Terdzo-NGI-015

From Rinchen Terdzö

སྔགས་རྒོད་ལོཀྟྲིའི་སྲུང་ཟློག་གསད་པའི་མན་ངག་རྡོ་རྗེའི་ཐོག་འབེབ་

sngags rgod lok+t+ri'i srung zlog gsad pa'i man ngag rdo rje'i thog 'beb

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  སྔགས་རྒོད་ལོཀྟྲི་པཱ་ལ་ (Sngags rgod lok+t+ri pA la)
Volume 34 (ངི) / Pages 197-232 / Folios 1a1 to 18b3

[edit]

༄༅། །སྔགས་རྒོད་ལོཀྟྲིའི་སྲུང་ཟློག་གསད་པའི་མན་ངག་རྡོ་རྗེའི་ཐོག་འབེབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བླ་མ་དྲང་སྲོང་གསང་བའི་བདག །དབྱེར་མེད་དེ་ལ་ཕྱག་བྱས་ནས། །སྔགས་རྒོད་ལོཀ་ཏྲིའི་སྲུང་ཟློག་སོགས། །ལས་སྦྱོར་འཇུག་བདེའི་ཁྲིགས་སུ་སྤེལ། །འདིར་སྔགས་རྒོད་ལོཀ་ཏྲིའི་སྒོ་ནས་སྲུང་ཟློག་ལ་སོགས་པའི་ལས་ཀྱི་རིམ་པ་བསྒྲུབ་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཅའ་གཞི་དང་། དངོས་གཞི་སྒྲུབ་པའི་ལས་རིམ། ལས་ཀྱི་ཁ་བསྒྱུར་བྱ་ཚུལ། རྗེས་མཐའ་སྡུད་ཀྱི་ཕྲིན་ལས་སྒྲུབ་ཚུལ་བཤད་པའོ། །དང་པོ་ནི། རིག་གཏད་ཐོབ་ཅིང་བསྙེན་པ་སྔོན་སོང་གི་སྔགས་པས། དུས་ཁྱད་པར་ཅན་ལ། དབེན་པའི་གནས་སུ་མཎྜལ་མདའ་གང་གྲུ་བཞི་དཔངས་མཛུབ་གང་བའི་དབུས་སུ་ཕུང་ཤུལ་གྱི་ས་སྣ་ལ་བྲུབ་ཁུང་གྲུ་གསུམ་བང་རིམ་གསུམ་པ་བརྩིགས་ལ་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་ནང་དུ། རབས་ཆད་ཐོད་པ་མཚན་ངན་དུ་རྦོད་གཏོང་ཟློག་པའི་ལིངྒ་འཁོར་ལོ་ཅན་བཀྲམ་པའི་ཁར་བསད་པའི་ཙཀྲ་མིང་རུས་ཅན་ཚོན་སྐུད་ཀྱིས་བཅིངས་པ་གན་རྐྱལ་དུ་བཞག །སྤྱང་ཀིའི་ཡ་ཐོད་དང་ཕག་གི་མ་མགལ་གཉིས་སྦྱར་བའི་བར་དུ། བསད་འཁོར་སྔར་དང་འདྲ་བ་སྤྱང་ལྕེའམ་སྤྱང་ལྤགས་ཀྱི་ཁུག་མར་བཅུག་པའི་སྙིང་གར་བྱ་རྒོད་དར་མའི་གཤོག་རྒྱངས་ཀྱི་མཆོག་ཕུར་དང་གྲི་ལྕགས་ཀྱི་ཕུར་པ་བཏབ་སྟེ་ཐོད་པ་གཉིས་ཀྱི་བར་དུ་བཅུག།་་་པུ་རི་ནག་པོ་བྲུབ་ཁུང་དང་བཅས་པའི་བཤམ་རྣམས་བཅའ་གཞི་དང་ཆས་བསྡེབས་ནས་འདིར་བཤད་ཀྱི། ལག་ལེན་གྱི་ཚེ་ཟློག་བསད་ཁྱད་པར་བའི་ཁ་སྦྱོར་དབྱེ་མ་ཟིན་གྱི་བར་དུ་འཁོར་ལིང་རྣམས་ལྕགས་སླང་ལྟ་བུའི་བྲུབ་ཁུང་ལ་སོགས་པ་ཞིག་ཏུ་བཤམ་ཞིང་པུ་རིའི་བྲུབ་ཁུང་དུ་ཡང་ཕག་སྤྱང་གི་ཐོད་པ་དང་དམིགས་བྱའི་ལིངྒ་གང་འོས་བཅུག་སྟེ་སྟོང་པར་མ་ལུས་པ་བྱེད། མཆན།༽ ཐོད་པ་གཉིས་ཀྱི་མཆུ་དང་ཕུར་རྩེ་རབས་ཆད་ཐོད་ནང་གི་ལིངྒའི་སྙིང་གར་གཏད་པ་བྲུབ་ཁུང་དུ་བཅུག །ལིངྒའི་སྙིང་ག་ནས་ཚོན་སྐུད་ཀྱི་གཟུངས་ཐག་དྲང་། ཕག་སྤྱང་ཐོད་པའི་བར་གྱི་ལིངྒ་ལ་དཀྲིས། མཆོད་རྟེན་ནག་པོ་མགོ་ཐུར་བསྟན་གྱི་བྲེ་དང་ཐོད་པ་གཉིས་ཀྱི་ལྟག་པ་སྤྲད་པའི་མཆོད་རྟེན་གྱི་ནང་དུ་གཏོར་བྱེད་རླུང་སྲེག་བྱེད་མེ་སྦྱོང་བྱེད་ཆུ་མནན་པ་སའི་འཁོར་ལོ་རྣམས་རིམ་བཞིན་བརྩེགས་པའི་ལྟེ་བའི་ས་བོན་གྱི་མིག་ནས། སྔར་གྱི་གཟུངས་ཐག་ཡར་དྲངས་ཏེ་སྟེང་དུ་མཆོད་རྟེན་དཀར་པོ་ཁྲུ་གང་པས་མནན་པའི་བུམ་རྟེན་ཞབས་སུ་ཐུན་བུག་བྱས་པ་ནས་གཟུངས་ཐག་དྲངས་པ་རང་གི་མདུན་དུ་ལྕགས་ཕུར་ལ་བརྟོད། བུམ་པའི་ནང་དྲི་བཟང་གིས་བྱུག་པར་དབུས་སུ་ཡི་དམ་གྱི་སྐུ་དང་སྲུང་འཁོར་མདུན། ཟློག་འཁོར་རྒྱབ་ཏུ་བཞག །སྨན་ལྔ་སོགས་ལྔ་ཚན་ལྔ་དང་གཟུངས་རྟེན་སེལ་མེད་བྱིན་རླབས་ཅན་གྱིས་དགང་། །རྩེ་ལ་དར་དཔྱང་དང་མེ་ལོང་གདགས་སོ། །རང་གི་མལ་འོག་ཏུ་དོང་གྲུ་གསུམ་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་དབུས་སུ་རབས་ཆད་ཐོད་པརརྦོད་གཏོང་ཟློག་པའི་འཁོར་ལོ་ལིངྒ་ཅན་དུག་ཁྲག་གིས་བྲིས་པ་སྤྱང་ལྕེའི་ཁུག་མར་བཅུག །བྱ་རྒོད་དར་མའི་མཆོག་ཕུར་དུག་ཁྲག་གིས་བྱུགས་པས་ལྕེ་དང་ལིངྒ་གཟེར། སྟེང་ནས་དུར་གཡམ་ལ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་དུ་གདན་བཅའ།་་་འདི་ལྟར་མ་འབྱོར་པས་རོ་སོལ་གྱིས་བྲིས་པའི་ཆོས་འབྱུང་དུ་ལིང་རྐྱང་ཚོན་སྐུད་ཀྱིས་བཅིངས་ཏེ་བཞག་པའི་ཁར་དུར་གཡམ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་དུ་གདན་བཅའོ། །མཆན།༽ པུ་རིའི་ཕྱོགས་གང་བདེར་ལྕགས་སྣོད་དུ་ལས་སྤྱིའི་གཏོར་ཆེན་ནས་ནག་རྗེན་གཏགས་ལ་འབྲུ་སྣ་ལྔའི་ཕྱེ་དང་ཁྱད་པར་གྱི་རྫས་བསྲེས་པ་ཁྲག་ཆང་གིས་སྦྲུས་པའི་གཏོར་མ་གྲུ་གསུམ་དམར་ནག །སྡེ་བརྒྱད་ཀྱི་བཤོས་བུ་བརྒྱད་ཀྱིས་བསྐོར་བ་མཚེ་ཡུངས་དང་རྩང་ཤ་དུམ་དང་ལིངྒས་བརྒྱན་པ་ཁྲག་ཀོང་དང་མཐེབ་ཀྱུས་བསྐོར། རྩེར་མདའ་དར་ནག་པོ་སྲུང་ཟློག་གི་འཁོར་ལོ་དང་སྐུ་རྟེན་ཙཀླིས་བརྒྱན་པ་བཙུག །ཁྱད་པར་སྲུང་བའི་གཏའ་གཏོར་དང་ཐུན་གཏོར་སྨན་རཀ་དྲག་པོའི་མཆོད་པ་རྣམས་ཀྱང་བཤམ། ངོས་གཅིག་ཏུ་ཡི་དམ་གྱི་ལྷ་གཞན་དང་ཆོས་སྐྱོང་སྤྱི་དང་བྱེ་བྲག་རྣམས་ཀྱི་མཆོད་གཏོར་དང་། ཁྱད་པར་དྲང་སྲོང་ཞི་བའི་གཙང་གཏོར་དཀར་གསུམ་མངར་གསུམ་དང་ཤིང་ཐོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། ཆུ་གཉིས་ཉེར་སྤྱོད་སོགས་གཙང་མར་སྦྱར་བའི་མཆོད་པ་རྣམས་དང་། ཚོགས་ཆས་ཐུན་རྫས་རོལ་མོ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་ཚང་བར་བཤམ་མོ། ༈ །གཉིས་པ་དངོས་གཞི་སྒྲུབ་པའི་ལས་རིམ་ལ་སྲུང་བ་ཟློག་པ་བསད་པའི་ལས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྲུང་བ་ནི། ཡར་རམ་མར་གྱི་ངོར་ཡང་རུང་སྟེ་སྲུང་བ་ལ་ཤིས་པའི་གཟའ་སྐར་འཕྲོད་སྦྱོར་འཛོམ་པ་ལ་མཚམས་བཅད། སྔར་བཤམས་པའི་སྟན་ལ་འཁོད་ནས་ལས་བྱང་གི་གཞུང་བསྲང་ལ་ཞི་དྲག་གི་རྩ་སྔགས་བརྒྱ་ཕྲག་ཙམ་རེ་བཟླ། ཚོགས་མཆོད་དང་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ། རྗེས་ཤིས་བརྗོད་ཀྱི་བར་བྱས་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལོ། །དེ་ནས་ཡང་ཐོ་རེངས་གིང་གཟན་ལ་འཇུམ་པའི་དུས་ནས་གཟུང་སྟེ་ཐུན་དྲུག་གི་རིམ་པས་སྒྲུབ་པ་ལས། ཐོག་མར་སྐྱབས་སེམས་ནས་གཟུང་སྔོན་འགྲོ་རྣམས་དང་དངོས་གཞིའི་དྲང་སྲོང་ཞི་བའི་བསྒོམ་རིམ་བཟླས་པ་དང་བཅས་པ་ལས་བྱང་བཞིན་བྱས་ནས། གནས་བསྒྱུར་གྱི་ཚེ་བསྒྲུབ་གཞི་བདག་དང་མདུན་གྱི་པུ་རི་གཉིས་ཀ་བདག་མདུན་དབྱེར་མེད་དུ་གསལ་འདེབས་པ་ཡིན་ཏེ། དེ་ཡང་། རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ལས། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །དཀར་པོ་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་པའི་སྟེང་། །བུམ་པ་བྲེ་དང་ཆོས་འཁོར་གདུགས། །ཉི་ཟླ་ནོར་བུའི་ཏོག་གིས་མཛེས། །གསལ་འཚེར་འོད་ཟེར་ཕྱོགས་བཅུར་འབར། །བུམ་པའི་ལྟོ་བ་ཡངས་པའི་ནང་། །རང་ལུས་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ཆེ་བརྗིད་རྣོ་དབལ་འབར། །ཡར་རྩེ་མེ་འབར་ཚྭ་ཚྭ་འཕྲོ། །མར་རྩེ་བྱད་མ་གན་རྐྱལ་གྱི། །ལྕེ་ཡིས་བྲང་ཁེབས་སྙིང་དབུས་གཟེར། །རྡོ་རྗེའི་ལྟེ་བ་ཡངས་པའི་ནང་། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །རང་ཉིད་སྐད་ཅིག་ཁྲོ་བོ་ནི། །ཞེ་སྡང་རྡོ་རྗེ་གསང་བའི་བདག །ཅེས་པ་ནས། མེ་ཡི་ཚྭ་ཚྭ་ཤུགས་དྲག་འཕྲོ། །ཞེས་པའི་བར་དཀྱུས་བཞིན་ལ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །བྱང་ཆེན་མཆོད་རྟེན་ཕྱི་རོལ་གྱི། །རྩེ་མོར་རྣམ་སྣང་བྲེ་ངོས་བཞིར། །མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་ལ་སོགས་སངས་རྒྱས་དང་། །བྱང་སེམས་སྤྲིན་གཏིབས་ལྟ་བུས་སྲུང་། །གདན་ཁྲིའི་ཟུར་བཞིར་སྒོ་སྐྱོང་བཞི། །ཕྱི་རོལ་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རལ་གྲི་དང་། །རླུང་མེ་ཆུ་ས་ཁྲོ་ཆུང་གུར། །ནང་བལྟ་འཇམ་ཞིང་ཕྱི་བལྟའི་ངོས། །རྣོ་དབལ་གཅོད་པའི་ངར་ལྡན་སོ། །དྲག་སྔགས་དམོད་ཚིག་རང་སྒྲ་བཅས། །གནོད་བྱེད་དགྲ་བགེགས་ཚར་གཅོད་པའི། །གཞོམ་མེད་གུར་གྱིས་གཏམས་པར་གྱུར། །ཅེས་ཁྱད་པར་གྱི་དམིགས་རིམ་སྦྱར་བའི་མཐར། རང་གི་གནས་གསུམ་ཨོཾ་དཀར་དང་། །ཞེས་པ་ནས་ལས་བྱང་དཀྱུས་ཀྱི་བཟླས་དམིགས་གསལ་བཏབ་ནས་རྩ་སྔགས་ཅི་རིགས་སུ་བཟླ་བ་སྔོན་དུ་འགྲོ་བས། སྲུང་བའི་དམིགས་རིམ་ཁྱད་པར་བ་ནི། དྭངས་མའི་ཐུགས་སྲོག་ཡི་གེ་ཧཱུྃ། །ཤིན་ཏུ་གསལ་ཞིང་འབར་བ་ཡི། །ཐིག་ལེར་བླ་མ་སློབ་དཔོན་དང་། ཁོག་པར་རང་དང་མཐའ་སྐོར་དུ། །བསྲུང་བྱ་མཐའ་དག་ཚུད་པར་གྱུར། །སྨྲ་བྱེད་རྡོ་རྗེའི་ཡིག་འབྲུ་ལས། །འོད་ཟེར་ཕོ་ཉའི་ཚོགས་འཕྲོས་པས། །རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་སྲོག་བརྐུས་ཤིང་ཕྲོགས་པ་དང་། །ཡར་ཞིང་འཁྱམས་པ་ཐམས་ཅད་དང་། །སྣོད་བཅུད་ཡོན་ཏན་མ་ལུས་པ། །ཚུར་བསྡུས་བསྲུང་བྱ་ཐམས་ཅད་ལ། །བསྟིམས་པས་བཀྲག་མདངས་གཟི་བརྗིད་འབར། །འོད་ཕྲེང་རྡོ་རྗེའི་གུར་ཁང་གིས། །ཅིས་ཀྱང་མི་ཤིགས་པ་རུ་བསྐོར། །ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། །ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ནྲྀ་བྷྲཱུྃ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་ཟླས་སྒོམ་ལ་རྩེ་གཅིག་པས་སྔགས་སྒྲ་མ་ཆད་པར་འཇུག་ཅིང་། སྔགས་རྒྱུན་གྱི་ཐུན་འཕྲོད་རྗེས་པུ་རི་ནག་པོའི་ལིང་འཁོར་རྣམས་ལ་དམིགས་ཏེ། མདུན་གྱི་བྲུབ་ཁུང་ཨེ་ཡིག་ལས། །བྱུང་བའི་ལྕགས་ཁང་གྲུ་གསུམ་པ། །དུག་གི་མུན་འཁྲིགས་བསྐལ་མེ་འབར། །ནད་ཀྱི་ན་བུན་མཚོན་ཆར་འབབ། །ཕག་སྤྱང་ཐོད་པར་གཤིན་རྗེ་ནི། །ཕོ་མོ་འཇིགས་རུང་གཉིས་ཀྱི་བར། །ནྲྀ་ཏྲི་ཡོངས་གྱུར་དམིགས་བྱ་ནི། །མགོན་མེད་སྐྱབས་བྲལ་ཉམ་ཐག་པ། །མཐའ་སྐོར་དྲེགས་པ་སྡེ་བརྒྱད་ཚོགས། །འཇིགས་གཟུགས་མཚོན་ཆ་ཐོགས་པས་བསྐོར། །སྨྲ་བྱེད་རྡོ་རྗེའི་རྩེ་མོ་ནས། །འོད་ཟེར་ཛ་ཡིག་ཕོ་ཉར་སྤྲོས། །དམིགས་བྱ་དབང་མེད་ཉིད་བཟུང་ནས། །མདུན་གྱི་རྟེན་ལ་བསྟིམ་པར་གྱུར། །ཅེས་བསམ་ཞིང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དྲང་སྲོང་སྔགས་རྒོད་ལོཀྟྲི་པཱ་ལའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་ཛཿ ཙིར་ཙར་ཙིར་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཅེས་བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དགུག་གཞུག་ལན་གསུམ་སོགས་ཅི་རིགས་བྱས་པའི་རྗེས་སུ། དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མྱུར་དུ་ཁུག་ཅིག་ཛཿ ཞེས་དང་། ཞེས་སྔགས་ཚན་བརྒྱད་ཀྱི་མཐར་ཛཿབཏགས་པ་བཟླ་ཞིང་། ༼བདག་ལྕེ་རྡོ་རྗེ་རྩེ་དགུའི་ལྟེ་བ་སོགས་འགུགས་པ་རྟ་རྨིག་མ་ཟུར་བྱང་ལྟར། མཆན།་་་འོད་ཟེར་སྤྲོ་བའི་གནད་དང་ལྡན་པས་རྟ་རྨིག་གིས་གཡབ་ཅིང་བཀུག་པས་དམིགས་བྱ་མངོན་སུམ་པར་བསམ་ཞིང་། སླར་ཡང་། རྡོ་རྗེའི་ལྟེ་བའི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས། །གནོད་བྱེད་རྣམས་ལ་ཕོག་པ་ཡིས། །རྩྭ་སྦུར་མེ་ཡིས་བསྲེགས་པ་བཞིན། །ཚག་སྒྲ་དང་བཅས་རྡུལ་ཕྲན་བཞིན། །བྱས་པ་སྡེ་བརྒྱད་ཐམས་ཅད་ཀྱིས། །རྗེས་མེད་ཧབ་དིར་ཟོས་པར་བསམ། །ཞེས་གསལ་བཏབ་ནས། ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པཱ་ཤ་ནན་རྦད་ལིང་། ས་བདག་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊ། ཀླུ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། མ་མཾ་མ་མཾ་རྦད་མྱོགས། མ་མོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམས། བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཅེས་དྲག་སྔགས་དང་། ཐུན་སྔགས་ནི། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་་་བསམ་སྦྱོར་ངན་པའི།ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཆེ་གེ་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིགས་ལྷུ་རུ་གཏུབས་རྦད་མྱོགས། ཧ་ལ་པ་ཏི་ནན། ག་ན་པ་ཏི་རྦད་རྨུགས། འཁོར་བ་ཐུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུར། དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་རཱ་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་ཆེ་གེ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ ཞེས་དྲག་སྔགས་ཐུན་སྔགས་དང་བཅས་པ་ཅི་རིགས་བཟླས་ནས། མཐར་དམོད་མོ་བརྗོད་ཅིང་ཐལ་རྡེབ་ཀྱང་བྱས་ལ། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་ནས་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་དོ། །དེ་ནས་ཐུན་གཏོར་རཀྟས་བྲན་ནས་དམིགས་བྱ་འགུགས། སླར་བདུད་རྩིས་བྲན་ནས་བྱིན་གྱིས་བརླབས་པ་བསྔོས་མཐར། ཧཱུྃ། བཅོམ་ལྡན་ཞེ་སྡང་རྡོ་རྗེ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཅེས་པའི་མཐར། རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །གཡེལ་མེད་སྲུང་ཞིང་རྟག་ཏུ་སྐྱོབ་པ་དང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཐུན་གཏོར་གཏོར་ཆེན་ལ་འབུལ་ཞིང་སྨན་རཀ་སྦྲེང་། ཚོགས་མཆོད་བྱ། སླར་ཡང་ཐུན་གཏོར་གསར་པ་སྔར་ཤུལ་དུ་བཤམས་པ་བྱིན་གྱིས་བརླབ་ཅིང་། གཏོར་ཆེན་ལ་ཤ་ཟན་རཀྟ་བྲན་ནས་གསོ། དེ་བཞིན་དུ་སེང་སྟག་ཁ་གདངས་ཀྱི་དུས་སྔ་དྲོ། ཆུ་སྲིན་རྔ་མ་གཡོབ་དུས་ཉིན་གུང་། བདུད་དམག་ལས་ལ་ཆས་དུས་དགོང་མོ། སྲིན་པོ་ལྟོ་ལ་རུབ་དུས་སྲོད། གཤིན་རྗེས་ཁྲམ་ལ་འདེབས་དུས་ནམ་གུང་། དེ་དག་ཐམས་ཅད་ལ་ཡང་ཆོ་གའི་ཁྲིགས་སྔར་བཞིན་དུ་ཤེས་པར་བྱ་ཞིང་། ཐུན་མཚམས་རྣམས་སུ་ཡང་། རང་ལུས་རྡོ་རྗེ་རྩེ་དགུ་པ་ཡར་རྩེ་ནམ་མཁའ་ལ་ཐུག་ཅིང་མེ་འབར་བ་མར་རྩེ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པས་བྱད་མའི་ལྕེ་དང་སྙིང་གི་ས་བོན་གཟིར་བའི་ལྟེ་བར་རང་སེམས་ཡི་དམ་གྱི་ལྷར་བསྒོམ་པ་ལ་བསླབ་བོ། །སྐབས་འདིར་མཆོད་པ་རྙིང་པ་ཕྱིར་མི་བསལ། ཕྱགས་དར་མི་བྱ་སྐྲ་སེན་མི་བྲེག་སྟན་མི་སྤྲུག་པ་སོགས་མཚམས་ཀྱི་དམ་ཚིག་ལ་གནས་པར་བྱ་ཞིང་། དེ་ལྟར་སྨིན་སློབ་ཀྱི་དབང་དུ་བྱེད་ན་དངོས་ཉམས་རྨི་ལམ་དུ་སྲུང་བའི་རྟགས་ཅི་རིགས་པ་མཐོང་གི་བར་དང་། མོས་སློབ་ཀྱི་ཚེ་ལས་གསུམ་ཀ་བསྒྲུབ་ན་དེའི་སུམ་ཆ་དང་། སྲུང་ཟློག་རྐྱང་པ་ཙམ་བྱེད་ན་ཞག་གྲངས་ཅི་ཙམ་སྒྲུབ་པ་དེའི་ཕྱེད་ཀྱི་དབང་དུ་བྱས་ནས་སྲུང་བའི་གཏའ་གཏོར་ལ་དམིགས་བྱ་བཀུག་ལ་བདུད་རྩིར་སྤེལ་ནས་འབུལ་བ་སོགས་ཐུན་གཏོར་བཞིན་གྱིས་སྒྲུབ་ཁང་གི་སྟེང་དུ་འབུལ། གཏོར་ཆེན་གསོས་ནས་བྱིན་གྱིས་བརླབས་པ་བསྔོ་ཞིང་འདོད་དོན་གསོལ། དབྱངས་གསལ་དང་ཡིག་བརྒྱས་ཆད་ལྷག་ཁ་བསྐངས་ནས་ངག་འགྲོལ་ལོ། ༈ །གཉིས་པ་ཟློག་པ་ནི། དྲག་ལས་དང་རྗེས་སུ་འབྲེལ་བའི་དུས་ལ་བབ་པ་ན་གཏོར་ཆེན་གྱི་སྲུང་ཟློག་འཁོར་ལོ་ཕྱི་ནང་སྒྱུར། སྔར་མ་བཤམ་ན་ཟོར་རྫས་ཁྱད་པར་བ་རྣམས་དང་ཟློག་པའི་གཏའ་གཏོར་ཡང་དེའི་མཐར་བཀོད། སྟན་ཁ་སྦུབས་གོས་ནག་མགོ་མཇུག་ལྡོག་པ་དང་བྱ་རོག་གི་ཞྭ་གྱོན། དེ་ལ་རྨ་བྱའི་སྒྲོ་གཟུག །གདོང་རོ་སོལ་གྱིས་བྱུག་ཅིང་དཔྲལ་བར་ཁྲག་གིས་ཐིག་ལེ་བྱ། ལག་པ་ཁྲག་གིས་བགོས། ཐུན་འགོར་ར་ཤ་ར་ཁྲག་ཅུང་ཟད་ཙམ་བཟའ་བཏུང་གི་རྟེན་འབྲེལ་བྱས་ནས། བདག་མདུན་གཉིས་ཀ་དབྱེར་མེད་དུ་སྒོམ་ཚུལ་སྔར་དང་འདྲ་བ་ལས་ཁྱད་པར། གཞོམ་མེད་གུར་གྱིས་གཏམས་པར་གྱུར། །ཅེས་པའི་མཐར། ཟོར་རྫས་སྡེ་བརྒྱད་དྲེགས་པའི་ཚོགས། །སྲ་བའི་གོ་བགོས་རྣོ་བའི་ཟོར། །མཚོན་ཆའི་འཕྲུལ་འཁོར་ཐོགས་པ་ནི། །མི་སྡུག་གཟུགས་ཀྱི་རྣམ་འགྱུར་ཅན། །རྒྱོབ་སོད་ཅ་ཅོ་འཇིགས་སྒྲོག་པ། །གྲངས་མེད་གློག་ལྟར་རབ་མྱུར་ཞིང་། །ཐོག་ལྟར་འབེབ་པའི་རྫུ་འཕྲུལ་ཅན། །འཁོར་ཡུག་གང་བ་རྣམས་སུ་གྱུར། །ཅེས་སྦྱར་བའི་མཐར། རང་གི་གནས་གསུམ་ཨོཾ་དཀར་དང་། །ཞེས་པ་ནས་ལས་བྱང་གི་རྩ་སྔགས་ཅི་རིགས་བཟླ་བའི་བར་སྔོན་དུ་འགྲོ་བས། ཟློག་པའི་དམིགས་རིམ་ཁྱད་པར་བ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྨྲ་བྱེད་རྡོ་རྗེ་རྭ་དགུའི་རྩེར། །ཕཊ་དམར་མེ་ཡི་ཚྭ་ཚྭ་ནི། །རྣོ་ངར་ཤུགས་དྲག་འཕྲོ་བ་དང་། །མཐའ་ཕྱག་གནམ་ལྕགས་ལག་པའི་མཐིལ། །སྡིགས་མཛུབ་དབུས་སུ་དགྲ་བགེགས་ནི། །བྱད་མ་ལྷར་བཅས་གསལ་བ་དང། །གཙོ་བོ་བདག་དང་གུར་ཁང་གི །ལྷ་ཚོགས་ཐམས་ཅད་ཕྱིར་གཟིགས་ནས། །དྲག་སྔགས་དམོད་མོ་ཆེར་སྒྲོག་པའི། །སྐུ་ཡི་བ་སྤུའི་ཁུང་བུ་ནས། །སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན། །ནམ་མཁའ་གང་བར་སྤྲོས་པ་ཡིས། བྱད་མ་མེ་ལྕེར་སྦྲང་བུ་བཞིན། །བཅད་བསྲེགས་ཐལ་བ་ཉིད་བྱས་ནས། །སྐྱོབ་བྱེད་ལྷ་སྲུང་ཁོ་རང་གི །གཤེད་དུ་བབས་ཤིང་རླུང་བསྐྱོད་ཀྱིས། །ཤིང་བལ་བཞིན་དུ་མཐར་བསྐྲད་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་པའི་ཟླས་སྒོམ་ལ་རྩེ་གཅིག་ཏུ་འབད་པའི་མཐར། སྔགས་རྒྱུན་གྱི་ཐུན་འཕྲོད་རྗེས། ལིང་འཁོར་རྣམས་ལ་དམིགས་ཏེ། མདུན་གྱི་བྲུབ་ཁུང་ཨེ་ཡིག་ལས། །སོགས་ཀྱིས་དམིགས་བྱ་གསལ་བཏབ། འགུགས་བསྟིམ་བྱ། གསད་དམིགས་ཀྱི་གནད་དང་ལྡན་པས་དྲག་སྔགས་ཐུན་སྔགས་དང་བཅས་པ་ཅི་རིགས་བཟླས་པས་ཐུན་ལའང་ངར་བསྐྱེད་ནས། ལག་པ་རྡོ་རྗེའི་བྲག་རི་ལྟར། །སྲ་མཁྲེགས་མཐའ་ཕྱག་མཐིལ་ཉི་ཟླ་སོགས་ཀྱིས་གསལ་འདེབས་བྱས་ལ། བདེན་སྟོབས་སྤྱི་ལྟར་ལས། ཁྱད་པར་བཅོམ་ལྡན་འདས་དྲང་སྲོང་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའི་ཞེས་བསྒྱུར་ནས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་ཟློག་བྱང་དང་དྲང་སྲོང་གི་དམོད་མོ་ལན་གསུམ་བརྗོད་པས་ཐུན་རྫས་བྲབ་ཅིང་ཐལ་མོ་རྡེབ། བཀའ་བསྒོ་འདི་ཡི་སོགས་ལན་གཅིག་བརྗོད་པ་རྣམས་ལས་བྱང་གི་དཀྱུས་བཞིན་དང་། ནམ་མཁའ་མེད་པར་གྱུར་ན་ཡང་། །ཞེས་སོགས་ཀྱིས་བདེན་ཚིག་བརྗོད། དེ་ནས་ཐུན་གཏོར་ལ་རཀྟས་བྲན་ནས་དམིགས་བྱ་འགུགས། སླར་བདུད་རྩིས་བྲན་ནས་བྱིན་གྱིས་བརླབས་པ་བསྔོས་པའི་མཐར། ཧཱུྃ། བཅོམ་ལྡན་ཞེ་སྡང་རྡོ་རྗེ་འཁོར་བཅས་ལ། །སོགས་ནས། ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཅེས་པའི་མཐར། ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་ནུས་མཐུ་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་གསོལ་ནས་སླར་ཡང་དྲེགས་པའི་དམག་ཚོགས་མཚོན་ཆའི་འཕྲུལ་འཁོར་མི་བཟད་པར་སྤྲོ་བར་བསམ་ནས། ཧཱུྃ། དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ཅེས་སོགས་ཟློག་སྔགས་དམོད་མོ་དང་བཅས་པས་ཕྱིར་འཕངས་པས་དམིགས་ཡུལ་རྗེས་མེད་དུ་བརླགས་པར་བསམ། ཚོགས་མཆོད་བྱ། ཐུན་གཏོར་གསར་པ་སྔར་ཤུལ་དུ་བཤམ་ལ་བྱིན་གྱིས་བརླབ་ཅིང་། གཏོར་ཆེན་སྔར་བཞིན་གསོ། དེ་ལྟ་བུས་ཐུན་དྲུག་ཏུ་སྒྲུབ་པའི་ཚུལ་སྔར་ལྟར་ཤེས་པར་བྱ་ཞིང་། ཐུན་མཚམས་སུ་ཡང་དམིགས་པའི་གསལ་སྣང་དང་ལྡན་པས་ཟློག་སྔགས་ཅི་ནུས་བཟླ་བ་ལ་བསླབ་བོ། །སྐབས་འདིར་སྒྲུབ་ཁང་ལ་ཕྱགས་དར་བྱ། མཆོད་པ་བརྗེ། བཟློགས་པའི་རྟགས་ཅི་རིགས་པ་མངོན་དུ་གྱུར་པའམ་ཞག་གི་རིམ་པ་ཇི་ཙམ་བྱེད་པ་དེའི་མཐར། ཟློག་པའི་གཏའ་གཏོར་ཐུན་གཏོར་བཞིན་བཏང་ནས། གཏོར་ཆེན་གསོས་ནས་བྱིན་གྱིས་བརླབས་པ་བསྔོ་ཞིང་འདོད་དོན་གསོལ། ཐལ་རྡེབ་དང་བདེན་ཚིག་བརྗོད། དབྱངས་གསལ་དང་ཡིག་བརྒྱས་ཁ་བསྐངས་ནས་ངག་འགྲོལ། དེ་ལྟར་སྲུང་ཟློག་ཙམ་གྱིས་མཇུག་བསྡུ་བྱེད་ན་སྐབས་འདིར་བསྐུལ་དང་ཟློག་སྒྱུར་ཟོར་ལས་སོགས་འོག་ཏུ་འབྱུང་བ་བཞིན་ཤེས་པར་བྱའོ། ༈ །གསུམ་པ་ཟློག་གསད་ཁྱད་པར་བ་ནི། སྔར་གྱི་སྲུང་བ་གྲུབ་རྗེས་དྲག་པོའི་ལས་ལ་སྟོབས་སུ་འགྱུར་བའི་ཟླ་ཚེས་གཟའ་སྐར་འཕྲོད་སྦྱོར་རྣམས་དྲག་ཅིང་རྩུབ་པ་ལ། སྔར་ཟློག་པའི་སྐབས་སུ་བཤད་པའི་བཅའ་གཞི་དང་ཀུན་སྤྱོད་རྣམས་ཚང་བ་གཞིར་བྱས་ནས། ཐུན་ཟོར་སྦྱིན་སྲེག་གཏད་མནན་གྱི་རྫས་དང་གསད་པའི་གཏའ་གཏོར་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བཀོད། དངོས་གཞིའི་ཡང་ཕྲིན་ལས་གྱེར་བ་ཚོགས་ཐ་མ་ཡན་ཆད་སོང་རྗེས། ཐུགས་དམ་བསྐུལ་བ། ཆེ་བའི་ང་རྒྱལ་བསྐྱེད་པ། དམ་བརྡར་གཟུ་དཔང་གསོལ་བ་རྣམས་ལས་བྱང་བཞིན་བྱས་ནས། དམིགས་བྱ་དགྲ་ཡིན་ན་སྡེ་དཔོན་གྱི་གསོལ་ཁ་དང་སྙིང་གཟེར་ལས་འབྱུང་བའི་སྡེ་བརྒྱད་བསྐུལ་ཞིང་། སྤྱིར་པུ་རིའི་ལིངྒ་ལ་དམིགས་པ་ཡིན་མོད། ཁྱད་པར་ཟུར་དུ་བཤམས་པའི་ལིང་འཁོར་མདུན་དུ་བཀོད་ནས། གསེར་སྐྱེམས་བཏང་། གཟུ་དཔང་ནི་དམ་བརྡར་བརྗོད་མ་ཐག་པས་ཁྱབ་མོད། སྤྲོ་ན་གཞན་ནས་བླངས་ཏེ་དམིགས་བསལ་ཁ་བསྒྱུར་བྱས་པས་ཀྱང་ཆོག །དེ་ནས་བྲུབ་ཁུང་བསྐྱེད་པ་ནི། པུ་རིའི་འོག་གི་བྲུབ་ཁུང་དང་མདུན་དུ་བཀོད་པ་གཉིས་ཀ་དབྱེར་མེད་དུ་བསྒོམ་སྟེ། ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ་ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་ནག་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ཕག་སྤྱང་གི་ཐོད་པར་གཤིན་རྗེ་ཕོ་མོ་འཇིགས་སུ་རུང་བ་གཉིས་ཀྱི་བར་དུ་ནྲྀའམ་ཏྲི་དུད་ཀ་ཡོངས་སུ་གྱུར་པ་ལས་དགྲ་འམ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམ་ནས། བདག་གི་ལྕེ་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཀྱིས་རྭ་དགུའི་ཕཊ་རྣམས་བསྐུལ། དེ་ལས་ཛཿདགུ་འཕྲོས་རྟ་རྨིག་གི་འཁོར་ལོ་བསྐུལ། དེ་དང་ལྕེ་རྩེའི་ཛཿལས་ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་པས། གནོད་བྱེད་ཐམས་ཅད་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་པར་བྱས་ནས་རང་དབང་མེད་པར་བྲུབ་ཁུང་གི་ལིངྒ་ལ་ཐིམ་པར་བསམ་ཞིང་བདེན་པའི་སྟོབས་བརྗོད་པ་ལས། ཁྱད་པར་དྲང་སྲོང་སྔགས་རྒོད་ལོཀྟྲི་པཱ་ལའི་ལྷ་ཚོགས་ཞེས་བསྒྱུར་བས་འགུགས་གཞུག་དང་། ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ དེ་བཞིན་དུ་ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་ཛཿ ཙིར་ཙར་ཙིར་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཞེས་སྡེ་བརྒྱད་ཀྱི་སྔགས་ཚན་བརྒྱད་པོའི་མཐར་ཛཿབཏགས་པ་དང་། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཅེས་སྤུ་གྲི་བཞིའི་མཇུག་ཏུ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་ཏྲི་ཛཿ ཞེས་བཏགས་པ་བཟླ་ཞིང་རྟ་རྨིག་གི་འཁོར་ལོས་གཡོབ་པ་སོགས་ཐུན་དྲག་ཏུ་བཅད་ནས་འགུགས་པའི་ལས་ཆིག་དྲིལ་དུ་བྱ་ཞིང་། སྤྲོ་ན་ཕོ་ཉ་འགྱེད་པ་འདི་ཡང་བྱ་སྟེ། བྷྱོ། མཆོད་བསྟོད་བསྙེན་ཅིང་བསྒྲུབས་པའི་ཡེ་ཤེས་ལྷ། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་སྲོག་སྙིང་བདག །ཐོགས་མེད་ཕྲིན་ལས་སྒྲུབ་པའི་དྲག་རྩལ་ཅན། །རབ་འཇིགས་དྲང་སོང་ལོཀྟྲིའི་ལྷ་ཚོགས་རྣམས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །སྐྱོད་ཅིག་སྐྱོད་ཅིག་མཉམ་ཉིད་དབྱིངས་ནས་སྐྱོད། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། །དྲེགས་འདུལ་དྲང་སྲོང་ཆེན་པོའི་དུས་ལ་བབ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་དུས་ལ་བབ། །སྤྲུལ་འཁོར་དྲང་སྲོང་འབུམ་སྡེའི་དུས་ལ་བབ། །བཀའ་ཉན་དྲེགས་པ་སྡེ་བརྒྱད་དུས་ལ་བབ། །དོ་ནུབ་ད་དུས་ནམ་གྱི་གུང་ཐུན་ལ། །དྲེགས་པ་སྡེ་བརྒྱད་དབང་དུ་སྡུས་ལ་ཤོག །སྣང་སྲིད་དྲེགས་པའི་སྲོག་སྙིང་ཕྲོགས་ལ་ཤོག །གནོད་བྱེད་དགྲ་བགེགས་བྱད་མ་ཁུག་ལ་ཤོག །དྲང་སྲོང་ཆེན་པོའི་ཐུགས་རྗེའི་བྱིན་མ་ཆུང་། །དྲེགས་འདུལ་ཁྲོ་རྒྱལ་རྫུ་འཕྲུལ་རྩལ་མ་ཞན། །བདེན་ཚིག་དམོད་པའི་དྲག་སྔགས་དབལ་མ་རྡུགས། །སྤྲུལ་འཁོར་སྡེ་བརྒྱད་ལས་བྱེད་བང་མ་བུལ། །དམིགས་པར་གང་བྱས་དགྲ་གདོན་བྱད་མ་འདི། །ལོ་ཟླར་མ་འགོར་མྱུར་དུ་མ་བསྒྲལ་ན། །དྲང་སྲོང་ཆེན་པོའི་བདེན་ཚིག་ཉམས་འགྱུར་ཏེ། །བཀའ་ཉན་དྲེགས་པའི་མཐུ་རྩལ་རྫུན་དུ་ཆེ། །དེ་བས་སྨན་རག་གཏོར་མ་མཆོད་པའི་ཚོགས། །མཐུན་པའི་དམ་རྫས་རྒྱ་མཚོ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་གདོན་གནོད་བྱེད་བགེགས། །གཟུགས་ལིང་མིང་དང་བྱང་བུར་བཏབ་པ་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས་ལ་ཤོག །ཞགས་པ་ཅན་གྱིས་སྐེ་ནས་ཁྲིད་ལ་ཤོག །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས་ལ་ཤོག །དྲིལ་བུ་ཅན་གྱིས་རྡུལ་དུ་རློགས་ལ་ཤོག །ཡི་དམ་ལྷ་དང་དྲང་སྲོང་ཆེན་པོ་ཡི། །དམོད་པའི་བདེན་སྟོབས་བརྗོད་པའི་བྱིན་རླབས་ཀྱིས། །གནོད་བྱེད་དགྲ་བགེགས་གཟུགས་མིང་ལིངྒ་ལ། །མྱུར་དུ་ཕོབ་ཅིག་སརྦ་ནྲྀ་ཏྲི་ཛཿ རིངས་པར་ཁུག་ཅིག་བཛྲ་ཨཾ་ཀུ་ཤ །མྱུར་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧོཿ དམ་པོར་སྡོམས་ཤིག་བཛྲ་སྥོ་ཊ་བཾ། དྲག་པོས་སྒྲོལ་ཅིག་བཛྲ་གྷཱཎྜེ་ཧོཿ གནོད་བྱེད་དགྲ་བགེགས་སརྦ་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿཛཿ ཞེས་དྲག་ཏུ་བསྐུལ་བ་སྟེ། འཁོར་ལོ་འགུལ་བ་སོགས་དངོས་རྨིས་ཅི་རིགས་པར་ཁུག་རྟགས་ཡིད་ཆེས་མ་བྱུང་གི་བར་འགུགས་པའི་ལས་ལ་ནན་ཏན་དུ་བྱའོ། །ལྷ་དབྱེ་བ་ནི། བདག་གི་ལྕེ་རྡོ་རྗེའི་རྩེ་མོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་སྤྲོས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་གཏོར་བ་ལྟར་བསྐྲད་པར་བསམ་ལ། ཧཱུྃ། དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས། །ལས་ངན་སྡིག་ཅན་དགྲ་བོ་འདི། །བསྲུང་ཞིང་སྐྱོབ་པར་བྱེད་པ་ཡི། །ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས། །ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེ། །མཉམ་པོར་འོང་བའི་བདུད་དང་སྤྲོད། །མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊ། ཅེས་བརྗོད་ཅིང་སྒྲོ་གཉིས་ཀྱིས་འབྱེད་པ་དང་རྫས་དུད་ཀྱིས་བདུག་པ་སོགས་བྱ་ཞིང་། བགེགས་ལ་ལྷ་དབྱེ་མི་བྱེད་པ་ལྷ་ལྔའི་ཐ་སྙད་སྦྱར་དུ་མེད་པ་ལ་བསམས་པར་སྣང་ཡང་དེ་ཉིད་སྐྱོབ་བྱེད་ཀྱི་ལྷ་ཡང་ཡོད་པའི་ཕྱིར་དབྱེ་བ་བྱས་པས་གནད་དུ་འགྱུར་རོ། །ཉེས་པ་བསྒྲག་པ་ནི། ཧཱུྃ། དུག་ལྔའི་དབང་གྱུར་ལས་ངན་ཁྱོད། །བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ། །སྙིང་རྗེས་ཁྲོས་ནས་བསྒྲལ་བར་བྱ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག །ཅེས་བརྗོད་པས། དམིགས་བྱ་སྔར་བྱས་ལ་ནོངས་ཤིང་བག་འཁུམ་སྟེ་གནས་པར་བསམ་མོ། །ཐུན་གྱིས་བྲབ་པ་ནི། ཧཱུྃ། བཅོམ་ལྡན་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །ཅེས་བསྐུལ་ནས། ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པཱ་ཤ་ནན་རྦད་ལིང་། ས་བདག་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊ། ཀླུ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། མ་མཾ་མ་མཾ་རྦད་མྱོགས། མ་མོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམས། བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཅེས་དྲག་སྔགས་དང་། ཐུན་སྔགས་ནི། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་་་བསམ་སྦྱོར་ངན་པའི།ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཆེ་གེ་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིགས་ལྷུ་རུ་གཏུབས་རྦད་མྱོགས། ཧ་ལ་པ་ཏི་ནན། ག་ན་པ་ཏི་རྦད་རྨུགས། འཁོར་བ་ཐུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུར། དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་རཱ་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་ཆེ་གེ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ ཞེས་ཐུན་སྔགས་རིང་མོ་བཟླ་ཞིང་ཐུན་རྫས་སྣ་ཚོགས་ཀྱི་བྲབས་པས། དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་ཁར་གཟིར་ཞིང་བསྡིགས་པས་གཟུགས་བྱེ་མའི་མཁར་ཆུས་བཤིག་པ་ལྟར་རྡུལ་དུ་བརླགས་པར་བསམ་མོ། །ཐལ་རྡེབ་ནི། ལག་པ་རྡོ་རྗེའི་བྲག་རི་ལྟར། །ཞེས་སོགས་ཀྱི་ལག་པ་བྱིན་རླབས་དང་། དྲག་སྔགས་ལན་བདུན་དང་ཐུན་སྔགས་ཚར་གཅིག་གི་མཐར་དམོད་མོ་ཚར་གསུམ་གྱི་ཐལ་རྡེབ་ཀྱང་བྱའོ། །དེ་ནས་ལིང་འཁོར་རྣམས་པུ་རིའི་བྲུབ་ཁུང་དུ་སྔར་བཤད་པའི་རིམ་པ་མ་འཆོལ་བར་འཇུག་ཅིང་ཐུན་ཐག་ཕྱིར་དྲངས་པའི་སྣེ་མོ་རང་གིས་བཟུང། དེའི་གཡས་གཡོན་དུ་སྒྲོ་གཉིས་བཙུགས། བྲུབ་ཁུང་ལ་ཕུང་རེའི་གུར་ཕུབ་སྟེ་མར་མེའི་སྣང་བ་དང་བདུད་རྩིའི་ཟེགས་མས་ལིངྒ་ལ་མཐོང་རེག་མེད་པ་བྱ། སྔར་བཅུག་པའི་པུ་རིའི་གཤམ་གྱི་ལིངྒ་ལྕགས་སླང་ལྟ་བུའམ་བྲུབ་ཁུང་དུ་ཕྱུངས་པ་གདབ་ལས་ཉི་ཚེ་བའི་རྟེན་བྱེད་པ་ཡིན་ནོ། །སྒྲུབ་པ་དངོས་ནི། ཐུན་སོ་སོའི་འགོར་ལས་བྱང་ཛཔ྄་ཟླས་རྫོགས་ལ་ཐུག་གི་བར་ཟློག་པ་ཐུན་མོང་བ་ལྟར་ལ། དེ་ནས་གསེར་སྐྱེམས་ནས་གཟུང་འགུགས་ཐུན་ཐལ་རྡེབ་ཀྱི་བར་བཤད་མ་ཐག་པ་བཞིན་བྱས་ནས། རང་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྨྲ་བྱེད་རྡོ་རྗེ་རྭ་དགུའི་རྩེར། །ཕཊ་དམར་མེ་ཡི་ཚྭ་ཚྭ་ནི། །སོགས་ནས། ཤིང་བལ་བཞིན་དུ་མཐར་བསྐྲད་གྱུར། །ཞེས་པའི་བར་གྱི་ཟློག་དམིགས་ཐུན་མོང་པའི་སྐབས་བཞིན་གྱི་མཐར། རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིག་གིས། །བསྐུལ་པས་རྩེ་མོའི་ཕཊ་ལས་ཛཿ འོད་ཟེར་དང་བཅས་འཕྲོས་པ་ཡིས། །སྡེ་བརྒྱད་རང་དབང་མེད་བཀུག་སྟེ། །འཁོར་ལོའི་སོ་སོའི་སྔགས་རྣམས་ལ། །ཐིམ་པས་སྡེ་བརྒྱད་དངོས་གྱུར་པ། །འཇིགས་རྔམས་མཚོན་ཆ་ཐོགས་པ་ཡིས། །དུར་ཁྲོད་རོ་ལ་བྱ་རྒོད་བཞིན། །འདུས་ནས་བསད་ཟློག་གཏོར་ཞིང་བཅད། །བསྲེགས་སྦྱངས་སྡེ་བརྒྱད་ཕོ་བྲང་རྟེན། །བཅས་ནས་དྲག་པོའི་ཕྲིན་ལས་ཀྱིས། །དགྲ་བགེགས་ཐལ་བར་རློག་པར་གྱུར། །ཅེས་གསལ་བཏབ་ནས་ཟློག་སྔགས་སྔར་བཞིན་གསུང་མི་ཆད་དུ་བཟླ་བའི་ཐུན་ལ་འཇུག་ཅིང་། དེའི་མཐར། ལག་པ་རྡོ་རྗེའི་བྲག་རི་ལྟར། །ཞེས་སོགས་གསལ་ལ་བདེན་ཚིག་དམོད་བོར་བཅས་པས་ཐལ་རྡེབ་བྱ་ཞིང་། ཐུན་གཏོར་ལ་རཀྟས་སྦྲན་ནས་དམིགས་བྱ་འགུགས་གཞུག་ཉེར་ལྔ་སོགས་ཅི་རིགས་པ་བྱས། སླར་བདུད་རྩིས་བྲན་ནས་བྱིན་གྱིས་བརླབས་པ་བསྔོས་པའི་མཐར། ཧཱུྃ། བཅོམ་ལྡན་ཞེ་སྡང་རྡོ་རྗེ་སོགས་ཀྱིས་འབུལ། བྷྱོ། མཆོད་བསྟོད་བསྙེན་ཅིང་སོགས་ཀྱིས་བསྐུལ་བའི་མཐར། ཧཱུྃ། དམར་ཆེན་གཏོར་ཟོར་སོགས་ཀྱིས་དགྲ་ཕྱོགས་སུ་འཕང་ཞིང་ཟློག་སྔགས་དཔུང་བསྒྲིལ་དུ་བཟླ། ཐུན་གཏོར་གསར་པ་སྔར་ཤུལ་དུ་བཤམ་ཞིང་སྒྲུབ་གཏོར་གསོ། དེ་ལྟར་ཐུན་དྲུག་ཏུ་བཅད་ནས་ཉམས་སུ་བླངས་པས་བཟློག་པའི་རྟགས་ཅི་རིགས་པ་མཐོང་བ་དང་། གཏའ་གཏོར་གཏོང་བ་དང་ངག་འགྲོལ་བ་སོགས་སྔར་དང་འདྲ་ཞིང་། སྐབས་འདིར་ཐུན་ཐོག་མ་ཡིན་པ་དང་། ལྷ་དབྱེའི་སྒྲོ་པུ་རི་དཀར་པོ་ལ་མ་རེག་པ་བྱ་ཞིང་། སྒྲུབ་པའི་དམ་ཚིག་རྣམས་ཀྱང་སྔར་བཞིན་ནོ། །བསད་པའི་ལས་སྦྱོར་ནི། གོང་གི་གསེར་སྐྱེམས་ནས་གཟུང་འགུགས་གཟིར་དམོད་མོའི་བར་དང་ཟློག་དམིགས་ཐུན་མོང་བའི་མཇུག་ཏུ་སྡེ་བརྒྱད་ཀྱི་དམིགས་གནད་སྦྱོར་བའི་བར་བྱས་རྗེས། ཕག་སྤྱང་ཐོད་པར་གཤིན་རྗེ་ནི། །ཕོ་མོ་སྦྱོར་བའི་ཞེ་སྡང་དང་། །འདོད་ཆགས་དུག་གིས་དགྲ་བགེགས་ཀྱི། །རྩ་རྒྱུས་ཐམས་ཅད་རུལ་ཞིང་མྱག །སྙིང་གར་ནྲྀ་ཏྲིའི་ཁོག་པ་རུ།། ཕཊ་དམར་འོད་ཞུ་དྷཱིཿཡིག་ལས། །ལྕགས་བསྲེགས་འཁོར་ལོ་རྣོ་ངར་ཅན། །ཤུགས་དྲག་གཡོན་དུ་འཁོར་བ་ཡིས། །དགྲ་བགེགས་སྲོག་རྩ་བཅད་ཅིང་གཏུབ། །ཤ་ཁྲག་དུམ་བུར་འཐོར་བ་རྣམས། །སྡེ་བརྒྱད་རྣམས་ཀྱི་ཧབ་སྒྲ་དང་། །བཅས་ཏེ་ལྷག་མེད་ཟོས་པར་བསམ། །ཨོཾ་ལོཀྟྲི་པཱ་ལ་ནན་སོད། ས་ག་པཱ་ཤ་ནན་སོད། ནཱ་ག་དུ་དུ་ནན་སོད། མ་མཾ་མ་མཾ་སོད། ཙིར་ཙར་ཙིར་ཙར་སོད། བཾ་རུ་ལུ་བཾ་རུ་ལུ་སོད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སོད། ཧོ་ར་ཧོ་ར་སོད། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད། ནྲྀ་ཏྲི་མཱ་ར་ཡ་རྦད་ཡཱ། ཞེས་སྔགས་རྒྱུན་བཅས་ནས་ཐུན་དྲུག་ཏུ་བཟླ་བ་སྔར་བཞིན་དང་། ལག་པ་རྡོ་རྗེའི་བྲག་རི་སོགས་གསལ་འདེབས་བདེན་ཚིག་དམོད་པ་ཐལ་རྡེབ་བཅས་རྗེས། ཐུན་གཏོར་འབུལ་བ་དང་མཐར་ཟོར་དུ་བསྐུལ་ཞིང་འཕང་བ་རྣམས་ཀྱང་སྔར་བཞིན་ལས་བྲུབ་ཁུང་དུ་རྡེག་ཚུལ་ཙམ་བྱས་ནས་ཕྱིར་འཕང་ངོ་། ༈ །གསུམ་པ་ལས་ཀྱི་ཁ་བསྒྱུར་ནི། འབྱུང་བཞིའི་ལས་སྦྱོར་ཏེ། དེ་ལ་བཞི་ལས། དང་པོ་གཏོར་བྱེད་རླུང་གི་ལས་སྦྱོར་ནི། འགུགས་གཞུག་ཐལ་རྡེབ་ཀྱི་བར་གོང་བཞིན་གྱི་མཐར། བདག་ལྕེ་རྡོ་རྗེའི་ཧཱུྃ་ཡིག་ལས། །འོད་ཟེར་རྡོ་རྗེའི་ཁོང་གསེང་བརྒྱུད། །དམར་ནག་ཕཊ་དགུ་བསྐུལ་བ་ལས། །ཡཾ་ལྗང་འཕྲོས་པ་རླུང་འཁོར་ལ། །ཕོག་པས་དེ་ཉིད་རླུང་གྱུར་ཏེ། །སྣང་སྲིད་ཐམས་ཅད་གཡོ་ཞིང་འདེགས། །དགྲ་བགེགས་གཡོས་ཤིང་གཏོར་བྱས་ནས། །ཐལ་བའི་རྡུལ་དུ་བརླགས་པར་བསམ། །ཨོཾ་ལོཀྟྲི་པཱ་ལ་ནན། ཡཾ་ཨུ་ཙ་ཏ་ཡ་ཕཊ། ས་ག་པཱ་ཤ་ནན་ཡཾ་ཨུ་ཙ་ཏ་ཡ་ཕཊ། ནཱ་ག་དུ་དུ་ནན་ཡཾ་ཨུ་ཙ་ཏ་ཡ་ཕཊ། མ་མཾ་མ་མཾ་ཡཾ་ཨུ་ཙ་ཏ་ཡ་ཕཊ། ཙིར་ཙར་ཙིར་ཙར་ཡཾ་ཨུ་ཙ་ཏ་ཡ་ཕཊ། བཾ་རུ་ལུ་བཾ་རུ་ལུ་ཡཾ་ཨུ་ཙ་ཏ་ཡ་ཕཊ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཡཾ་ཨུ་ཙ་ཏ་ཡ་ཕཊ། ཧོ་ར་ཧོ་ར་ཡཾ་ཨུ་ཙ་ཏ་ཡ་ཕཊ། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཡཾ་ཨུ་ཙ་ཏ་ཡ་ཕཊ། ཅེས་སོགས་སྔགས་ཚན་སོ་སོའི་མཐར་རླུང་སྔགས་བཏགས་པ་ཆིག་སྒྲིལ་དུ་བཟླ། ཐུན་གཏོར་འབུལ་ཞིང་འཕང་བ་སོགས་སྔར་དང་འདྲ་བ་ལས་ཁྱད་པར། ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཅེས་དང་། འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །གནོད་བྱེད་ཐལ་བའི་རྡུལ་དུ་བརླག་པ་དང་། །མདོར་ན་བདག་གི་སོགས་སྦྱོར། གཉིས་པ་སྲེག་བྱེད་མེའི་ལས་སྦྱོར་ནི། ཆོ་གའི་ཆིངས་གོང་བཞིན་ལས་བཟླས་པའི་སྐབས། དམར་ནག་ཕཊ་དགུ་བསྐུལ་བ་ལས། །རཾ་དམར་འཕྲོས་པ་མེ་འཁོར་ལ། །ཕོག་པས་དེ་ཉིད་མེར་གྱུར་ཏེ། །འཇིག་རྟེན་ཁམས་ཀུན་འུར་འུར་འབར། །དགྲ་བགེགས་བུན་བུན་བསྲེགས་ཤིང་བཅོམ། །ཐལ་བའི་རྡུལ་དུ་བརླགས་པར་བསམ། །གོང་བཞིན་སྔགས་ཚན་སོ་སོའི་མཐར་རླུང་མལ་ལ་འདི་སྦྱོར། རཾ་ཛྭ་ལ་རཾ། ཞེས་བཏགས་ཏེ་བཟླ། གསུམ་པ་སྦྱོང་བྱེད་ཆུའི་ལས་སྦྱོར་ནི། དམར་ནག་ཕཊ་དགུ་བསྐུལ་བ་ལས། །བཾ་སྔོན་འཕྲོས་པ་ཆུ་འཁོར་ལ། །ཕོག་པས་དེ་ཉིད་ཆུར་གྱུར་ཏེ། །སྣང་སྲིད་རྦ་ཀློང་གཡོ་ཞིང་འཁྲུགས། །དགྲ་བགེགས་ལན་ཚྭ་བཞིན་དུ་སྦྱངས། །ཐལ་བའི༴ སྔགས་ཚན་མཐར། བཾ་མྱོག་ཐིབས། ཞེས་བཏགས་ཏེ་བཟླ། བཞི་པ་གནོན་བྱེད་སའི་ལས་སྦྱོར་ནི། དམར་ནག་ཕཊ་དགུ་བསྐུལ་བ་ལས། །ལཾ་སེར་འཕྲོས་པ་ས་འཁོར་ལ། །ཕོག་པས་དེ་ཉིད་སར་གྱུར་ཏེ། །སྲ་མཁྲེགས་ས་ཡིས་སྣང་སྲིད་གང་། །དགྲ་བགེགས་མནན་ཅིང་གཟིར་བྱས་ནས། །ཐལ་བའི༴ སྔགས་ཚན་མཐར། ལཾ་སཏྭམྦྷ་ཡ་ནན། ཞེས་བཏགས་ཏེ་བཟླ་བ་རྣམས་ཁྱད་པར་རོ། །དེ་ལྟར་འབྱུང་བཞིའི་ལས་སྦྱོར་དེ་དག་སྦྲགས་ཏེ་སྒྲུབ་པའམ། ཉིན་ཞག་སོ་སོར་བཅད་དེ་སྒྲུབ་པ་དང་། ཁོལ་དུ་ཕྱུངས་ཏེ་སྒྲུབ་པ་གང་ཡིན་ཡང་འདྲའོ། ༈ །བཞི་པ་རྗེས་མཐའ་སྡུད་ཀྱི་ཕྲིན་ལས་ཇི་ལྟར་སྒྲུབ་ཚུལ་ནི། སྒྲུབ་ཞག་རྫོགས་པའི་ནུབ་ཐ་མ་ལ། འཁོར་ལིང་རྣམས་ཕྱིར་ཕྱུང་། ལྕགས་སླང་ལ་སོགས་པར་བཀོད་དེ། བསྐུལ། ཆེ་བའི་ང་རྒྱལ་བསྐྱེད་པ། དམ་བརྡར། གསེར་སྐྱེམས་ནས་གཟུང་ཐལ་རྡེབ་བར་གོང་བཞིན་གྱི་རྗེས་སུ། རྡོ་རྗེའི་ལྟེ་བའི་ཕཊ་རྣམས་ལས། ཞེས་སོགས་སྲུང་བའི་སྐབས་བཞིན་གྱི་མཐར་དྲག་སྔགས་ཐུན་སྔགས་དང་བཅས་པས་ཐུན་གྱིས་བྲབ། ཧཱུྃ་ལས་བྱུང་བའི་ཕུར་བུ་སྲས་མཆོག་བཛྲ་ཀཱི་ལ་ཡར་བསྐྱེད་ལ། ཧཱུྃ། རྡོ་རྗེ་ཕུར་བུ་ཀཱི་ལ་ཡ། །སངས་རྒྱས་ཕྲིན་ལས་ཡོངས་རྫོགས་སྐུ །དྲེགས་འདུལ་དྲང་སྲོང་ཁྲོ་ཆེན་གྱི། །སྲས་མཆོག་བཛྲ་ཀཱི་ལ་ཡ། །སྒྲིལ་ཞིང་སྒྲིལ་ཞིང་བཏབ་ཙམ་གྱིས། །དགྲ་བགེགས་ལུས་ངག་ཡིད་གསུམ་དང་། །ཕུང་ཁམས་སྐྱེ་མཆེད་འབྱུང་བ་ལྔ། །ལས་ཉོན་བག་ཆགས་ཤེས་སྒྲིབ་བཅས། །སྐད་ཅིག་ཉིད་ལ་བསྒྲལ་ནས་ཀྱང་། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ནྲྀ་ཏྲི་ཤ་ཏྲཱུཾ་ཏྲིག་ནན་རྦད་ནན་ཙིཏྟ་རྦད་ནན་ནྲྀ་ཏྲི་ཧུར་ཐུཾ་ཛ་མཱ་ར་ཡ་རྦད་རྦད། ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་གདབ། ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་རབ་འབར་བ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས། །དགྲ་གདོན་བག་ཆགས་འཁྲུལ་པའི་སེམས། །ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག །ཨོཾ་མནྟྲ་སུམྦྷ་ནི་བཛྲ་ཛྭ་ལ་ཧཱུྃ། ཨོཾ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱཾ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཨཱཿབྷྲཱུྃ། ཚལ་པ་ཚལ་པ་མཱ་ར་ཡ་ཛཿཛཿ ཞེས་ཁོའི་གཟུགས་ཕུང་རྣམས་དུམ་བུར་བཅོམ་པར་བསམ་ཞིང་རླུང་ཆུ་ས་ཡི་ཟློག་པའི་འཁོར་ལོ་རྣམས་བསྒྲལ་ཚུལ་ཙམ་དང་། མེ་འཁོར་དུམ་བུར་གཏུབ། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་རྡུང་བ་ན། །ལྷ་ཡང་རུང་སྟེ་བརླག་བགྱི་ན། །དགྲ་གདོན་གནོད་བྱེད་སྨྲོས་ཅི་དགོས། །ཨོཾ་པདྨ་ཨཱ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཞེས་ཐོ་བས་བརྡུངས་ལ་ལས་བྱང་བཞིན་ཞལ་བསྟབ་རྣམས་བྱའོ། །དེ་ནས་ཟློག་བྱང་གྱེར་བ་ནི། ལས་བྱང་བཞིན་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས། ཧཱུྃ་བྷྱོ། དྲེགས་འདུལ་དྲང་སྲོང་དྲི་མ་མེད། །དེ་སྤྲུལ་རྫུས་སྐྱེས་ཁྲོ་ཆེན་ནི། །འཇིགས་བྱེད་ཞེ་སྡང་རྡོ་རྗེ་དང་། ཁྲོ་རྒྱལ་དེ་ཡི་སྤྲུལ་པ་དང་། །ཡང་སྤྲུལ་དམ་ཅན་རྒྱ་མཚོར་བཅས། །བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས། །རང་རང་གཡོག་སྤྲུལ་ཕོ་ཉར་བཅས། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །ཟློག་སྒྱུར་ཕྲིན་ལས་བཅོལ་བ་ནི། །སྔགས་འཆང་བདག་ཅག་འཁོར་བཅས་རྣམས། །དོ་ཅིག་དེང་སང་ཕན་ཆད་ནས། །སང་ཕོད་ད་ཙམ་ཚུན་ཆོད་ཀྱི། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །སྲོག་ལུས་དབང་ཀླུང་དགྲ་གཤེད་སྐེག །གཟའ་ཚེས་སྐར་སྦྱོར་བྱེད་པ་ངན། །ས་བདག་ཕྱོགས་ངན་ལ་སོགས་པ། །མི་མཐུན་འགལ་རྐྱེན་ཟློག་ཏུ་གསོལ། །ལྷ་བདུད་མ་མོ་རྒྱལ་བཙན་སོགས། །སྡེ་བརྒྱད་ཁྲོས་ཤིང་འཁྲུགས་པ་ཡིས། །འགོ་ནད་ཡམས་རིམས་འབྲུམ་བུ་དང་། །རྒྱུ་གཟེར་གག་ལྷོག་གཉན་ནད་སོགས། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །ལྷ་ཀླུ་གནོད་སྦྱིན་རྒྱལ་བསེན་སོགས། །གདོན་རིགས་སྟོང་ཕྲག་བཅོ་བརྒྱད་དང། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་བདུན་བརྒྱ་ཉི་ཤུ༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་དྲུ་ལྟར་འཐུལ་བ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་སྒྱུ་ཐབས༴ སྐེམ་བྱེད་ལྕགས་ཀྱུས་ཟིན་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ མགོན་པོའི་པར་བུ་བསྐོར་བ༴ གཤིན་རྗེའི་འཕྲུལ་འཁོར་བཅས་པ༴ ཕུར་བུའི་དབལ་ཁ་བཏབ་པ༴ ཕྲ་མེན་ཉེ་འབྱེད་བཏང་བ༴ ཕོ་ཉའི་རྦོད་གཏོང་རྐང་མགྱོགས༴ བནྡེའི་འབུམ་བསྐོར་བྱུང་བ༴ བོན་པོས་བཙོ་དམར་འཕངས་པ༴ མུ་སྟེགས་ངན་སྔགས་བཏང་བ༴ ཡུངས་ཀྱི་ཐུན་ཟོར་འཕེན་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བྱད་ཕུར་རྦོད་གཏོང་བྱུང་བ༴ མནན་གཏད་ཁྲམ་ལ་བཏབ་པ༴ སྲེག་འཕང་ལས་སྦྱོར་བྱས་པ༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལངས་པ༴ ཕ་མེས་རྒན་སྲི་ལངས་པ༴ མ་སྲུའི་རྒན་སྲི་ལངས་པ༴ བྱིས་པའི་ཆུང་སྲི་ལངས་པ༴ དཔོན་སློབ་དམ་སྲི་ལངས་པ༴ པྲ་དང་མོ་རྩིས་ངན་པ༴ རྨི་ལམ་མཚན་ལྟས་ངན་པ༴ མ་ཉེས་ཁ་ཡོག་ངན་པ༴ ཁ་མཆུ་ཁ་སྨྲས་ངན་པ༴ དུག་མཚོན་བསམ་སྦྱོར་ངན་པ༴ བཙའ་སད་སེར་བ་ལོ་ཉེས༴ མི་ནད་ཕྱུགས་ནད་ངན་པ༴ ཐོག་འཁྱུག་གནམ་ལྕགས་ལྕེ་འབབ༴ སྨྱོ་འབོག་བརྒྱལ་ནད་ངན་པ༴ ས་ཀླུའི་མཛེ་ཕོལ་ཤུ་འབྲས༴ གཟའ་ནད་ཧུར་ཐུམ་གཏོང་བ༴ སྔ་དགྲ་ལག་གིས་བདར་བ༴ ཕྱི་དགྲ་ཡིད་ལ་བཞག་པ༴ ད་དགྲ་མདུན་དུ་བདོ་བ༴ ལུས་ཀྱི་ན་ཚ་ངན་པ༴ སེམས་ཀྱི་སྡུག་བསྔལ་ངན་པ༴ བསམ་དོན་མི་འགྲུབ་བར་བཅོད༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ ཟློག་གོ་དམར་ཆེན་གཏོར་མས་ཟློག །སྒྱུར་རོ་དྲང་སྲོང་དམོད་པས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །ཆོས་སོ་གནོད་བྱེད་གདོན་ལ་ཆོས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཆུང་བདུད་དལ་ཁ་ཐད་དུ་སྒྱུར། །རབ་འཇིགས་ལོཀྟྲིའི་ལྷ་ཚོགས་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བསྐུལ་ལོ་རྦད་དོ་མཐུ་མ་ཆུང་། །དྲང་སྲོང་བདེན་པའི་བཀའ་མ་བཅག །སྔགས་འཆང་དམ་རྫས་ཆུད་མ་གསན། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཟློག་སྒྱུར་བྱས་ལ། ཟོར་སྒྲུབ་ནི། གཏོར་ཆེན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནོངས་པ་བཤགས། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་སྔགས་རྒོད་ཞེ་སྡང་རྡོ་རྗེ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་བསམ་ཞིང་ཟློག་སྔགས་དྲག་ཏུ་བཟླ་བས་ནུས་ལྡན་དུ་བསྒྲུབ། ཐུན་གཏོར་དམག་ལྟོའི་ཚུལ་དུ་ཟློག་པའི་སྐབས་བཞིན་བསྔོས་ནས་གཏོར་ཆེན་ལ་འབུལ། སྐབས་འདིར་སྲེག་པའི་ལས་སྦྱོར་དང་འབྲེལ་བར་ཟློག་བསད་ཀྱི་ལིངྒ་རྣམས་དང་། མེ་འཁོར་གྱི་དུམ་བུ་རྣམས་བསྲེག །ས་འཁོར་མནན་པའི་ལས་སྦྱོར་གྱིས་མནན། ཡང་གོང་གི་ཟློག་བསད་ཀྱི་ལིངྒ་རྣམས་མནན་པས་མཐའ་བསྡུ་ན་ས་འཁོར་དང་ལྷན་ཅིག་མནན། ཆུ་འཁོར་ཆུ་ལ་སྦྱང་། རླུང་འཁོར་ལྷ་འདྲེ་ནག་པོ་གནས་པའི་སར་རླུང་ལ་འཕྱར། འོན་ཀྱང་ཆུ་རླུང་གི་ལས་སྦྱོར་གཉིས་སྐབས་འདི་ཉིད་དུ་མ་འགྲུབ་ན་སླར་གཟའ་ཚེས་དྲག་པོ་དང་བསྟུན་ནས་ལས་སྦྱོར་བྱས་ཀྱང་རུང་ངོ་། །དེ་ནས། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། ཁྱོད་རྣམས་རང་རང་གནས་ལ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་ཟུར་དབུ་དམོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བོའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་སྒོ་དབྱེ། བསྐུལ་ཆད་ཐོ་རྣམས་བྱས་རྗེས་གཟའ་ཡི་རྒྱུ་ཕྱོགས་དང་བསྟུན་ནས་ཟོར་རྫས་རྣམས་གང་དུ་འཕང་བའི་སར་ཁྱེར། གསེར་སྐྱེམས་སྔོན་དུ་འགྲོ་བས་ཟོར་བསྐུལ་ནི། ཧཱུྃ། ང་ནི་སྔགས་རྒོད་ཁྲོ་བོའི་རྒྱལ། ཁྲག་འཐུང་ཀུན་གྱི་དབང་ཕྱུག་ཡིན། །བཀའ་འཁོར་ལས་བྱེད་སྟོང་གསུམ་གང་། །ཐམས་ཅད་དྲག་པོའི་དམག་ལ་ཆོས། །སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །གཏོར་ཆེན་ཐོག་ལྟར་ཤ་ར་ར། ཁྲག་ཟོར་མཚོ་ལྟར་འཁྱིལ་ལི་ལི། །མདའ་ཟོར་འཁྱུག་ལྟར་ཁྱུགས་སེ་ཁྱུག །རྡོ་ཟོར་རྦབ་ལྟར་ཉི་ལི་ལི། །ཐུན་ཟོར་སེར་ལྟར་ཤ་ར་ར། །དུག་ཟོར་མུན་ལྟར་ཐིབས་སེ་འཐིབས། །དྲག་པོ་སྣ་ཚོགས་ཟོར་གྱི་རྫས། །སྡང་བ་དགྲ་ཡི་སྙིང་ལ་ཡཱ། །བདུན་རྒྱུད་ཆོད་ཅིག་མཱ་ར་ཡ། །གནོད་པ་བགེགས་ཀྱི་སྙིང་ལ་ཡཱ། །མེད་པར་ཆོམས་ཤིག་མཱ་ར་ཡ། །ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡཱ། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །བདག་འཛིན་བདུད་ལ་གཏོར་ཟོར་ཡཱ། །གཉིས་མེད་སྒྲོལ་ཅིག་མཱ་ར་ཡ། །ཞེས་ཟོར་བསྐུལ། ཧཱུྃ། སྔགས་རྒོད་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཚིག་གཞན་རྣམས་འདྲ་བ་ལས། ཀོང་ཟོར་གྱི་ཚབ་ཏུ། རི་བོ་ཉིལ་བ་རྡོ་ཡི་ཟོར། །རྦ་ཀློང་འཁྲུག་པ་ཁྲག་གི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་གཟིངས་པ་ཡུངས་དཀར་ཟོར། །ཞེས་རིམ་བཞིན་བཅུག་པས་ཟོར་འཕེན། ཧཱུྃ། དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཟློག་སྔགས་བཏགས་པས་གཏོར་ཆེན་འཕང་བ་དང་བཅས་པ་ཐམས་ཅད་འཇམ་དཔལ་དྲེགས་འཇོམས་བཞིན་ནོ། །དུལ་མོ་རྡུལ། བཀའ་ལྟར་མི་བྱེད་ཅིང་སོགས་ཐལ་རྡེབ་དང་བཅས་ཏེ་དམོད་པ་བོར། ནམ་མཁའ་མེད་པར་ཞེས་སོགས་ཀྱིས་ཡིད་ཆེས་བསྐྱེད། མེ་ཆུའི་རྒྱས་འདེབས་བྱ་ཞིང་ལས་བྱང་གི་སྲུང་འཁོར་འདོན། བཤལ་ཆུས་བརྟན་མ་བསྐྱང་། ས་ལ་ཆོས་འབྱུང་དུ་ནྲྀ་ཡིག་བྲིས་པར་དམིགས་བྱ་བཀུག་ནས་གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་བསམ་པའི་འོག་ཏུ་མནན་པར་བསམ་ལ་ལས་བྱང་བཞིན་བྲོ་བརྡུང་བྱ། ནང་དུ་ལོག་ནས་ཚེ་འགུགས་དང་གཏང་རག་གི་མཆོད་བསྟོད་ནོངས་བཤགས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་དང་བཅས་པས་མཐའ་བརྒྱན་པར་བྱའོ། །ཡང་བཅའ་གཞི་བསྡུས་པ་ལ་བརྟེན་ན། ས་སྟེགས་བྲུབ་ཁུང་སོགས་གོང་བཞིན་ལས་པུ་རི་དཀར་ནག་གི་ཚབ་ཏུ་དྲག་པོའི་གཏོར་ཆེན་བཅའ། འབྱུང་བཞིའི་འཁོར་ལོ་ཕག་སྤྱང་ཐོད་པའི་ལྟག་པའི་སྟེང་ངོས་བྲུབ་ཁུང་ནང་དུ་བཅའ་གཞི་རྒྱས་པའི་སྐབས་ལྟར་འཇུག །སྲུང་ཟློག་གི་འཁོར་ལོ་གཉིས་འཕྱར་ཐབས་སམ་སྲུང་ལྟེབ་གང་བྱེད་ཀྱང་ཡི་དམ་གྱི་སྐུ་དང་ལྷན་ཅིག་གཏོར་མའི་མགོར་འཛུགས། གཞན་ལག་ལེན་དང་ཆོ་གའི་བྱ་བ་ཐམས་ཅད་གོང་བཞིན་ལས། ཁྱད་པར་དྲང་སྲོང་ཞི་བའི་སྒོམ་བཟླས་སོང་རྗེས་གནས་བསྒྱུར་གྱི་ཚེ། རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ལས། །མཐིང་ནག་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ཆེ་བརྗིད་རྣོ་དབལ་འབར། །ཡར་རྩེ་ཞེས་སོགས་དང་། ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །སྟེང་གི་ནམ་མཁར་རྣམ་སྣང་དང་། །མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་ལ་སོགས་སངས་རྒྱས་དང་། །བྱང་སེམས་སྤྲིན་གཏིབས་ལྟ་བུས་སྲུང་། །ཕྱི་རོལ་འཁོར་ལོ་རྡོ་རྗེ་དང་། །ཞེས་སོགས་སུ་བསྒྱུར་ན་གནས་སྐབས་རྣམ་པ་གསལ་བ་ལྟར་སྣང་མོད། འོན་ཀྱང་དམིགས་པའི་སྒོམ་ཚུལ་བཅའ་གཞི་རྒྱས་པའི་ལུགས་བཞིན་དུ་བྱས་པ་ཉིད་ལེགས་སོ། །ཡང་འབྱུང་བཞི་དང་ཟློག་བསད་ཀྱི་ལས་ཁོལ་བུར་བསྒྲུབ་ན། བྲུབ་ཁུང་མཚན་ལྡན་དུ་ལས་གང་བྱེད་ཀྱི་ལིངྒ་བཅུག་པ་ཙམ་དྲག་པོའི་དམིགས་རྟེན་དུ་བྱས་ཏེ། ཆོ་གའི་ཁོག་དབུབ་སྔར་བཤད་ལྟར་ལ་འདོར་ལེན་གྱི་རྣམ་གཞག་ཤེས་པས་ཉམས་སུ་ལེན་པ་ཡིན་ནོ། །དེས་ནི་གདུག་པའི་དགྲ་བགེགས་སྡེ་དང་བཅས་པ་ཐམས་ཅད་མིང་གི་ལྷག་མར་བྱེད་ཅིང་། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་བར་གདོན་མི་ཟའོ། །རང་རིག་ཡེ་ཤེས་འ༵གྱུར་མེ༵ད་གསང་བདག་ཐུགས། །རྣམ་པར་མི་རྟོག་རྡོ༵་རྗེ༵འི་བཙན་མཁར་དུ། །རྒྱས་ཐེབས་སྲུང་བའི་གུར་ཁང་བདེ་ཆེན་གཞིར། །དབང་ཐོབ་ལེགས་བྱས་ཡོན་ཏན་ཅིར་ཡང་འཆར། །གདུག་ཅན་དྲེགས་པ་ཟློག་བསད་འཕྲུལ་འཁོར་དཔུང་། །ཡེ་གྲུབ་རང་རྩལ་མ་འགགས་རིག་སྔགས་འཕྲུལ། །བསླུ་མེད་དམོད་པའི་མཐུ་ཡིས་བྱད་གདོན་ཚོགས། །མཐར་བྱེད་མན་ངག་སྣང་བ་འདི་རྨད་བྱུང་། །ནག་པོ་དྲག་ཤུལ་སྦྱོར་བས་ལྷ་མ་སྲིན། །སྡེ་བརྒྱད་སྙིང་རྩ་འདར་དང་ལྷན་ཅིག་ཏུ། །ནག་ཕྱོགས་བདུད་སྡེའི་ཤེས་པ་དྲང་སྲོང་གི། །ཐུགས་སྲོག་དྭངས་མའི་ཐིག་ལེར་རོ་གཅིག་ཤོག །ཅེས་སྔགས་རྒོད་ལོཀྟྲི་པཱ་ལའི་སྲུང་ཟློག་བསད་པའི་མན་ངག་རྡོ་རྗེའི་ཐོག་འབེབ་ཅེས་བྱ་བ་འདི་ཡང་རྩ་བའི་གཞུང་གི་དགོངས་པ་ཇི་ལྟ་བར་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བརྗོད་བདེའི་ངག་གིས་རྗེས་སུ་འདོམས་བཞིན་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་ཡི་གེར་སྤེལ་བའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).