Terdzo-GA-024

From Rinchen Terdzö

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་

zab chos zhi khro dgongs pa rang grol las/_chos nyid bar do'i khrid yig mthong ba rang grol gyi ngo sprod car phog khyer bde ba zhig

by  ཀརྨ་ཆགས་མེད་ (Karma Chakme)
revealed by  ཀརྨ་གླིང་པ་ (Karma Lingpa)
in cycle  ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ (Zab chos zhi khro dgongs pa rang grol)
Volume 3 (ག) / Pages 481-522 / Folios 1a1 to 21b5

[edit]

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་བཞུགས་སོ། ། ཀུན་ཏུ་བཟང་པོ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འོ་ན་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་ཆོས་འབྲེལ་ཅུང་ཟད་བྱེད་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་རིམ་པ་དགུ་ལ་འདུས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །ཞེས་གསུངས་ཏེ། རང་ཉིད་ངན་སོང་ལ་སྐྲགས་ནས། ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་འདོད་ནས་ཆོས་བྱས་ན་གང་འདོད་དེར་སྐྱེས་ཏེ་ལྷ་དང་མི་ཡི་རྒྱལ་པོར་གྱུར་ཀྱང་། བསོད་ནམས་ཟད་ནས་འཆི་སྟེ་ངན་སོང་དུ་ལྟུང་བས་དགོས་པ་ཆུང་། རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ནས། སྡོམ་པ་བསྲུང་ཞིང་ཕར་ཕྱིན་དྲུག་ལ་ཉམས་ལེན་བྱས་ན། བསྐལ་པ་ཉི་ཤུ་དང་བསྐལ་པ་བརྒྱ་ཙམ་ལ་ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་ཐེག་པ་དམན་པ་ཡིན་པས་གཞན་དོན་མི་འབྱུང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཉམས་ལེན་རྒྱུན་མ་ཆད་པར་བྱས་ན། བསྐལ་པ་གྲངས་མེད་གསུམ་ན་རྫོགས་པའི་སངས་རྒྱས་ཐོབ་སྟེ། ལམ་ཧང་ཐག་རིང་ཞིང་དཀའ་ཚེགས་ཆེ། དེ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གསང་སྔགས་བྱ་རྒྱུད་སྤྱོད་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། བླ་མེད་རྒྱུད་ཉམས་སུ་བླངས་ན། རབ་ཚེ་འདིར། འབྲིང་བར་དོ། ཐ་མ་སྐྱེ་བ་བརྗེས་ནས་སངས་རྒྱས། བླ་མེད་དེ་ལ་གསར་མ་ལུགས་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་གསུམ། རྙིང་མ་ལུགས་ཀྱི་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་སྟེ་དོན་ལ་འདྲ་བར་བཤད། དེ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དེ་ལ། ཨ་ཏི་སྤྱི་ཏི་ཡང་ཏི་ཞེས་ཀྱང་བྱ། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་དུ་ཡོད། རྫོགས་ཆེན་སེམས་སྡེ་ཕྱག་རྒྱ་ཆེན་པོ་དང་དོན་གཅིག །གཞི་ཁྲེགས་ཆོད་ཀྱི་སྐོར་ཞེས་བྱ་བ་ཡིན། ཀློང་སྡེ་དང་མན་ངག་གི་སྡེ་གཉིས་ནི་ཕྱག་ཆེན་ལས་ཀྱང་ལྟ་བ་མཐོ་སྟེ་ཐེག་པ་དགུའི་ཡང་རྩེ་ཡིན། ཕྱག་ཆེན་རྫོགས་ཆེན་སེམས་སྡེ་མན་ངག་སྡེ་བསྒོམ་དགོས། རྒྱ་བོད་ཀྱི་གྲུབ་ཆེན་ཚོ་ཡང་ཕལ་ཆེར་ལོ་བཅུ་གཉིས་ཙམ་བསྒོམས་ནས་གྲུབ་པ་ཐོབ་པ་ཁོ་ན་སོ་སོའི་རྣམ་ཐར་ན་གསལ། དེ་ལ་བཀའ་རྫོགས་པ་ཆེན་པོ་ལ་མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་བཞིའམ་དྲུག་ཡོད་པར་བཤད་དེ། ཟོས་པས་འཚང་རྒྱ་བ་སྐྱེ་བདུན་ཤའི་རིལ་བུ། བཏགས་པས་འཚང་རྒྱ་བ་རྒྱུད་བཏགས་གྲོལ། ཐོས་པས་འཚང་རྒྱ་བ་བར་དོ་ཐོས་གྲོལ་གྱི་དབང་ཁྲིད་སྦྲགས་མ། བལྟས་པས་འཚང་རྒྱ་བ་ཐོད་རྒལ་གྱི་ཁྲིད་འདི། དྲན་པས་འཚང་རྒྱ་བ་འཕོ་བ་དྲན་པ་རང་གྲོལ། རེག་པས་འཚང་རྒྱ་བ་དྷཱ་ཀི་པདྨ་ཅན་དང་དྲུག་གོ །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཡང་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་ཞིང་། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། འོད་མི་འཁྲུགས་པ་ལ་སོགས་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ། རིག་འཛིན་དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཧཱུྃ་ཆེན་ཀཱ་ར། བི་མ་ལ་མི་ཏྲ། འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སོགས་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་ཐུགས་དམ་མཛད་ཅིང་། རྒྱ་དཀར་ནག་ཨོ་རྒྱན་ཡུལ་སོགས་སུ་འབུམ་ཕྲག་མང་པོ་འཇའ་ལུས་མཁའ་སྤྱོད་དུ་གཤེགས། བོད་དུ་ཡང་ཨོ་རྒྱན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲས་གསུངས་པས། རྗེ་འབངས་ཕལ་ཆེར་དང་། ཡེར་པ་ནས་གྲུབ་ཆེན་བརྒྱད་ཅུ་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས། དེ་བཞིན་དུ་ཉང་ཏིང་འཛིན་བཟང་པོ། ཅོག་རོ་སྒོམ་ཆེན་སྒོམ་ཆུང་། གྲུབ་ཐོབ་གཙང་པ་མི་བདུན་ལ་སོགས་པ་འཇའ་ལུས་མཁའ་སྤྱོད་གྲུབ་པ་ཁྲི་ཕྲག་མང་པོ་བྱུང་བར་སྣང་ལ། རྗེ་དུས་གསུམ་མཁྱེན་པས་བླ་མ་བྲག་དཀར་པ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་ཞུས། རྗེ་ཀརྨ་པཀྴིས་ཀཿཐོག་བྱམས་པ་འབུམ་ལས་རྫོགས་ཆེན་ཞུས་ནས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཉིས་མིང་ལ་ཁྱད་པར་ཡོད། དོན་ལ་ཁྱད་པར་མེད་གསུངས། རྗེ་རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་ཐུགས་དམ་མཛད། སློབ་མ་བཞི་ལ་དབང་ལུང་གནང་ནས། ཆོས་ཟབ་མོ་འདི་འདྲ་ནུབ་པར་ཕངས་གསུངས་ནས། བོད་ཀྱི་ཕྱོགས་བཞི་ནས་དར་བར་གྱིས་གསུངས་ཏེ་སློབ་མ་བཞི་བརྫངས། ཁ་རག་སྒོམ་ཆུང་བཀའ་གདམས་པའི་བྱམས་སྙིང་རྗེ་དང་། རྫོགས་ཆེན་གཉིས་ཁོ་ནས་གྲུབ་པ་ཐོབ་པ་ཡིན། འོན་ཀྱང་གུ་རུ་ཤྲཱི་སིཾ་ཧས་བཻ་རོ་ཙ་ན་ལ། བོད་དུ་དང་པོ་རྫོགས་ཆེན་དར། བར་སྐབས་སུ་རྟོག་གེ་བ་རྣམས་ཀྱིས་ཐལ་བརྒྱབ་པས། མི་རྣམས་ཐེ་ཚོམ་སྐྱེས་ནས་ཅུང་ཞིག་ནུབ། མཐར་དར་ཞིང་རྒྱས་པར་ལུང་བསྟན་པ་ལྟར། བར་སྐབས་སུ་ཅུང་ཞིག་ཁྲིད་སྟོན་པ་ཉུང་ན་ཡང་། དེང་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་དུས་ཡིན་པས་རྫོགས་ཆེན་བསྒོམས་ན་རྟོགས་སླ། ཡུན་རིང་བསྒོམ་མི་དགོས། དུས་ཇི་ཙམ་སྙིགས་བཞིན་དུ། བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་ཕྱུར། དེ་ཅི་ལྟར་ཕྱུར་བ་བཞིན་ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ། བྱིན་རླབས་མྱུར། དེའི་གནད་ཀྱིས་ཆོས་རྙིང་མ་དང་རྫོགས་ཆེན་དེང་སང་ནས་ཇེ་དར་ཇེ་ཟབ་ཏུ་འགྲོ་བར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་མང་པོ་ལ་ཡོད་པས། དེང་སང་བླ་མ་སུ་ཆེ་ཆེ་ཐམས་ཅད་ཀྱིས་རྙིང་མ་ལ་གཙོ་བོ་མཛད་པ་འདི་དག་ཡིན། དེ་ལ་བཀའ་རྫོགས་པ་ཆེན་པོ་འདི་ལ། དབང་པོ་ཐ་མའི་གང་ཟག་རིམ་གྱིས་ཁྲིད་ལུགས་དང་། དབང་པོ་རབ་དབང་ལ་བརྟེན་ནས་ཅར་ཕོག་ཏུ་ངོ་སྤྲད་པའི་ལུགས་གཉིས་ཡོད་དེ། ཤར་ཀཿཐོག་པའི་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་སོགས་དང་། ཀོང་པོའི་རྫོགས་ཆེན་པ་བསོད་ནམས་བཟང་པོ་སོགས་ཀྱི་ཕྱག་སྲོལ། བླ་མ་དང་ཁྲིད་ཞུ་བ་རྣམས་སོ་སོར་མཚམས་བསྡམས་ནས་མཚམས་ཁང་ནས་མི་རེ་རེ་ལ་གཅིག་ཁྲིད་དུ་བཤད། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ །སེམས་བསྐྱེད། བྱམས་སྙིང་རྗེ། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཡི་དམ་བསྐྱེད་རིམ། རླུང་འཁྲུལ་འཁོར། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ། ལུས་ངག་ཡིད་གསུམ་འཁོར་བ་དང་རུ་ཤན་ཕྱེ་བ་དེ་ཐམས་ཅད་བྱས་ནས་སོ་སོར་རྟགས་ཐོན་ངེས་བྱས་ཏེ། དེ་ནས་ཐོད་རྒལ་ངོ་སྤྲད་ནས་ལོ་གསུམ་བར་ཁྲིད་མི་རྫོགས། དེ་བར་ཁྲིད་ཕྲུག་འགྲོ་དབང་མེད་དེ་མཚམས་ལ་སྡོད་བཅུག །དེ་ནས་རྟོགས་པ་བཟང་པོ་འཁྲུངས་ན་གཞན་ལ་ཁྲིད་སྟོན་པར་བསྐོ། འབྲིང་ཙམ་ལ་དབང་བཀའ་རྗེས་གནང་ཙམ་བྱེད་ཆོག་པར་ལུང་གནང། ཐ་མ་ལ་ད་རུང་མཚམས་ལོ་གསུམ་ཡིག་དྲུག་དུང་གི་ཁས་ལེན་འཇུག །ཡང་མཐའ་ལ་ད་རུང་ཁྱོད་རི་ཁྲོད་མི་ཟིན། འགྲོ་དབང་མེད་གསུངས་ནས་སྒོམ་འཇུག་པའི་སྲོལ་ཡོད་པར་གདའ། དེ་ལྟ་བུ་ནི་མཆོག་ཡིན་ཡང་། འདི་ཕྱོགས་སུ་སྲོལ་མེད་ཅིང་། བླ་མ་དང་ཁྲིད་ཕྲུག་སུས་ཀྱང་མི་འཁྱོངས་པ་ཡིན། དེ་ལ་ད་རེས་དབང་ལ་བརྟེན་ནས་ངོ་སྤྲད་པ་ནི་གཞུང་ལས་བཤད་པ་ཡིན་པས་དབང་མ་ཐོབ་པར་ཉན་པ་དང་བཤད་པར་མི་རུང། དབང་ཡང་ཞི་ཁྲོ་ལ་སོགས་རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་དགོས། དབང་གང་རུང་གིས་མི་ཆོག །དེ་ལ་ཡང་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཞིག་མ་བཤད་ན་མི་རུང་། སློབ་མ་ལ་བྱིན་རླབས་མི་འཇུག །སློབ་དཔོན་ལ་ལྟུང་བ་འབྱུང་བ་ཡིན། ཨོཾ། དེ་ལ་སྔོན་འགྲོ་ཅུང་ཟད་བཤད་ན། ཞི་ཁྲོའི་གཞུང་ཚིག་རྣམས་བྱིན་རླབས་ཆེ་བས་འཆད་དེ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཤཱ་རིའི་བུ། དམྱལ་བ་ནི་ས་གཞི་ཙམ་ཡོད་དོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་རྡུལ་ཆགས་པ་ཙམ་ཅིག་ཡོད་དོ། །ཞེས་གསུངས་སོ། །དལ་འབྱོར་མི་ལུས་ཐོབ་དཀའ་བ་མིག་གིས་བལྟ་རྒྱུ་ཡོད་དེ། རྒྱལ་པོ་ཆེན་པོའི་དམག་ལ་དུ་ཙམ་ཡོད། གྲོག་ཚང་ཆེ་བ་ལ་འབུམ་ཕྲག་གསུམ། འབྲིང་བ་ལ་ཁྲི་ཚོ་གསུམ། ཆུང་བ་ལ་སྟོང་ཚོ་གསུམ་ཡོད་པར་རྔ་བོ་ཆེའི་མདོ་ནས་གསུངས་སོ། །གྲོང་པའམ་རུ་བ་རེ་ལ་མི་དུ་ཙམ་ཡོད། དེའི་ས་སྐོར་ན་དབྱར་ཁ་འབུ་སྲིན་ཅི་གདའ་ལྟོས་དང་། ད་རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་ཤིག་ཅིས་ཀྱང་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཐོབ་པར་དཀའ་བར་གདའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་བརྗོད་དོ། །དེ་ཡང་ངེད་རང་རྣམས་འཆི་ངེས་པའི་སྟེང་དུ་ནམ་འཆི་ཆ་མེད། ཚེ་ལ་འདི་ཙམ་ཐུབ་ཀྱི་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་བའི་རྐྱེན་ཤིན་ཏུ་མང་བས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ཀྱང་ནམ་འཆི་ཆ་མེད། བདག་ཤི་ཙམ་ན་སུས་ཀྱང་བཟུང་དུ་མེད། བསྲུང་དུ་མེད། སུས་ཀྱང་མི་ཕན་ཏེ། བསགས་པའི་ནོར་གྱིས་ཀྱང་ཤི་བ་ལ་མི་ཕན། བུ་དང་ཆུང་མ་འདུས་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་ཕན། རང་གི་ལུས་ཀྱིས་ཀྱང་འཆི་བ་ལ་མི་ཕན་ཏེ་ལུས་ཉིད་ཀྱང་ཤུལ་དུ་བསྐྱུར། མེ་ལ་བསྲེགས་ན་ཐལ་བ་སྤར་གང་དུ་འགྲོ །བསགས་པའི་ནོར་ཤུལ་དུ་ལུས་ཏེ་ཁབ་གཅིག་ཀྱང་ཁྱེར་དབང་མེད། འདུས་པའི་གཉེན་དང་སོ་སོར་བྲལ་ཏེ། དེ་ཕྱིན་ཆད་འཕྲད་པར་མི་འོང་བའི་ས་ཐག་རིང་པོ་ཞིག་ལ་ད་ནས་མགྱོགས་པར་འགྲོ་དགོས། གྲོགས་ཟླ་བོ་གཅིག་ཀྱང་ཁྲིད་དབང་མེད། རང་གཅིག་པུར་འགྲོ་དགོས་པའི་དུས་ལ་སླེབ་ལ་ཁད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འདུས་བྱས་ནི་མི་རྟག་པའོ། །ཉིན་མཚན་གཉིས་ཀྱིས་ཚེ་ལ་རྐུའོ། །ནམ་འཆི་ཆ་མེད་དོ། །དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེའོ། །ད་ནི་ཤི་བ་ལ་སླེབ་ལ་ཁད་དོ། །ཞེས་བརྗོད་བཅུག །དེ་ལྟར་ཤི་ནས་རང་གར་འགྲོ་རང་ལ་དབང་མེད། ལས་དགེ་སྡིག་གིས་གར་ཁྲིད་ཡིན་ཏེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཞེས་དང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཀྱང་སྲིད། །ཉི་ཟླ་ཐང་ལ་ལྟུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་པས། དགེ་བའི་ལས་སྐྱེ་བ་གཏན་གྱི་སོ་ནམ་ཡིན་པས་ཅི་འགྲུབ་འབད། སྡིག་པ་རང་གིས་རང་ཕུང་བ་ཡིན་པས་སྤང་ཅི་ཐུབ་བྱེད་བསམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། ཐམས་ཅད་འགྲིམ་པའི་འཕྲང་འགགས་དོགས་མོ་དེར། །ལས་ཀྱི་གཤིན་རྗེའི་ཁྲིམས་རར་ཚུད་ཙམ་ན། ཁས་དྲག་བཙན་ཀྱང་དེ་རུ་བྱ་ཐབས་མེད། །སྡིག་པོ་ཆེ་རྣམས་གློ་སྙིང་གས་ལ་ཁད། །མི་དགེ་སྤྱོད་པའི་ལས་ཀྱི་བརྡ་དེད་དེ། །ནམ་མཁའི་ཐོག་ལས་མགྱོགས་ཤིང་ཤུགས་ཆེ་བ། །དཀར་ནག་ལས་ཀྱི་གྲངས་རྩིས་ཞིབ་ལུགས་དེ། །ཕྲ་ཞིང་ཕྲ་བའི་སྡིག་ཀྱང་མི་བརྗེད་ན། །སྡིག་པ་མི་འཛེམ་མི་རྣམས་ཅི་དྲན་ཨང་། །ཐར་ལམ་དཀར་པོའི་ལམ་གྱི་བདེ་ལུགས་དང་། །ངན་སོང་ནག་པོའི་ལམ་གྱི་སྡུག་བསྔལ་དེ། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །དཀར་པོ་དགེ་བའི་སྟངས་ནི་གཤིན་རྗེས་འཛིན། །ནག་པོ་སྡིག་པའི་ཆད་པ་གཤིན་རྗེས་གཅོད། །སེམས་ཅན་ལས་ལ་སྤྱོད་པར་རྒྱལ་བས་གསུངས། །ཞེས་བརྗོད། དེ་ནས་སྟབས་འགྲིགས་མི་ཉུང་ན་མྱ་ངན་གྱི་འདུག་སྟངས་བྱེད་བཅུག་ལ། ཨ་ཙ་མ། འཁོར་བ་མེ་ཡི་དོང་ཆེན་པོ། ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ་རྒྱ་ཆེ་བ། འཕང་མཐོ་བ་ལྟ་བུ། དེའི་ནང་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཙི་ཏི་རི་རི་ཡོད་པ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ངུ་འབོད་རིང་རིང་བ། དུད་འགྲོ་གླེན་ལྐུགས་གཅིག་གིས་གཅིག་གསོན་པོར་ཟ་བ། ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་གནས་སྐབས་ཡུད་ཙམ་སྐྱིད་ཀྱང་། མྱུར་དུ་མི་རྟག་ངན་སོང་དུ་ལྟུང་ལ་ཁད་པ། འདི་ལས་ཐར་པའི་ཐབས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འཁོར་བ་འདི་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་བདེ་བའོ། །ཨ་ཙ་མ། འཁོར་བའི་སྡུག་བསྔལ་མེའི་དོང་རིང་འདིར་ཚུད་པ་འདི་ནི་འཇིགས་པ་ལ། ཨ་ཙ་མ་འདི་ཡི་ནང་ནས་ད་ལན་འབྲོས་པའི་དུས་ལ་བབ་བོ། །ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་པའི་བླགས་མེད་ཅིང་མཐའ་ལས་འདས་ཏེ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པ་ད་ནི་མྱུར་དུ་འབྲོས་པའི་གྲབས་བྱ་རན། ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལས་བཟློག་དུས་ད་ལན་དུས་གཅིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་འབྲོས་རེ་རན། །ཞེས་བརྗོད། དེས་ཐུན་མོང་གི་སྔོན་འགྲོ་བཞི་མཚོན་ཙམ་སོང་། ཨཱཿ སྔོན་འགྲོ་གཉིས་པ་ནི། འདིར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་གཅིག་ཏུ་བསྡོམས་པ་འདི་ལྟར་བསྒོམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བདེ་གཤེགས་ཞི་བའི་ལྷ་ཚོགས། མགྲིན་པར་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་ལ་དག་པ་རིག་འཛིན་གྱི་ལྷ་ཚོགས། དབུའི་ནང་དུ་ཆེ་མཆོག་ཧེ་རུ་ཀ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ། དབུ་གཙུག་ན་ཨོ་རྒྱན་རིན་པོ་ཆེ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བསྒོམས་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་སྤྱི་བོའི་དེ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་བསྒོམས་ལ། དེའི་དྲུང་དུ་སྐྱབས་འགྲོ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་རྗེས་ཟློས་མཛོད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ། རྡོ་རྗེ་སེམས་དཔའི་སྐུའི་ལྷ་ཚོགས་དམ་པ་རིགས་བརྒྱའི་ཐུགས་ཀར་ཀུན་བཟང་ཐུགས་ཀའི་ཨོཾ་ནས་སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨཱཿཡི་བར་ཡིག་བརྒྱ་འབྲུ་རེ་རེ་གནས་པ་ལས། བདུད་རྩིའི་རྒྱུན་བབས་པས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བབ། སྤྱི་བོ་ཚངས་བུག་ནས་ཞུགས་པས་ལུས་གང་། སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་འོག་སྒོ་དང་རྐང་མཐིལ་ནས་ཐོན། འོག་གཞི་གསེར་གྱི་ས་གཞིའི་འོག་ཏུ་སོང་། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམས་ལ། ཤེས་ན་ཡིག་བརྒྱ་ཐོན། མི་ཤེས་པ་རྣམས་ཀྱིས། ཨོཾ་བཛྲ་སཏྭ་ཧཱུྃ། འདི་ལ་འུར་འདོན་ཡུད་ཙམ་བྱས་ལ་ད་འདིའི་རྗེས་ཟློས་མཛོད། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། ཞེས་རྗེས་ཟློས། ད་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང་། འཇིག་རྟེན་ཁམས་ཀྱི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་ལ་མཎྜལ་དུ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་མདངས་རྒྱན་གྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། སེམས་ཉིད་ཆོས་སྐུར་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ། །ད་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ། དད་གུས་རྩེ་གཅིག་གིས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ༴ རིག་འཛིན་དགའ་རབ་རྡོ་རྗེ་ལ༴ གུ་རུ་ཤྲཱི་སིཾ་ཧ་ལ༴ རྒྱ་གར་རིག་འཛིན་བརྒྱད་པོ་ལ༴ འཆི་མེད་པདྨ་འབྱུང་གནས་ལ༴ ལྷ་ལྕམ་མནྡཱ་ར་བ་ལ༴ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༴ གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ༴ དྲིན་ཆེན་རྩ་བརྒྱུད་བླ་མ་ལ༴ ཞི་བ་བཞི་བཅུ་རྩ་གཉིས་ལ༴ འབར་བ་ཁྲག་འཐུང་ལྔ་བཅུ་ལ༴ དག་པ་རིག་འཛིན་ལྷ་ཚོགས་ལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས་ཤིག །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས་ཤིག །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་དབྱངས་སུ་གྱེར་རམ་རྗེས་ཟློས་བྱས་ནས། དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ལ། སེམས་མ་བཅོས་པར་རང་ལུགས་སུ་ལྷོད་དེ་ཀློད་ལ་ཞོག་ཅིག །དེའི་ཚེ་སེམས་ཀྱིས་སེམས་ལ་བལྟས་པས། ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་སང་ངེ་བ་ཞིག་འཆར་ཏེ། ཕ་རོལ་ཏུ་ཕྱིན་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རང་གི་ཤེས་རིག་འདི་ཉིད་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད། འདི་ལ་རང་བཞིན་མེད་པས་སྟོང་པ། སྟོང་པ་དེ་ཉིད་སྟོང་པ་ཕྱལ་ཆད་དུ་མ་སོང་པར། སྟོང་པའི་ངོ་བོ་རིག་པ་རང་བཞིན་གྱིས་གསལ་བས། གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་ཅན་དེ། ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་། རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་སྟེ། མུ་ཏིག་ཕྲེང་རྒྱུད་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་སོ། །ཐུགས་རྗེས་ཀུན་ལ་ཁྱབ་ཅིང་མཚན་ཉིད་གཉིས་སུ་མེད་པས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པའི་མཚན་ཉིད་ཅན་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བ། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་དང་། ངོ་བོ་དེའི་མཚན་ཉིད་ནི། རང་ཤར་གྱི་རྒྱུད་ལས། རྟག་ཆད་གཉིས་ཀྱི་རྒྱུ་ལས་འདས། །ཞེས་གསུངས་པ་དང་། རང་གྲོལ་གྱི་རྒྱུད་ལས། མཐའ་བཞིའི་དྲི་མ་རང་སང་ཉིད། །ཅེས་གསུངས་ཏེ། རང་གི་ཤེས་རིག་གི་ངོ་བོ་ཝ་ལེར་གསལ་བ། དང་པོ་རྒྱུས་མ་བསྐྱེད་པ། བར་དུ་རྐྱེན་གྱིས་མི་འཇིག་པ། མེད་བཞིན་དུ་སྟོང་པའི་རང་རྩལ་སྣ་ཚོགས་སུ་འཕྲོ་བ་འདི་ཁོ་ན་སྒྲོན་མའི་ངོ་བོ་སྟེ། སྒྲོན་མའི་རང་བཞིན་ནི། རང་གི་ཤེས་རིག་གི་ངོ་བོ་འདི་ལ་རང་བཞིན་གྲུབ་པ་མེད་པའི་ཕྱིར་སྟོང་པ་ཉིད་དེ། དེ་ཡང་ཤེས་རིག་ཟེར་བ་ནི་རང་གི་སེམས་ལ་ཟེར་བ་ཡིན་ཏེ། དེ་ཡང་ཕྱོགས་ཀྱིས་སྟོང་པ་ནི། རང་གི་ཤེས་རིག་འདི་ལ་བལྟས་པས་ཤར་ཕྱོགས་སུ་མི་གནས་ཤིང་མ་གྲུབ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་མཚམས་དང་སྟེང་འོག་དང་། ཕྱོགས་བཞི་ཞེས་བྱ་བར་རང་བཞིན་གྲུབ་པ་མེད་ལ། དབྱིབས་ཀྱིས་སྟོང་པ་ནི། རང་སེམས་རང་གིས་ཤེས་རིག་འདི་ལ་བལྟས་པས། ཟླུམ་པོའི་དབྱིབས་སུ་མ་གྲུབ། གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་ལ་སོགས་པ་གང་གི་ཡང་དབྱིབས་སུ་མ་གྲུབ། མ་མཐོང་བའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་ཁ་དོག་གིས་སྟོང་པ་ནི། རང་སེམས་ད་ལྟའི་ཤེས་རིག་འདི་ལ། ཁ་དོག་དཀར་པོའི་རང་བཞིན་དུ་མི་གནས། དམར་པོ་དང་། སེར་པོ་དང་། མཐིང་ག་དང་། ལྗང་གུ་དང་། ཁྲ་བོ་ལ་སོགས་ཁ་དོག་གང་དུ་ཡང་མ་མཐོང་མ་གྲུབ། གྲུབ་པ་མི་འདུག་པའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་རང་སེམས་རང་གིས་ཤེས་རིག་འདི་ལ་ཆོས་ཅན་མཚན་མར་གྲུབ་པ་སྤུ་ཙམ་ཡང་མི་འདུག་ཅིང་། མ་མཐོང་བས་ན་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དོ། །ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ། རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ། །ཞེས་དང་། རང་ཤར་གྱི་རྒྱུད་ལས། ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་སྐྱེ་མེད་དོན་རྟོགས་ནས། །ཆོས་ཉིད་ལྟ་བས་ལྟ་བར་འདོད། །ཅེས་གསུངས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བའི་དོན་ལ་འདི་ཡིན་ངང་གིས་མེད། །དེ་ཡོད་མ་ཡིན་དེའི་ངང་གནས་པར་བྱ། །ཞེས་གསུངས་པ་དང་། རིག་པ་གཅེར་མཐོང་ལས། སྔར་རྗེས་མི་གཅོད་འདས་པའི་འདུ་ཤེས་དོར། །ཕྱི་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་བཞག །བསྒོམ་རྒྱུ་མེད་པས་ཅིར་ཡང་མི་སྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བསྟེན། །བསྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ཉིད་བྱང་ཆུབ་ཅེས་བྱ་འོ། །ཞེས་གསུངས་པ་ལྟར། ཡིད་ལ་འདི་བསྒོམ་གྱི་གཏད་སོ་མི་བྱེད། སྔ་ཕྱི་བསམ་བློ་མི་བཏང་། བསྒོམ་སྐྱེ་བའི་རེ་བ་དང་མ་སྐྱེས་ཀྱིས་དོགས་པ་མི་བྱ། འདི་བསྒོམ་ཡིན་ནམ་མིན་ནམ་གྱི་ཐེ་ཚོམ་མི་བྱ། ལུས་པོ་བསྲང་ཞིང་བག་ལྷོད་ལ་སེམས་ཀྱིས་སེམས་ལ་ལྟོས་ལ་སྡོད་དང་། གཟུགས་དང་ཁ་དོག་དང་དངོས་པོ་ཅི་ཡང་མཐོང་རྒྱུ་མེད་ན་ཡང་། ཅི་ཡང་མེད་པའི་སྟོང་པ་མ་ཡིན་པར། ཡིད་ཀྱི་ཡུལ་དུ་རིག་རྒྱུ་དང་མྱོང་རྒྱུ་ཞིག་ཡོད་དེ། དེ་ལ་ལྐུགས་པས་བུ་རམ་མུར་བ་ལྟ་བུ་ཟེར། རང་གི་ཡིད་ཡུལ་དུ་མཐོང་རྒྱུ་ཞིག་ཡོད་དེ། དེ་ཁ་ནས་བརྗོད་མི་ཤེས་པས་སྨྲ་བསམ་བརྗོད་མེད་ཟེར། དེ་ལ་གཟུགས་དང་ཁ་དོག་དང་དངོས་པོ་མེད་པས་སྟོང་པ་ཉིད་ཟེར། དེ་ཤེས་ན་ཤེས་བྱའི་རབ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། སེམས་དེ་ཡོད་པ་དང་མེད་པའི་མཐའ་དང་བྲལ་བས་དབུ་མ་ཆེན་པོ། འཁོར་འདས་ཐམས་ཅད་དེ་ལས་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ། ཆོས་ཐམས་ཅད་དེ་ལ་མ་འདུས་པ་མེད་པས་རྫོགས་པ་ཆེན་པོ། དེ་རང་ལ་ཡེ་ནས་རང་ཆས་སུ་ཡོད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། རིག་པ་ཅེར་མཐོང་ལས། ཨེ་མ་ཧོཿ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པ་བཅུ་གཅིག་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ལ་ལས་ཕྱག་རྒྱ་ཆེན་པོའི་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྲད་ན། །འདས་པའི་རྟོག་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟ་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་གཅེར་གྱིས་བལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དང་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དེ་རང་སེམས་འདི་ཉིད་དོ། །དངོས་གཞིར་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་ངོ་བོ་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅིར་ཡང་ཤར་བ་སྤྲུལ་སྐུ་ཡིན། །རང་སེམས་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲད་ན། །ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་ལ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །ཡིད་ཀྱིས་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ། །བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསལ་རིག་སྟོང་གསུམ་ལྷུན་གྲུབ་དབྱེར་མེད་ལ། །གྲུབ་དང་མ་གྲུབ་བྱ་བ་ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོས་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ལྟ་བུ་མ་ཡིན་པར། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་པོ་མེད་པ་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་བསྒོམ་རྒྱུ་དམིགས་པ་ཅི་ཡང་མེད་པར་སེམས་ཀྱིས་སེམས་ལ་བལྟས་ནས་འདུག་པ་དེ། ཕྱག་རྒྱ་ཆེན་པོའི་ངོ་བོ་སྐྱོང་བ་ཡིན་ལ། རྫོགས་ཆེན་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་བསྒོམ་ཡུན་ཤི་དང་མཉམ་པར་ནུས་ན། འཆི་དུས་ཕྱི་དབུགས་ཆད་ཙམ་ན། གཞིའི་འོད་གསལ་ངོས་ཟིན་ནས། དེ་ལ་ཞག་བདུན་གནས་ན་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འཚང་རྒྱ་བར་གསུངས་པས། ཉམས་སུ་ཅི་ལོན་མཛོད་ཅིག །ཧཱུྃ། དངོས་གཞི་འདི་གཅིག་པུས་ཀྱང་ཆོག །ལམ་ཐོད་རྒལ་ཞེས་བྱ་བ་སྟོན་པ་ལ། སྒྲ་ཐལ་འགྱུར་རྒྱུད་ལས། སྔོན་དུ་འགྲོ་བ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་པས། རྒྱས་པ་འདིར་མ་ལྕོགས་ན་ཡང་། བརྡ་ཙམ་ཞིག་བྱ་དགོས་པས། ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་ཀྲུང་དྲང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ཞེས་དང་། འདས་རྗེས་ལས། སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་ལོག་ཅིང་སྡིག་པ་དག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །ལྷག་མེད་ཉིད་དུ་བུདྡྷའོ། །ཞེས་གསུངས་པས། རྐང་མཐིལ་གཉིས་སྤྲད་ལ་དྲང་པོར་བསྲང་། ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་ཡུད་ཙམ་ཞིག་སྡོད་ཅིག །ད་ངག་རུ་ཤན་ཕྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ །རྣམ་པ་སྣ་ཚོགས་ངག་ལ་སྤྱད། །ཅེས་གསུངས་པས་འདིའི་རྗེས་ཟློས་མཛོད། ན་ར་ཀ །པྲེ་ཏ་ཀ །ཏཱིརྻ་ཀ །ཨ་སུ་ར། མ་ནུ་ཥེ། དྷེ་ཝ་ཨ། ཤཱནྟི་ཀ །ཀྲོ་ཏ་ཀ །ཨེ་ཡཾ་རཾ་བཾ་ལཾ་སུཾཿ ད་སེམས་ལ་ལྟོས་ཤིག །ཡང་ཐལ་འགྱུར་ལས། ངག་ན་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་གསུངས་པས། ད་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་སྒོམས། དེ་ལས་ཧཱུྃ་མང་པོ་མཆེད་ནས་ལུས་གང་། བ་སྤུའི་ཁུང་བུ་ནས་ཧཱུྃ་གི་ཐག་པ་འཕྲོས། ཕྱོགས་བཞི་མཚམས་བརྒྱད་དང་འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་བར་སྒོམས། དང་པོ་ཧཱུྃ་རིང་དབྱངས་གཅིག་དང་དེ་ནས་ཧཱུྃ་ཐུང་དྲག་ཏུ་བརྗོད་པའི་མཉམ་དུ་རམ་བུ་ཁྱོག །ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཐུང་ལ་དྲག་ཏུ་བརྗོད། ད་མདུན་འདི་ན་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་ལ་རིག་པ་ཡུད་ཙམ་གཏོད་ཅིག །འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་བཅད་ཀྱང་། །ཅེས་གསུངས་པས། ཁྱེད་རང་རྣམས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་པར་སྒོམས་ཤིག །ཡང་ཁྱེད་རང་རྣམས་ལྷ་དང་ལྷ་མ་ཡིན་དང་མི་ཡི་རྒྱལ་པོར་སྐྱེས་ནས། བདེ་སྐྱིད་ཚད་མེད་པར་སྒོམས་ཤིག །འོ་དེ་ལྟར་སྐྱིད་བསམ་མཁན་དེ་དང་སྡུག་བསྔལ་བསམ་མཁན་གྱི་སེམས་ལ་ལྟོས་དང་། ངོ་བོ་སྟོང་པ་ལ་ཁྱད་པར་མེད། སེམས་ཀྱི་རྣམ་པར་རྟོག་པ་དེ་དང་པོ་བྱུང་ས་མེད་པས་ཆོས་སྐུ། བར་དུ་གནས་ས་མེད་པས་ལོངས་སྐུ། ཐ་མ་འགྲོ་ས་མེད་པས་སྤྲུལ་སྐུ། ཞེས་ལུང་ལས་གསུངས་ཏེ། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ །གསུམ་ལ་ངེས་པར་བརྟགས་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ཡིན། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་ལུས་འདི་རྒྱུ་མ་རིག་པ་ལས་གྲུབ་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྩ་མདུད་ཡི་གེའི་གཟུགས་སུ་ཡོད་དེ་འདི་ལྟར་སྒོམས། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ནྲྀ་ལྗང་གུ །ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་གཉིས་སུ་ཚ་གྲང་དམྱལ་ཁམས་གཉིས་ཀྱི་ས་བོན་དུ་ནག་པོ་རེ་རེ་སྒོམས་ཤིག །དེ་རྣམས་ལ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་སིབས་སེ་ཐིམ་པར་སྒོམས་ཤིག །དེ་ནས་དཔྲལ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་གསུམ་སྒོམས་ཤིག །དེ་གསལ་གདབ་པའི་ཕྱིར་རྗེས་ཟློས་ལན་གསུམ་གྱིས། ཨོཾ་ཨོཾ་ཨོཾ། ཨཱཿཨཱཿཨཱཿ ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་ཡི་གེ་དྲུག་བསྲེགས་པས་རིགས་དྲུག་སྐྱེ་སྒོ་ཆོད་པར་སྒོམས་ལ། བཏགས་གྲོལ་གྱི་སྙིང་པོ་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་སྔགས་འདི་འུར་འདོན་ཞིག་མཛོད། འ་ཨ་ཤ་ས་མ་ཧ། དམིགས་པ་དེ་རྣམས་ཀྱིས་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་ནས། རིགས་དྲུག་གི་སྐྱེ་སྒོ་ངེས་པར་ཆོད་པར་གསུངས་སོ། །སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས་ཡུད་ཙམ་ཞིག་ལུས་བསྲངས་ལ་བག་ལྷོད། ངག་གིས་ཅིའང་མ་སྨྲ། ཡིད་ལ་བསམ་བློ་མ་བཏང་བར་སེམས་ལ་ལྟོས་ནས་སྡོད་ཅིག །ཀློང་གསལ་ལས། དེ་ལྟར་རྣལ་དུ་སུས་ཕབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་པའི་དོན་ནོ། །འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་འཇུག །ཅེས་གསུངས་པས། ད་ལུས་ཀྱི་སྐྱིལ་ཀྲུང་ལག་པ་ས་གནོན་མཉམ་གཞག་གྱིས་ལ། སེམས་ཀྱིས་སེམས་ལ་བལྟ་ཞིང་། མིག་བར་སྣང་ལ་འདོམ་གང་གི་སར་ལྟོས་ཤིག །དེ་ཉན་ཐོས་ཀྱི་ལྟ་སྟངས་ཡིན། མིག་གྱེན་ལ་ལྡོག་ནས་ནམ་མཁའ་ལ་ལྟོས། ཕར་ཧྲིག་ཚུར་ཧྲིག་གྱིས། དེ་ཁྲོ་བོའི་ལྟ་སྟངས་ཡིན། མིག་སྣ་རྩེའི་ཐད་དུ་ལྟོས། མིག་སྣ་རྩེ་སེམས་རྩེ་གཅིག་ཏུ་གྱིས་ལ་ལྟོས་ཤིག །དེ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཡིན། ཁྱེད་རང་སེམས་ངོ་ཡོད་པ་རྣམས་ཀྱིས། རྗེས་ནས་ཀྱང་ལྟ་སྟངས་དེ་གསུམ་གང་དགའ་གྱིས་ལ་སེམས་ངོ་ལྟོས་དང་བོགས་འདོན་གྱི་མཆོག་ཡིན་ནོ། །དེ་རྣམས་ཀྱིས་ནི་ཐོད་རྒལ་ཁྲིད་ཀྱི་སྔོན་འགྲོ་ས་བཅད་མ་བཏང་ཙམ་སོང་བ་ཡིན་ནོ། །ད་ནི་རྫོགས་པ་ཆེན་པོ་མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་དྲུག་གི་ནང་ནས། བལྟས་པས་འཚང་རྒྱ་བ་ཡེ་ཤེས་མངོན་སུམ་དུ་མིག་གིས་བལྟ་ཆོག་པ། ཆུ་བུར་མིག་གིས་བལྟས་ན་ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག །གསལ་སྟོང་ཐིག་ལེ་ཉག་གཅིག །ཡེ་ཤེས་ལྔ་མངོན་སུམ་དུ་སྟོན་པ་ཞི་ཁྲོའི་ལྷ་ཚོགས་ད་ལྟ་མཇལ་བའི་གདམས་ངག །ངོ་སྤྲོད་པའི་རྒྱུད་ལས། དོན་དང་རང་གི་ལུས་ཀྱི་དཀྱིལ། །སྙིང་ན་ཡེ་ཤེས་ཆེན་པོར་གནས། །ཞེས་དང་། སྙིང་གི་མེ་ལོང་གི་རྒྱུད་ལས། གནས་ནི་སྙིང་གི་དབུས་ན་གསལ། །འོད་ཁ་དོག་ལྔའི་དབུས་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ། འོད་ཀྱི་ཚུལ་དུ་གནས་སོ། །ཞེས་དང་། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་དང་། གཞན་ཡང་མན་ངག་སྙིང་དགོངས་ཀྱི་རྒྱུད་ལས་རྒྱས་པར་གསུངས་ཏེ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་རང་གི་སྙིང་གི་ནང་ན། ཞི་བ་བཞི་བཅུ་རྩ་གཉིས་ལུས་ལྷའི་ཚུལ་དུ་བཞུགས་སོ། །ཐིག་ལེ་འདུས་པའི་རྒྱུད་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ན། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་ཀུན་འདུས་ནས། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ནས་འདི་ཉིད་མཆོག །ཅེས་གསུངས་པས། སྙིང་དང་མིག་གཉིས་འབྲེལ་བའི་རྩ། དེ་ལ་དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུཿཞེས་པའི་སྒོ་ནས་ཐོན། །ཞེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུའམ་ཡེ་ཤེས་ཟང་ཐལ་གྱི་བརྟེན་པ་དེ་རང་གི་མིག་ལ་རྟེན་ནོ། །གནས་པ་རང་གི་མིག་གི་འབྲས་བུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མི་འགགས་པར་གསལ་ལོ། །རང་གི་མིག་གི་འབྲས་བུའི་དཀྱིལ་ན་མ་འགགས་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། །ཞེས་གསུངས་པས། མིག་ཆུའི་དཀྱིལ་འཁོར་ནས། མཐོང་བ་མ་འགགས་པར་གསལ་བ་རང་གི་མིག་འདི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན་ནོ། །མུ་ཏིག་ཕྲེང་བ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ཙོག་པུར་གནས་པ་དང་། །ཞེས་བཞུགས་སྟངས་གསུམ་གྱིས་བལྟ་བར་བཤད་ན་ཡང་། གཉིས་པོ་སྟབས་མི་བདེ་བས་དྲང་སྲོང་གི་འདུག་སྟངས་བྱ་སྟེ། ཐལ་འགྱུར་ལས། དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལས་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱིས་ལུས་ཙོག་པུར་བྱས་ལ་རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་གཉིས་ས་ལ་ཕབ། ལུས་པོ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ། པུས་མོ་ལ་འཁྱུད། རྒལ་ཚིག་དྲང་པོར་བསྲང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བསྟེན། །ཅེས་གསུངས་པས་ངག་གིས་མི་སྨྲ། རླུང་མི་བསྡམ་པར་རང་བབས་སུ་ཁ་སྣ་ནས་འགྲོ་བཅུག །མིག་དང་སེམས་རྩེ་གཅིག་ཏུ་ནམ་མཁའི་ཉི་མ་ལ་མིག་ཟིམ་བུས་ལྟོས། དེ་ཡང་སྤྲིན་མེད་པའི་ཉི་མ་ལ་ལྟོས། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་ཉི་མ་ལ་བལྟས་པས། རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། ཞི་ཁྲོའི་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱི། །སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། །ཞེས་གསུངས་པ་ནི། སྔ་དྲོའམ་དགོང་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་རྣམས་ཕྱེད་སྙེས་སུ་ཉི་མ་ལ་མིག་ཟིམ་བུས་བལྟས་ནས། རིགས་ཀྱི་བུ་རྣམས་ཉི་མའི་སྙིང་པོ་འདི་དག་ཅིང་དྲི་མ་མེད་པ་བཞིན་དུ་ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་འོད་ཁ་དོག་ལྔ་དང་ལྡན་པ། སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ། ཆོས་སྐུ་ཀ་ནས་དག་པའི་ངང་ལས། ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་དང་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན། མ་བྲིས་པ་ཡི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་སྣ་ཚོགས་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་བསྒྲིབས་པར། འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་ཤིང་གསལ་བ་འདི་ནི། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །ཟེར་དེ་དག་གི་ནང་ན་ཐིག་ཕྲན་བསམ་གྱིས་མི་ཁྱབ་པས་ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ། དྲྭ་བ་དང་དྲྭ་ཕྱེད་ལུ་གུ་རྒྱུད་དང་འབྲེལ་ཞིང་འགུལ་བ་དང་འཕྲིགས་པར་སྣང་བ་འདི་ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་འཇའ་འོད་ཐིག་ལེ་སྟོང་ཉིད་རང་གསལ་གྱི་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལ་དབྱེར་མེད་པར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་ལ་བལྟ་བཅུག །སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་གདབ་པར་བྱའོ། །ཞེས་གསུངས་པས། ད་ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ། ད་རེས་མཐོང་བའི་འོད་དེ་རྣམས་ཡེ་ཤེས་ལྔའི་འོད་ལམ་ཡིན། དོན་རྒྱལ་བ་རིགས་ལྔའི་འོད་ཟེར་ཡིན་པས། བར་དོ་ན་ཡང་འོད་འདི་བས་ཆེ་ཞིང་གསལ་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །བདག་ནི་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ། །བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་སྔོན་པོ་དེ་མེ་ལོང་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། །ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོལ། །བར་དོ༴ ཡང་དག༴ ད་འོད་སེར་པོ་མཐོང་ན་མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། ང་རྒྱལ་དྲག་པོས་འཁོར༴ མཉམ་ཉིད་ཡེ་ཤེས༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན༴ ཡུམ་མཆོག་མཱ་མ་ཀི་ཡིས༴ བར་དོ༴ ཡང་དག༴ འོད་དམར་པོ་མཐོང་ན་དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། འདོད་ཆགས་དྲག་པོས་འཁོར་བར༴ སོར་རྟོག་ཡེ་ཤེས༴ བཅོམ་ལྡན་སྣང་བ་མཐའ་ཡས༴ ཡུམ་མཆོག་གོས་དཀར་མོ་ཡིས༴ བར་དོ༴ ཡང་དག༴ འོད་ལྗང་གུ་མཐོང་ན་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཕྲག་དོག༴ བྱ་གྲུབ་ཡེ་ཤེས༴ བཅོམ་ལྡན་དོན་ཡོད་གྲུབ་པས༴ ཡུམ་མཆོག་དམ་ཚིག་སྒྲོལ་མས༴ བར་དོ༴ ཡང་དག༴ འོད་དཀར་པོ་མཐོང་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ཐོབ། གཏི་མུག་དྲག་པོས༴ ཆོས་དབྱིངས་ཡེ་ཤེས༴ བཅོམ་ལྡན་རྣམ་པར་སྣང་མཛད༴ ཡུམ་མཆོག་དབྱིངས་ཕྱུག་མ༴ བར་དོ༴ ཡང་དག༴ འོ་བར་དོ་ནས་འཇའ་འོད་འདི་འདྲ་བས་འཇིག་རྟེན་ཐམས་ཅད་གང་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འཆར་རོ། །དེ་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་གྱིས། བག་ཆགས་དྲག་པོས་འཁོར་བར༴ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ། །བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས༴ བར་དོ༴ ཡང་དག༴ འོ་འོད་ཁྲ་ཁྱུག་ཁྱུག་པ་མཐོང་ན་ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ལྟར་ཐོབ། འཁྲུལ་སྣང་དྲག་པོས་འཁོར༴ ལྷན་སྐྱེས་ཡེ་ཤེས་གསལ་བའི༴ དཔའ་བོ་རིག་འཛིན་རྣམས་ཀྱིས༴ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས༴ བར་དོ༴ ཡང་དག༴ འོད་ཁ་དོག་ལྔ་ལྡན་མཐོང་ན་ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། དུག་ལྔ་དྲག་པོས༴ ཡེ་ཤེས་བཞི་སྦྱོར་གསལ་བའི༴ བཅོམ་ལྡན་རྒྱལ་བ་རིགས་ལྔས༴ ཡུམ་མཆོག་རིགས་ལྔའི་མཁའ་འགྲོས་རྒྱབ༴ བར་དོ༴ ཡང་དག༴ འོ་ན་འོད་ཁ་དོག་ལྔ་འདི་མ་དག་ན་འབྱུང་བ་ལྔ། འདི་ལྔ་དགྲ་རུ་ལངས་ན་དུག་ལྔ་སྟེ། འཁོར་བའི་ལམ་རྒྱུད་ལྔར་སྐྱེ་བར་བྱེད། འདི་ངོ་ཤེས་ཤིང་དག་ན། རྒྱལ་བ་རིགས་ལྔའི་ཞིང་ཁམས་ལྔ་ཡིན་པས། སྨོན་ལམ་འདི་ཡི་རྗེས་ཟློས་མཛོད། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག །ཆུ་ཡི་ཁམས༴ སངས་རྒྱས་དཀར་པོའི་ཞིང་ཁམས༴ ས་ཡི་ཁམས་རྣམས༴ སངས་རྒྱས་སེར་པོའི་ཞིང་ཁམས༴ མེ་ཡི་ཁམས༴ སངས་རྒྱས་དམར་པོའི་ཞིང་༴ རླུང་གི་ཁམས་རྣམས་དགྲ༴ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག །ཡང་ཞི་ཁྲོའི་ངོ་སྤྲོད་ལས། ཉེར་ལྔ་པ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་མནན་པས་འོད་ཀོར་འབྱུང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ་འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག་བྱས་ལ་གནོན་བཅུག །ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་གཏིང་ནས་འུར་ཏིང་གི་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་པ་ཡིན་ནོ་བྱས་ལ་མཛུབ་བུས་གནོན་བཅུག །ཉེར་བདུན་ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཡུན་རིང་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་རྒྱ་ཆེ་བར། འགུལ་འཕྲིགས་ཡམ་ཡམ་ཤིག་ཤིག་འཕྲོ་བ་འོང་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ངོ་ཤེས་པར་གྱིས་ཤིག་བྱས་ལ་དེ་བཞིན་བྱེད་བཅུག །ཉེར་བརྒྱད་ཉི་ཟེར་རྩིབས་ཤར་ངོ་སྤྲོད་ནི། ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཀྱིས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབས་པ་ལྟ་བུ་དང་། མདུང་རྩེ་གཤིབས་པ་དང་འདྲ་བ་དང་། བ་ཐག་གཟེང་བ་དང་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བ། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་བ་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན་ཏེ། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད། སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག །འོ་ད་ཁྱེད་རང་རྣམས་ནམ་མཁའ་དྭངས་དུས་ཉི་མ་རྩེ་ཤར་དང་ཉི་མ་ནུབ་ཁར་རྒྱུན་དུ་ལྟོས་དང་། ངོ་མཚར་ཅན་མཐོང་རྒྱུ་ཡོད་དེ། དབང་དང་ཁྲིད་མ་ཐོབ་པ་ལ་བཤད་མི་རུང་། འདི་གསང་སྔགས་ཟབ་མོ་ཡིན་པས་མཁའ་འགྲོའི་བཀའ་ཆད་འོང་། ད་རྒྱུན་དུ་བལྟ་བར་མཛོད་ཅིག །དང་པོའི་ངོ་སྤྲོད་རྫོགས་སོ། །དེས་ཀྱང་བསྡུས་པ་ལ་ཆོག །འོ་དེ་ལྟར་རྫོགས་ཆེན་ཐོད་རྒལ་ངོ་སྤྲོད་འཇའ་འོད་དང་ཐིག་ལེ་ཐིག་ཕྲན་མཐོང་བ་དེ། ཉི་མ་རྩེ་ཤར་དང་ཐལ་ཁ་དེ་གཉིས་ལ་སྤྲིན་མེད་དུས་རྒྱུན་དུ་ལྟོས་དང་། ཉམས་སྣང་བཞི་རིམ་པར་འཆར་ཏེ། རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ནང་དུ་རྡོ་བསྐྱུར་བའི་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་ནང་དུ། ཐིག་ལེ་ཡུངས་འབྲུ་ཙམ་མམ། སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔའི་མདུད་པ་ལྟ་བུ་དང་། མུ་ཏིག་ཙར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མུ་ཏིག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ་དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་ཏེ། དེ་ནི་ནང་གི་རིག་པ་ལུ་གུ་རྒྱུད། ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས། ལམ་དབང་པོའི་མིག་ལ་མངོན་སུམ་དུ་འཆར་རོ། །སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་པར་ཐོན། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་དང་། ཀློང་གསལ་རྒྱུད་ལས། རྐྱེན་བྲལ་ནམ་མཁའ་དག་པ་ལ། །གཟིགས་སྟངས་གཅུན་ནས་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །མཛེས་པ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུ་གུ་རྒྱུད་འབྲེལ་ལ། །འགུལ་འཕྲིགས་འགྱུ་བའི་རྣམ་པར་འགྱུར། །ཞེས་དང་། རིག་པ་རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོད་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཅེས་དང་། ནོར་བུ་ཕྲ་བཀོད་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ། །ཡོངས་སུ་གསལ་བའི་རྣམ་པ་ཅན། །ཅེས་དང་། རྒྱུད་ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་གནས་ཏེ། །ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དང་ནི་རྩ་ལ་ཤར། །ངོ་བོ་དབང་པོའི་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཅེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་ནམ་མཁའ་ནས་བབས་པ་ལས། མངོན་སུམ་སྣང་བ་འདི་སུས་མཐོང་བ། ཁམས་གསུམ་ལོག་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཀློང་གསལ་ཀུན་ཏུ་བཟང་པོའི་གསུངས་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་འཁོར་བར་ལོག་པ་མེད། །ཅེས་གསུངས་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲ་བ། མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་། རྩིབས་ཤར་དང། མདའ་དང་མདུང་རྩེ་ལྟ་བུ་དང་། ཉ་མིག་ལྟ་བུ་དང་། མིག་ཚགས་ལྟ་བུ་དང་། དྲྭ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་། མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་ཐིག་ཕྲན་གྱིས་འཕྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་ནས་བར་ཐམས་ཅད་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ་འགུལ་འཕྲིག་མེད་པར་ཉམས་སུ་བླང་ངོ། །དེ་ཡང་རྒྱུད་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་དག་པ་ཡེ་དག་པ། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་གསུངས་པས། འདི་ཙམ་ངོ་འཕྲོད་སླ་བས། འདི་ཁོ་ནས་ཀྱང་བར་དོ་ངོས་ཟིན་ནས་ཁམས་གསུམ་འཁོར་བའི་སྐྱེ་སྒོ་ཆོད་པར་གོང་གི་རྒྱུད་ཀྱི་ལུང་དེ་རྣམས་ལས་གསལ་བས། ཕན་ཡོན་ཆེན་པོ་བསམ་ལས་འདས་པ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་པས། ཆོས་ཉིད་བར་དོ་ན་ཡང་འདི་ལྟ་བུའི་འོད་དང་ཐིག་ལེའི་ནང་དུ་ཞི་ཁྲོའི་ལྷ་ཚོགས་འཆར་དུས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ཏེ་སྐྲག་འཇིགས་མེད་པས་ཞི་ཁྲོའི་ལྷ་ཚོགས་ཀྱིས་ལམ་སྣ་འདྲེན་ནས་དག་པའི་ཞིང་དུ་སྐྱེ་བར་གསུངས་པས། ཁམས་གསུམ་འཁོར་བར་མི་ལྡོག །ཕྱག་ཆེན་སེམས་ངོ་འཕྲོད་ཙམ་པས་འདི་མཐོང་བ་ལྷག་སྟེ། སེམས་ངོ་མཐོང་ཡང་རིག་རྒྱུ་ནི་མེད་ལས་ཡིད་མི་ཆེས་ཏེ། ལྟ་བ་ཡིད་དཔྱོད་འཛིན་པ་ཡིན། འདི་མིག་གིས་དངོས་སུ་མཐོང་ནས་ཡིན་མིན་ཐེ་ཚོམ་མེད་པས། ཡིད་དཔྱོད་འཛིན་པ་ལས་གྲོལ་བ་ཡིན་ནོ། །རྫོགས་ཆེན་ཉམས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་སྤྲོད་ཡིན་ནོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་ཤེས་ཉམས་གཉིས་ལས། ཤེས་ཉམས་ནི་བདེ་ཉམས་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་མི་བརྟན་ལ་འགྱུར་བ་ཡིན་པས་གཙོ་ཆུང་། དེར་མ་ཟད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་། ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས་ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་། རྟོགས་པ་མཐོ་དམན་ལ་གཙོ་བོར་བྱེད་པའི་ཕྱིར་རོ། །འདིར་རྟོགས་པ་མཐོ་དམན་གྱི་ཚད་སྣང་ཉམས་ཀྱིས་བཟུང་ཞིང་སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ། །དེ་ལྟར་སྣང་བ་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །ད་རུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་འབྲེལ་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་ནས་འོང་ངོ། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ །རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོའོ། །ད་རུང་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་། གྱེན་འགྲེང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་མདུན་ཙམ་དུ་ཁྱབ་པར་འཆར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་། རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འཆར་རོ། ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལས་རིན་པོ་ཆེའི་དྲྭ་བ་དང་། འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་། མིག་མང་རིས་ལྟ་བུ་དང་། མིག་ཚགས་དང་། མདུང་རྩེ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། གུར་ཁྱིམ་དང་། ཉི་ཟླ་དང་། རི་དང་། མཁར་ཐབས་རིས་དང་། ཐིག་ལེ་འཁར་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ལྟ་བུ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླངས་པས། འོད་ཀྱིས་ཡུལ་ཁམས་ཙམ་དུ་ཁེངས། ཐིག་ལེ་ཡང་བསེ་ཕུབ་ཙམ་དུ་འགྱུར་རོ། །འོད་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར་རོ། །ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་རེ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང་ངོ་། །རིག་པ་འགུལ་འཕྲིགས་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ན། བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས། ཕྱིས་བར་དོ་མེད་དོ། །དེས་ན་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ། །སྒྲ་ཐལ་འགྱུར་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འགྱུར་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པའི་སྣང་བ་ཡུལ་ལ་གསལ། །ཞེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་གནམ་ནས་བབས་པ་ལས། ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཞེས་དང་། སྒྲ་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་པས་འདི་ཙམ་མཐོང་ན། བར་དོར་འཁྲུལ་སྣང་འཇིགས་སྐྲག་གཅིག་ཀྱང་མི་འབྱུང་བར་གསུངས་སོ། །རྫོགས་ཆེན་ཉམས་གཉིས་པའི་ངོ་སྤྲོད་དོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། དེ་ནས་ཡང་ཉམས་སུ་བླངས་པས། གོང་གི་ཐིག་ལེ་རེ་རེའི་ནང་དུ། སྐུ་ཡབ་ཡུམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས་འགྱུར་བ་མེད་པ་བྲེ་ཚད་སྲང་ཚད་འཕེལ་བ་ལྟར་ཚད་ཕེབ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ལུ་གུ་རྒྱུད་དུ་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། རིག་པ་ཚད་ཕེབ་སྣང་བ་ནི། །ལོངས་སྐུ་མཚན་དཔེའི་སྣང་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལ། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། འདས་རྗེས་ཞལ་ཆེམས་ལས། རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་དང་། ཐལ་འགྱུར་ལས། རིག་པ་ཚད་ཕེབ་སྣང་བ་ནི། །སྐུ་གསུམ་རྟོགས་པ་ལམ་སྣང་འགྲུབ། །ཅེས་གསུངས་པས། ད་ནས་མ་བསྒོམ་ན་ཡང་ཆོག་པར་གསུངས་ཏེ། ཕྱི་དབུགས་ཆད་མ་ཐག་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་མིག་ལ་ཟུག །འོད་ཀྱི་སྦུ་གུ་རིག་པ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བར་གསུངས་སོ། །དེ་ལྟར་རྫོགས་ཆེན་གྱི་ཉམས་གསུམ་པོ་དེ་ནི་ད་ལྟ་ཡང་འཆར་མཁན་མང་དུ་འོང་བར་གདའ་བས། ཁྱེད་རྣམས་ཞི་ཁྲོའི་ལྷ་ཚོགས་ནམ་མཁར་དངོས་སུ་མ་མཇལ་བར་དུ་མ་བསྐྱུར་བར་ལྟོས་ཤིག །དེ་ནས་མ་བལྟས་ཀྱང་ཆོག །དབུགས་ཆད་མ་ཁད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བ་ནི་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨའི་བཀའ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་ཡིན། དེ་ལ་བེམ་སྒོག་ལུས་ཏེ་འཇའ་ཟུག་པ་དང་རྟེན་རིང་བསྲེལ་འོང་བར་བཤད། ད་རུང་ཡང་བསྒོམས་ན་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ་ལུས་འཇའ་ལུས་ཆོས་སྐུ་ཐོབ་ནས། ཕུང་པོ་བཞག་མི་དགོས་པར་བཤད་དེ། དེ་འདྲ་སྔར་ནི་མང་པོ་བྱུང་བའི་ལོ་རྒྱུས་ཡོད་དེ། ད་དུས་སྙིགས་པས་འོང་མི་ཐུབ་སྟེ། སྙིང་རུས་དད་པ་དམ་ཚིག་ཅན། རྩེ་གཅིག་ཏུ་བསྒོམས་ན་མི་འོང་བའི་ངེས་པ་ཡང་མེད་དེ། རྗེ་ཞྭ་དམར་དྲུག་པའི་ཆིབས་ཆུང་བ་སྟག་ཚང་ཡང་དག་ཟེར་བ་ཞིག་དང་། ཀརྨ་སྨོན་ལམ་ཟེར་བ་ཆུ་བར་ནས་དགེ་སློང་ཞིག་དང་གཉིས་ནི་དུས་ཕྱིས་འཇའ་ལུས་ཐོབ་ནས་ཕུང་པོ་མ་བཞག་གོ །དེ་ཡན་ཆད་རྫོགས་ཆེན་གྱི་ངོ་སྤྲོད་དངོས་གཞི་རྫོགས་ལ། རྗེས་དམ་ཚིག་གི་བཀའ་རྒྱ་ནི། ཆོས་འདིའི་བཀའ་སྲུང་ནི། མ་མོ་སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊཱི་དང་། དམ་ཅན་རྡོ་རྗེ་ལེགས་པ་དང་། གཟའ་རཱ་ཧུ་ལ་གསུམ་ཡིན། རྫོགས་ཆེན་འདི་སྒོམ་པ་ལ་ཁ་འཛིན་བྱེད། དམ་ཚིག་མ་བསྲུངས་ན་ཆད་པ་གཅོད་པས། དམ་ཚིག་ནི་ཆོས་འདི་ལ་ཐེ་ཚོམ་མི་བྱ་དད་པ་བྱ། རང་གི་བླ་མ་དང་ཁྲིད་ཐོབ་མྱོང་བའི་མི་མ་གཏོགས་སུ་ལ་བཤད་མི་རུང་། གསང་དགོས། ལྷའི་ཞལ་མཇལ་ན་ཡང་གསང་དགོས། མ་གསང་ན་ཁྱེད་རང་རྣམས་ནད་ཀྱིས་མནར་བ་སོགས་འབྱུང་བས་གསང་ཞིང་ཉམས་སུ་ལོངས་ཤིག །ཅེས་རྫོགས་ཆེན་ལ་མོས་པ་རཱ་ག་ཨ་སྱས་འགྲོ་དོན་བསམ་པ་བཟང་པོས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་རྣམས་ལ་བཟོད་པར་གསོལ། དགེ་བས་འགྲོ་བ་མང་པོ་གྲོལ་བར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).