Terdzo-CI-005

From Rinchen Terdzö

བླ་མ་དགོངས་པ་འདུས་པ་ལས། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ

bla ma dgongs pa 'dus pa las/_mkha' 'gro'i rgyab chos byin rlabs dbang gi lag len smin byed bdud rtsi'i thigs pa bltas chog tu bkod pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  བླ་མ་དགོངས་པ་འདུས་པ་ (Bla ma dgongs pa 'dus pa)
Volume 35 (ཅི) / Pages 161-191 / Folios 1a1 to 16a5

[edit]

༄༅། །བླ་མ་དགོངས་པ་འདུས་པ་ལས། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། འཁོར་འདས་ཀུན་སྐྱེད་ཟབ་ཞི་ཨེ་ཡི་དབྱིངས། །རྟགས་ཀྱི་ཕྱག་རྒྱ་བདེ་ཆེན་དགྱེས་མའི་སྐུ །རབ་འབྱམས་དཀྱིལ་འཁོར་བདག་མོར་ཤར་དེ་ཡང་། ཁྱབ་བདག་བླ་མའི་རོལ་པར་ངེས་པས་འདུད། །རྡོ་རྗེ་བཙུན་མོའི་སྒྲུབ་ཐབས་བྱེ་བའི་བཅུད། །ཅི་འདོད་ཀུན་འབྱུང་དབྱིག་གི་སྙིང་པོ་ནི། །དགོངས་འདུས་ནོར་བུའི་སྒྲོམ་ལས་ཕྱུང་འདི་ཡང་། །ལས་དང་དངོས་གྲུབ་བདེ་བླག་བསྒྲུབ་ཕྱིར་རོ། །རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་འདིར་སྐལ་ལྡན་གྱི་སློབ་མ་གཞུག་པ་ལ་ལག་ལེན་དོན་བསྡུ་ན་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། དང་པོ་བྱ་བའི་སྔོན་འགྲོ་ནི། གནས་དབེན་ཅིང་མཁའ་འགྲོ་འདུ་བས་བྱིན་རླབས་ཀྱི་ཟིལ་དང་ལྡན་པ་ལ། དུས་ཡར་མར་གྱི་ཚེས་བཅུ་ལ་སོགས་པར། སློབ་དཔོན་བསྙེན་སྒྲུབ་ཀྱི་དྲོད་ཐོབ་པས། སློབ་མ་ཐ་མལ་སྐྱེ་བོ་སོགས་མ་ཡིན་པ་སྣོད་དང་ལྡན་ངེས་པ་ལ་དབང་བསྐུར་བའི་ཐོག་མར་ཡོ་བྱད་མཁའ་འགྲོའི་རྟེན་བཀྲམ་པའི་མདུན་དུ། སྟེགས་བུར་ཆང་དང་སིནྡྷུ་ར་སྦྱར་བས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་ཀྱི་དབུས་ཆོས་འབྱུང་བསྣོལ་མ་དམར་སེར། ཁ་ཁྱེར་དམར་པོ་ལ་ས་བོན་ཧྲཱིཿམ། རྩིབས་མཆན་དྲུག་ལ་དགའ་འཁྱིལ་དཀར་དམར་གཡས་སྐོར་རེ་རེ། ཆོས་འབྱུང་འོག་གཞི་ལྗང་གུ །དེ་རྒྱབ་སྔོ་དམར་དཀར་བའི་མུ་ཁྱུད་རིམ་གསུམ། དེ་རྒྱབ་པདྨ་འདབ་བཞི་ཕྱོགས་མདོག་ལ་ཤར་དུ་རྡོ་རྗེ་སྔོན་པོ་སོགས་རིགས་རྟགས་བཞིའི་ལྟེ་བར་ཧ་རི་ནི་སའི་ཡིག་འབྲུ་ཅན། དེ་རྒྱབ་པདྨ། རྡོ་རྗེ། འཇའ་འོད། མེ་རི་སྟེ་རིམ་པ་བཞིས་བསྐོར་བའི་དབུས་སུ་མཉྫི་ལ་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་གཟུངས་ཐག་དང་བཅས་པའི་ཁར་ཀ་པཱ་ལ་མཚན་ལྡན་ཆང་ལ་བདུད་རྩི་ཆོས་སྨན་བཏབ་པ་བཀོད་པའི་ཁ། མེ་ལོང་ལ་ཚིལ་ཆེན་བྱུགས་ཤིང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་རྩེ་དྲུག་ལ་དགའ་འཁྱིལ་དང་བཅས་པའི་ལྟེ་བར་པདྨ་འདབ་བཞི་པའི་དབུས་ལྟེར། ཧྲཱིཿམ་བཾ། འདབ་བཞིར་ཧ་རི་ནི་ས་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ་པའི་ཕྱོགས་བཞིར་དབང་རྫས། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ། ལྷོར་དབུ་རྒྱན། དབུས་སུ་འཁོར་ལོ་བཅས། གཞན་ཡང་མེ་ལོང་གསལ་བ། མཁའ་འགྲོའི་སྐུ་རྟེན། སྒྲུབ་དཔེ་གླེགས་བམ། བགྲང་ཕྲེང་། ཅོད་པན་སྣ་ལྔ་རྣམས་ཀྱང་བཀོད། རྒྱབ་ངོས་རྩ་གསུམ་སྤྱི་དང་བྱེ་བྲག་མཁའ་འགྲོའི་གཏོར་མ་གཙོ་འཁོར་ལྔ་པ་རྒྱན་ལྡན་དར་གདུགས་དང་བཅས་པའི་གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་ཕྲེང་ཚར་རམ་བསྐོར་བཤམ་གང་བདེ། བྱང་ཤར་དུ་ལས་བུམ། བཀའ་སྲུང་གཏོར་འབུལ། ཚོགས་ཆས། སྔོན་གཏོར་སོགས་ཉེ་བར་མཁོ་བ་ཐམས་ཅད་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ཕྲིན་ལས་ཀྱི་སྔོན་འགྲོ་ལ་གསོལ་འདེབས་སྔོན་དུ་འགྲོ་བས་མཁའ་འགྲོའི་ཚོགས་མཆོད་ལས་བྱང་པདྨོའི་ཟིའུ་འབྲུ་ལྟར་སྐྱབས་སེམས་ལན་གསུམ། དཀར་གཏོར་བྱིན་བརླབས་ལ་ལུགས་འདིའི་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཕུལ། མི་ཤེས་ན་སྤྱི་འགྲོས་ཆོག །དེ་ནས་བདག་བསྐྱེད་ལུས་དཀྱིལ་བསྒོམ་པ་ཡན་གྲུབ་ནས། བསྙེན་པ་ཐུགས་སྒྲུབ་གའུ་ཁ་སྦྱོར་ལས་འབྱུང་བ། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་ཅུང་ཟད་བཟླ། དེ་ནས་བགེགས་གཏོར་བྱིན་བརླབས་ནས་བསྔོས་ལ་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་ཀྱི་བར་བཏང་ངོ་། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད་དང་། དབང་བསྐུར་བའོ། །དང་པོ་ནི། ཏིང་འཛིན་གསུམ་ནས་བརྩམ་མདུན་དཀྱིལ་མཁའ་འགྲོའི་དཀྱིལ་འཁོར་དམ་ཚིག་པར་བསྐྱེད་གྲུབ་མཚམས་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་གཙོ་འཁོར་ཡེ་ཤེས་སེམས་དཔའི་ཚོགས་བཞུགས་པའི་སྐུ་གསུང་ཐུགས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཚུར་བྱོན་ཅིང༔ དམ་ཚིག་པ་རྣམས་ལ་ཐིམ་ནས་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་གྱུར༔ ཅེས་བརྗོད་ཅིང་དོན་གསལ་བཏབ་ལ་ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པ་ཡན་ཚང་བར་བཏང་ལ། མདུན་བསྐྱེད་ཐུགས་ཀར་ཛཔ྄་དཀྱིལ་དང་སྤྲོ་བསྡུ་སྤྱི་ལྟར་གསལ་བཏབ་ལ་རྩ་བའི་བསྙེན་པ། ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཅི་འགྲུབ་དང་། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ༔ མདུན་གྱི་དཀྱིལ་འཁོར་དང༔ བུམ་པ་ཀ་པཱ་ལ་མེ་ལོང་ལ་བསྐྱེད་པའི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་དམ་རྒྱུད་བསྐུལ་ཞིང༔ སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་ནས་དབང་རྫས་རྣམས་ལ་ཐིམ་པས་དབང་རྫས་བྱིན་རླབས་དང་ལྡན་པར་གྱུར༔ བདག་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་ནུས་པ་དང་ལྡན་ཞིང་རྒྱུད་བྱིན་གྱིས་བརླབས༔ དབང་སློབ་ལ་སོགས་པའི་འགྲོ་བ་ཐམས་ཅད་ལ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་དག་ནས་ཡེ་ཤེས་ལྷ་ཡི་རང་བཞིན་དུ་གྱུར་ཅེས་དམིགས་ལ། ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བརྒྱ་སྟོང་ཅི་ལྕོགས་བཟླ། མཐར་དབྱངས་གསལ་ཡིག་བརྒྱས་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་ཀྱིས་སྟོང་ཚིགས་མཆོད་བསྟོད་ཕུལ། ལྷ་རྣམས་ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཀར་བསྡུ༔ དམ་ཚིག་པ་དབང་རྫས་ལ་བསྟིམ་ཞིང་རང་གཞན་ཐམས་ཅད་ཅི་ཡང་མི་དམིགས་པའི་ངང་ལ་དར་གཅིག་བཞག༔ སླར་དམིགས་མེད་ཀྱི་ངང་ལས་བདག་མདུན་དཀྱིལ་འཁོར་གསལ་བར་མོས། ལས་བུམ་དུ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྲུང་མ་སྤྱི་དང་བྱེ་བྲག་འདི་ཉིད་ཀྱི་བཀའ་གཏེར་ཆོས་སྲུང་གསུམ་ལ་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། དེ་ནས་ཚོགས་བྱིན་རླབས་གོང་གི་གཏོར་མ་ལྟར་བྱས་ལ། སྤྱན་འདྲེན་ནས་བསྒྲལ་བསྟབ་བར་གཏང་། འདིའི་རང་ལུགས་བདག་འཇུག་གི་དོད་གོང་སྨྲོས་དེ་ཡིན་ཀྱང་སྤྱི་འགྲོ་རིག་པའི་མེ་ཏོག་དོར་ཡང་མི་འགལ་ལ། གང་ལྟར་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ་ཞིང་། བདེ་གཤེགས་རྒྱལ་བ་སོགས་བརྗོད། བགེགས་གཏོར་བཏང་ལ། ལས་བྱང་གི་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་སྲུང་འཁོར་བསྒོམ། མིག་དར་ཨཱ་ཁཾ་བཱི་ར་ཧཱུྃ་གིས་སྤྱིན། ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ་མོས་གུས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ གཙོ་མཆོག་བླ་མ་འགྲོ་བ་ཡོངས་ཀྱི་མགོན༔ བདག་ཅག་འཁོར་བའི་འདམ་དུ་བྱིང་རྣམས་ལ༔ ཐུགས་རྗེས་གཟིགས་ཤིང་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་དུ་གཟིགས་ནས་གནང་བ་སྦྱིན་པའི་མོས་པ་མཛོད། ཀྱེ་ཧོ༔ འདུས་པའི་མཆེད་དང་ལྕམ་དྲལ་ང་ལ་ཉོན༔ ཁྱེད་རྣམས་མཁའ་འགྲོའི་དཀྱིལ་འཁོར་དམ་པ་འདིར༔ འཇུག་པར་སྤྲོ་ཞིང་བྱིན་རླབས་དབང་འདོད་ན༔ བླ་མ་དང་ནི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐ་དད་མ་ཡིན་དབྱེར་མེད་གཅིག་ཏུ་ཟུངས༔ ངེས་པར་དབང་དང་བྱིན་རླབས་དངོས་གྲུབ་རྣམས༔ བདག་གིས་ཁྱེད་རྣམས་ལ་ནི་སྦྱིན་པར་བྱ༔ ཇི་ལྟར་བསྔགས་པའི་ལུང་རྣམས་དམ་དུ་ཆོངས༔ དེ་ནས་སེམས་བསྐྱེད་གསལ་གདབ་ལ། ཆོས་བཤད་ཇི་ལྟར་འོས་པ་བྱ། བྱེ་བྲག་ཏུ། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་ཟབ། བདེ་ཆེན་ཡེ་ཤེས་སྒྲུབ་པའི་ཉེ་ལམ་ཁྱད་པར་ཅན་རྣལ་འབྱོར་མ་རྒྱུད་ཀྱི་དཀྱིལ་འཁོར་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ཆེས་ཟབ་ཅིང་མྱུར་བ། རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་བཙུན་མོ་ཉིད་ཡང་གསང་ཁྲོས་མ་ནག་མོའི་ཚུལ་དུ་སྒྲུབ་པ་འདི་ལའང་གྲུབ་པའི་དབང་ཕྱུག་སོ་སོའི་བཀའི་བབ་སོའི་ངེས་པས་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་འགའ་ཞིག་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་ཧེ་རུ་ཀ་དངོས་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་ལུང་། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ནང་ཚན། རིགས་ལྔའི་ཚུལ་དུ་བྱོན་པའི་མཆོག་གི་གླིང་པ་ལྔའི་གཙོ་བོ། སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པ་ཞེས་ཉི་ཟླ་ལྟར་གྲགས་པའི་ཆོས་སྡེ་ལས་བྱོན་པ། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བསྒྲུབ་པ་ལ་སོགས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལ་སྣོད་བཅུད་ཐ་མལ་དུ་འཛིན་པས་དབང་གི་ཡེ་ཤེས་སྐྱེད་ནུས་པ་མ་ཡིན་པས། ཡུལ་ཕྱོགས་འདི་དག་ཨོ་རྒྱན་གྱི་ཡུལ༔ གནས་ཁང་འདི་དག་གཞལ་ཡས་ཀྱི་ཁང་པ༔ བླ་མ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་རང་བཞིན༔ མཆེད་ལྕམ་ཐམས་ཅད་མཁའ་འགྲོའི་ངོ་བོ་འབའ་ཞིག་ཏུ་མོས་ཤིག༔ སྨིན་མཚམས་སུ་སིནྡྷུ་རའི་ཐིག་ལེ་བྱ་ཞིང་། ཨོཾ་བཛྲ་བྷ་ར་ཧི༔ བཛྲ་བཻ་རོ་ཙ་ནཱི་ཡཻ་ཨཱ༔ ཧ་རི་ནི་ས་ཨོཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པས་རྒྱས་གདབ་ཅིང་བྱིན་གྱིས་བརླབ་བོ། །ཐོག་མར་རྒྱུད་དག་ཅིང་དབང་གི་སྣོད་རུང་དུ་བསྒྲུབ་པའི་སླད་དུ། བླ་མ་རྩ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་དང་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཁྲོས་མའི་དཀྱིལ་འཁོར་ལ་སྐྱབས་ཡུལ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་རྩེ་གཅིག་གུས་པ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། ནམ་མཁའ་དང་མཉམ་པའི་ཕ་མ་རིགས་དྲུག་གི་འགྲོ་བ་མཐའ་དག་མྱུར་དུ་ཀུན་བཟང་ཤེས་རབ་ཕར་ཕྱིན་གྱི་གོ་འཕང་ལ་འགོད་པའི་ཆེད་དུ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས་ལམ་རིམ་གཉིས་ཟབ་མོ་རྣལ་འབྱོར་དུ་བྱའོ་སྙམ་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ལས་བྱང་གི་སྐྱབས་སེམས་ཤློ་ཀ་གསུམ་པོ་ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་སྟོང་གསལ་འོད་ཕུང་ཆེན་པོར་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བདག་གཞན་འགྲོ་བ་མཐའ་དག་གི་རྟོག་སྒྲིབ་ཉམས་ཆག་མ་ལུས་པ་སྐད་ཅིག་གིས་དག་པར་གྱུར་སྙམ་པའི་ཏིང་ངེ་འཛིན་གསལ་ཐོབས་ལ་ཡི་གེ་བརྒྱ་པ་བཟླ་བར་ཞུ། ཞེས་ཉེར་གཅིག་གམ་བདུན་ཙམ་བརྗོད། དེ་ནས་རྡོ་རྗེ་བདུད་རྩིའི་དམ་ཆུ་སྦྱིན་པ་ལ་སོགས་པས་དམ་ཚིག་བསྒོ་བའི་རིམ་པ་རྣམས་འབྱུང་བ་ཡིན་པས་ཐུགས་ལ་ངེས་པར་གྱིས་ཤིག །ནང་མཆོད་ཀྱི་བདུད་རྩི་སྦྱིན་ལ། ཐུངས་ཤིག་རྡོ་རྗེ་དམ་ཚིག་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་བརྙེས༔ ཉམས་ན་དམྱལ་བར་སྲེག་པའི་ཆུ༔ དེ་ཕྱིར་དམ་ཚིག་ཐུབ་པར་སྲུངས༔ ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ ཨ་མྲྀཏ་ས་མ་ཡ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ ཞེས་པ་དང་། སླར་ཡང་རྡོ་རྗེ་སྙིང་ཁར་གཏད་དེ། ཀྱེ་ཧོ༔ བུ་ཁྱོད་རྣལ་འབྱོར་མ་ཡི་རིགས་སུ་སྐྱེ༔ ཁྱོད་ལ་ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན༔ བྱིན་རླབས་དངོས་གྲུབ་མ་ལུས་ཐོབ་པར་འགྱུར༔ གང་ཞིག་དཀྱིལ་འཁོར་འདི་འདྲ་མ་མཐོང་བའི༔ མདུན་དུ་ནམ་ཡང་སྨྲ་བར་མ་བྱེད་ཅིག༔ གལ་ཏེ་བག་མེད་སྨྲས་ན་ཉམས་པར་འགྱུར༔ དེ་བས་ང་རྒྱལ་ལ་སོགས་བཅོམ་ནས་ནི༔ བདག་ཉིད་མ་འཁྲུལ་རབ་ཏུ་ཤེས་པར་གྱིས༔ དྷཱ་ཀི་ནཱི་ཧ་རི་ནི་ས༔ ཙིཏྟ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་པ་དང་། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བཀའ་བསྩལ་པ༔ ཁྱོད་ཀྱིས་སྐྱོ་དུབ་མེད་པར་གྱིས༔ གང་ཡང་ང་ལ་མ་གུས་མིན༔ དེ་བཞིན་གུས་པར་མ་བྱས་ན༔ བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ༔ དེ་བས་དམ་ཚིག་གནས་པར་གྱིས༔ དེང་ནས་བརྩམ་སྟེ་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་ཁོང་པའི་སྙིང་ལྟར་བསྲུང་བར་བྱ་དགོས་སོ། །རྡོ་རྗེ་གསུམ་གྱི་དམ་ཚིག་གི་དབང་རྟགས་སུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་སྒོམས་ཤིག །དེ་ནས་ཅོད་པན་ཁ་དོག་ལྔ་ལྡན་ལག་ཏུ་གཏད། རྡོར་དྲིལ་དང་བཅས་པས་གནས་གསུམ་དུ་དྲིའི་ཐིག་ལེ་བྱ་ཞིང་རྩ་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧོཿཔྲ་ཏི་གྷྲྀཧྞ་མ་ཧཱ་བ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ འགྱུར་མེད་སྐུ་ལ་འགག་མེད་གསུང༔ འཁྲུལ་པ་མེད་པའི་ཐུགས་རྡོ་རྗེ༔ ཡོན་ཏན་རེ་སྐོང་ཅོད་པན་ཟུངས༔ ཕྲིན་ལས་ཐོགས་མེད་དངོས་གྲུབ་རྣམས༔ མྱུར་དུ་སྩོལ་ཕྱིར་རྟགས་ཀྱི་རྒྱ༔ དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོས་སྩོལ༔ ཅེས་པས་གནས་གསུམ་དུ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང༔ དབང་རྟགས་ཅོད་པན་གཏད་པས་རྒྱས་བཏབ་པར་མོས་ཤིག༔ དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་བླ་མ་རྗེ༔ བཅོམ་ལྡན་རྡོ་རྗེ་ཕག་མོའི་སྐུ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས༔ ཁྱོད་ཀྱིས་ཡེ་ཤེས་སེམས་དཔའ་རྣམས༔ དུས་འདིར་བདག་ལ་བསྩལ་དུ་གསོལ༔ བརྩེ་ལྡན་ཐུགས་རྗེས་ད་ཟུངས་ཤིག༔ ལན་གསུམ། དེ་ལ་ཁྱེད་རང་རྣམས་ཐ་མལ་གྱི་སྣང་བ་ཐམས་ཅད་སྤོངས་ལ། བླ་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཡིན་ལ༔ དཀྱིལ་འཁོར་བུམ་པ་ཐོད་པ་བདུད་རྩི༔ མེ་ལོང་གི་དལ་ལ་སོགས་པ་རྣམས་ནི་ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་གཞལ་ཡས་ཁང༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རང་བཞིན་ཏེ༔ ཕོ་བྲང་དེ་དག་གི་ནང་དུ་ཡུམ་རྡོ་རྗེ་ཕག་མོ་ལ་འཁོར་རིགས་ཀྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་མོས་པ་བརྟན་པོའི་ངང༔ ལུས་གནད་རྣམ་སྣང་གི་ཆོས་བདུན། ངག་གནད་སྲོག་རྩོལ་ཁ་སྦྱོར། སེམས་ཀྱི་གནད་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །རང་རང་སྐད་ཅིག་གིས་འོད་ཟེར་དམར་པོ་སྟོང་ཁམས་ཁེངས་པར་འབར་བའི་དབུས་སུ་རྗེ་བཙུན་མ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཁྲོས་པའི་ཉམས་ཅན། སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་ལྗགས་གློག་ལྟར་འཁྱུགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་ཕག་ཞལ་ངུར་སྒྲ་སྒྲོག་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར་ཞིང་། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་རྩེ་གསུམ་པ་བརྟེན་ཅིང་ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། གླང་ཀོའི་སྟོད་གཡོགས་ཞིང་ལྤགས་ཀྱི་རྐེད་དཀྲིས་སྟག་པགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་ཐབས་ཅན། པད་ཉི་བམ་རོ་དགའ་བ་འཁྱིལ་བའི་གདན་ལ་ཡེ་ཤེས་ཀྱི་མེ་ཕུང་བདེ་དྲོད་འཁྲིགས་པའི་ཀློང་ན་བཞུགས་པ། སྐུའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པའི་སྤྱི་བོའི་རྩ་འཁོར་དུ་སངས་རྒྱས་མཁའ་འགྲོ་དཀར་མོ་ལ་འཁོར་སུམ་བརྒྱ་དྲུག་ཅུ། མགྲིན་པར་པདྨ་མཁའ་འགྲོ་དམར་མོ་ལ་འཁོར་བཅུ་དྲུག །སྙིང་གར་རྡོ་རྗེ་མཁའ་འགྲོ་མཐིང་ག་ལ་འཁོར་སུམ་ཅུ་རྩ་གཉིས། ལྟེ་བར་རིན་ཆེན་མཁའ་འགྲོ་སེར་མོ་ལ་འཁོར་དྲུག་ཅུ་རྩ་བཞི། གསང་བར་ལས་ཀྱི་མཁའ་འགྲོ་ལྗང་གུ་ལ་འཁོར་ཉེར་བརྒྱད་ཀྱིས་བསྐོར་བ། ཐམས་ཅད་ཀྱང་ཕྱག་གཡས་རང་རྟགས་ཀྱིས་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། རྒྱན་ཆ་ལུགས་ཐམས་ཅད་གཞི་ལུས་ཀྱི་གཙོ་མོ་དང་མཚུངས་པར་གསལ་བའི་ལྟེ་བའི་འོག་རྩ་གསུམ་འདུས་པའི་མདོར༔ ཆོས་འབྱུང་དམར་པོ་བསྣོལ་བའི་དཀྱིལ་དུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཧྲཱིཿམ༔ འདབ་མ་བཞི་ལ་ཧ་རི་ནི་ས༔ དཔྲལ་བར་དགའ་བ་འཁྱིལ་བ་དམར་པོ་གཡས་སུ་འཁོར་བ་ལ་ཤེས་པ་གཏོད་ལ༔ ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཡུམ་བླ་མ་རྡོ་རྗེ་ཕག་མོ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་བྱིན་རླབས༔ བདག་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་དབབ་ཏུ་གསོལ༔ མྱུར་དུ་དབབ་ཏུ་གསོལ༔ ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་འགོ་བར་མཛད་དུ་གསོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། བླ་མས་མེ་ཏོག་ལ་སྔགས་བཏབ་སྟེ་རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ ཨེ་ཨཱ་རལླི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཕེམ་ཕེམ༔ དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཨཾ་གུ་ཤ་མ་མ་ཁ་ཤི་བཾ༔ དྷཱ་ཀི་ནཱི་ཛྙཱ་ན་སཏྭ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བདུན་ལ་སོགས་པས་སྔགས་ལ། འབེབ་པའི་རྫས་བསྲེག །མེ་ཏོག་གཏོར་བ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་དཔྲལ་བའི་དགའ་བ་འཁྱིལ་བ་གཡས་སྐོར་དུ་དྲག་ལ་མྱུར་བར་འཁོར་བ་ལས་འོད་ཟེར་དམར་པོའི་ཚྭ་ཚྭ་ལྕགས་ཀྱུའི་རྣམ་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༔ ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཡུམ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་གྲངས་མེད་པས་བསྐོར་བ་ལ་ཕོག་པ་ཙམ་གྱིས་རྒྱུད་བསྐུལ་ནས་ཚུར་བྱོན་ཅིང༔ ལྟེ་བའི་ཆོས་འབྱུང་པདྨའི་ཡིག་འབྲུ་དང་བཅས་པ་ལ་ཕོག༔ ཆོས་འབྱུང་གཡོན་དུ་དམར་ཀྱི་ལི་ལི་འཁོར་བ་ལས་གཏུམ་མོའི་མེ་དམར་ལྷུབ་ཀྱིས་འབར་བའི་མེ་ལྕེ༔ སྤྱི་བོར་ཧཾ་མགོ་ཐུར་དུ་ལྟ་བ་ལ་ཐིམ༔ ཧཾ་ཆི་ལི་ལི་ཞུ་བའི་བདུད་རྩི་མཁའ་འགྲོ་འཁོར་དང་བཅས་པ་ལ་ཕོག་པས༔ བདེ་བའི་ཡེ་ཤེས་རབ་ཏུ་གཡོས་པའི་ངར་གྱིས༔ ལུས་ཀྱི་ནང་ཐམས་ཅད་དུ་མཁའ་འགྲོ་མ་རྣམས་བདེ་ཉམས་ཀྱི་གར་སྟབས་ཁྱུག་ཁྱུག་མཛད་ཅིང༔ ཞལ་ནས་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེམ་ཕེམ་གྱི་སྒྲ་སྒྲོག་པས༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཤིང༔ འཚོགས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པ་ཙམ་གྱིས༔ ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་ཤར་བའི་དམིགས་འདུན་དང་མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ཅིག །བྱས་ལ་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བརྗོད། གང་ལྟར་མེ་ཏོག་འཐོར། གོང་གི་འབེབ་སྔགས་དྲག་ཏུ་བརྗོད། ཌཱ་དྲིལ་རྐང་གླིང་སོགས་རོལ་མོའི་སྒྲ་དྲག་པོ་བྱའོ། །དེ་ལྟར་དབབ་པའི་ལྷ་ཡེ་ཤེས་པ་དང༔ བདག་དམ་ཚིག་པ་དབྱེར་མེད་དུ་གྱུར་པའི་ངང་ལ་སེམས་བཅོས་བསླད་མེད༔ ལུས་གཡོ་འགུལ་མེད༔ ངག་སྨྲ་བརྗོད་མེད་པར་ལྷན་ནེར་ཞོག་ཅིག༔ ཅེས་བྱས་ལ་སྤྱི་བོར་རྡོ་རྗེ་བཞག་སྟེ། ཨོཾ་ཏིཥྛ་ཛྙཱ་ན་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྟན་པར་བྱའོ། །སྔར་བྱིན་པའི་ཅོད་པན་ཚེ་རབས་ནས་འབྲེལ་བའི་རང་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཧོ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ༔ མེ་ཏོག་ཅོད་པན་འདི་འབུལ་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ རྩ་སྔགས་ཀྱི་མཐར། པྲ་ཏཱིཙྪ་མ་ཧཱ་པཱུ་ཙ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་གཞུག་ལ་གསང་མཚན་སྤྱི་འགྲེ་གདགས། སྤྱན་དར་གྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །བྱས་ལ་དཀར་པོས་ཞི་བ་སོགས་ལུང་བསྟན། སྔར་དཀྱིལ་འཁོར་དུ་ཕུལ་བའི་ཅོད་པན་དེ་ཉིད་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་ཤིག །ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ མཁའ་འགྲོ་རྣམས་ཀྱིས་ལེགས་བྱིན་པའི༔ བྱིན་རླབས་དབང་བསྐུར་ཅོད་པན་འདི༔ ཁྱོད་ལ་སྦྱིན་གྱིས་བརྟན་པར་ཟུངས༔ རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ༔ པྲ་ཏི་གྷྲྀཧྞ༔ སརྦ་སིདྡྷི་ཕ་ལ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་ཅོད་པན་སྤྱི་བོར་བཞག །ཡེ་ཤེས་ཀྱི་རང་བཞིན་གསེར་གྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་དར་བསལ་ལ། སྤྱན་ལྔ་རྣམ་དག་ངོ་བོ་དབྱེར་མེད་དེ༔ དབྱེ་དང་མི་དབྱེའི་རང་བཞིན་མཉམ་ཉིད་ཀྱང༔ སྲི་ཞུའི་ཚུལ་དུ་གསེར་གྱི་ཐུར་མ་ཡིས༔ སྣ་ཚོགས་ཡངས་པའི་སྤྱན་ནི་དབྱེ་བགྱིས་པས༔ སྤྱི་དང་རང་གི་མཚན་ཉིད་ཆོས་རྣམས་ཀུན༔ ཇི་ལྟར་མཁྱེན་ཅིང་ཐམས་ཅད་གཟིགས་པ་ལྟར༔ སངས་རྒྱས་ཡེ་ཤེས་སྤྱན་གྱི་དངོས་གྲུབ་དེས༔ ཁྱེད་ཀྱི་མ་རིག་མུན་པ་བསལ་ནས་ཀྱང༔ མཁྱེན་བརྩེའི་ཡེ་ཤེས་རྒྱས་པའི་སྤྱན་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཕྱེས་པ་ཙམ་གྱིས་མ་རིག་པའི་འཐིབ་པོ་བཅོམ་ནས༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་སྤྱན་དང་ལྡན་པར་གྱུར་ཏེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་མཇལ་བར་གྱུར་པར་མོས་ལ། ལྷ་དང་བརྡ་དོན་བསྟན་པ་འདི་ལ་གསན་འཚལ། ཨེ་མ་འདིར་འཚོགས་སྐལ་ལྡན་ཉོན༔ འདི་ལྟར་གནས་ནི་ཨོ་རྒྱན་ཡུལ༔ ཕོ་བྲང་རིན་ཆེན་གཞལ་ཡས་ཁང༔ གཞི་མ་མཐིང་ནག་བསྟན་པ་ནི༔ ཆོས་ཉིད་འགྱུར་བ་མེད་པའི་རྟགས༔ མེ་རི་མེ་ཕུང་འབར་བ་ནི༔ ཉོན་མོངས་བུད་ཤིང་བསྲེགས་པའི་རྟགས༔ ནང་སྒོར་མུ་ཁྱུད་དཀར་ནག་མཐིང༔ སྐུ་གསུང་ཐུགས་མཆོག་ལྷུན་གྲུབ་བརྡ༔ ལྟེ་བ་ཆོས་འབྱུང་བསྣོལ་མ་ནི༔ དུག་གསུམ་གནས་སུ་དག་པ་སྟེ༔ དེ་ལ་ཡིག་འབྲུ་ཕྱག་མཚན་དེ༔ སྙིང་པོ་ཡེ་ཤེས་རང་ཆས་བརྡ༔ པདྨ་འདབ་མ་བཞི་ལྡན་པ༔ མཐིང་སེར་དམར་དང་ལྗང་བ་ཡང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ བདུད་བཞི་ཟིལ་གྱིས་གནོན་པའི་བརྡ༔ དེ་ལ་ཕྱག་མཚན་རྣམ་བཞི་དང༔ ཡི་གེ་འབྲུ་བཞིས་སྤྲས་པ་ནི༔ རིགས་ཀྱི་མཁའ་འགྲོ་བཞུགས་པ་དང༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྡ༔ ཕྱི་རིམ་རྡོ་རྗེ་པདྨ་དང༔ འཇའ་འོད་སྣ་ལྔས་བསྐོར་བ་ནི༔ ཐབས་དང་ཤེས་རབ་གཉིས་མེད་པས༔ དྲི་མེད་ཆགས་བྲལ་འགྱུར་བ་མེད༔ སྐུ་ལྔ་ཡེ་ཤེས་ལྔ་མཚན་བརྡ༔ དེ་ལྟར་དཀྱིལ་འཁོར་བཀོད་པ་ནི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་དང༔ སྒྱུ་ལུས་ལྷ་ཡི་བཞུགས་གནས་བརྡ༔ བུམ་པ་བདུད་རྩི་ཀ་པཱ་ལ༔ མེ་ལོང་ཡིག་འབྲུས་མཚན་པ་དང༔ སྐུ་དང་ཕྱག་མཚན་བཀོད་པ་ནི༔ དབང་བསྐུར་རྟགས་ཀྱི་ཕྱག་རྒྱ་སྟེ༔ སློབ་མ་སྨིན་ཅིང་གྲོལ་བྱེད་བརྡ༔ ནང་དུ་ལྷ་རྣམས་བཞུགས་པ་ནི༔ དབུས་སུ་རྡོ་རྗེ་ཕག་མོའི་སྐུ༔ འཁོར་བཅས་མོ་རྒྱུད་གཙོ་མོ་སྟེ༔ སྤྱི་དཔལ་ཆེན་མོ་མཛད་པའི་བརྡ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ ཐུགས་ཀྱི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་ཞི་བའི་ལས་མཛད་ཅིང༔ བདེ་གཤེགས་ཐུགས་ཀྱི་གསང་འཛིན་བརྡ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སྐུ་ཡི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་རྒྱས་པའི་ལས་མཛད་ཅིང༔ བདེ་གཤེགས་སྐུ་ཡི་གསང་འཛིན་བརྡ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ གསུང་གི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་དབང་གི་ལས་མཛད་ཅིང༔ བདེ་གཤེགས་གསུང་གི་གསང་འཛིན་བརྡ༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་མཁའ་འགྲོ་ཡོངས་འདུས་པའི༔ གསང་མཆོག་དྲག་པོའི་ལས་མཛད་ཅིང༔ བདེ་གཤེགས་ཕྲིན་ལས་གསང་འཛིན་བརྡ༔ གཞན་ཡང་མཁའ་འགྲོ་མང་པོའི་ཚོགས༔ བསམ་གྱིས་མི་ཁྱབ་བཞུགས་པ་ནི༔ འགྲོ་དོན་མཛད་དང་བསྟན་བསྲུང་ཕྱིར༔ སྤྲུལ་དང་ཡང་སྤྲུལ་འགྱེད་པའི་བརྡ༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱང༔ ནང་བཅུད་སྐྱེ་འགྲོ་ཕོ་མོ་རྣམས༔ དཔའ་བོ་དཔའ་མོའི་རང་བཞིན་དང༔ རྟོག་ཚོགས་ཁམས་དང་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོའི་རང་བཞིན་བརྡ༔ གཏོར་ཚོགས་མཆོད་སྤྲིན་ལ་སོགས་པའི༔ སྐུ་རྟེན་སྤྱན་གཟིགས་བཀྲམ་པ་ནི༔ འགྲོ་བ་བསོད་ནམས་གསག་པའི་ཕྱིར༔ ལོངས་སྤྱོད་རྒྱན་དུ་བཀྲམ་པའི་ལྷ༔ མཆེད་ལྕམ་དཔོན་སློབ་ལྷན་ཅིག་ཏུ༔ དཀྱིལ་འཁོར་རྡུལ་དུ་འཁོད་པ་ནི༔ ཕོ་བྲང་ཞིང་ཁམས་གང་དུ་ཡང༔ འདུ་འབྲལ་མེད་པ་ལྷན་ཅིག་ཏུ༔ མངོན་པར་རྫོགས་པར་འཚང་རྒྱའི་རྟགས༔ དེ་ལྟར་འདིར་འཚོགས་ཡིད་ལ་ཟུངས༔ དེ་རྣམས་ཀྱིས་སྔོན་འགྲོ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན༔ བཅུད་ཆར་དུས་འདིར་དབབ་ཏུ་གསོལ༔ མྱུར་དུ་སྨིན་ཅིང་གྲོལ་ནས་ཀྱང༔ བདག་གཞན་དོན་འབྲས་འགྲུབ་པར་མཛོད༔ ལན་གསུམ། དེ་ནས་དབང་དངོས་ལ་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་རྣམས་དང་མཐའ་རྟེན་བཅས་རྣམ་པ་ལྔར་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྔར་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཕག་མོར་གསལ་ཐོབ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པའི་ཐུགས་ཀ་ནས་རྡོ་རྗེ་ཕག་མོ་གཉིས་པ་ཞིག་འཕྲོས། དེས་དབང་རྫས་རྣམས་རིམ་པར་ཐོགས་ནས་དབང་བསྐུར་བའི་ལས་མཛད་པར་མོས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ལ། བུམ་པ་གཞལ་ཡས་ཁང་གི་ནང་དུ་ཡུམ་རྡོ་རྗེ་ཕག་མོ་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་རང་གི་ལུས་ལ་ཕོག །ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག །ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ སྐུ་མཆོག་བདུད་རྩི་བུམ་པའི་དབང༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ ཡེ་ཤེས་བཅུད་འདི་ཁྱོད་ཀྱིས་ལོངས༔ སྤྱི་བླུགས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཀཱ་ཡ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུགས། སླར་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་སྟེང་ནས་བདུད་རྩིའི་ཆར་ཕབ་ཅིང༔ ལུས་ཕྱི་ནང་གི་སྡིག་སྒྲིབ་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོས་འགྲོ་བ་སེམས་ཅན་གྱི་དོན་ཐོགས་མེད་དུ་འགྲུབ་པར་མོས་ཤིག །བུམ་ཆུ་སྤྱི་བོར་ཁྲུས་བྱས་ལ། ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་ཁྲུས་བགྱི་འོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ དེས་རྒྱུད་ཡོན་ཏན་རིན་པོ་ཆེའི་བཅུད་ཀྱིས་གང་བར་འགྱུར་བ་ཡིན་ནོ༔ དེའི་རྗེས་འབྲེལ་རིག་པའི་དབང་ལྔ་བསྐུར་བ་ཡིན་པས་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་མ་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ནས་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས་ཉོན་མོངས་པ་ཞེ་སྡང་གནས་སུ་དག་ནས༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ རྡོ་རྗེ་ལག་ཏུ་གཏད་ཅིང་བུམ་ཆུ་འཐོར་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཐུགས་མཆོག་འགྱུར་མེད་རྡོ་རྗེའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ མེ་ལོང་ཡེ་ཤེས་དབང་འདི་ལོངས༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་བཛྲ་དྷཱ་ཀི་ནཱི་བཛྲ་ཨཱ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བརྗོད་ཅིང་དབང་བསྐུར་པས༔ རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་མཁའ་འགྲོའི་རང་བཞིན་དུ་གནས་བསྒྱུར༔ ཉོན་མོངས་པ་ཞེ་སྡང་དག༔ མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེ༔ དབང་རྟགས་སུ་མི་བསྐྱོད་པས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་རིན་ཆེན་མཁའ་འགྲོ་སེར་མོ་རིན་ཆེན་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་ལྟེ་བ་ནས་རིན་ཆེན་མཁའ་འགྲོ་ལ་ཡོན་ཏན་གྱི་ལྷ་ཚོགས་མང་པོས་བསྐོར་བ་བྱོན་ནས་སློབ་མའི་རྒྱུད་ལ་ཐིམ་ཞིང༔ ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས༔ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ དབུ་རྒྱན་མགོར་བཅིང་། རིན་པོ་ཆེ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡིས༔ ཡོན་ཏན་ནོར་བུ་རིན་ཆེན་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ མཉམ་ཉིད་ཡེ་ཤེས་དབང་འདི་ལོངས༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་རཏྣ་དྷཱ་ཀི་ནཱི་རཏྣ་ས་མཱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ ཚོར་བའི་ཕུང་པོ་རིན་ཆེན་མཁའ་འགྲོར་གནས་བསྒྱུར༔ ཉོན་མོངས་པ་ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ༔ དབང་རྟགས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་པདྨ་མཁའ་འགྲོ་དམར་མོ་པདྨ་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་མགྲིན་པ་ནས་པདྨ་མཁའ་འགྲོ་ལ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ཅིང་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས༔ ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ པདྨ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ གསུང་མཆོག་དྲི་མེད་པདྨའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ སོར་རྟོག་ཡེ་ཤེས་དབང་འདི་ལོངས༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་པདྨ་དྷཱ་ཀི་ནཱི་པདྨ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་དབང་བསྐུར་པས༔ འདུ་ཤེས་ཀྱི་ཕུང་པོ་པདྨ་མཁའ་འགྲོར་གནས་བསྒྱུར་ཏེ༔ ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས༔ སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་ལས་ཀྱི་མཁའ་འགྲོ་ལྗང་གུ་རྒྱ་གྲམ་གྲི་ཐོད་ཐོགས་པར་སྒོམས་ཤིག༔ གཙོ་མོའི་གསང་གནས་ནས་ལས་ཀྱི་མཁའ་འགྲོ་ལ་ཕྲིན་ལས་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ཅིང་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས༔ ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ རྒྱ་གྲམ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཕྲིན་ལས་སྣ་ཚོགས་རྡོ་རྗེའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ བྱ་གྲུབ་ཡེ་ཤེས་དབང་འདི་ལོངས༔ ལས་ཀྱི་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀརྨ་དྷཱ་ཀི་ནཱི་ཀརྨ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་མཁའ་འགྲོར་གནས་བསྒྱུར་ཏེ༔ ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས༔ བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་སངས་རྒྱས་མཁའ་འགྲོ་དཀར་མོ་འཁོར་ལོ་གྲི་ཐོད་ཐོགས་པར་སྒོམས། གཙོ་མོའི་སྤྱི་བོ་ནས་སངས་རྒྱས་མཁའ་འགྲོ་ལ་སྐུའི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས༔ སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ འཁོར་ལོ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ སྐུ་ཡི་ཕྱག་རྒྱ་འཁོར་ལོའི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་དབང་འདི་ལོངས༔ སངས་རྒྱས་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་བུདྡྷ་དྷཱ་ཀི་ནཱི་ཙཀྲ་དྷཱ་ཏུ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ གཟུགས་ཀྱི་ཕུང་པོ་སངས་རྒྱས་མཁའ་འགྲོར་གནས་བསྒྱུར༔ ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་མོས་ཤིག༔ དེ་ལྟར་རིག་པའི་དབང་ལྔ་ལུས་ལ་བསྐུར་བ་ལ་བརྟེན་ནས༔ མཁའ་འགྲོ་མའི་སྒོ་ནས་ཕྱི་སྤྲོས་བཅས་བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་དབང་བར་བྱས༔ འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ༔ གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ ཁྱོད་ལ་གསོལ་བ་གདབ་པ་ནི༔ གསང་དབང་ངག་ལ་བསྐུར་དུ་གསོལ༔ གསུམ། ཐོག་མར་གསུང་གི་བྱིན་གྱིས་བརླབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཕག་མོའི་མགྲིན་པ་ནས་གསུང་གི་ལྷ་ཚོགས་འོད་ཟེར་དམར་པོ་དང་བཅས་པ་བྱོན་ནས་ངག་ལ་ཕོག༔ ངག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བདེ་བ་ཆེན་པོའི་དབང་ཐོབ་པར་སྒོམས་ཤིག༔ གསང་ཐོད་མགྲིན་པར་གཏུགས་ཤིང་བདུད་རྩི་སྦྱིན། སླར་གསང་དབང་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཐོད་པའི་སྟེང་དུ་བླ་མ་དང་ཡུམ་རྡོ་རྗེ་ཕག་མོ་གཉིས་སུ་མེད་པར་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་སློབ་མའི་ཞལ་དུ་ཞུགས༔ སློབ་མ་ཡབ་ཡུམ་རྡོ་རྗེ་ཕག་མོར་གསལ་བའི་ལུས་ལ་ཁྱབ་པས་ལུས་ཐམས་ཅད་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མོས་ཤིག༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ གསུང་མཆོག་ཐོད་པ་བདུད་རྩིའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ གསང་བའི་དབང་འདི་ཡོངས་རྫོགས་ཤོག༔ ཨོཾ་གུ་རུ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་གུ་ཧྱ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ སངས་རྒྱས་ཐམས་ཅད་འདུས་པའི་བྱང་ཆུབ་སེམས་ཀྱི་དམ་ཚིག་ཁྱེད་རང་རྣམས་ཀྱིས་མགྲིན་པར་བསྟེན་པའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་བདུད་རྩི་མྱང་བར་ཞུ། ཨ་ཧོ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཞེས་བདུད་རྩི་སྦྱིན། བྱང་ཆུབ་སེམས་ཀྱི་བདུད་རྩི་ཁྱེད་རང་རྣམས་ཀྱི་རྩ་གསུམ་འཁོར་ལོ་ལྔ་ལ་བརྒྱུད་དེ་ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་སྒོམས་ཤིག༔ དེས་ནང་སྤྲོས་མེད་གསང་བའི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ རླུང་སྐྱེ་མེད་རྡོ་རྗེའི་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་བསྐོར་བ་ལ་དབང་བར་བྱས༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་དགོངས༔ བཟང་མོའི་ཀློང་ནས་རང་བྱུང་བ༔ བདེ་ཆེན་ཤེས་རབ་ཡེ་ཤེས་དབང༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ གསུམ། ཆོས་འབྱུང་ཕོ་བྲང་གི་དབུས་སུ་རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་བཞུགས་པའི་ཐུགས་ཀ་ནས༔ ཐུགས་ཀྱི་ལྷ་ཚོགས་འོད་ཟེར་སྔོན་པོ་དང་བཅས་པ་བྱོན་ཅིང༔ ཁྱོད་རང་རྣམས་ཀྱི་སེམས་ལ་ཐིམ་པ་ཙམ་གྱིས༔ ཡིད་ཀྱི་སྒྲིབ་པ་དག་ནས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ སིནྡྷུ་རའི་མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཐུགས་མཆོག་མེ་ལོང་ཡིག་འབྲུའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་དྷཱ་ཀི་ནཱི་ཧ་རི་ནི་ས་པྲ་ཛྙཱ་ཛྙཱ་ན་ཙ་ཏུར་ཨ་བྷི་ཥིཉྩ་ཏུ་མཱཾ༔ མེ་ལོང་གི་སིནྡྷུ་ར་སློབ་མའི་གནས་གསུམ་དུ་བྱུགས་ལ༔ ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ བླ་མའི་བྱིན་རླབས་འདིར་སྩོལ་ཅིག༔ ཨཱཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསུང༔ ཡི་དམ་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས༔ མཁའ་འགྲོའི་ཕྲིན་ལས་འདིར་སྩོལ་ཅིག༔ ཅེས་པས་རྒྱས་གདབ༔ དེས་གསང་བ་རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ཁམས་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་སྒྱུ་མའི་ཐིག་ལེ་མ་ཉམས་པར་རྩལ་སྦྱངས་པས༔ དོན་དམ་ཡེ་ཤེས་ཐིག་ལེ་གཏན་ལ་ཕབ་ནས་བདེ་སྟོང་གི་ཉམས་ལྷ་རྟ་ཕག་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་དང༔ བསྐྱེད་རྫོགས་ཟུང་དུ་འཇུག་པ་ལ་དབང་བར་བྱས༔ གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཀའི་དབང་རྟགས་སུ༔ བླ་མ་དང་ཡུམ་རྡོ་རྗེ་ཕག་མོ་གཉིས་སུ་མེད་པར་སྤྱི་བོར་འབྲལ་མེད་དུ་བཞུགས་པ་ཡིན་པས་དེ་ལྟར་མོས་པ་དང་། འབྲས་བུ་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བ་ལགས་སོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་ཆེན་པོ༔ བདག་ལ་དོན་དམ་ངེས་པའི་དབང༔ རྒྱལ་བའི་དགོངས་པ་མཐར་ཐུག་མཆོག༔ ཚིག་དབང་རིན་ཆེན་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ༔ ངག་ཅ་ཅོ་མེད་ཅིང་དབུགས་ཀྱི་འགྱུ་བ་ཟོ་ལྷོད་དེ་བཞག༔ སེམས་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་འབྲང་བར་ཡུལ་འདས་ཀྱི་ངང་ལ་ཕྱམ་གྱིས་བཏང་ལ་མཉམ་པར་ཞོག་ཅིག༔ མེ་ལོང་གསལ་བ་བསྟན་ལ། བུ་ཁྱོད་ལྟོས་ཤིག་ཕྱི་རུ་མེ་ལོང་ལྟོས༔ བལྟ་བྱ་ལྟ་བྱེད་བལྟ་བའི་ཡུལ༔ ཐམས་ཅད་གང་ནས་བྱུང་བ་འམ༔ དེ་བཞིན་འགྲོ་དང་གནས་མེད་པ༔ ཐམས་ཅད་དུ་མ་རོ་གཅིག་གོ༔ དེ་བཞིན་ནང་དུ་སེམས་ལ་ལྟོས༔ བལྟ་བྱ་ལྟ་བྱེད་བལྟ་བའི་ཡུལ༔ ཐམས་ཅད་བྱུང་གནས་འགྲོ་འོང་བྲལ༔ མཐའ་དབུས་མེད་པ་དེ་བཞིན་ཉིད༔ བཟང་ངན་བླང་དོར་དགག་སྒྲུབ་དང༔ དུ་མ་རོ་གཅིག་ཆོས་ཀྱི་དབྱིངས༔ ཀུན་བཟང་ཀློང་དུ་མ་བུ་འདྲེས༔ ཐ་སྙད་སྤྲོས་པའི་ཚིག་ལས་འདས༔ དེ་བཞིན་སྐལ་ལྡན་ཉམས་སུ་ལོངས༔ མཁའ་འགྲོ་ཡོངས་ཀྱི་དབང་ལུང་རྫོགས༔ སྨིན་གྲོལ་མཐར་ཕྱིན་འབྲས་བུ་བརྙེས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཨཱ༔ བཛྲ་བྷ་ར་ཧི་དྷཱ་ཀི་ནཱི་ཧ་རི་ནི་ས་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཙིཏྟ་དྷ་ཐིམ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་བརྡ་དོན་ངོ་སྤྲད་དེ་དབང་བསྐུར༔ དེས་དེ་ཁོ་ན་ཉིད་ཤིན་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་ལ་སོགས་པ་གཉིས་འཛིན་གྱི་དྲི་མ་དག༔ ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་རྫོགས་རིམ་གྱི་ངང་དུ་གཞག་པ་ལ་དབང་བར་བྱས༔ དབང་རྟགས་སུ་བདག་དང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དབྱེར་མེད་པར་ལྷུན་གྲུབ་རང་ཆས་སུ་གདོད་མ་ནས་བཞུགས༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ༔ དེ་ལྟར་དབང་བཞི་རྫོགས་པར་བསྐུར་ནས༔ མཐའ་རྟེན་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མཁའ་འགྲོ་ཐམས་ཅད་འདུས་པའི་གཙོ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཕག་མོའི་སྐུ༔ རིགས་ལྔ་མཁའ་འགྲོ་འཁོར་བཅས་དགོངས༔ བདག་ཅག་བརྩེ་བས་རྗེས་བཟུང་ཕྱིར༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ཕྲིན་ལས་སྣ་ཚོགས་རྗེས་གནང་ཀུན༔ དུས་འདིར་ཡོངས་རྫོགས་བསྩལ་དུ་གསོལ༔ དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་འོད་ཟེར་དམར་པོ་སྟོང་ཁམས་ཁེངས་པར་འབར་བའི་དབུས་སུ་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་སོགས་ནས། གཞི་ལུས་ཀྱི་གཙོ་མོ་དང་མཚུངས་པར་གསལ་ཐོབས་ཤིག །ཅེས་པའི་བར་བྱིན་འབེབ་སྐབས་ལྟར་བརྡ་སྤྲད། དེ་ལྟར་ཁྱེད་རང་དཀྱིལ་འཁོར་གྱི་གཙོ་མོ་དངོས་སུ་གསལ་བ་ལ་སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་སྤྱི་བོར་དབང་རྟགས་རིགས་ལྔའི་དབུ་རྒྱན་བསྐོན། རྒྱལ་ཐབས་སྤྱི་བླུགས་ཀྱི་བུམ་པས་དབང་བསྐུར། མི་འབྲལ་བ་དམ་ཚིག་གི་སྐུ་རྟེན་སྙིང་གར་བཞག །ལག་གཡས་གཡོན་དུ་སྒྲུབ་དཔེ་དང་བགྲང་ཕྲེང་། གཏོར་མཆོད་སྒྲུབ་རྫས་རྣམས་མདུན་དུ་བཀྲམ། སྙན་པའི་དབྱངས་དང་རོལ་མོའི་སྒྲ་སྣ་ཚོགས་པ་དང་མེ་ཏོག་ཆར་དུ་བསྙིལ་ནས་རང་གཞན་དོན་གཉིས་བསྒྲུབ་པར་རྗེས་སུ་གནང་ཞིང་མངའ་གསོལ་བར་མོས་ཤིག །བྱ་བ་དེ་རྣམས་ཚིག་དང་མཐུན་པར་བྱེད་བཞིན་པས། ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡུམ་གྱུར་རྡོ་རྗེ་ཕག་མོ་ཡིས༔ གཙོར་མཛད་མཁའ་འགྲོ་རྒྱ་མཚོ་རྣམས༔ དགྱེས་པར་དགོངས་ནས་དབང་བསྐུར་ཞིང༔ བྱིན་གྱིས་བརླབས་པར་མཛད་ནས་ཀྱང༔ རྗེས་སུ་གནང་བ་འདི་དག་ཀུན༔ བུ་ཁྱོད་ཀྱིས་ནི་དང་དུ་ལོངས༔ བསྐྱེད་རིམ་ལྷ་སྔགས་སྒྲུབ་ལ་བརྩོན༔ རྫོགས་རིམ་སྤྲོས་བྲལ་ངང་དུ་ཞོག༔ གཉིས་མེད་བདེ་སྟོང་དོན་ལ་སྤྱོད༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ཕྲིན་ལས་ཐམས་ཅད་ཁྱོད་ཀྱིས་སྒྲུབས༔ རང་གཞན་སྨིན་གྲོལ་ལམ་ལ་སྦྱོར༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན༔ བླ་མེད་འཁོར་ལོ་བསྐོར་བར་གྱིས༔ དངོས་གྲུབ་རྣམ་གཉིས་ད་ལོངས་ལ༔ སྟོན་པ་ཆེན་པོར་ཁས་ལོངས་ཤིག༔ ཅེས་བསྒོས་པ་ལ་ཤིན་ཏུ་སྤྲོ་ཞིང་གུས་པ་དང་བཅས་པས་ཁས་བླང་བ་འདིའི་རྗེས་ཟློས། བླ་མས་ཇི་ལྟར་བསྔགས་པའི་ཚུལ༔ བདག་ནི་སྤྲོ་བས་རྗེས་བསྒྲུབ་ཅིང༔ སྐྱོ་དུབ་མེད་པའི་བརྩོན་འགྲུས་ཀྱིས༔ འགྲོ་དོན་སྤྱོད་པར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེས་ནི་དེང་ཕྱིན་ཆད་མཁའ་འགྲོ་རྒྱ་མཚོའི་ཆོས་དང་སྒྲུབ་སྡེ་རྣམས་ལ་དབང་འབྱོར་ཅིང༔ བདག་གཞན་གྱི་དོན་བྱེད་པ་ལ་དབང་འབྱོར་ཞིང་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ༔ དེ་ནས་སྤྱི་ལྟར་མཚམས་སྦྱོར་བཅས་བྱིན་གྱིས་བརླབས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་བྱ། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོའི་བར་རྫོགས་པར་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ཀྱི་བྱ་བ་ནི། ནུས་ཤིང་ལྕོགས་ན་སླར་ཡང་གཏང་རག་ཏུ་ཚོགས་ཀྱི་འཁོར་ལོ། སྐོང་བཤགས་རྒྱས་པར་བྱ་ཞིང་ཡེ་ཤེས་མཁའ་འགྲོའི་བཤགས་པ་བརྗོད། མི་འགྲུབ་ན་སྤྱི་བཤགས་ཙམ་དང་ཡིག་བརྒྱ་བཟླ། ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་གར་སོགས་ཀྱང་ས་བཅད་མ་སྟོང་ཙམ་བྱ། ལྷག་མ་གཏང་། མཁའ་འགྲོ་འབུམ་བསྐུལ་བྱ་ཞིང་འདས་མ་འདས་གཏོར་མ་བསྐྱང་། ཆད་བརྟན་རྟ་བྲོ་གྲུབ་ནས། མཆོད་པ་ཁ་གསོས་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། སྤྲོ་ན་དངོས་གྲུབ་བླང་། ནོངས་བཤགས། བཀྲ་ཤིས། རྟེན་བཞུགས། བསྡུ་ལྡང་གི་བར་དུ་བྱས་ལ་ཐེག་པ་ཆེན་པོའི་བསྔོ་སྨོན་གྱི་རྒྱས་གདབ་བོ། །འདི་རྣམས་སྔ་འགྱུར་རིང་ལུགས་འཛིན་ཀུན་ལ། །གྲགས་ཆེ་ལག་ལེན་གསལ་བས་མ་དགོས་ཀྱང་། །རིན་ཆེན་གཏེར་གྱི་རྒྱ་མཚོར་དོན་འགའ་འགས། །བཞུགས་སུ་གསོལ་ཕྱིར་བལྟས་པས་ཆོག་པར་བསྡེབས། །སྣང་ཞེན་རྡོ་རྗེའི་བཙུན་མོའི་ཕྱག་རྒྱར་སད། །རྩ་རླུང་ཐིག་ལེ་དྷཱུ་ཏིའི་བྷ་གར་ཐིམ། །རིག་སྟོང་བཟང་མོའི་རང་ཞལ་མཇལ་ནས་ཀྱང་། །བརྗོད་དུ་མེད་པའི་མཁའ་ལ་སྤྱོད་པར་ཤོག །རིན་པོ་ཆེ་གཏེར་གྱི་མཛོད་ལ་ཆེད་དུ་འོས་པའི་ནོར་བུ་དབྱིག་གི་ཕྲེང་བ་ལོངས་པར་བྱ་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤངས་ཀྱི་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).