Terdzo-KHI-012

From Rinchen Terdzö

སྟག་ཚང་རྡོ་རྗེ་ཕུར་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལས་རབ་གསང་བ་འཕྲུལ་འབྱེད་

stag tshang rdo rje phur pa'i dbang bskur bklag chog tu bkod pa las rab gsang ba 'phrul 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རྭ་སྟོན་སྟོབས་ལྡན་རྡོ་རྗེ་ (Ratön Topden Dorje)
in cycle  སྟག་ཚང་རྡོ་རྗེ་ཕུར་པ་རྡོ་རྗེ་སེམས་དཔའ་རིགས་ལྔ་རྒྱན་གཅིག་ (Stag tshang rdo rje phur pa rdo rje sems dpa' rigs lnga rgyan gcig)
Volume 32 (ཁི) / Pages 237-264 / Folios 1a1 to 14b6

[edit]

༄༅། །སྟག་ཚང་རྡོ་རྗེ་ཕུར་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལས་རབ་གསང་བ་འཕྲུལ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མཿས་མནྟ་བྷ་དྲ་གུ་རུ་ཙ་ར་ཎཱ་ཡ། ལྷུན་གྲུབ་ཐར་ལམ་རིག་པ་འཛིན། །གྲུབ་པའི་དབང་ཕྱུག་དཔའ་བོ་ཆེ། །ཕྲིན་ལས་རོལ་པའི་དཀྱིལ་འཁོར་ཉིད། །སྡུད་ཅིང་སྤྲོ་མཛད་དེར་བཏུད་ནས། །ཕུར་པ་མང་ཡང་ཀུན་བཟང་གི །སྙིང་ཐིག་བོད་དུ་དཀོན་པའི་ཆོས། །སྟག་ཚང་ཟབ་གཏེར་ལས་བྱོན་པ། །དེ་ཡི་སྨིན་བྱེད་རྣམ་གསལ་བྲི། །རྭ་སྟོན་ཆེན་པོའི་ཟབ་གཏེར་སྟག་ཚང་ཕུར་པ་ལ་གཏེར་སྟོན་ཉིད་དང་དེ་ལས་བརྒྱུད་པའི་རྩ་བའི་ཕྱག་བཞེས་སུ། སྨད་ལས་དྲག་པོ་སྒྲོལ་བ་རྩ་བའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་མཛད་ཅིང་། ཕྱིས་བཀའ་རྒྱ་ཕལ་ཆེར་གྲོལ་བ་དང་བསྟུན་ཆོས་བདག་འགའ་ཞིག་གིས་རྩ་དབང་ལ་ཕུར་པ་ཆེ་མཆོག་གི་ལྷ་དབང་སྦྱར་ཞིང་། དབང་གི་དངོས་གཞི་ཆེ་མཆོག་གི་དབང་བསྐུར་མཛད་པར་སྣང་བས་དེའང་ལེགས་མོད། སྤྱིར་ལུགས་འདིར་སྟོད་ལས་བྱང་ཆུབ་སྒྲུབ་པ་ཞི་བ་ལྷ་མང་། སྨད་ལས་དྲག་པོ་སྒྲོལ་བ་རྩ་བའི་སྒྲུབ་པ། རྗེས་ལས་ཀྱི་སྦྱོར་བ་ཕུར་པ་ཆེ་མཆོག་ཡིན་པར་གསུངས་པས། རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན་ལས་སྦྱོར་གྱི་ལྷ་དེའི་རྣམ་འགྱུར་ཡིན་པས་དེའང་དོན་གྱིས་ཐོབ་པར་འགྱུར་བས་ལུགས་སྔ་མ་ལྟར་སྤྲོ་ན། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དཀྱིལ་འཁོར་རྡུལ་ཚོན་རས་བྲིས་འབྲུ་ཚོམ་སོགས་འབྱོར་ཚོགས་དང་བསྟུན་པའི་སྟེང་དུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན་རྒྱུན་འབབ་ཀྱི་ཆུ་དང་སོ་ལྔའི་རྫས་ཀྱིས་སུམ་གཉིས་བཀང་བ། ཁ་རྒྱན་གསེབ་ཏུ་ཀུན་བཟང་གི་ཙཀ་ལི། མདུན་དུ་ཐོད་པར་བདུད་རྩི་དར་དམར་གྱིས་བཀབ་པའི་སྟེང་དུ་མེ་ལོང་ཤེལ་རྡོས་མཚན་པ་དང་། ཁ་ཊྭཱཾ་ག །གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ། ལྷ་གནས་སུ་ཕུར་པ་ཡོད་ན་སོ་སོར་བཀོད། མེད་ནའང་གཙོ་ཕུར་ཙམ་བཀོད་པ་དང་ལྷན་ཅིག་གཙོ་བོའི་སྐུ་ཙཀ །ཁྲོ་བཅུ་ལ་ཧཱུྃ་བཅུ། སྒོ་མ་བཞི་ལ་ས་བོན་ནམ་ཕྱག་མཚན་གང་བདེ་བཞག །མདུན་དུ་སྨན་རཀ་གཏོར་གསུམ། རྒྱབ་ཕྱོགས་སུ་དབང་རྫས་དཔལ་གཏོར་རྒྱན་ལྡན་བཀོད། ཕྱི་མཆོད་གཡས་སྐོར་དུ་བཤམ། གཞན་ཡང་དུར་ཁྲོད་ཆས་བརྒྱད་ཀྱི་ཙཀ་ལི། ལས་བུམ། གདབ་ཕུར། ལྕགས་ཧོམ་ལིངྒ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་ཇི་ལྟར་དགོས་པའི་ཆས་ཐམས་ཅད་ཉེ་བར་བསྡོགས་པར་བྱས་ལ། དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། བརྒྱུད་འདེབས་ནས་བརྩམ་ཕྲིན་ལས་ཀྱི་གཞུང་བསྲང་ཞིང་དཀྱིལ་འཁོར་གསུམ་ལྡན་དུ་བསྒྲུབས་ལ་བཟླས་པ་ཅི་འགྲུབ་དང་སྟོང་ཚིགས་བྱ། བུམ་པ་རང་བྱུང་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བ་ཐམས་ཅད་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་འཇུས་ལ་བཟླས་པ་ཅི་འགྲུབ་མཐར། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོས་རྡོ་རྗེ་བདུད་རྩིའི་ཆུར་ཞུ་བ་བུམ་པའི་བཅུད་དང་རོ་གཅིག་པར་གྱུར། ལས་བུམ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སྔོན་ཕྱག་གཉིས་ཐལ་སྦྱར་གྱིས་བུམ་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས། ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ །འཇིགས་བྱེད་འཇིགས་པའི་མཐུ་སྟོབས་ཅན། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་མོས་ལ། ཨཱོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བཟླས་མཐར་ཁྲོ་བོ་འོད་དུ་ཞུ་སྟེ་ཆུར་ཐིམ་པས་དེའི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར་པར་མོས། དེ་ནས་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་སྐོང་གསོ། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་ནུས་ལྡན་དུ་བྱའོ། །དབང་བསྐུར་དངོས་ལ་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བའོ། །དང་པོ་ནི། སློབ་མ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཧཱུྃ༔ ཐོག་མེད་དུས་ནས་བག་སྒྲིབ་ཀྱིས༔ རྨོངས་པའི་སྐལ་ལྡན་རྗེས་འཇུག་རྣམས༔ རྟེན་འབྲེལ་ཟབ་མོའི་ཁྲུས་བསྩལ་བས༔ དབང་མཆོག་བསྐུར་བའི་སྣོད་རུང་ཤོག༔ ཨེ་ཡཾ་རཾ་བཾ་ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ སརྦ་པཱ་པཾ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་བཀྲུས་ལ་ཕྱག་བཅས་གྲལ་དུ་འཁོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱནན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་སོགས་ཀྱིས་བཀའ་བསྒོ་ཞིང་མཚམས་བཅད་པ་དང་། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ནས། ཛྭ་ལཾ་རཾ་ཧཱུྃ་ཧཱུྃ་ཧཱུྃ༔ བར་གྱི་སྲུང་འཁོར་བསྒོམ་པ་ལས་བྱང་ལྟར་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་གང་གསན་བྱ་སྐབས་དོན་ཟབ་ཆོས་འདི་ཉིད་ཀྱི་དབང་དུ་བྱས་ན། མི་ཟད་རྒྱུད་ཀྱི་ཏི་ཀ །སྔོན་བྱུང་ལུང་གི་ཁྱེར་སོ། བྱིན་རླབས་ཆུ་བོ་མ་ཆད་པའི་ལོ་རྒྱུས། ཐུན་མོང་ཁྱད་པར་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་སྟེ་རྣམ་པ་བཞི་རུ་བཤད་པ་ལས། དང་པོ་མི་ཟད་རྒྱུད་ཀྱི་ཏི་ཀ་ནི། འཁོར་འདས་ཀྱི་ས་མཚམས་གདོད་ནས་དག་པ་རྡོ་རྗེ་འབར་བ་མི་ཕྱེད་ཡངས་པའི་ཀློང་ཆེན་པོ། མཐའ་དབུས་རྒྱ་ཁྱོན་ལས་འདས་པའི་དབུས་སུ་ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་དབྱིངས་དགུ་དང་ལྡན་པར་སྐྱེ་མེད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་ཁྲོ་བཅུར་བཅས་ཏེ་རྡོ་རྗེ་རོལ་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེའི་ཚེ་འཇིག་རྟེན་འདས་མ་འདས་ཀྱི་གླིང་ཆེན་བྱ་བར་རྟག་ཆད་དུ་ལྟ་བའི་མུ་སྟེགས་ཀྱི་རྒྱལ་པོས་ལྷ་དབང་ཕྱུག་ཐ་ནག་མཆོད་ཅིང་རྒྱུད་སྤུ་གྲི་གསལ་ཤིང་ནག་པོ་ལ་བརྟེན། ནང་པ་སངས་རྒྱས་པའི་རྒྱལ་པོས་དཔལ་ཆེན་པོའི་སྤྲུལ་པ་སྟོན་པ་རྡོ་རྗེ་གསལ་བ་མཆོད་ཅིང་ཆོས་དགེ་བ་བཅུ་ཉམས་སུ་ལེན་པ་ལ་ཕྱི་ནང་གཉིས་འཁྲུགས་པ་བྱུང་ནས། མུ་སྟེགས་ཀྱི་རྒྱལ་པོས་ཐ་ནག་ཕུར་པའི་ལྷ་རྦད་པས་ནང་པའི་བསྟན་པ་འཇིག་ལ་ཉེ་བ་ན། སྟོན་པ་རྡོ་རྗེ་གསལ་བས་གསང་བདག་རྡོ་རྗེ་མེ་འབར་གྱི་ཐུགས་རྒྱུད་བསྐུལ་བས། འོག་མིན་ཀཱི་ལ་སྒྲོག་པའི་ཞིང་ནས་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བར་སྣང་ལ་འཇའ་ལྡངས་པ་ལྟར་བྱོན་ནས། ཐ་ནག་ཕུར་པའི་ལྷ་གཉེན་པོ་རང་གཤེད་དུ་ཕབ་ཅིང་བཏུལ་ནས་སྲོག་གི་སྙིང་པོ་བླངས་ཏེ་འཇིག་རྟེན་འདས་པའི་ལམ་དུ་བཀོད་ཅིང་། དེ་ཉིད་ཀྱི་རྒྱུད་གསུངས་པ་ཕུར་པ་ཐ་ཁྲ་བོའི་རྒྱུད་ཅེས་བྱ་ཞིང་དེའི་སྒྲུབ་ཐབས་རྣམས་ལ་གསང་ཕུར་དམར་ནག་གམ་བོད་ཡུལ་དུ་དཔལ་གྱི་ཕུར་ནག་ཏུ་གྲགས། མུ་སྟེགས་མཐའ་དག་བཅོམ་ནས་དྲག་པོའི་ཐོད་ཟོར་སོགས་མངོན་སྤྱོད་ཀྱི་རྒྱུད་རྣམས་བཤད། གཞན་ཡང་ཆོ་འཕྲུལ་མཐའ་ཡས་པ་བསྟན་པས་མཚན་རྡོ་རྗེ་གཞོན་ནུ་དང་རྡོ་རྗེ་གཏུམ་པོ་ལ་སོགས་པར་གྲགས་ཤིང་། སྲིད་པའི་རྩེ་མོར་སྣང་སྲིད་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ་གསང་རྒྱུད་མཐའ་དག་ཆོས་ཉིད་ཀྱི་རང་སྒྲས་བསྟན་པ། སྟོན་པ་རྡོ་རྗེ་གསལ་དང་མཁའ་འགྲོ་རྣལ་འབྱོར་མ་གཉིས་ཀྱི་རིན་པོ་ཆེའི་ཤོག་བུར་བྲིས་ཏེ། ཐོད་པའི་སྒྲོམ་བུར་བཅུག་ནས་དབྱིངས་ཀྱི་མཁའ་འགྲོའི་གསང་མཛོད་མཆོད་རྟེན་ཆེན་པོར་གཏེར་དུ་སྦས་སོ། །གཉིས་པ་སྔོན་བྱུང་ལུང་གི་ཁྱེར་སོ་ནི། ཐེག་པ་ཐམས་ཅད་ཀྱི་མཛོད་གླིང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེས༔ གྲུབ་པའི་རིག་འཛིན་བརྒྱད་ལ་གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཏེར་སྒྲོམ་སོ་སོར་གཏད་པའི་ཚེ༔ རིག་འཛིན་པདྨ་ཐོད་ཕྲེང་ལ་ཕྲིན་ལས་རྡོ་རྗེ་གཞོན་ནུའི་གསང་རྒྱུད་རྣམས་དང༔ བཀའ་བརྒྱད་ཐུན་མོང་མ་ཡིན་པའི་ཟབ་ཁྱད་སྐོར་རྣམས་ཐོད་སྒྲོམ་དུ་བཞུགས་པ་མཆོད་རྟེན་གྱི་བུམ་པ་ནས་མངོན་དུ་བསྩལ་ཅིང༔ སློབ་དཔོན་གྱིས་གྲུབ་པའི་རིག་འཛིན་རྣམས་ལ་ཡོངས་རྫོགས་གབ་པའི་རྒྱ་བཀྲོལ་ཏེ་གཏན་ལ་ཕབ༔ སླར་བལ་བོད་མཚམས་ཀྱི་གནས་མཆོག་ཡང་ལེ་ཤོད་དུ་ཡང་ཕུར་བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ གདུག་པ་ཅན་ཐམས་ཅད་བཏུལ་ཞིང༔ བོད་ཡུལ་དུ་གསང་སྔགས་ཀྱི་ཐེག་པ་རིན་པོ་ཆེ་དར་བའི་རྟེན་འབྲེལ་གྱི་དབུ་བརྙེས༔ མཆོག་ཐུན་མོང་གི་དངོས་གྲུབ་བཅུད་དུ་སྨིན༔ རྒྱལ་ཁམས་ཐམས་ཅད་བདེ་ལེགས་སུ་མཛད༔ དེ་ནས་བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དྲངས་ཏེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསམ་ཡས་སོགས་བོད་ཡུལ་གྱི་ས་བཏུལ་ཞིང་འདྲེ་སྲིན་གདུག་པའི་སྡེ་བརྒྱད་ཚོགས་རྣམས་དམ་ལ་བཏགས༔ མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ཅིང༔ བོད་ཡུལ་གྱི་སྒྲུབ་གནས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་ཞིང་བོད་ཡུལ་གྱི་ལུང་པ་གྲུབ་ཐོབ་ཀྱིས་བཀང་ནས་དུས་གསུམ་ཀུན་ཏུ་བསྟན་པ་རིན་པོ་ཆེ་ནུབ་མེད་དུ་དར་ཞིང་རྒྱས་པར་མཛད༔ ཁྱད་པར་དུ་ཕྲིན་ལས་ཀྱི་གནས་མཆོག་འོན་ཕུ་སྟག་ཚང་དུ་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ལ༔ ཇོ་མོ་མཚོ་རྒྱལ་གྱིས་འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་དམ་པ་བདེ་བླག་ཏུ་སྒྲུབ་པའི་ཐབས་ཞུས་པས༔ གུ་རུའི་ཞལ་ནས༔ སྤྱིར་གསང་སྔགས་ཀྱི་ཆོས་གང་སྒྲུབ་ཀྱང༔ སྔོན་དུ་བར་ཆད་སེལ་བྱེད་ཕུར་པ་སྒྲུབ་པ་གལ་ཆེ་ཞིང༔ ཁྱད་པར་ཡོ་ག་ཚེ་ཡི་རིག་འཛིན་སྒྲུབ་པ་ནི་དངོས་གྲུབ་ཆེ་ཡང་བར་གཅོད་ཀྱི་རྐྱེན་མང་བས༔ སྔོན་ལ་ཕུར་པ་བསྒྲུབ་དགོས་ཤིང༔ དེ་ལ་ཕུར་སྒྲུབ་དང་ཚེ་སྒྲུབ་གང་ལའང་སྒྲུབ་པའི་གྲོགས་དགོས་པས༔ བོད་ཡུལ་དབུ་རུའི་སའི་ཆ་ན༔ རུས་རླངས་ཡིན་པའི་བུ་ལོ་བཅུ་བཞི་ལོན་པ་ཞིག་ཡོད་པ་དེས་སྒྲུབ་པའི་གྲོགས་གྱིས་ལ་ལྷར་སྒྲུབས་ཤིག༔ ཅེས་ལུང་བསྟན་པ་ལྟར་བཙལ་བས་རྙེད་དེ་གུ་རུའི་སྤྱན་སྔར་མཆིས་པ་ན༔ སློབ་དཔོན་ཆེན་པོས༔ འདི་ནི་ཕུར་པ་གྲུབ་པའི་རིག་འཛིན་ཏེ༔ རྡོ་རྗེའི་ཚེ་བརྙེས་གཞན་གྱིས་གཞོམ་པར་དཀའ༔ ལྷ་ཡི་ལུང་བསྟན་བདུད་འདུལ་དཔའ་བོ་སྟེ༔ སྟོབས་ལྡན་སེང་གེ་ལྟ་བུར་མངའ་གསོལ་ནས༔ མིང་ཡང་ལྷ་ལུང་དཔལ་གྱི་སེང་གེར་ཐོགས༔ ཅེས་མངའ་གསོལ་ཞིང་མོན་གྱི་བུ་མོ་བཀྲ་ཤིས་ཁྱེ་འདྲེན་འདི་ཉིད་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ལས་མའི་མཚན་རྟགས་ཚང་བ་ཞིག་འདུག་པས་ང་ལ་ཕུལ་དང༔ དེས་གྲོགས་བགྱིས་ཏེ་གསང་སྔགས་རྡོ་རྗེ་ཕུར་པའི་མན་ངག་མང་པོ་སྤེལ་དགོས༔ དེ་མིན་བོད་བླུན་གྱི་ཡུལ་འདིར་གསང་སྔགས་མི་དར་ཞིང་རྣལ་འབྱོར་པ་རྣམས་ཀྱི་རང་སྲོག་ཀྱང་མགོ་མི་ཐོན་པར་འདུག༔ ཁྱད་པར་བོད་ཡུལ་སྤྱིའི་ལྷ་འདྲེ་ཆོས་ལ་དགྲར་བལྟ་བ་མང་པོས་བར་གཅད་ནས་གསང་སྔགས་ཀྱི་བསྟན་པ་ཡེ་མི་དར༔ དར་ཀྱང་འཕྲལ་དུ་ནུབ་པར་འགྱུར༔ ཅེས་གསུངས་པས་ཇོ་མོ་མཚོ་རྒྱལ་གྱིས་གསེར་གཡུའི་མཎྜལ་བུ་མོ་བཀྲ་ཤིས་ཁྱེ་འདྲེན་དང་བཅས་ཕུལ་ནས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཞག་བདུན་བསྒྲུབ་པ་མཛད་པས༔ གྲུབ་པའི་རྟགས་དང་མཚན་མ་ཐམས་ཅད་རྫོགས་ཏེ༔ ཡབ་ཡུམ་གསུམ་སྨིན་པར་མཛད༔ དེའི་སྲོད་ལ་གུ་རུ་ཉིད་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས༔ སྦྱོར་ཡུམ་མཚོ་རྒྱལ་ཨེ་ཀ་ཛཱ་ཊིར་གྱུར༔ སྒྲོལ་ཡུམ་བཀྲ་ཤིས་ཁྱེ་འདྲེན་སྟག་མོའི་རྣམ་པར་གྱུར་པའི་སྟེང་དུ་ཡབ་ཡུམ་ཟུང་འཇུག་སྦྱོར་བའི་ཐུགས་ལས༔ ཡེ་ཤེས་ཀྱི་ཕོ་ཉ་དཔལ་གྱི་སེང་གེ་རྡོ་རྗེ་འགྱེད་པའི་ཕྱག་རྒྱ་གཉན་པོར་གྱུར་ཏེ༔ སྟོང་གསུམ་གླིང་བཞིའི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཤིང་དམ་ལ་བཏགས༔ དེའི་ཚེ་རྡོ་རྗེ་ཕུར་པ་སྟོད་ལས་བྱང་ཆུབ་སྒྲུབ་པ་རྡོར་སེམས་རིགས་ལྔ་རྒྱན་ཅིག༔ ཀུན་བཟང་དགོངས་པའི་རྒྱ་མཚོ་མ་བུ་ཆ་ལག་དང་བཅས་པ༔ སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་དུག་ཕུར་ནག་པོ་ཟློག་པའི་ཁ་ཚར་ཐུན་མོང་མ་ཡིན་པ་སྤྱི་དང་བྱེ་བྲག་གི་སྐོར་ཤིན་ཏུ་ཟབ་པ༔ བསྟན་སྲུང་མུ་སྟེགས་ནག་པོའི་དྲག་སྔགས་ཐེམ་མེད་གནད་ཀྱི་སྙིང་བྱང་དུ་མ་དང་བཅས་པ་བསྩལ་ཅིང༔ རྡོ་རྗེ་ཕུར་པའི་སྐོར་ལ་འདི་ལས་ཟབ་པ་པདྨ་བདག་ལའང་མེད་པས༔ བསྒྲུབས་ནས་ནུས་རྟགས་ཐོན་པར་གྱིས་ལ་ཆ་གཅིག་བཀའ་བརྒྱུད་དུ་ཞོག༔ ཆ་གཅིག་གཏེར་དུ་སྦོས་ལ་སྨོན་ལམ་ཐོབ༔ ཅེས་གསུངས་པ་ལྟར་མཚོ་རྒྱལ་དང་དཔལ་སེང་གཉིས་ཀྱིས་ལེ་ལོ་དར་གཅིག་ཀྱང་མ་སོང་བར་བསྒྲུབས་པས༔ རིང་པོར་མ་ལོན་པར་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་དངོས་གྲུབ་ཐོབ༔ དེ་ནས་ཐུན་མོང་གི་སྐོར་རྣམས་བཀའ་བརྒྱུད་དུ་བཞག༔ ཐུན་མོང་མ་ཡིན་པའི་ཟབ་ཁྱད་སྐོར་ཡོངས་སུ་རྫོགས་པ་སྒྲུབ་པའི་གནས་དེ་ཉིད་དུ་གཏེར་དུ་སྦས་ཏེ་མ་འོངས་སྙིགས་མཐར་སྤྱོད་པའི་སྨོན་ལམ་དང་བཅས་ཏེ་བཀའ་སྲུང་ཡེ་ཤེས་ཀྱི་མ་མོ་དང༔ གཏེར་སྲུང་བདུད་མགོན་དྲེགས་པའི་ཚོགས་ལ་གཉེར་བྱང་གཏད་དེ་བཞུགས་པའོ༔ གསུམ་པ་བྱིན་རླབས་ཆུ་བོ་མ་ཆད་པའི་ལོ་རྒྱུས་ནི། ཇི་སྐད་དུ། རྒྱལ་པོའི་མངའ་ཚུད་བོད་ཀྱི་མི་རྣམས་ནི༔ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ༔ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ར་ཤི་སྟོན་པའི་མིང་ཅན་འབྱུང༔ ཞེས་གསུངས་པའི་དུས་ཀྱི་རྟགས་མངོན་དུ་གྱུར་པ་ན། སངས་རྒྱས་གླིང་པ། སྟག་ཤམ་རྡོ་རྗེ། ཆོས་གླིང་སོགས་ཀྱི་གཏེར་ཁ་ནས་ལུང་བསྟན་དུ་ཟིན་པ་རྭ་སྟོན་སྟོབས་ལྡན་རྡོ་རྗེ་ཤུགས་འཆང་རྩལ་གྱིས་དྲག་པོའི་གནས་མཆོག་འོན་ཕུ་སྟག་ཚང་གི་གུ་རུའི་སྒྲུབ་ཕུག་འོག་མ་ནས་སྤྱན་དྲངས་ཤིང་ཆོས་བདག་སྐལ་ལྡན་རྣམས་ལ་རིམ་གྱིས་སྤེལ་བས། བོད་ཡུལ་མི་བདེ་བའི་འཚུབས་འགྱུར་ཕལ་མོ་ཆེ་ཞི་ཞིང་བདེ་སྐྱིད་ཀྱི་ཉི་མ་ཤར་བར་མཛད་པའི་མཐུ་སྟོབས་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་པའོ། །བཞི་པ་ཐུན་མོང་ཁྱད་པར་གྱི་དབང་བཞི་མཐའ་རྟེན་དང་བཅས་པའི་ཟབ་ཆོས་དེ་ཉིད་ཀྱི་དབང་བསྐུར་སྒྲུབ་པར་བགྱི་བ་ལ། རིགས་ལྔ་རྒྱན་གཅིག་གི་དཀྱིལ་འཁོར་དུ་དྲག་པོ་སྒྲོལ་བ་རྩ་བའི་དབང་བསྐུར་བ་དང་། ཕུར་པ་ཆེ་མཆོག་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་དུ་ཕྲིན་ལས་ཀྱི་ལས་ལ་སྦྱོར་བའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། འདིར་སྔ་མ་ལྟར་བསྒྲུབ་པ་ལ་བདག་ཉིད་རྡོ་རྗེ་སློབ་དཔོན་གྱིས་བྱ་བའི་འོས་སུ་གྱུར་པ་མཐའ་དག་གྲུབ་ཟིན་པས། སློབ་མ་རྣམས་ཀྱིས་བགྱི་བར་བྱ་བའི་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། དེ་ནས་སྙིམ་པ་མེ་ཏོག་དང་བཅས་ལྷ་དང་བླ་མ་དབྱེར་མེད་པའི་སྤྱན་སྔར་དབང་གི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན༔ དཔལ་ཆེན་ཕྲིན་ལས་ཕུར་པ་ཡི༔ དཀྱིལ་འཁོར་ཆེན་པོར་བདག་ཅག་རྣམས༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། དེང་འདིར་གསང་ཆེན་དཀྱིལ་འཁོར་དུ༔ ཁྱེད་རྣམས་འཇུག་པར་སྤྲོ་བ་འམ༔ གསང་བའི་དམ་ཚིག་ཚུལ་མཐའ་དག༔ མི་འབྲལ་རྩེ་གཅིག་བློ་ཡིས་ཟུངས༔ ཞེས་རྡོ་རྗེ་མགོ་བོར་བཞག །དེ་ནས་ཐེག་པ་ཕྱི་ནང་ཐུན་མོང་གི་བསླབ་སྡོམ་གཟུང་བའི་སླད་དུ། བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཕྱོགས་དུས་སྐྱབས་གནས་ཀུན་འདུས་ཀྱི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་མཐའ་དག་སྐྱབས་སུ་འགྲོ་བ་དང་། སྡིག་ལྟུང་སྒྲིབ་པའི་ཚོགས་རྣམས་བཤགས་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་བཟུང་ཞིང་། དེ་དག་གི་སྤྱོད་པ་སྤྱད་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་བཅིངས་ཏེ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་སྤྲོས་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ཏེ་སྟོང་པར་གྱུར། གདོད་མའི་སྟོང་ཆེན་དེའི་ངང་ནས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་ལ་སྒེག་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོ་བ། ཕྱག་དྲུག་དང་པོ་གཉིས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པ་གཉིས་ཀྱིས་གསེར་རྡོར་རྩེ་ལྔ་པ་དང་ཁ་ཊྭཱཾ་ག །ཐ་མ་གཉིས་ཀྱིས་ཕུར་བུ་འདྲིལ་བ། ཞབས་བཞིས་རུ་ཏྲ་ཕོ་མོ་བརྫིས་པ། རྡོ་རྗེ་ཁྱུང་གཤོག་གདེངས་ཤིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་སྔོ་སྐྱ་རྡོ་རྗེ་དུང་དམར་འཛིན་པས་འཁྱུད་པ། ཐུགས་དབྱིངས་རྡོར་སེམས་མཐིང་གསལ་གྱི་ཐུགས་ཀར་པདྨ་འདབ་བརྒྱད་ཉི་ཟླའི་གདན་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་རྣམ་སྣང་གི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་ཐུགས་སྲོག་ཧཱུྃ་སྔོན་པོས་མཚན་པ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གསལ་བ་དང་། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་གཅིག་ཆར་དུ་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཞི་ཁྲོའི་སྐུ་ཡི་རྣམ་རོལ་དུ་གར་ཉམས་སུ་ཁྱུགས་ཁྱུག །གཟི་བྱིན་དུ་ལམས་ལམ། འཇའ་ཟེར་ཤིགས་ཤིག །མེ་འོད་ལྷགས་ལྷག །ཐོག་ཟེར་ཆེམས་ཆེམ། དྲག་སྔགས་འུར་འུར། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སྤོས་དུད་ཌཱ་དྲིལ་དབྱངས་དང་བཅས་པས། ཧཱུྃ༔ སྲིད་པ་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་སླད༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ ཕྱི་ནང་གསང་བའི་དངོས་གྲུབ་སྩོལ༔ རྟགས་དང་མཚན་མ་སྟོན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རྟགས་མ་བྱུང་བར་ནན་ཏན་བྱ། དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །གཉིས་པ་དབང་དངོས་ལ་གསུམ། སྟོད་ལས་དབང་བཞི། སྨད་ལས་བསྒྲལ་དབང་། མཐའ་རྟེན་གཏོར་མའི་དབང་བསྐུར་བའོ། །དང་པོ་ལ་བཞི་ལས་ཐོག་མར་བུམ་དབང་ནི། དཀྱིལ་འཁོར་དབུས་ཀྱི་བུམ་པ་ཐོགས་ལ། བུམ་པ་འདི་ཉིད་དུར་ཁྲོད་རབ་ཏུ་འཇིགས་པའི་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཚངས་བུག་ནས་ཞུགས་པས་ལུས་ཀྱི་རྩ་གནས་ཐམས་ཅད་ཡེ་ཤེས་ལྔའི་བདུད་རྩིའི་ཆུས་གང་བའི་མོས་པ་སྐྱེད་ཅིག །ཧཱུྃ༔ བུམ་པ་གཞལ་ཡས་ཁང་དུ་རྫོགས༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ གཉིས་སུ་མེད་པ་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་ཡི་སྐུར་འགྲུབ་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པས་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་ཐམས་ཅད་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་ལྔ་ཁྲག་འཐུང་ཧེ་རུ་ཀའི་རྣམ་པས་དབུ་བརྒྱན་པར་གྱུར་པའི་མོས་པ་མཛོད། དེ་ནས་བུམ་པའི་ཁ་རྒྱན་ཀུན་བཟང་གི་སྐུ་སྙིང་གར་བཞག་ལ། དཀྱིལ་འཁོར་གཙོ་མཆོག་གི་ཐུགས་ཀ་ནས་ཏིང་འཛིན་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་སྙིང་གའི་རྡོར་སེམས་ཀྱི་ཐུགས་ཀར་འཁོད་པས་ཞི་བ་ཡོངས་རྫོགས་ཀྱི་དབང་ཐོབ་ཅིང་། གཞིའི་གནས་ལུགས་འགྱུར་མེད་འོད་གསལ་རྡོ་རྗེའི་དོན་ལ་དབང་འབྱོར་པའི་ངེས་པ་སྐྱེད་ཅིག །ཧཱུྃ༔ སངས་རྒྱས་ཀུན་གྱི་སྤྱི་མེས་ཀུན་ཏུ་བཟང༔ མཐའ་བྲལ་ཉག་གཅིག་བློ་འདས་ལྷུན་གྱིས་གྲུབ༔ ཁྱོད་ཀྱི་སྙིང་གི་ཐིག་ལེར་བསྐུར་བར་བྱ༔ ཐུགས་སྲོག་ཏིང་འཛིན་སེམས་དཔའི་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་དབང་ལྔ་ནི། སླར་ཡང་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བ་ལ་བརྟེན་ནས་དུག་ལྔའི་ནད་ལས་གྲོལ། བྱམས་པ་ལྔ་རྒྱུད་ལ་སྐྱེད། ཞིང་ཁམས་ལྔ་ལ་དབང་སྒྱུར། མི་བསྐྱོད་རྡོ་རྗེ་སྐུ་ལྔའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་མཆོག་རྡོ་རྗེའི་དབང༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་བསྐུར་བས༔ ཞེ་སྡང་གནས་དག་མེ་ལོང་ཡེ་ཤེས་ཀྱི༔ དབང་ཐོབ་མི་བསྐྱོད་སྙིང་ལ་གནས་པར་ཤོག༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་གཏིགས་ཤིང་ཁར་སྦྱིན། ཅོད་པན་ཐོགས་ལ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྡོ་རྗེ་རིན་འབྱུང་ཅོད་པན་གྱི་དབང་བསྐུར་བ་ལ་བརྟེན་ནས་ཕུང་པོ་ལྔའི་སྒྲིབ་པ་དག །སྙིང་རྗེ་ལྔ་རྒྱུད་ལ་སྐྱེས། ཞིང་ཁམས་ལྔ་མངོན་དུ་གྱུར། རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ སངས་རྒྱས་ཀུན་གྱི་ཡོན་ཏན་རིན་ཆེན་དབང༔ དབུ་རྒྱན་ཅོད་པན་འདི་ཡི་དབང་བསྐུར་བས༔ ང་རྒྱལ་གནས་དག་མཉམ་ཉིད་ཡེ་ཤེས་ཀྱི༔ དབང་ཐོབ་རིན་འབྱུང་སྙིང་ལ་གནས་པར་ཤོག༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ དབུ་རྒྱན་སྤྱི་བོར་བཞག །རྡོ་རྗེ་ཐོགས་ལ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྣང་མཐའ་རྡོ་རྗེའི་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ། དགའ་བ་ལྔ་རྒྱུད་ལ་སྐྱེད། ཞིང་ཁམས་ལྔ་ལ་རང་དབང་ཐོབ། སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཅེས་རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་མཆོག་པདྨའི་དབང༔ སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བས༔ འདོད་ཆགས་གནས་དག་སོར་རྟོག་ཡེ་ཤེས་ཀྱི༔ དབང་ཐོབ་སྣང་མཐའ་སྙིང་ལ་གནས་པར་ཤོག༔ ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་ཐོགས་ལ། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་རྡོ་རྗེ་དོན་གྲུབ་དྲིལ་བུའི་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བ་ལྔ་རང་སར་དག །བཏང་སྙོམས་ལྔ་རྒྱུད་ལ་སྐྱེད། ཞིང་ཁམས་ལྔ་ལ་དབང་བསྒྱུར། དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཅེས་དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རབ་འབྱམས་དབང༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས༔ ཕྲག་དོག་གནས་དག་བྱ་གྲུབ་ཡེ་ཤེས་ཀྱི༔ དབང་ཐོབ་དོན་གྲུབ་སྙིང་ལ་གནས་པར་ཤོག༔ ཨོཾ་མ་ཧཱ་གྷཱཎྜེ་ཨ་བྷི་ཥིཉྩ་ཨཱ༔ མིང་གི་དབང་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཆོག་རྡོ་རྗེ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བ་ལ་བརྟེན་ནས་བག་ཆགས་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེད། ཞིང་ཁམས་ལྔ་བཅུད་དུ་སྨིན། རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཅེས་རྡོར་དྲིལ་ལྷན་དུ་བཟུང་པ་འཁྲོལ་ཞིང་། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་མཆོག་བུདྡྷ་ཡི༔ རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས༔ དེང་ནས་བུ་ཁྱོད་སངས་རྒྱས་སྲས་སུ་སྐྱེ༔ རྡོ་རྗེའི་མིང་ནི་ཁྱོད་ཀྱིས་གཟུང་བར་གྱིས༔ ཀྱཻ་དཔལ་ཞེ་སྡང་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འཚང་རྒྱ་བར་འགྱུར་རོ༔ ཞེས་བསྒྲག །བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་ནི་རྡོ་རྗེ་སྙིང་གར་བཀོད་ལ། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བྱིན་པ་ལ་བརྟེན་ནས། ཐ་མལ་གྱི་བསམ་སྤྱོད་བརྟུལ་ནས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་གྱིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་ལ་ཞུགས་པར་མོས་ཤིག །ཧཱུྃ༔ འདི་ནི་རྒྱལ་ཀུན་རིགས་འདུས་རྡོ་རྗེ་སེམས༔ ཕྱག་མཚན་རྡོ་རྗེས་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ཁར་ཞུགས༔ རྡོ་རྗེའི་བརྟུལ་ཞུགས་འཛིན་པ་ཉིད་དུ་གྱུར༔ ཨོཾ་བཛྲ་སཏྭ་ཏིཥྛ་ས་མ་ཡ་ཧཱུྃ༔ དེ་ནས་ལྷ་དབང་བསྐུར་བ་ནི། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བ་ལ། དཀྱིལ་འཁོར་ལྷའི་ཐུགས་རྗེའི་དབྱིངས་ལས་སྣང་སྟོང་ཡེ་ཤེས་ཀྱི་རོལ་གར་གཉིས་པ་རེ་འཕྲོས་ཏེ་གནས་སོ་སོར་ཐིམ་པས་གཟུགས་སྐུ་ཁྲོ་བོ་རོལ་པའི་གར་རྫོགས། ལོངས་སྐུ་སྒྱུ་མའི་འོད་རྩལ་བཅུད་དུ་སྨིན། ཆོས་སྐུ་རྡོ་རྗེ་ལྟ་བུའི་ཏིང་འཛིན་མངོན་དུ་བྱས་པའི་མོས་པ་སྐྱེད་ཅིག །ཅེས་བརྡ་སྦྱར་ལ། གཙོ་བོའི་སྐུ་ཐོགས་ཏེ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ༔ སངས་རྒྱས་ཕྲིན་ལས་འདུས་པའི་དབང་བསྐུར་བས༔ དཔལ་ཆེན་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བསྐུར། ཧཱུྃ་ཡིག་བཅུ་གནས་བཅུར་རེག་ལ། ཧཱུྃ༔ ཕྱོགས་བཅུའི་དྲེགས་པ་མ་ལུས་འདུལ་མཛད་པའི༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཕྲ་མེན་བཅས༔ དཔལ་ཆེན་སྐུ་ཡི་ཆ་ལ་རྫོགས་པར་གསལ༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་རྒྱས་བཏབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྒོ་མ་བཞིའི་ས་བོན་ནམ་ཕྱག་རྒྱ་ཚིགས་ཆེན་བཞིར་བཞག་ལ། ཧཱུྃ༔ ཚད་མེད་བཞི་ལྡན་སྒོ་བཞི་སྲུང་བྱེད་པའི༔ འགུགས་འཆིང་སྡོམ་མྱོས་ལས་མཛད་སྒོ་མ་བཞི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་རྒྱས་བཏབ་པས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་ཤོག༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་དུར་ཁྲོད་ཆས་བརྒྱད་བསྐོན་ཚུལ་བྱས་ལ། ཁྱེད་རང་རྣམས་དཔལ་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དུ་ངེས་པར་ཆེ་ཞིང་བརྗིད་པའི་དཔའ་རྟགས་སུ། བྱུགས་པའི་རྫས་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གསུམ། བསྐལ་པའི་མེ་ཕུང་འབར་བ་སོགས་དཔལ་གྱི་ཆ་ལུགས་ཡོངས་སུ་རྫོགས་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་དབང་བསྐུར་བས༔ དཔལ་གྱི་ཆ་ལུགས་ཡོངས་སུ་རྫོགས་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་མ་ཧཱ་ཡོ་ག་བུམ་པའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པས། དེང་ཕྱིན་ཆད་སྣང་ཞིང་སྟོང་པའི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན། དབྱིངས་ཀྱི་མཁའ་ལ་དབང་པོའི་གཞུ་ཤར་བའམ། ཆུ་ནང་གི་ཟླ་བ་ལྟར་སྣང་ལ་རང་བཞིན་བྲལ་བ། འཇའ་ལུས་ཟང་ཐལ་སྐྱེ་འཆི་མེད་པའི་དོན་ལ་དབང་བའི་སྐལ་ལྡན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་ཅིང་ཤིས་པ་བརྗོད། གཉིས་པ་གསང་བའི་དབང་བསྐུར་བ་ནི། ཐོད་པ་བདུད་རྩིས་གང་བ་ཐོགས་ལ། དུང་ཆེན་བདེ་བ་ཆེན་པོ་དབྱིངས་ཀྱི་རང་བཞིན་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་གསལ་སྟོང་ཟུང་འཇུག་དྭངས་མའི་བདུད་རྩི་ཡེ་ཤེས་ཀྱི་རང་བཞིན་དུ་འཁྱིལ་བ་མགྲིན་པར་བསྐུར་ཞིང་མྱང་བ་ལ་བརྟེན་ནས། སྒྲ་ཐམས་ཅད་གྲགས་སྟོང་། ལུས་ཐམས་ཅད་བདེ་བ། རྩ་ཐམས་ཅད་གཞལ་ཡས། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་། ཐིག་ལེ་ཐམས་ཅད་ཟག་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྨིན་པའི་འདུ་ཤེས་སྐྱེད་ཅིག །ཧཱུྃ༔ བདེ་སྐྱོང་སྣོད་དུ་ཁྲག་འཐུང་རིགས་ལྔ་ནི༔ ཡབ་ཡུམ་མཉམ་སྦྱོར་བྱང་སེམས་ངོ་བོ་རུ༔ ཞུ་བའི་གཉིས་མེད་བདུད་རྩིས་དབང་བསྐུར་བས༔ རྩ་ཁམས་ཐིག་ལེ་ཡིག་འབྲུས་ཡོངས་སུ་ཁྱབ༔ གྲགས་སྟོང་ཡེ་ཤེས་གསང་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགྲིན་པར་བསྐུར་ཞིང་བདུད་རྩི་བླུད། དེ་ལྟར་ཨ་ནུ་ཡོ་ག་གསང་བའི་དབང་ཐོབ་པས། དེང་ཕྱིན་ཆད་ལུས་སྣང་སྟོང་ཟང་ཐལ་དུ་རྩལ་སྦྱོང་བ། གཡོ་བ་ལས་ཀྱི་རླུང་འཛིན་པ། བཀོད་པ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་ཟུང་འཇུག་བདེ་བ་ཆེན་པོའི་དོན་ལ་དབང་བར་བྱས་སོ། །ཞེས་དང་ཤིས་པ་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཁ་ཊྭཱཾ་ཐོགས་ལ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཆེན་དབྱིངས་ཕྱུག་དཔའ་མོའི་མཁའ་ཀློང་ཡེ་དག་ཡོངས་གྲོལ་དུ་གནས་པ་དང་ཟུང་དུ་འཇུག་པའི་ཡེ་ཤེས། མངོན་སུམ་ཉམས་སུ་མྱོང་བའི་བརྡ་རྟགས་རྨད་དུ་བྱུང་བས་མཚམས་སྦྱར་བ་ལ་བརྟེན་ནས། ཀུན་གཞི་བག་ཆགས་ཕྲ་རགས་དང་བཅས་པ་སྐད་ཅིག་ལ་དག །ཕྱག་རྒྱ་དྲུག་ལྡན་གྱི་སྦྱོར་བས་ཡས་བབ་མས་བརྟན་གྱི་དགའ་བཞི་མཐར་ཕྱིན་ནས། སྐུ་གསུམ་གྱི་ཞིང་ཁམས་རྡོ་རྗེའི་ལུས་ལ་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ འདི་ནི་འཁོར་ལོ་རྒྱས་འདེབས་ཡུམ་མཆོག་མ༔ ཁྲོ་ཆགས་བདེ་བའི་གར་ལྡན་འདི་གཏད་པས༔ ཁྱོད་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡིས༔ མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་མཐར་སོན་ཏེ༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་ཁར་བསྐུར་ཞིང་འཁྱུད་པའི་རྒྱ་དང་བཅས་དགའ་བའི་ཡེ་ཤེས་ངོས་གཟུང་དུ་གཞུག །དེ་ལྟར་ཕྱག་རྒྱ་ཆེན་པོ་སྔགས་ཀྱི་ཟབ་ལམ་མཐར་ཐུག་པ་དབང་བཞི་ཆིག་རྫོགས་སུ་ཐོབ་ནས། གྲོལ་ལམ་བཞི་མངོན་དུ་གྱུར། དགའ་བཞི་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་། མི་རྟོག་པའི་ཡེ་ཤེས་ཆེན་པོ་ངོ་བོ་ཉིད་དུ་ངོས་བཟུང་། འབེབ་ལྡོག་འདྲེན་བཀྲམ་བཞི་ཡིས་ཆོས་སྐུ་འཇའ་ལུས་ཀྱི་གོ་འཕང་འགྲུབ། སྟེང་སྒོ་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་ནས། འོག་སྒོ་བདེ་བ་ཆེན་པོ་ལམ་དུ་འགྲོ །སྟེང་ནས་ཡེ་ཤེས་ཀྱི་ཆར་རྒྱུན་རྟག་ཏུ་བབ་པའི་བདེ་བས་ལུས་ཁེངས། འོག་ཆུ་རྒྱུན་གྱི་འགྲིམ་འགྲུལ་བཀག་སྟེ་རྫིང་གི་བཅུད་འཁྱིལ་བས་སྒྱུ་ལུས་དཔག་བསམ་ལྗོན་ཤིང་བསྐྱེད། རྩ་བ་ཡེ་ཤེས་ཀྱི་གཞི་ཚུགས། སྡོང་པོ་ཆོས་སྐུའི་དཔུང་ཚན་ཧྲག །ཡོན་ཏན་ཀུན་ལྡན་གྱི་ཡལ་ག་ཕྱོགས་བཅུར་གྱེས། སྙིང་རྗེའི་ལོ་འདབ་ཕུན་ཚོགས་ཕྱུར། རིག་པ་ཡེ་ཤེས་ཀྱི་མེ་ཏོག་རྣམ་པར་བྱེ། འབྲས་བུ་འཇའ་ལུས་རྡོ་རྗེའི་སྐུ་ཡི་ས་བོན་མངོན་དུ་གྱུར། དེང་ཕྱིན་ཆད་རང་གསལ་ཡེ་ཤེས་ཆེན་པོ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་སྤྱོད་པའི་སྐལ་ལྡན་དུ་བྱས་སོ། །ཞེས་དང་ཤིས་པ་བརྗོད། བཞི་པ་རིག་པའི་རྩལ་དབང་ནི། ཤེལ་རྡོ་ཐོགས་ལ། ཧོཿ དབྱིངས་ཀྱི་རང་བཞིན་གདོད་ནས་དག་པ། ངོ་བོ་ཀ་ནས་དག་པ། རྣམ་པ་ཤུགས་ལ་དག་པ་སྟེ། དཔེ་ནམ་མཁའ་ལ་སྒྲོ་མ་བཏགས་པར་ཆམ་གྱིས་གནས་པ་ལྟར་རིས་སུ་མ་ཆད། ཕྱོགས་སུ་མ་ལྷུང་། ཨ་འཐས་སུ་མ་འབྱམས། ཧད་པོ་མདོ་མེད་མ་ཡིན་པར། དམིགས་བྱའི་བློ་ལས་འདས་པ། དམིགས་མེད་ཀྱི་རང་རྩལ་ཅིར་ཡང་འཆར་བ། ཤར་མཁན་གདོད་ནས་སྟོང་པ། སྟོང་པ་རྩལ་ཆེན་གྱི་ཤུགས་འཆང་བ། བཟང་པོས་མ་བསྒྱུར། ངན་པས་མ་བསླད་པས་གཞོན་ནུ་ཀུན་བྱེད་རྒྱལ་པོ་ཞེས། རྒྱུས་མ་བསྡུས་ཤིང་རྐྱེན་གྱིས་མི་འཇིག་པས་གཟུགས་མེད་རྫུ་འཕྲུལ་ཤུགས་ལ་འཆང་བ་ཞེས་བྱ་བ། མི་བདེན་བཞིན་དུ་འགྱུ་བ་འདི་ནི་རང་ཤེས་མངོན་པར་མི་རྟོག་པའི་རིག་པ་ཡིན་ཏེ། འཛིན་མེད་རང་གསལ་དགག་སྒྲུབ་ཀྱི་ལྷན་པ་དང་བྲལ་བའི་ངང་ལ་སོ་མར་ཞོག་ཅིག །ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ གདོད་ནས་དག་པ་རང་གི་སེམས༔ སྐྱེ་འགག་གཉིས་མེད་འདུས་མ་བྱས༔ སྨྲ་བསམ་བརྗོད་བྲལ་བློ་ལས་འདས༔ གསལ་སྟོང་རིག་པ་གཤིས་ལྷིང་པ༔ ཁྱབ་བདལ་ཆེན་པོའི་ངང་ལ་ཞོག༔ སྣང་ཞིང་སྟོང་ལ་སྟོང་ཞིང་སྣང༔ མ་འགགས་ཅིར་ཡང་འཆར་བ་ནི༔ ཤེལ་གོང་དྲི་མེད་འདི་ལྟ་བུ༔ སྣང་སྟོང་ཟུང་འཇུག་བློ་ལས་འདས༔ འདི་ནི་སངས་རྒྱས་དགོངས་པ་འོ༔ བོ་དྷི་ཙིཏྟ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཨ་ཏི་ཚིག་དབང་རིན་པོ་ཆེའི་ངོ་སྤྲོད་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བླ་མེད་ཐེག་པའི་ཡང་རྩེ་ཟབ་གསང་ཀུན་བཟང་ཐུགས་ཀྱི་ཐིག་ལེ། བསྒོམ་བྱའི་ཡུལ་དང་སྒོམ་བྱེད་ཀྱི་གཉེན་པོ་ཤར་གྲོལ་དུས་མཉམ་རྟོག་པ་བློ་འདས་ཀྱི་ངོ་བོ་ལ་དབང་བར་བྱས་སོ། །ཞེས་དང་ཤིས་པ་བརྗོད་པར་བྱའོ། །གཉིས་པ་སྨད་ལས་བསྒྲལ་དབང་ནི། བྲུབ་ཁུང་དུ་ལིངྒ་བཞག །ལྕགས་ཕུར་ཐོགས་ལ། དེ་དག་གིས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྨིན་བྱེད་དབང་བཞི་རྒྱས་པར་གྲུབ་ནས། ད་ནི་སྨད་ལས་མངོན་སྤྱོད་བསྒྲལ་བའི་རྗེས་གནང་སྦྱིན་པ་ཡིན་ཏེ། འདི་ལྟར་གཞིའི་གནས་ལུགས་མི་འགྱུར་མི་ཤིགས་པ་ལྟ་བ་གྱད་ཀྱི་ལྷ། རོལ་རྩལ་མ་འགགས་པ་གཉེན་པོ་ཡེ་ཤེས་ཀྱི་ལྷ་ཆེ་མཆོག་ཧེ་རུ་ཀ །ལས་མྱུར་མགྱོགས་ཀྱི་ལྷ་ཕོ་ཉ་དྲེགས་བྱེད་དམ་ཅན་བཀའ་སྡོད་སྲུང་མར་བཅས་པ་མངོན་སུམ་པར་གསལ་བའི་མདུན་དུ། སྲིད་པ་གསུམ་གྱི་བྲུབ་ཁུང་ཆེན་པོར་ཉོན་མོངས་བདག་འཛིན་བདུད་དང་རཱུ་ཏྲ་འབྱུང་པོ་ཐམས་ཅད་མྱ་ངན་གྱིས་དྲག་ཏུ་གདུངས་པ། ཕུར་པ་སྲས་མཆོག་རིགས་ལྔས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་དང་ལྡན་པ་སྟེ་གསལ་བ་གསུམ་དང་། བདག་ཕུར་འབེན་གསུམ་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པ་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། ཁམས་གསུམ་སྙིང་རྗེས་མི་གཏོང་བ་གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པ་དང་ལྡན་པས། ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་གྱིས་མངོན་སྤྱོད་དམོད་པའི་ཕྲིན་ལས་རབ་འབྱམས་མཐའ་རུ་དབྱུང་བའི་མཐུ་སྟོབས་དང་ནུས་རྩལ་ཡོངས་སུ་གྲུབ་པའི་ངེས་ཤེས་སྐྱེད་ཅིག །ཅེས་མཚམས་སྦྱར་ལ། རྒྱས་པར་ན་བསྒྲལ་ལས་ཡོངས་རྫོགས་སམ་བསྡུ་ན་འགུགས་པ་སོགས་ཀྱི་རྒྱ་དང་བཅས་ཏེ། ན་མོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་བདེན་པའི་མཐུ༔ རྟེན་འབྲེལ་རྒྱུ་འབྲས་མི་བསླུ་བདེན་པའི་མཐུ༔ བཀའ་སྲུང་དམ་ཅན་ཕོ་ཉ་ལས་བྱེད་མཐུས༔ བསྟན་དང་འགྲོ་ལ་འཚེ་བའི་གདུག་པ་ཅན༔ ཁམས་གསུམ་ས་དགུ་སྲིད་གསུམ་གར་གནས་ཀྱང༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ རྣམ་ཤེས་བླ་སྲོག་རྟེན་ཕུར་ཁུག་ཅིག་ཛ༔ ཞགས་པས་རྐེ་ནས་ཆིངས་ཤིག་པཱ་ཤ་ཧཱུྃ༔ ཡན་ལག་ལྕགས་སྒྲོག་དྲྭ་བས་སྡོམས་ཤིག་བཾ༔ དྲིལ་བུས་བརྟན་བྲལ་མྱོས་པར་གྱིས་ཤིག་ཧོ༔ གཟུགས་ལ་ཕོབ་ཅིག་ཨཱ་བེ་ཤ་ཡ་ཨཱ༔ ལྷ་དང་ཕྲོལ་ཅིག་པྲ་བེ་ཤ་ཡ་ཕཊ༔ བཞེངས་ཤིག་ཁྲོ་རྒྱལ་སྲས་མཆོག་ཀཱི་ལ་ཡ༔ ཕྱག་གཉིས་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་ནས༔ ཡེ་ཤེས་ལྔ་ཡི་ཆུ་བོའི་རྒྱུན་ཆེན་འབེབ༔ དུག་ལྔའི་བག་ཆགས་སྦྱོངས་ཤིག་བཛྲ་ཀཱི་ལ་ཡ༔ དུག་གསུམ་རྩད་ནས་ཆོད་ཅིག་བཛྲ་ཀཱི་ལ་ཡ༔ ཚེ་སྲོག་དྭངས་མ་སྡུས་ཤིག་བཛྲ༴ རྣམ་ཤེས་དབྱིངས་སུ་སྤོར་ཅིག་བཛྲ༴ ལྔ་ཕུང་རྡུལ་དུ་རློགས་ཤིག་བཛྲ༴ རིགས་དྲུག་སྐྱེ་སྒོ་ཆོད་ཅིག་བཛྲ་ཀཱི་ལ་ཡ༔ རྡུལ་ཕྲན་ཕྱེ་མར་གཏུབས་ཤིག་ཟ་གསོད་ཕོ་ཉའི་ཚོགས༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་རྦད་རྦད༔ སྲོག་ལ་ཧུར་ཐུམ༔ ཐུཾ་རིལ་རྦད་སོད༔ ཅེས་ལིངྒ་ལ་ཕུར་པ་དང་རལ་གྲི་སོགས་མཚོན་ཆ་འདེབས་སུ་གཞུག་ཅིང་དུམ་བུར་གཏུབས་ལ་བསྟབ་པ་ནི། དཔལ་ཆེན་ཕུར་པའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་གཟུགས་ཕུང་བསྒྲལ་པའི་ཤ་ཁྲག་རུས༔ དབང་པོ་གློ་སྙིང་ནང་ཁྲོལ་ཁྲག་དང་ཞག༔ ཡེ་ཤེས་བདུད་རྩིའི་ངོ་བོར་རབ་སྦར་ནས༔ ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་ཁཱ་ཧི༔ དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་བ་སུ་ཏ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་ལིང་རོ་དཀྱིལ་འཁོར་དུ་འབུལ་ཞིང་སློབ་མ་རྣམས་ལའང་བཀྱེ། དེ་ལྟར་སྨད་ལས་དགྲ་བགེགས་སྒྲོལ་བ་དྲག་སྔགས་ཀྱི་ནུས་རྩལ་ཐོབ་པས། དེང་ཕྱིན་ཆད་སྲིད་པ་གསུམ་གྱི་བདུད་རིགས་འབྱུང་པོ་ཐམས་ཅད་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ཀུན་ལ་དབང་བར་བྱས་སོ། །གསུམ་པ་མཐའ་རྟེན་གཏོར་དབང་ནི། དཔལ་གཏོར་ཐོགས་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་ཁྲག་འཐུང་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རིག་འཛིན་བརྒྱུད་པ་དང་བཅས་པའི་ཚོམ་བུར་གསལ་བས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཁྱེད་རང་རྣམས་དང་དབྱེར་མེད་དུ་གྱུར་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རབ་འབྱམས་ཡོངས་སུ་རྫོགས་པའི་དབང་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ ཕྱི་ནི་བ་ལིཾ་གཞལ་ཡས་རྣམ་པ་ལ༔ ནང་ན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡོངས་རྫོགས་དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ལ་བཀའ་བསྒོ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་ཆེན་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབ་པར་མཛད་དུ་གསོལ། འགལ་རྐྱེན་བར་ཆད་མ་ལུས་ཞི་བར་མཛད་དུ་གསོལ། ཚེ་དཔལ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། སྲིད་གསུམ་རང་སྣང་འདོད་དགུ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་གཅོད་ཅིང་བརླག་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། སྐུ་མཉམ་པ་སྟོབས་བཅུའི་གཟི་བྱིན་དང་ལྡན་པར་མཛད་དུ་གསོལ། གསུང་མཉམ་པ་དྲག་སྔགས་ཀྱི་ནུས་རྩལ་དང་ལྡན་པར་མཛད་དུ་གསོལ། ཐུགས་མཉམ་པ་ཡེ་ཤེས་ཀྱི་ཀློང་དགུ་དང་ལྡན་པར་མཛད་དུ་གསོལ། ཡོན་ཏན་མཉམ་པ་ཐུགས་རྗེའི་མཐུ་སྟོབས་དང་ལྡན་པར་མཛད་དུ་གསོལ། ཕྲིན་ལས་མཉམ་པ་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པས་འཁོར་བ་དོང་ནས་སྤྲུགས་པའི་ཐུགས་རྗེ་དང་རྟེན་འབྲེལ་རྒྱ་ཆེན་པོ་ཡོངས་སུ་གྲུབ་པར་མཛད་དུ་གསོལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་གཏོར་མའི་རས་མ་དང་བདུད་རྩི་སྦྱིན། ཤིས་པ་བརྗོད་དོ། །དེ་དག་གིས་རིག་འཛིན་ཆེན་པོ་སྟོབས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་རྡོ་རྗེ་ཕུར་པ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་དབང་གི་རྗེས་སྤྱི་དང་འདྲ་བར་བྱ་ཞིང་། ཆོ་གའི་མཇུག་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་རྟ་བྲོ་དབང་ལེན་གཏང་རག་བཟོད་གསོལ་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་བྱའོ། །གལ་ཏེ་ཕུར་པ་ཆེ་མཆོག་གི་དབང་བསྐུར་བར་འདོད་ནའང་ཡིག་ཆ་རྩ་བ་འདི་ཉིད་ཀྱི་སྟེང་དུ། བྱིན་འབེབ་སྐབས་ཕུར་པ་ཆེ་མཆོག་ལུས་དཀྱིལ་བཅས་བསྐྱེད་པ་དང་། ལྷ་དབང་གཙོ་བོའི་དབང་གི་རྗེས་སུ་ཆེ་མཆོག་དཔལ་བརྒྱད་དང་བཅས་པའི་དབང་བསྐུར་སྦྱར་ཞིང་། བར་དག་ཏུ་ཕུར་པ་ཆེ་མཆོག་ཅེས་པའི་བསྒྱུར་ཁ་ཙམ་བྱས་པས་འགྲུབ་ལ། དེ་ལྟར་ན་དབང་སྒྲུབ་ཀྱི་སྐབས་སུའང་ཕུར་པ་ཆེ་མཆོག་གི་ལས་བྱང་ཉིད་གཏང་དགོས་སོ། །ལུགས་འདིའི་བཀའ་བབས་རྡོ་རྗེ་འཛིན་རྣམས་ཀྱི། །གསུང་དང་ཕྱག་ལེན་གཞན་འགྲེས་མ་བསླད་པར། །སྙིང་པོར་བསྡུས་ཏེ་གསལ་བར་བཀོད་པའི་དགེས། །འབྲེལ་ཚད་དཔལ་ཆེན་དགོངས་པའི་རྩལ་རྫོགས་ཤོག །ཅེས་པའང་ཟབ་ཆོས་འདི་ལས་གྲུབ་པའི་གོ་འཕང་བརྙེས་པ་དཔལ་ལྡན་དཔའ་བོ་བརྒྱད་པས་རྗེས་སུ་བཟུང་བ་ཐོབ་པ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཡིག་རྙིང་གི་ལེགས་ཆ་སྙིང་པོར་བསྡུས་ནས་བལྟ་བདེར་བསྒྲིགས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).