Terdzo-MA-044

From Rinchen Terdzö

ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཟིན་བྲིས་ཚེ་དབང་མཆོག་ཏུ་རྒྱས་པ་

zab rgya gnyis pa 'jam dpal dmar po zhi drag phyed ma longs spyod tshe 'phel gyi sgrub thabs dbang bskur dang bcas pa'i zin bris tshe dbang mchog tu rgyas pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  ཟབ་རྒྱ་གཉིས་པ་བསྟན་པ་འཇམ་དཔལ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་ (Zab rgya gnyis pa bstan pa 'jam dpal zhi drag phyed ma longs spyod tshe 'phel)
Volume 16 (མ) / Pages 891-903 / Folios 1a1 to 7a6

Last Text in Volume
[edit]

༄༅། །ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཟིན་བྲིས་ཚེ་དབང་མཆོག་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མཉྫུ་ཤྲཱི་ཨཱ་ཡུཿཔ་ཏ་ཡེ། འཇམ་དཔལ་ཚེ་བདག་དབང་གི་སྟོབས་བསྟན་ཚེ། །དུས་ཀྱི་ཆད་པས་བཀུག་པའང་སྡུད་འགྱུར་ན། །བརྟན་གཡོའི་ཚེ་བཅུད་ཁབ་ལེན་ལྕགས་ཕྱེ་བཞིན། །ཤུགས་ཀྱིས་དབང་སྒྱུར་མཛད་དེས་ཚེ་མཆོག་སྩོལ། །རྩ་བ་ཁ་སྐོང་བྲལ་བ་ཡིས། །ཐོས་ཆུང་དག་ལ་སོམ་ཉི་སྟེར། །ལག་ལེན་ཕལ་ཡང་རྣམ་པར་འཁྱམས། །དེ་བས་རྣམ་གསལ་ཟིན་བྲིས་བཀོད། ཁྱད་པར་དུ་འཕགས་པའི་ཚེ་སྒྲུབ་ཀྱི་གདམས་པ་འདིའི་སྒོ་ནས་དོན་གཉིས་སྒྲུབ་པ་ལ་གཉིས། བསྙེན་སྒྲུབ་ཉམས་སུ་ལེན་པ། གྲུབ་ནས་དབང་བསྐུར་སྦྱིན་པའོ། དང་པོ་སྦྱོར་བ་ཟླ་བ་ཡར་ངོར་གནས་ཡིད་དང་མཐུན་པར་ཆང་དང་མཚེའི་ཁཎྜ་སྦྲང་རྩིས་བྱུགས་པའི་སྟེགས་བུ་ལ་ཞི་དཀྱིལ་སྤྱི་འགྲོ །ལྟེ་བར་འཁོར་ལོ་སེར་པོ་རྩིབས་བརྒྱད་མུ་ཁྱུད་ལྷ་མཚན་དང་བཅས་པ་བྲི། མ་འབྱོར་ན་འབྲུ་ཚོམ་གཙོ་འཁོར་དགུ་བཀོད་པའི་ཁར་ཁྲིའུ་ལ། ཆང་མར་སྦྲང་བུ་རམ་སྤྲི་སྟེ་བཅུད་ལྔ་བསྲེས་པའི་ཟན་ལས་ཚེ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གས་གྲུམ་མེད་པ་རྒྱན་ལྡན་རིན་པོ་ཆེའི་སྣོད་གས་ཆག་མེད་པར་བཞག་པ་ལ་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་སྣས་བསྐོར་ཅིང་དར་གྱི་གུར་ཕུབ། དེའི་ཤར་དུ་ཚེ་རྟེན་གསེར་གྱི་རྡོ་རྗེ། ལྷོར་སྲོག་རྟེན་མདའ་དར་དམར་པོ། ནུབ་ཏུ་དབང་སྲོག་ལུས་ཀྱི་རྟེན་བུམ་པ་བཅུད་ལྔ་དང་བཟང་དྲུག་སྦྱར་བའི་ཆུས་བཀང་བ་རྒྱན་ལྡན། བྱང་དུ་དངོས་གྲུབ་ཀྱི་རྟེན་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་རྣམས་དང་། རྒྱབ་ཕྱོགས་སུ་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཕྱི་མཆོད་ཕྲེང་ཚར། འབྱོར་ན་དཀྱིལ་འཁོར་གྱི་མཐར་ཡང་ཕྱི་མཆོད་བསྐོར་བཤམ། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་འདུ་བྱའོ། །དངོས་གཞི་བདག་བསྐྱེད་རང་གི་ཡི་དམ་གང་ལ་བྱེད་པ་དེ་ཉིད་ཀྱི་ཕྲིན་ལས་གཞུང་བསྲང་སྟེ་དེའང་བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་བསྐྱེད་བཟླས་ཚོགས་མཆོད་བཅས་གྲུབ་པར་བྱ་དགོས་ཀྱང་། དམིགས་བསལ་མེད་ན་ཚེ་བདག་སོགས་འཇམ་དཔལ་ཞི་དྲག་གི་རིགས་གང་རུང་གཏང་ན་ཤིན་ཏུ་འབྲེལ་ཆགས་ལ། འོན་ཀྱང་འདིར་གཏེར་ཁའི་འབྲེལ་དང་ཁྱེར་བདེ་བའི་སླད་དུ། བླ་མ་དགོངས་འདུས་ཀྱི་ལས་བྱང་མེ་ཏོག་ཕྲེང་མཛེས་གཏང་བའི་དབང་དུ་བྱས་ཏེ། གསོལ་འདེབས་བསྡུས་པ། བགེགས་བསྐྲད་སྲུང་འཁོར་ནས་བརྩམ་སྟེ་བསྟོད་པའི་མཐར་འཛབ་བཟླས་གང་འགྲུབ་བྱ་ཞིང་། ཚོགས་བྱིན་རླབས་ནས་ལྷག་མ་ཡན་ཆད་གྲུབ་པ་དང་། འདི་ཉིད་ཀྱི་རང་གཞུང་ལྟར། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སོགས་ནས། ནྲྀ་དམར་ལ་འཚེར་བ་ཞིག་ཏུ་གསལ་བར་གྱུར། མདུན་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཚེའི་ཟན་དེ་ཉིད་ཤེལ་གྱི་མཆོད་རྟེན་ངང་ཙེ་རེ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་པོ་ཁྲུ་གང་པ་སོགས་གོང་ལྟར་ལ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དེའི་མཐའ་སྐོར་རྩིབས་བརྒྱད་ལ། ཤར་དུ་སངས་རྒྱས་སྤྱན་མ། སོགས་ནས། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་དང་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་པའི་གུར་ཁང་འཁྲིགས་པའོ། །དེ་ལྟར་གསལ་བའི་སོགས་ནས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། སྤྱན་འདྲེན་ནི། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །བཅོམ་ལྡན་འཇམ་དཔལ་སྲས་བཅས་རྣམས། །དད་པས་བདག་གིས་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ས་མ་ཡ་སཏྭཾ། སྤྲོ་ན། ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ནང་མཆོད༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ གསང་མཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རྒྱུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཞེས་ཕྱི་ནང་གསང་མཆོད་མེ་ཕྲེང་ལྟར་འབུལ། མི་ལྕོགས་ན། ཧཱུྃ། དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ། །བཅོམ་ལྡན་འཇམ་དཔལ་ཚོགས་ལ་འབུལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨཱ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ བཛྲ་ས་མ་ཡ་སོགས་ཀྱིས་བདག་མདུན་གཉིས་ཀ་དམ་ཡེ་བསྲེ། དེ་ནས་བསྙེན་བཟླས་འདི་ཉིད་ཀྱི་བསྙེན་སྒྲུབ་ཆེད་དུ་བྱེད་ན་གཞུང་གསལ་ལྟར། སྔ་དྲོ་བདག་བསྐྱེད་ཁོ་ན་ལ་དམིགས་པ། ཉིན་གུང་མདུན་བསྐྱེད་དང་འཕྲོ་འདུ། དགོང་མོར་ཚེ་འགུགས་པའི་སྔགས་དང་དམིགས་པ་སོ་སོར་བྱ། ཐུན་མཚམས་སུ་འོག་ནས་བཤད་པ་ལྟར་ཚེ་འགུག་མཆོད་བསྟོད་བྱ། ཐུན་རྗེས་མ་ལ་འཇུག་པའི་ཚེ་འདི་ཉིད་ཀྱི་གཞུང་དངོས་བསྐྱར་ནས་འདོན་ཏེ་གསལ་གདབ་པ་མ་གཏོགས་ཡི་དམ་གྱི་གཞུང་བསྐྱར་མི་དགོས་སོ། །དབང་སྐབས་ལྟ་བུར། བཟླས་དམིགས་རིམ་པ་སྤོས་ལ་བསྙེན་བཟླས་ཚོ་གསུམ་མུ་མཐུད་དུ་ཅི་འགྲུབ་བྱས་ལ་མཐར། ཧཱུྃ༔ དུས་གསུམ་སངས་རྒྱས་སོགས་ཀྱིས་ཚེ་འགུག །མེ་ཕྲེང་གི བདུད་རྩི་སྨན་མཆོད༔ ཧྲཱི༔ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་པོར༔ དབྱིངས་དང་ཡེ་ཤེས་གཉིས་སྦྱོར་བདུད་རྩི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་སཱ་ཡ༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་འགག་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་ཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱི༔ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོག་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་རྩུབ་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མ་བརྗིད་ལྡན་འདི༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པས་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་ཕྱིར་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་བྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པའི་བར་གྱིས་སྨན་རཀ་གཏོར་གསུམ་འབུལ། རང་གཞུང་ལྟར། ཧཱུྃ༔ ཡེ་ཤེས་ཀློང་ཡངས་སོགས་ཀྱིས་བསྟོད་པ་བྱ། སྒྲུབ་པའི་སྐབས་སྲོད་ཐུན་ལ་འདིའི་འཕྲོས་སུ་བཀའ་སྲུང་གཏོར་འབུལ་དང་ཡི་དམ་གྱི་རྗེས་ཆོག་གཏང་། གྲོལ་ཁར་གོང་གི་བསྟོད་པའི་འཕྲོར་ཚེ་འགུགས་གཏང་། དབང་དང་དངོས་གྲུབ་བླངས་ལ་འོག་ནས་འབྱུང་བའི་བསྡུ་རིམ་དང་ཡི་དམ་རྗེས་ཆོག་བྱ་བ་ཡིན་ཡང་། གཞན་ལ་དབང་བསྐུར་བའི་སྐབས་འདིར་གོང་གསལ་བསྟོད་པའི་འཕྲོས་སུ་བཀའ་གཏེར་སྲུང་མ་རྣམས་ལ་གཏོར་མ་ཕུལ། ལས་བུམ་ནང་དུ་པད་ཉིའི་གདན་ལ་ཡ་མཐིང་ནག་ལས་གཤིན་རྗེ་གཤེད་མཐིང་ནག་གཡས་བེ་ཅོན་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་རྡོ་རྗེ་བདུད་རྩིའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་མོས། ཧཱུྃ༔ ཚེ་བདག་རྔམས་པའི་སོགས་ཀྱིས་དངོས་གྲུབ་བླང་ངོ་། །གཉིས་པ་དབང་བསྐུར་བ་ནི། ལས་བུམ་གྱི་ཆུས་སློབ་མ་ལ་ཁྲུས་བྱ། མེ་ཕྲེང་ལྟར་བགེགས་གཏོར་བཏང་ཞིང་མཚམས་བཅད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་འགྲོ་བ་ཐམས་ཅད་ཀྱི་ཚེ་སྲོག་གི་བདག་པོ་ནི་འཆི་བདག་གཤིན་རྗེ་ཉིད་ཡིན་ལ། དེ་འདུལ་བྱེད་ཀྱི་གཉེན་པོ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་སུ་ཤར་བ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་གཤིན་རྗེའི་གཤེད་པོར་ཡོངས་སུ་གྲགས་པ་ལྟར་ལྷ་འདི་ཉིད་ཀྱི་རྣམ་ཐར་ཡོན་ཏན་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡིན། དེའི་རྒྱུད་དང་སྒྲུབ་ཐབས་གསང་སྔགས་གསར་རྙིང་གི་རིང་ལུགས་རྒྱ་མཚོ་ལྟ་བུ་ཞིག་བཞུགས་པའི་ནང་ནས། འདིར་སྔ་འགྱུར་གཏེར་མའི་ཕྱོགས་སུ་བྱོན་པ་སྟེ། དེའང་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པས་ཀོང་རྒྱ་ལའི་རྦ་དོང་བར་པ་འཇམ་དཔལ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་ཞི་དྲག་ཕྱེད་མ་ཟབ་རྒྱ་ཅན་གྱི་སྐོར་གསུམ་ལས། ད་ལམ་ཟབ་རྒྱ་བར་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་དབང་བསྐུར་བ་སྦྱིན་པ་སྟེ། གཞུང་ལས། འཇམ་དཔལ་དམར་པོའི་ཚེ་སྒྲུབ་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གནང༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྐུ་ཚེ་ཐུང་བའི་དུས༔ བར་ཆད་གློ་བུར་ཐོག་ལྟར་འབབ༔ སངས་རྒྱས་བསྟན་པ་ཉམས་དམའི་ཚེ༔ གདམས་པ་འདི་དང་ལྡན་པར་གྱིས༔ འདི་ལ་སྤྱད་དང་སུས་བསྒྲུབ་པ༔ ཚེ་ཡི་བར་ཆད་བསལ་ནས་ནི༔ ཚེ་ཡི་རིག་འཛིན་འཐོབ་པར་འགྱུར༔ དེ་ཕྱིར་འདི་ལ་འབད་པར་བྱ༔ ཞེས་གདམས་པར་མཛད་པ་ལྟར་དགོས་པ་ཆེ་ཞིང་ཟབ་འདྲིལ་བྱིན་བརླབས་ཀྱི་བཅུད་དང་ལྡན་པའི་དབང་བསྐུར་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་སློབ་མ་རྣམས། །དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་ལན་གསུམ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་དམར་པོ་ཁྲུ་གང་བ་སོགས་བདག་བསྐྱེད་ལྟར་ལ། ཐུགས་ཀར་ཉི་ཟླའི་གདན་ལ་རྣམ་པར་ཤེས་པ་ཚེ་སྲོག་གི་ངོ་བོ་ནྲྀ་དམར་ལ་འཚེར་བ་ཞིག་གསལ་བར་གྱུར། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དབང་ཐང་གཟི་བརྗིད་བཅུད་དང་དྭངས་མ་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ཐིག་ལེའི་རྣམ་པར་བཀུག་སྟེ་མདུན་གྱི་ཚེ་རྫས་དང་སྙིང་གའི་ནྲྀ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ རང་བཞིན་གནས་ནས་སྤྲུལ་པའི་ལྷ༔ སོགས་ཀྱིས་བསྟོད་ཅིང་བསྐུལ། ཚེ་ཟན་གྱི་ནང་དུ་བསྐྱེད་པའི་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་གྱིས་ཁྱེད་རང་ལ་དབང་བསྐུར་བ་ཙམ་གྱིས་ཚེ་ཉི་ཟླ་དང་མཉམ་པའི་དབང་ཐོབ་པར་མོས་མཛོད། ཚེ་ཟན་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ བཀྲ་ཤིས་ཚེ་འཕེལ་སོགས་ནས། རྡོ་རྗེ། མདའ་དར། བུམ་པ། ཐོད་ཆང་རྣམས་ཀྱི་དབང་གཞུང་ལྟར་རིམ་པར་བསྐུར། མཐའ་རྟེན་ཚེའི་དངོས་གྲུབ་ཞུ་བ་ནི། སྔགས་ཚིག་བརྗོད་པ་ཙམ་གྱིས་ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བདུད་རྩིའི་ཆར་རྒྱུན་ཕབ་པས་རང་རང་གི་ལུས་ཐམས་ཅད་གང་དྭངས་མའི་བཅུད་རབ་ཏུ་རྒྱས་ཏེ་སྐྱེ་འཆི་མེད་པ་ཚེའི་རིག་འཛིན་ཐོབ་པར་མོས་ལ་འདི་རྣམས་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་བསྙེན་སྒྲུབ་ཀྱི་སྔགས་རྣམས་ལན་ཁ་ཤས་བཟླ་ཞིང་། གསོལ་བ་འདེབས་པ་ནི། ཧཱུྃ༔ ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བཅོམ་ལྡན་ཚེ་བདག་འཇམ་པའི་དབྱངས༔ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དེས་འགྲེས་ཏེ་ཚིག་རྐང་ཐོག་མཐའ་བཞི་པོ་འདྲ་བ་ལས། གཉིས་པ་བཅོམ་ལྡན་ཚེ་བདག་སོགས་བསྒྱུར་ཏེ། ལྷ་མོ་ཡུམ་ཆེན་སངས་རྒྱས་སྤྱན། །ལྷ་མོ་ཡུམ་ཆེན་མཱ་མ་ཀི །ལྷ་མོ་ཡུམ་ཆེན་གོས་དཀར་མོ། །ལྷ་མོ་ཡུམ་ཆེན་དམ་ཚིག་སྒྲོལ། །ཡུམ་ཆེན་ལྷ་མོ་རྒྱས་བྱེད་མ། །ཡུམ་ཆེན་ལྷ་མོ་བརྟན་བྱེད་མ། །ཡུམ་ཆེན་ལྷ་མོ་འཕེལ་བྱེད་མ། །ཡུམ་ཆེན་བདུད་རྩི་ལོ་འདབ་མ། །ཞེས་འཁོར་བརྒྱད་རེ་རེ་བཞིན་འགྲེས་སུ་སྦྱར་བའི་མཐར་ཚེ་ཟན་ཐོད་ཆང་རྣམས་དངོས་གྲུབ་ཀྱི་རྫས་སུ་རོལ་ལ་ཤིས་པའང་བརྗོད་དོ། །དེ་དག་གིས་འཇམ་དཔལ་ཚེ་བདག་དམར་པོའི་སྒོ་ནས་ཚེའི་དངོས་གྲུབ་སྦྱིན་པའི་དབང་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས་གཏང་རག་སོགས་སྤྱི་ལྟར་བྱའོ། །རྗེས་ཀྱི་བྱ་བ་མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པ་བྱ། ནོངས་བཤགས་དང་ཡིག་བརྒྱས་ལྷག་ཆད་བསྐང་། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས། དམ་ཚིག་པ་རྣམས་རང་གི་སྙིང་གའི་ནྲྀ་ལ་ཐིམ་པས་བྱིན་གྱིས་བརླབས་ཏེ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་སྐུ་ཚེ་ལ་མངའ་བརྙེས་པར་གྱུར་པར་མོས་ལ་དམིགས་མེད་སྤྲོས་བྲལ་གྱི་ལྟ་བས་རྒྱས་གདབ། བདག་བསྐྱེད་ཆོ་གའི་མཇུག་བསྐུལ་པ་ཆད་བརྟན་ནས་ཤིས་བརྗོད་བསྔོ་སྨོན་གྱི་བར་མེ་ཕྲེང་ཉིད་མཐར་ཆགས་སུ་གཏང་ངོ་། །ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་གི །གྲིབ་བསིལ་སྣུམ་པོར་ངལ་བསོས་ཏེ། །འགྲོ་ཀུན་འཆི་བདག་ཚ་ངར་ལས། །རྣམ་གྲོལ་འཆི་མེད་ལུས་ཐོབ་ཤོག །ཅེས་པའང་ཆོས་འདིའི་ཞབས་ཏོག་ཆེད་དུ་དམིགས་ནས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀྱི་སྒྲུབ་གནས་འཆི་མེད་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).