Terdzo-LI-034
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་
by རྡོ་རྗེ་གླིང་པ་ (Dorje Lingpa)
revealed by རྡོ་རྗེ་གླིང་པ་ (Dorje Lingpa)
in cycle རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ (Rdzogs chen snying po hUM skor)
Volume 56 (ལི) / Pages 865-870 / Folios 1a1 to 3b6
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་བཞུགས༔ གེགས་སེལ་ཡིད་བཞིན་ནོར་བུ༔ ྈྈྈྈྈྈྈྈྈྈྈ རིག་པ་སྐྱེ་མེད་སྤྲིན་བྲལ་ནམ་མཁའ་ལ༔ རྟོག་པའི་རང་རླུང་རང་སར་ཤར་ཡལ་ཞིང༔ ཆུ་རླབས་རང་སངས་རྟོག་མེད་རང་གྲོལ་བ༔ གེགས་སེལ་ཡིད་བཞིན་ནོར་བུ་དེ་ལ་བསྟོད༔ འདིར་རྣལ་འབྱོར་པ་ཉམས་སུ་ལེན་པ་འབད་རྩོལ་དང་བཅས་པ་དྲགས་པོས་ཉམས་སུ་བླང་བ་རྣམས་ལ༔ ལམ་གྱི་སྣང་བ་འཕེལ་འགྲིབ་སེལ་བའི་ཐབས་ལ༔ རྣམ་རྟོག་བྱིང་བ་དང༔ རྒོད་པ་གཉིས་ཡིན་ཏེ༔ བྱིང་བ་ལ་གནས་ཀྱིས་བྱིང་བ་དང༔ གྲོགས་ཀྱིས་སོ༔ གནས་ཀྱིས་བྱིང་པ་ནི༔ མཛེ་སྤྲང་ངམ༔ དམ་ཉམས་ཀྱིས་བསླད་པའམ༔ རང་བཞིན་གྱིས་གནས་འཐིབ་པ་དང༔ ནམ་ཟླས་འཐིབ་པའོ༔ དེ་ལ་གནས་མཐོ་བའམ༔ གངས་མཐོ་བའམ༔ ནེའུ་སིང་ངམ༔ བྲག་གི་རྩེ་ལ་བསྒོམས་པས་སེལ་ལོ༔ གྲོགས་ནི༔ དམ་ཉམས་སམ༔ སྡོམ་ཉམས་སམ༔ བསམ་ངན་ནམ༔ སྡིག་ཅན་ནམ༔ གདོན་ཅན་དང་འགྲོགས་པས་ཏིང་ངེ་འཛིན་འགྲིབ་པ་དང༔ ལུས་ལྡང་མི་ནུས་པ་དང༔ བཏང་སྙོམས་དང་ལེ་ལོར་ལུས་པ་འབྱུང་ངོ༔ དེ་ལ་སྐོང་གསོ་བྱ༔ བཤགས་པ་བྱ༔ འཆི་བ་བསམ༔ གསོལ་བ་གདབ༔ སྨྲ་བ་གཅད༔ འཕྲུལ་འཁོར་བྱ༔ དེས་སེལ་ལོ༔ རྒོད་པ་ལའང་གནས་དང༔ གྲོགས་སོ༔ གནས་ཀྱིས་རྒོད་པ་ནི༔ གནས་དྭངས་ཆེས་པས་རིག་པ་མ་ནོན་པའོ༔ དེ་ལ་སྤྱི་བོར་བླ་མ་བསྒོམ༔ གྲོགས་ཀྱིས་གཡེང་སྟེ་རྒོད་པ་ལ་སྨྲ་བ་གཅད༔ ཞེན་པ་བསྐྱུང༔ བློ་ཁ་ནང་དུ་ལོག་ལ་སྙིང་རུས་བསྐྱེད་དེ༔ ལར་གྱིས་ཁམས་འདུས་པ་དང༔ རྐྱེན་དྲག་པོ་དང༔ སྡུག་བསྔལ་འབྱུང་བའི་དུས་སུ༔ འོ་ད་རེས་ང་ལ་དགེ་སྦྱོར་གྱི་གསལ་འདེབས་བླ་མ་གཅིག་བྱུང༔ རེ་དགའ་སྙོམས་ལས་སུ་གྱུར་པ་སྔར་ལན༔ ཁམས་གསུམ་སེམས་ཅན་ཕ་མ་དང་བཅས་པའི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ང་ལ་ཤོག་ཅིག༔ ངའི་སྡིག་སྒྲིབ་ཐམས་ཅད་དུས་འདིར་སྨིན་པར་གྱུར་ཅིག༔ མི་ཁ་དང༔ གླེང་བརྗོད་མི་མཐུན་པ་ཐམས་ཅད་ང་ལ་ཤོག་ཅིག༔ དུས་འདིར་ཤོག་ཅིག༔ སྐད་ཅིག་མ་ལ་ཤོག་ཅིག་བྱའོ༔ ཞེས་ཁར་ཡང་བརྗོད༔ རྒྱུད་ལའང་བཀལ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས༔ དེའི་སྟེང་དུ་གཏད་མེད་དུ་ཕྱལ་ཕྱལ༔ ཉམས་དགའ་ཡ་ལེ་བ༔ རྒྱང་གླུ་རྩེ་རེ་བ་གཅིག་འོང་སྟེ༔ དེ་ལས་ཀྱིས་ལས་དག་པ་བྱ་བ་ཡིན་ནོ༔ དཔེར་ན་ཡུལ་གཅིག་ཏུ་འཕྲང་ངམ༔ ལམ་དོག་པོ་གཅིག་བྱུང་ན་དེ་བརྒལ་མ་ཐག་ཏུ་ཡུལ་གཞན་གཅིག་འོང་ངོ་ཤེས་པས༔ དེ་དང་འདྲ་བ་བཞིན་བསྒོམས་པའི་རྗེས་ལ༔ ཉམས་ཀྱི་འཕེལ་འགྲིབ་རེ་བྱུང་དུས༔ རྗེས་ལ་རྟོགས་པ་རྐྱང་པ་གཅིག་མི་སྐྱེ་མི་སྲིད་པ་ཡིན་ནོ༔ དེ་ལྟར་མ་རིག་པའི་འཕེལ་འགྲིབ་ཐམས་ཅད་ཀྱང་རྒྱུ་མ་རིག་པ༔ ངོ་བོ་བདག་ཏུ་འཛིན་པ༔ མཚན་ཉིད་མ་ངེས་པའོ༔ དབྱེ་ན༔ བདག་ལ་བརྟེན་ཏེ་བྱུང་བ་དང༔ གཞན་ལ་བརྟེན་ཏེ་བྱུང་བ་དང༔ གཉིས་ཀ་ལ་བརྟེན་ཏེ་བྱུང་བ་དང༔ ཤེས་རབ་བྱ་ལྟར་ལྡིང་བའོ༔ བདག་ལ་བརྟེན་པ་ནི༔ ང་དང་བདག་ཏུ་འཛིན་པའི་ཉོན་མོངས་པ་རྣམས་སོ༔ གཞན་གྱི་ཕྱི་རོལ་གྱི་གདོན་རྣམས་རང་གི་སྣང་བ་ལ་ཞེན་པས་དུག་ལྔ་རྒྱས་པའོ༔ གཉིས་ཀ་ལ་བརྟེན་པ་ནི༔ གཟུང་འཛིན་གྱི་རྣམ་པར་རྟོག་པའོ༔ ཤེས་རབ་བྱ་ལྟར་ལྡིང་བ་ནི༔ ཆོས་མང་པོ་ཤེས་ཤིང་རློམས་སེམས་སུ་གྱུར་ཏེ༔ བློ་དྲེད་ཁྱེར་བའོ༔ བྱིང་རྒོད་ལ་ལུས་ཀྱི་འབྱུང་བ་འཁྲུགས་པའི་གཉིད་དང༔ ཆེད་དུ་གོས་དང༔ མལ་དུ་བཙས་པ་དང༔ ངལ་དུབ་དང༔ ཆང་ལས་བྱུང་བའོ༔ རྒོད་པ་ལ་རང་བཞིན་གྱིས་རྒོད་པ་དང༔ གླུ་གར་རོལ་རྩེད་དང༔ ཉོན་མོངས་པས་དཀྲུགས་པ་རྣམས་ཡིན་ནོ༔ དེ་རྣམས་གང་ལས་བྱུང་བརྟགས་པས་གཞི་མེད༔ གང་ལ་གནས་འདུག་བལྟས་པས་རྩ་བ་དང་བྲལ༔ ངོ་གང་དུ་སྤྲད༔ རིག་པ་རྟེན་མེད་དུ་ངོ་སྤྲད་དོ༔ དཔེ་འདུས་མ་བྱས་ཀྱི་ནམ་མཁའ་དང་འདྲ༔ ཅི་རུ་བསྲེ༔ འོད་གསལ་བདེ་བ་རང་སྟོང་དུ་བསྲེ༔ དུས་ཅི་ཙམ་ན་ད་ལྟ་ཉིད་ཀྱི་ཤེས་པ་འདི་ལས་མ་ཡེངས་པར་རོ༔ ངར་ཅིས་འདོགས༔ རླུང་གིས་འདོགས༔ རླུང་ལ་ཤེས་པས་འདོགས༔ རང་བྱུང་གི་ཡེ་ཤེས་ཧྲིག་གེ་རྗེན་ནེ་བའོ༔ རྟགས་ཅི་ཙམ་འབྱུང༔ ཞེན་ཆགས་དང་བྲལ་བ་འབྱུང༔ འབྲས་བུ་ལྟ་བ་བདེན་མེད་ཆོས་སྐུ་འཐོབ་བོ༔ འགྱུ་བ་སྟོང་པར་ངོ་ཤེས༔ གང་ན་གནས༔ སྣང་བ་ལ་གནས༔ ངོ་རང་གྲོལ་དུ་སྤྲད༔ དཔེ་ཅི༔ བར་སྣང་གི་འཇའ་དང་འདྲ༔ དེ་ཅི་རུ་བསྲེ༔ ཕན་གནོད་མེད་པ་རང་སྣང་ཤར་གྲོལ་དུ་བསྲེ༔ དུས་ཅི་ཙམ་ན་སྐད་ཅིག་གཉིས་པ་རང་གསལ་ཡུལ་བྲལ་འདི་རང༔ ངར་ཅིས་འདོགས༔ ཚོགས་དྲུག་སྒོ་ཡན༔ རྐྱེན་བླ་མ༔ རྟགས་ཅི་འབྱུང་ན༔ འཆི་བ་ལ་ཉམ་ང་མེད་པ་འབྱུང༔ འབྲས་བུ་སྣང་བ་རང་གསལ་དུ་ཤེས་པས་ལོངས་སྐུ་ཐོབ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངོ་ཤེས༔ གང་ན་གནས༔ རྣམ་རྟོག་སྔ་མ་སང༔ ཕྱི་མ་མ་སྐྱེས་པའི་བར་ན་གནས༔ ངོ་བདེ་སྟོང་དུ་སྤྲད༔ དཔེ་སྤྲ་བ་ལ་མེ་མཆེད་པ་བཞིན་དུ་སྤྲད་ཅིང་བསྟན༔ བླང་དོར་དགག་སྒྲུབ་མེད་པར་བསྲེ༔ དུས་སྐད་ཅིག་མ་གསུམ་པ་གང་སྣང་ལ་བཟོ་མེད་བཞིན་དུ་གསལ༔ གསལ་བཞིན་དུ་ཞེན་པ་མེད༔ མེད་བཞིན་མ་འགགས་པར་རྒྱ་བསྐྱེད་དེ༔ གྲ་ཡམ་མེ༔ ཁྲ་ཤིག་གེ༔ བདེ་ཕྱམ་མེ༔ རྗེན་ལྷང་ངེ་བའི་དུས་འདི་ནའོ༔ ངར་ཅིས་འདོགས་ན༔ སྣང་བའི་དངོས་པོ་རྟེན་ཅན་དང༔ རྟེན་མེད་གང་གིས་ཀྱང་འདོགས་སོ༔ དབྱིངས་སྣང་འབྲེལ་རྒྱུན་ཆོད༔ འཁོར་བ་ཆུས་བཤལ༔ འཁྲུལ་པ་རྩད་ནས་ཆོད་དོ༔ རྟགས་འཆི་བ་ལ་བྲོད་པ་ཐོབ༔ འབྲས་བུ་ཅིར་སྣང་སྤྲུལ་པའི་སྐུ་ཐོབ་པ་ཡིན་ནོ༔ ཅི་ཡང་མི་དམིགས་ཧད་པོར་བསྒོམས་ན་ནམ་མཁའ་མཐའ་ཡས་སུ་གོལ་འགྲོ༔ ནམ་མཁའ་སེམས་དང་སེམས་ལས་བྱུང་བའི་ཚུལ་དུ་སྒོམ་པ་ནི་རྣམ་ཤེས་མཐའ་ཡས་སུ་གོལ༔ གཅིག་དང་དུ་མས་གཞིག་ནས་ཅི་ཡང་མེད་པ་བསྒོམས་པས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་གོལ༔ དེ་ཡང་དཔེ་ནམ་མཁའ་དོན་རིག་པ༔ ཚད་སྣ་རྩེའི་བར་སྣང་སང་ངེ་བ༔ ངོ་བོ་སལ་ལེ༔ ཧྲིག་གེ༔ བུན་ནེ༔ ཕྱད་དེ༔ འབོལ་ལེ་བ་འདི་འོ༔ འདི་ཉིད་མིག་གི་ཡུལ་དུ་གཟུགས་སྣང་སྟོང་དབྱེར་མེད༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་དབྱེར་མེད༔ སྣ་ལ་དྲི༔ ལྕེ་ལ་རོ༔ ལུས་ལ་རེག་བྱ༔ ཡིད་ལ་བདེ་སྡུག་གང་སྣང་ཡང་གསལ་སྟོང་རྗེན་པར་ཁྲེས་སེ༔ ཡིན་ལུགས་ཀྱི་ངང་དུ་སྐྱོངས་ཤིག༔ དུས་བཞི་སྟེ༔ སྔ་དྲོ་དང་ཕྱི་དྲོ༔ སྲོད་དང༔ ཐོ་རངས་སོ༔ འགྲོ་བ་དང་འདུག་པ༔ ཟ་བ༔ སྨྲ་བའི་དུས་སུ་མི་འབྲལ་བར་བྱའོ༔ དེ་ལྟ་བུ་སྣང་བ་གྲོགས་སུ་ཁྱེར་བས༔ མཉམ་རྗེས་མཉམ་པོར་འདྲེས༔ སྣང་བ་གྲོགས་སུ་ཤར༔ རྐྱེན་ངན་བླ་མར་ཤར༔ སྟོང་ཉིད་རང་རྩལ་འབྱོངས༔ ཆོས་སྐུ་རྒྱ་ལྟར་འབྱམས་པ་ལ་སྤྱོད་ཅིག༔ དང་པོ་ཞི་གནས་ཀྱི་དུས་སུ་ཉམས་གཞོན་ནུ་མས་བདེ་བ་མྱོང་བ་ལྟ་བུར་འཆར༔ འབྲས་བུ་མིག་གི་མངོན་ཤེས་འབྱུང༔ རྗེས་ཐོབ་ཀྱི་དུས་སུ་སྒོམ་མི་སྒོམ་གྱི་ཐ་སྙད་དང་བྲལ་བ་འབྱུང༔ འབྲས་བུ་སྣ་ཚོགས་པའི་མངོན་ཤེས་འབྱུང༔ ཐམས་ཅད་ལ་མ་ཞེན་པར་མཉམ་རྗེས་འདྲེས་དུས་དངོས་པོར་འཛིན་པ་ཅི་ཡང་མེད༔ འབྲས་བུ་ཕ་རོལ་གྱི་སེམས་ཤེས༔ རྩལ་འབྱོངས་པའི་རྟགས་ནི༔ མ་རིག་པ་ཉིད་རིག་པར་ཤར་ནས༔ རང་སེམས་རང་མཚང་རིག་སྟེ༔ ལུས་གཞན་དུ་སྤྲུལ་ཤེས༔ འབྲས་བུ་སྔོན་གྱི་གནས་རྗེས་སུ་དྲན་པ་འབྱུང༔ དེ་ནས་ཉིན་སྣང་དང་མཚན་སྣང་ཕྱེད་འདྲེས་ཙམ་གྱི་དུས་ན་སེམས་ཀྱི་ངོ་བོ་རིག་པར་གྲོལ་ཏེ༔ སྐྱེ་བ་མི་ལེན༔ འབྲས་བུ་འཆི་འཕོ་དང༔ སྐྱེ་བའི་མངོན་ཤེས་འཆར་རོ༔ ཉིན་མཚན་འཁོར་ཡུག་ཏུ་འདྲེས་པའི་ཏིང་ངེ་འཛིན་ཉི་མ་དང་འདྲ༔ རང་དོན་ཆོས་སྐུ་ཐོབ༔ ཀ་དག་རང་ས་ཟིན༔ འཁྲུལ་པར་ལྡོག་མི་སྲིད༔ གཟུགས་སྐུ་གཉིས་ཉི་ཟེར་ལྟ་བུས་འཁོར་བ་མ་སྟོངས་ཀྱི་བར་སེམས་ཅན་གྱི་དོན་བྱེད་ཅིང༔ འབྲས་བུ་ཟག་མེད་ཀྱི་མངོན་ཤེས་འཆར་རོ༔ ཨེ་མ༔ ལྟ་བ་བལྟར་མེད་རིག་པའི་ཕོ་རྒོད་ལྟོས༔ སྒོམ་པ་སྒོམ་བྲལ་ཡེ་སྒོམ་ངོ་བོ་གསལ༔ སྤྱོད་པ་སྤྱོད་བྲལ་སྣང་བ་ཐུག་ཕྲད་གྱེས༔ འབྲས་བུ་ཐོབ་མེད་མིང་འདས་བརྗོད་བྲལ་ལོངས༔ གནད་འདི་སུས་ཤེས་སངས་རྒྱས་ཟང་ཐལ་ངང༔ ཨོ་རྒྱན་ང་ཡི་བརྒྱུད་འཛིན་དམ་པ་འོ༔ སྡུག་བསྔལ་དང་སྒོམ་གེགས་ཐམས་ཅད་རིག་པའི་ཀློང་དུ་ཞི་བའི་ཞི་བྱེད་རིན་ཆེན་ཕྲ་བཀོད་ཅེས་བྱ་བ་འདི་རྫོགས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ ༔