེས་པའི་ཞལ་བཟང་པོ། །ཨ་ཧོ་མིག་གི་བདུད་རྩིར་སྟོན་པར་མཛོད། །ཅེས་བསྟོད་ནས། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་པ་བྱས་ནས། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་། ཡུམ་འཁོར་རྣམས་ཀྱི་སྔགས་སོ་སོར་མགོར་ཨོཾ་དང་མཐར་ཧཱུྃ་ཕཊ་བཏགས་ཏེ་བཟླ་བར་བྱའོ། །དེ་ནས་སྐོང་བ་བྱེད་པར་འདོད་ན་སྐོང་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན། བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ། ན་མཿསརྦ་ཏ་ཐཱ་ག་ཏེ༴ བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ནས། ཧཱུྃ། ཧེ་རུ་ཀ་དཔལ་ཐུགས་རྗེ་ཁྲོས་པའི་གར། །མི་བཟད་བདུད་ཀྱི་སྟོབས་འཕྲོག་ནག་པོ་ཆེ། །འཇིགས་རུང་སྲིན་པོའི་གཟུགས་ཅན་གདོང་བཞི་པ། །བཀའ་སྡོད་ཕོ་ཉར་བཅས་པ་ད་ཚུར་བྱོན། །ཕ་མཐའ་བརྒལ་པའི་འཇིག་རྟེན་ཁྱོན་གང་བའི། །དངོས་བཤམས་ཡིད་སྤྲུལ་འདོད་ཡོན་འབྱོར་པའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །འབུལ་ལོ་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ། །གདུག་ཅན་དགྲ་དང་བགེགས་རྣམས་བསྒྲལ་པ་ཡི། །གཟུགས་ཕུང་ལས་གྲུབ་དམར་གྱི་ཨརྒྷཾ་དང་། །དྲག་པོའི་ཉེར་སྤྱོད་སྙན་བརྗིད་རོལ་མོའི་སྒྲ། །ཤ་ལྔ་བདུད་རྩི་རྣམ་ལྔས་ཐུགས་དམ་བསྐང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་རྒྱལ་སྲིད་བདུན་དང་བཀྲ་ཤིས་པའི། །རྟགས་རྫས་ལྷ་མིའི་འདོད་ཡོན་འབྱོར་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་ཛ་གད་མ་ད་ན། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་འཁྲུག་པའི་མཚོ། །ལྷུན་པོ་ལྟར་བརྗིད་འདོད་དགུའི་བ་ལིཾ་ཏ། །མཉམ་སྦྱོར་དགའ་བཞིའི་རོལ་པས་ཐུགས༴ མྱུར་འགྲོའི་ཅང་ཤེས་བརྗིད་ལྡན་གཡག་རྒོད་ངར། །མཛེས་པའི་ལུག་ནག་བྱ་རོག་འཕུར་ལྡིང་གཡོ། །དཔའ་གཏུམ་ཁྱི་སོགས་ཀུན་ཀྱང་མུན་པའི་མདོག །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས༴ དར་ནག་གཡབ་དར་འདོད་ཡོན་དུར་ཁྲོད་ཆས། །ནག་པོའི་ཞྭ་གོས་གྲི་གུག་རལ་གྲི་དང་། །མདུང་ཐུང་བྷཉྫ་བྱ་རོག་རྒྱལ་མཚན་སོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས༴ སྐུ་གཟུགས་སྔགས་བྱང་གྲི་རྒོད་སྙིང་ནང་དུ། །སྲོག་འཁོར་བླ་རྡོའི་ཆས་བཅུག་སྨྱུག་རྒོད་མདར། །སྟག་གཟིག་རས་མ་དར་སྣས་དཔྱངས་པ་སོགས། །མི་འབྲལ་གསང་བའི་རྟེན་གྱིས་ཐུགས༴ རྣམ་བཀྲའི་སྤྱན་གཟིགས་ཁོར་ཡུག་ཀུན་ཏུ་བྲེས། །གར་འཆམ་ཕྱག་རྒྱའི་རོལ་གར་བརྗིད་བག་གཡོ། །ཡས་ཐགས་མདོས་ཀྱིས་སྣང་སྲིད་མ་འདྲེས་འཆར། །བརྟན་གཡོའི་དངོས་ཀུན་ཚོགས་པས་ཐུགས༴ ཕུང་ཁམས་སྦྱང་གཞི་བསྐྱེད་རྫོགས་ལམ་གྱིས་སྦྱངས། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་རྩེ་མོར་སོན། །ཆོས་ཀུན་ཀ་ནས་དག་པའི་བདེ་ཆེན་གདངས། །སྒྱུ་མའི་རོལ་པར་ཤར་བས་ཐུགས་དམ་བསྐང་། །ཞེས་བསྐང་བ་བྱ་ཞིང་མ་སྐོང་པ་རྣམས་བཤགས་པར་བསམ་ལ། ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ །གཏུམ་ཆེན་ནག་པོ་ཆེན་པོར་རྣམ་རོལ་བ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་ཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །དེ་ནས་འཕྲིན་ལས་གསོལ་བ་ནི། ཧཱུྃ༔ དཔལ་ལྡན་དྲེགས་པ་འཁོར་དང་བཅས་པ་རྣམས༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་གསོལ་ནས་གཙང་སར་ཕུལ་ཏེ་རྗེས་ཀྱི་བྱ་བ་ལ་འཇུག་པའམ། གལ་ཏེ་དྲག་པོའི་ལས་ལ་བསྐུལ་བར་འདོད་ན་ཐུན་གྱི་གཏོར་མ་ལ་རཀྟ་བྲན་ནས་བདེན་པའི་སྟོབས་བརྗོད་དེ་དམིགས་བྱ་བཀུག །སྨན་ཕུད་བྲན་ནས་ཤ་ཁྲག་བདུད་རྩིར་སྤེལ་བ་ལྷ་སྔགས་ལ་གཏོར་སྔགས་བཏགས་ཏེ་ཕུལ་བས་ཧབ་དིར་གྱིས་གསོལ་བར་བསམ་ལ། ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུས༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན༔ གཡས་པ་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་འཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་བྷྱོ༔ ཞེས་དང་ལས་སྔགས་དྲག་ཏུ་བཟླས་པས་མགོན་པོ་འཁོར་བཅས་ཀྱིས་དགྲ་བོ་ལྷག་མེད་དུ་གསོལ་ཞིང་ཚར་བཅད་པར་བསམ་ནས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །གསུམ་པ་རྗེས་ནི། སླར་ཡང་མཆོད་པ་གསར་དུ་བཤམས་པས་མཆོད་ཅིང་བསྟོད་ནས། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་ཞེས་པས་རང་གནས་སུ་གཤེགས། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །དཔལ་ལྡན་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོར། །རྗེས་ཆགས་བདུད་འདུལ་དཔའ་བོ་ཞལ་བཞི་པར། །རྣམ་རོལ་འཁོར་བཅས་སྒྲུབ་ཅིང་མཆོད་པའི་ཐབས། །ཉུང་གསལ་འཇུག་བདེའི་འཕྲིན་ལས་ཁྲིགས་སུ་བསྡེབས། །ཚུལ་འདིས་མཆོད་བསྙེན་ནན་ཏན་ལྷུར་བྱེད་དེར། །དམ་ཅན་དབྱིངས་ནས་དགྱེས་པས་རྗེས་སྐྱོང་ཞིང་། །མི་འབྲལ་ལུས་དང་གྲིབ་མ་ལྟར་འགྲོགས་ནས། །རྣམ་བཞིའི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ། །ཅེས་གཏེར་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་ཞེས་བྱ་བ་འདི་ནི། རྣམ་དཔྱོད་བློ་གྲོས་ཀྱི་ནོར་ལྡན་ཀླུ་ཁང་པ་གྲ་ལྔས་ནན་ཏན་ཆེན་པོས་བསྐུལ་བ་ལས། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་བའི་ཡི་གེ་པ་ནི་རྣམ་གྲོལ་ལོ།། །།
Footnotes
Other Information
- RTZ Volume 38
- Gter bdag gling pa 'gyur med rdo rje
- Rin chen gter mdzod
- Rin chen gter mdzod Shechen Edition
- Smin gter dpal mgon zhal bzhi pa
- Zab chos rig 'dzin thugs thig
- O rgyan rnam grol
- Tibetan Texts
- Tibetan Publications
- Bka' srung
- Dpal mgon zhal bzhi pa
- Revelations - gter ma
- Activity Manual - las byang
- Mahayoga