Terdzo-CHI-052

From Rinchen Terdzö

གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་

gcod yul stan thog gcig ma'i man ngag 'khor 'das rang grol

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  གཅོད་ཡུལ་སྟན་ཐོག་གཅིག་མ་ (Gcod yul stan thog gcig ma)
Volume 36 (ཆི) / Pages 977-996 / Folios 1a1 to 10b6

[edit]

༄༅། །གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། གཟུང་འཛིན་འཁྲི་བ་དབྱིངས་སུ་གཅོད་པ་ལས། །འཛིན་མེད་སྤྲོས་བྲལ་སོ་སོ་རང་རིག་གི །ངོ་བོར་རྟག་བཞུགས་དྲིན་ཆེན་བླ་མའི་ཞབས། །བཏུད་ནས་གཅོད་ཡུལ་ཟབ་དོན་སྙིང་པོར་སྤེལ། །འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་མན་ངག་གིས་སྙིང་པོར་དྲིལ་བ། བདུད་བཞི་དབྱིངས་སུ་གཅོད་ཅིང་རྣམ་རྟོག་ལམ་དུ་འཁྱེར་བ་རྒྱལ་བ་མི་ཡི་སེང་གེ་རྣམས་ཀྱིས་གཤེགས་ཤུལ་གཅོད་ཡུལ་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ལ་ཐེག་པ་ཆེན་པོའི་སྒོར་འཇུག་པ་དང་། མོས་གུས་ཀྱི་བྱིན་འབེབ་པའོ། །དང་པོ་ལ། བློ་སྦྱོང་བ་དང་། སྦྱངས་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་ཚེ་མི་རྟག་པར་ཤེས་ནས་ཚེ་འདིའི་འཁྲི་བ་ཆོད་དེ་ཕྱི་མ་དོན་དུ་གཉེར་བ་དང་། དེ་ནས་འཁོར་བའི་ཉེས་དམིགས་དང་། ལས་འབྲས་ཀྱི་སྨིན་ཚུལ་ཤེས་ནས་སྲིད་བདེའི་འཁྲི་བ་ཆོད་དེ་ཐར་པ་དོན་དུ་གཉེར་བ་དང་། དེ་ནས་འགྲོ་དྲུག་ཕ་མར་ཤེས་པས་བྱམས་དང་སྙིང་རྗེ་ཆེན་པོས་རང་དོན་གྱི་འཁྲི་བ་ཆོད་དེ་གཞན་ཕན་དོན་དུ་གཉེར་བ་རྣམས་དང་། ཁྱད་པར་དལ་འབྱོར་གྱི་རྟེན་འདི་ལྟ་བུ་དུས་བརྒྱའི་ཟ་མ་ལན་གཅིག་གི་སྒོ་ནས་བོགས་བརྟེན་ཏེ་རྒྱུད་ལ་འབྱང་པར་བྱའོ། །གཉིས་པ་ལ་སྐྱབས་འགྲོ་དང་། སེམས་བསྐྱེད་གཉིས་ཀྱི་དང་པོ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་མེ་དོང་ལྟ་བུ་འདིར་འགྲོ་དྲུག་དྲིན་ཅན་གྱི་ཕ་མ་རྣམས་དགྲ་གཉེན་གྱི་རིས་སུ་བཅད། ཆགས་སྡང་གི་ཡུལ་དུ་བཟུང་བས་འཕུང་བ་དེར་འདུག །ད་ནི་སྐྱེ་བ་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲུ་ནང་གཅིག་གི་འགྲུལ་པ་དང་། བཙོན་ར་གཅིག་གི་ནག་ཅན་བཞིན་དུ་ཐམས་ཅད་འདུན་ཇུས་དང་བློ་རྩེ་གཅིག་པའི་སྒོ་ནས་བསླུ་བ་མེད་པའི་སྐྱབས་དཀོན་མཆོག་གསུམ་ལ་བརྟེན་པར་བྱའོ་སྙམ་པས། མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་མཁྱེན་སྙམ་དུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར་སྐྱབས་ཡུལ་འཁོར་རྣམས་རྩ་བའི་བླ་མ་ལ་བསྡུས། དེ་ཉིད་རང་ལ་ཐིམ་སྟེ་དབྱེར་མེད་པའི་ངང་དུ་འདྲེས་པའི་སེམས་རིག་སྟོང་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་གཞག །གཉིས་པ་སེམས་བསྐྱེད་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་ལམ་གྱིས་གསལ་བཏབ། དེ་རྣམས་དང་འདུན་ཇུས་གཅིག་ཏུ་བྱེད་ཚུལ་སྔར་བཞིན་བསམ་པ་ལ། འདི་དག་ཐམས་ཅད་གནས་སྐབས་དང་མཐར་ཐུག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ། སྔར་ཐོབ་ཟིན་གྱི་བདེ་བ་རྣམས་མི་ཉམས་ཤིང་གོང་འཕེལ་དུ་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་ཉེ་རིང་མེད་པ་ཚིག་ཙམ་དུ་མ་ལུས་པས་འདི་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་དུ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །འགྲོ་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་པའི་མཐར་འཁོར་གསུམ་རྟོག་མེད་དོན་དམ་བྱང་ཆུབ་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག །གཉིས་པ་མོས་གུས་ཀྱིས་བྱིན་འབེབ་པ་ལ། རྟེན་བསྐྱེད་པ། ཚོགས་གསག་པ། གསོལ་བ་གདབ་པའོ། །དང་པོ་ནི། སྤྲོ་ན་བསྒོམ་རིམ་རྒྱས་པ་གཞན་དུ་འབྱུང་བ་ལྟར་རོ། །ཡང་ན་སྔར་བཞིན་གསལ་བཏབ། བསྡུ་ན། སྐྱབས་ཡུལ་མ་བསྡུས་པ་ཉིད་ལ་རྟེན་བཅའ་འོ། །གཉིས་པ་ཚོགས་གསག་པ་ནི། མཎྜལ་ཚོམ་བུ་བདུན་མ་སོགས་གང་འོས་བཤམས་ལ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཐམས་ཅད་འདོད་ཡོན་ལྔའི་ལོངས་སྤྱོད་ཀྱི་རྐྱེན་དུ་འཆར་བའི་མཆོད་པའི་རྫས་ཀྱིས་རྣམ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བ་ཡེ་ཤེས་ཀྱི་རྣམ་རོལ་ལས་ཤར་བ། འཛིན་ཞེན་མེད་པའི་སེམས་ཀྱིས་འབུལ་ཞིང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །སོགས་དང་། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་མ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་འབུལ་ལོ། །གསུམ་པ་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པ་ལྟར་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོར་ཡིད་ཆེས་པས། དེའི་ཡོན་ཏན་ལ་དྭངས་པ་དང་། ཡོན་ཏན་དེ་འཐོབ་འདོད་ཀྱི་འདོད་པ་སྟེ་དད་པ་གསུམ་པོ་དེས་མཚམས་སྦྱར་ནས་གསོལ་བ་བཏབ་པ་མི་ཕྱེད་པའི་དད་པ་གཏིང་ཚུགས་པར་བསྐྱེད་ནས། ཡིད་གུས་པ་དང་བཅས་པས་ངག་ནས་གསོལ་འདེབས་ཀྱི་འོ་དོད་འབོད་ཅིང་། ལུས་བ་སྤུ་གཡོ་བ་དང་མིག་མཆི་མ་འཁྲུགས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་གསོལ་བ་འདེབས་པར་བསམ་ལ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་སོགས་ནས། སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཞེས་པའི་བར་གྱི་བླ་བརྒྱུད་གསོལ་འདེབས་ཡིག་རྙིང་ལྟར་བརྗོད་པའམ། ཡང་ན། ན་མོ་གུ་རུ། ཤེས་རབ་ཕ་རོལ་ཕྱིན་མངའ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཇོ་མོ་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོང་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་ཆིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། ཁམས་གསུམ་སྲིད་དུ་ཆོད་པར་བྱིན༴ འགྲོ་དྲུག་གཉེན་དུ་འདུ་བར་བྱིན༴ འཁོར་འདས་དབྱིངས་སུ་དག་པར་བྱིན༴ གཟུང་འཛིན་འཁྲི་བ་ཆོད་པར་བྱིན༴ བདག་མེད་གནས་ལུགས་རྟོགས་པར་བྱིན་གྱི་རློབས། ཞེས་གསོལ་བ་བཏབ་པའི་མཐར་ཚོགས་ཞིང་གི་འཁོར་རྣམས་དབུས་ཀྱི་བླ་མ་ལ་འདུས། དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་གསལ་བཏབ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པ་བཞིན་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་པའི་ངང་བསྐྱང་། མཐར་བླ་མ་སྤྱི་བོར་བྱོན་འོད་དུ་ཞུ་ནས་རང་ལ་ཐིམ་གཉིས་མེད་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་གཞག །དེའི་གདངས་སྣང་གྲགས་རིག་གསུམ་བླ་མའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་དུ་བལྟའོ། །གཉིས་པ་དངོས་གཞི་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྟ་བས་ཐག་གཅད་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་སུ་བླང་བ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོགས་དབྱུང་བ་གསུམ་གྱི། དང་པོ་ལ། དབྱིངས་རིག་བསྲེ་བ། ཡུམ་དོན་ངོས་གཟུང་བ། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་དྲན་རིག་སྣ་ཚོགས་ཀྱི་འཆར་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་ལུས་ལ་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་གནས་པ་ལས། རླུང་ཁ་སྦྱོར་གྱིས་བཅུན་པས་མེ་ལོང་ལ་ཧས་བཏབ་པ་བཞིན་ཡས་མས་ནས་འུབ་ཀྱིས་འདུས་ལྟེ་བར་་་རྐང་མཐིལ་གཉིས་སུ་ཐིག་ལེ་དཀར་པོ་བྱ་སྒོང་ཙམ་རེ་བསྒོམ་པ། རྐང་པའི་སྦུབས་བརྒྱུད་སུམ་མདོར་གཅིག་ཏུ་འདྲེས་པ། ཁོང་པ་ནང་ནས་ཡར་སྤར་བའང་ལུགས་གཅིག་སྟེ་གནད་གཅིག།༽ཐིག་ལེ་དཀར་པོ་གསལ་འཚེར་བྱ་སྒོང་ཙམ་དུ་འདྲིལ་བ། ཕཊཿ ཅེས་འཕངས་པས་ཁོང་པའི་ནང་བརྒྱུད་སྤྱི་བོ་ནས་རྒྱང་གིས་ཐོན་ནམ་མཁའ་དང་དབྱེར་མེད་འདྲེས་པས་སྟོང་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་ཁྲེས་སེ་བོར་ལ་རྟེན་མེད་དུ་བཞག་གོ །གཉིས་པ་ཡུམ་དོན་ངོས་གཟུང་བ་ནི། སྔོན་ཆད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་འདི་སེམས་འཁྲུལ་པའི་རྩ་བ་མ་ཆོད་པས་ལན་པར་འདུག །དེས་ན་འདི་རྩད་ཆོད་པ་ཞིག་བྱེད་སྙམ་དུ་ལུས་གནད་དྲང་པོར་བསྲང་། ངག་རླུང་རང་སོར་བཞག །སེམས་དུས་གསུམ་གྱི་རྟོག་པ་བཅད་ནས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ཀའི་ངོ་བོ་ལ་ཅེ་རེ་བལྟས་པའི་སྣང་བ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ཆད་པའི་སྣང་བ་སྤྲོས་བྲལ་དེ་ཀ་ལ་རེས་ཧྲིག་གེ་བསྒྲིམ། རེས་ལྷོད་ཀྱིས་ཀློད་ནས་བསྐྱངས་པས་སོ་སོ་རང་རིག་ཏུ་འཆར། དེ་ཀ་ཡེངས་མེད་ཀྱི་ངང་ནས་རང་ངོ་ལ་བལྟས་པས་ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་སོགས་གང་གིའང་ཕྱོགས་སུ་མ་ལྷུང་པའི་རིག་པ་རྩ་བྲལ་རྗེན་པ། རིག་བྱ་རིག་བྱེད་ཐམས་ཅད་དང་བྲལ་བ་དེ་ཀ་ངོ་ཤེས་ཙམ་ལ་མ་ཡེངས་པར་བསྐྱང་བ་ཡིན་ཏེ། མ་གཅིག་གིས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདུད་བཞི་དབྱིངས་སུ་གཅོད་པ་ལ་བཞི་ལས། དང་པོ་ཐོགས་བཅས་བདུད་ནི། ཕྱི་ཚོགས་དྲུག་གི་ཡུལ་དུ་གྱུར་པའི་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཀྱི་རྐྱེན་ལས་རྣམ་རྟོག་ཐོལ་གྱིས་སྐྱེས་པ་དེ་ལྷོང་ཡིན། དེ་ལ་ཆགས་སྡང་གི་འཛིན་ཞེན་བྱུང་ན་ཐོགས་བཅས་ཀྱི་བདུད་ཡིན། གང་ཤར་དེ་ཀ་ཕཊ྄ཿཅེས་འཕྲོ་རྦད་ཀྱིས་བཅད་ལ་ཡུམ་དོན་གྱི་དབྱིངས་སུ་བཞག་པས་ཆོད་པའོ། །གཉིས་པ་ཐོགས་མེད་བདུད་ནི། ཕྱི་རྐྱེན་ལ་མ་ལྟོས་པར་སེམས་ལ་བདེ་སྡུག་སྐྱེ་འཇིགས་སོགས་ཡིད་ཡུལ་གྱི་མྱོང་ཚོར་ཐམས་ཅད་ལྷོང་། དེ་ལ་རེ་དོགས་སུ་སོང་ན་ཐོགས་མེད་ཀྱི་བདུད། ཕཊ྄ཿཅེས་སྔར་བཞིན་འཛིན་མེད་དུ་བཞག་པས་ཆོད་དོ། །གསུམ་པ་དགའ་བྲོད་བདུད་ནི། ཆོས་རྒྱུད་བཟང་། དགེ་སྦྱོར་འཕེལ། ལོངས་སྤྱོད་སྙན་གྲགས་སོགས་མཐུན་རྐྱེན་ཐམས་ཅད་ཚོགས་པས་གཟུང་འཛིན་གྱི་བློ་སྐྱེས་ན་ལྷོང་། དེ་ལ་དགའ་བྲོད་སྐྱེས་ན་བདུད། ཕཊ྄ཿཅེས་འཛིན་མེད་དུ་སྔར་བཞིན་གཅད། བཞི་པ་སྙེམས་བྱེད་ཀྱི་བདུད་ནི། རྣམ་རྟོག་གི་འགྱུ་བ་གང་སྐྱེས་ཀྱང་ལྷོང་། དེ་ལ་འཛིན་ཞེན་བྱུང་ན་སྙེམས་བྱེད་ཀྱི་བདུད། ཕཊ྄ཿཅེས་གང་ཤར་འཛིན་མེད་དུ་གཅད་དོ། །མདོར་ན་སྔ་མ་གསུམ་ཀ་འདིར་འདུས་ཏེ། བཀའ་ཚོམ་ལས། བདུད་ལས་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཞེས་སོ། །མདོར་ན་སྤྱོད་ལམ་ཀུན་ཏུ་རྣམ་རྟོག་གང་སྐྱེས་འཛིན་མེད་སྤྲོས་བྲལ་དུ་གཅོད་པར་བྱ་སྟེ། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ཉིད་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་ལེ་ལག་ཏུ་གསུངས་པ་བཞིན་ནོ། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་སུ་བླང་བ་ལ། ལྟ་བས་རྒྱས་འདེབས་པ་དང་། ཕུང་པོ་གཟན་དུ་སྐྱུར་བ་གཉིས། དང་པོ་ནི། སྔར་བཞིན་དབྱིངས་རིག་བསྲེས་ནས་རྟེན་མེད་ཀྱི་རིག་པ་སྤྲོས་བྲལ་སོ་སོ་རང་རིག་གི་ངོ་བོར་ཤེས་རབ་ཟབ་མོས་སྒྲོ་འདོགས་བཅད་པ་ཉིད་བསྒོམ་རྒྱུའི་སྙིང་པོ་ཡིན་པས་དམིགས་པའི་རྣམ་པ་མཐའ་དག་དེའི་རྣམ་འགྱུར་རྩལ་སྦྱོང་དུ་ཤེས་པར་བྱའོ། །གཉིས་པ་ཕུང་པོ་གཟན་སྐྱུར་ལ་གཉིས་ཀྱི། དང་པོ་དཀར་འགྱེད་ནི། དབྱིངས་རིག་བསྲེས་པའི་སྟོང་ཉིད་དེའི་རྩལ་སྣང་རྗེས་ཐོབ་ཏུ། རང་ལུས་མཛེས་ཤིང་ཡིད་དུ་འོང་བ་ཕུན་སུམ་ཚོགས་པའི་དཔལ་གྱིས་འབྱོར་པར་བསམ་ལ། ཕཊ྄ཿཅེས་དེའི་སྙིང་ཁ་ནས་རྣམ་ཤེས་རྣལ་འབྱོར་མ་གྲི་ཐོད་འཛིན་པ་འཇོ་སྒེག་བདེ་བའི་ཉམས་དང་ལྡན་པ་ཞིག་རྒྱང་གིས་ཐོན། མདུན་གྱི་བར་སྣང་ལ་འཁོད། ཕཊ྄ཿ ཅེས་གྲི་གུག་གིས་རང་ལུས་ཀྱི་ཐོད་པའི་སྨིན་མཚམས་བྲེག །མདུན་ངོས་ཐོད་པའི་སྒྱེད་པུ་གསུམ་རང་བྱུང་དུ་གྲུབ་པའི་ཁར་བཀལ་བ་ནམ་མཁའ་ལྟར་ཡངས་པར་བསམ། རང་ལུས་ཀྱི་ལྷག་མ་རྣམས་གྲི་གུག་དེས་དུམ་བུར་གཏུབས་ནས་ཐོད་པའི་སྣོད་དུ་རིམ་བཞིན་བླུགས་པ་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་བུ་ཀླད་ཞག་གི་འདམ་རྫབ་ཆེན་པོར་འཁྲིགས། རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པ་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་ཟག་མེད་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྤེལ་ལ། ཕཊ྄ཿཅེས་འཁོར་འདས་ཀྱིས་བསྡུས་པའི་ཡར་མར་གྱི་མགྲོན་ཐམས་ཅད་སྤྲིན་ཕུང་གཏིབ་པ་བཞིན་བྱོན་ནས་ནམ་མཁའ་གང་བར་བཞུགས་པར་བསམ། རྣལ་འབྱོར་མ་གྲངས་མེད་སྤྲོས་པས་ཕྱག་གི་ཐོད་པས་བདུད་རྩི་བཅུས། དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་ཀུན་ཏུ་བཟང་པོ་བླ་ན་མེད་པའི་མཆོད་རྫས་སུ་ཕུལ་བས་དགྱེས་ཤིང་ཚིམས་ནས་འགལ་རྐྱེན་ལམ་དུ་ལོངས་ཤིང་སྤྱོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ། སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་རྣམས་ལ་བྱིན་པས་ཚིམས་ཤིང་མགུ། སྡུག་བསྔལ་དང་སྡིག་སྒྲིབ་བྱང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ཞིང་། ཕཊ྄ཿ རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་དཀོན་མཆོག་རིན་ཆེན་རྣམ་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སོགས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །དགྱེས་ཤིང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་རྣམས་དང་། དུས་གསུམ་གྱི་ཕ་མ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཚེ་རབས་ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཞེས་པའི་མཐར། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་པའི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་རྣམ་སྣང་མངོན་བྱང་གི་རྒྱུད་ལས་གསུངས་པ་ལྟར་བྱ་ཞིང་། དམིགས་པའི་སྤྲོ་བསྡུ་རྣམས་ལ་ཕཊ྄ཿཀྱིས་མཚམས་སྦྱར་ནས། ཐམས་ཅད་རང་སེམས་སུ་ཤེས་པས་དེའི་ངོ་བོ་ལ་ཆེར་གྱིས་བལྟས་ལ་དབྱིངས་རིག་བསྲེ། ཡང་རྣམ་པ་ལམ་གྱིས་གསལ་བཏབ་ནས་འཛིན་མེད་དུ་མཐའ་བསྐྱང་ངོ་། །གཉིས་པ་དམར་འགྱེད་ནི། རང་སེམས་རྣལ་འབྱོར་མ་སྔར་ལྟར་བཏོན་ནས་ནམ་མཁར་འཁོད། ལུས་ཚོ་ཞིང་སྣུམ་པ་ཆེ་བརྗིད་སྟོང་གསུམ་ཁྱབ་པ་ཙམ་དུ་བསམ་ལ། རྣལ་འབྱོར་མའི་གྲི་གུག་གིས་ལྤགས་པ་ཤལ་གྱིས་བཤུས་ནས་དམར་ཆམ་གྱིས་བཏིང་། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབ། ནང་ཁྲོལ་རྣམས་བཏོན་ནས་སྤུངས་པས་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་བུ་ཀླད་ཞག་གི་འདམ་རྫབ་འཁྲིགས་པས་འཇིག་རྟེན་ཐམས་ཅད་ཡོངས་སུ་གང་བར་བསམ་ལ། ཕཊ྄ཿ ཁམས་གསུམ་ན་གནས་ཤིང་རྒྱུ་བའི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་འཁོར་གཡོག་སྡེ་དཔུང་དང་བཅས་པ་ཐམས་ཅད་དང་། ཁྱད་པར་བདག་ལ་གནོད་ཅིང་ལན་ཆགས་པའི་འབྱུང་པོ་གདུག་ཅིང་རྩུབ་པའི་བསམ་སྦྱོར་འཆང་བ་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས་ལྷ་འདྲེ་ཐམས་ཅད་ཁྲོམ་ཆེན་པོ་འདུས་པ་ལྟར་ལྷག་པར་གནས་ནས་འཁོད་པར་བསམ་ལ། ཕཊ྄ཿ འཁོར་བ་ཐོག་མ་མེད་པ་ནས་བདག་གཅེས་འཛིན་ཀྱི་འགོང་པོས་རྒྱུད་དཀྲུགས་པས་ནད་གདོན་སྡུག་བསྔལ་ཐམས་ཅད་ཀྱི་གཞི་རྟེན་དུ་གྲུབ་པའི་ལུས་འདི་ཁྱེད་སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཅི་འདོད་དུ་སྟེར་བ་ཡིན་པས། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཡོག་ཚད་ཟོ་ཞིག །ཁྱག་ཚད་ཁུར་ཅིག །ཅེས་བརྗོད་པས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་ཏིར་གྱིས་ཟོས་འཐུང་ཁྱེར་བས་གནས་སྐབས་སུ་ཚིམས་ཤིང་མགུ །མཐར་ཐུག་ཉོན་མོངས་པ་ཞི་བར་བསམ་ལ། ཕཊ྄ཿ ཅེས་དབྱིངས་རིག་བསྲེས། བདག་གཅེས་འཛིན་མེད་པར་ཁྲེས་སེ་བོར་ལ་བཞག །འོན་ཏེ་འཇིགས་སྐྲག་ཉམ་ང་སོགས་རྐྱེན་ངན་གྱི་རྟོག་པར་ལྷོང་ན། ངའི་སེམས་ནི་ཁྱོད་བས་ང་རང་གིས་མ་མཐོང་། ལུས་ཤ་ཁྲག་གི་ཕུང་པོ་འདི་ཁྱོད་རང་རྣམས་ལ་བྱིན་ཚར་བས་ཆགས་ཞེན་ཅི་ལ་བྱ། དེས་ན་ཁྱོད་རང་རྣམས་གང་དགའ་བ་གྱིས། ཞེས་བློས་ལིང་གིས་བཏང་ལ་སྟོང་ཉིད་ཀྱི་ངང་ལ་བཞག་གོ །མཐར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བདེ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག་སྙམ་དུ། སེམས་ཅན་སྡུག་བསྔལ་བདག་སྨིན་ཅིང། །བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་བསྔོ་བ་བྱའོ། །དེ་ལྟར་ཡང་ཡང་བསྒོམས་པས་ཅུང་ཟད་གོམས་ན་གཉན་ཁྲོད་ཅིག་ལ་དམིགས་ནས་ཞག་ཤས་བསྒོམ་ཞིང་། ལྷོང་གཅོད་ཚར་གསུམ་གྱི་ལྟས་ཕྱོགས་ཙམ་མ་མཐོང་གི་བར་དེ་སྲིད་དུ་ཉམས་ལེན་ལ་བརྩོན་པར་བྱ་སྟེ། འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་པ་གལ་ཆེའོ། །གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོགས་དབྱུང་བ་ལ། གཉན་ས་གཅོད་པ། ལྷོང་གཅོད་ཚར་ཚད་ངོས་འཛིན་པ། ལོག་ནོན་དང་གསུམ་ལས། དང་པོ་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་གློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་འགྲོ་ལུགས་དང་། སླེབས་ནས་ཉམས་སུ་ལེན་ཚུལ་གཉིས་ཀྱི་དང་པོ་ནི། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་སོགས་གཉན་སར་གྲགས་ཤིང་རང་བཞིན་གྱིས་བྲེད་འཇིགས་ཉམ་ང་དང་རྣམ་རྟོག་འཁྲུལ་ནུས་པས་གཅད་བྱར་གྲུབ་པ་དེར། ནད་དང་སྡུག་བསྔལ་འདྲེ་གདོན་སོགས་རྐྱེན་བྱུང་དུས་མཚན་མོ་ཟླ་གྲོགས་སོགས་ཀྱིས་སྙེམས་མེད་ཅིང་ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པར་གཟུང་འཛིན་གྱི་འཁྲུལ་རྟོག་གཅོད་པ་ཁོ་ནའི་ཕྱིར་ཉམས་ལེན་གྱི་སྟངས་མ་ཤོར་བར་འགྲོ་ཞིང་། གནས་དེར་ཡང་མཚོ་ཡིན་ན་སྟོད། ཕ་ཝང་གི་སྟེང་། ཆུ་མིག་གི་འགོ་ལ་སོགས་པའི་གནད་ནོན་པར་སྟན་བཅའ་འོ། །གཉིས་པ་ཉམས་ལེན་ལ། ལུས་ཀྱི་ཉྭ་བཞི་གློད་ལ་ཉལ་ཏེ། རང་ལུས་ཆེ་ཞིང་བརྗིད་པའི་མགོ་བོ་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་ཁེབས་པས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་ནོན་པར་བསམ་ཞིང་། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་ནམ་དུ་ཡང་གཡོ་བར་མི་བྱའོ་སྙམ་དུ་དེའི་ངང་ལ་ཅི་གནས་སུ་གཞག །དེ་ནས་སྟན་ལ་འདུག་སྟེ་བློ་སྦྱོང་སྐྱབས་སེམས་བླ་མའི་རྣལ་འབྱོར་དང་བཅས་པ་སྔོན་དུ་འགྲོ་བས་མཉམ་གཞག་གི་རྣལ་འབྱོར་ནི། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་མཉམ་གཞག་བྱ། །ཉམས་ལེན་ཕུང་པོ་གཟན་དུ་སྐྱུར། །ཞེས་གསུངས་པས་དབྱིངས་རིག་བསྲེས་ནས་ཡུམ་དོན་གྱི་དགོངས་པ་བསྐྱང་བ་ལ་གཙོ་བོར་དྲིལ། དེ་ནས་ཕྱི་ནང་གསང་བའི་ལྷོང་གཟུང་འཛིན་གྱི་རྣམ་རྟོག་ཅི་ཤར་ཡང་ཕཊ྄ཿཅེས་དབྱིངས་སུ་བསྲེས་ནས་གཞི་མེད་རྩ་བྲལ་གྱི་ངང་ལ་མཉམ་པར་གཞག་པར་བྱའོ། །རྗེས་ཐོབ་ཀྱི་རྩལ་སྦྱང་ནི། ཐོག་མར་དཀར་འགྱེད་ལ་གཙོ་བོར་བྱས་ནས། སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གནོད་བྱེད་འདྲེ་གདོན་ཕ་མར་ཤེས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་དྲངས་པའི་རྣམ་འགྱུར་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་དང་། དེའི་གནས་ལུགས་དབྱིངས་རིག་བསྲེས་པའི་ཡུམ་དོན་གྱི་ངང་ལ་མཉམ་པར་འཇོག་པ་རྣམས་དུས་གནད་དུ་གང་འགྲོ་སྤེལ་མར་བསྒོམས་ལ་ཐ་མལ་གྱི་རྟོག་པའི་རྐུན་བུ་མ་ཤོར་བ་གལ་ཆེ། ཚུལ་དེས་གཉན་ཁྲོད་ཤིས་སར་ལན་ཁ་ཡར་འགྲིམས་ནས། གཉན་ས་བར་མ་དང་། དེ་ནས་རྩུབ་མོ་འགའ་རེར་སྔར་བཞིན་བསྒོམས་པས་གཏན་ལ་ཅུང་ཟད་ཕེབས་ནས། གཉན་ས་རྩུབ་པ་འགའ་ཞིག་ཏུ་ཞི་དྲག་སྤེལ་མ་ཅི་རིགས་པ་དང། རེས་དྲག་གཅོད་འབའ་ཞིག་ཀྱང་བྱེད། བཤད་མ་ཐག་པའི་ཉམས་ལེན་གྱི་ཚུལ་དེ་སྤྲོས་བཅས་དང་། ཞི་གཅོད་ཀྱི་མཐར་བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་སྒོམ་པ་སྤྲོས་མེད་དང་། དེའི་རྗེས་སུ་ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་རྣམས་འབྲེལ་ཆགས་སུ་བསྒོམ། གཉན་སར་འགྲོ་ཁར་མོས་གུས་ལ་ལྟེམ་རྐྱང་ཆགས་སྡང་དམ་སེལ་གྱི་རྐྱེན་བྱུང་ན་ལམ་དུ་མི་འགྲོ་བས། མོས་གུས་ཀྱི་རྩལ་བསྐྱེད་པའི་གསོལ་འདེབས་དང་བཤགས་སྡོམ་ཚོགས་གཏོར་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་གལ་ཆེའོ། །གཉིས་པ་ལྷོང་གཅོད་ཚར་ཚད་ངོས་འཛིན་པ་ལ་ལྷོང་གཅོད་ཚར་གསུམ་ལས། དང་པོ་ལྷོང་ཚད་ལ་ཡང་གསུམ་གྱི། མངོན་སུམ་ནི། ལྷ་མ་སྲིན་གདུག་པ་ཅན་རྣམས་ཀྱིས་མི་སྡུག་པའི་གཟུགས་དང་འཇིགས་པའི་སྒྲ་སྐད་སྣ་ཚོགས་དང་རི་བོ་འཕེན་པ་སོགས་གནམ་ས་གཡོ་ཞིང་འཁྲུག་པ་ལྟ་བུའི་ཆོ་འཕྲུལ་མངོན་སུམ་དུ་སྟོན་པ་དང་། གཟི་བྱིན་གྱིས་གཉན་ས་དེར་སླེབ་པ་དང་ལུས་འདར་ཞིང་རྔུལ་བ་དང་། བ་སྤུ་གཡོ་ཞིང་བསྒུལ་བསྐྱོད་མི་ནུས་པ་དང་སྐད་མི་ཐོན་པ་སོགས་འཇིགས་སྣང་བཟོད་དཀའ་བ་འཆར་བའོ། །རྨི་ལམ་ནི། མངོན་སུམ་དུ་བཤད་པའི་ཆོ་འཕྲུལ་དེ་དག་རྨི་ལམ་དུ་འབྱུང་བའོ། །གཉིས་པ་གཅོད་བྱེད་ལ། གཏད་མེད། གཏད་སྒོམ། དཔྱད་སྒོམ་དང་གསུམ་གྱི་དང་པོ་ནི། ཆོ་འཕྲུལ་གང་བྱུང་ཡང་འཛིན་མེད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྦྱོང་ངོ་། །གཉིས་པ་གཏད་སྒོམ་ནི། ཆོ་འཕྲུལ་གང་སྣང་དེ་ག་ལ་ཅེར་རེ་བལྟས་པས་རང་གྲོལ་དུ་འཆར། གསུམ་པ་དཔྱད་སྒོམ་ནི། ཆོ་འཕྲུལ་གང་ཤར་ལ་དཔྱད་པས་རང་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མེད་ཅིང་སེམས་གཞི་མེད་རྩ་བྲལ་དུ་ཐག་བཅད་ནས་ཤ་ཁྱེར་ཁྲག་ཁྱེར་དུ་བྱའོ། །གསུམ་པ་ཚར་ཚད་ལ། ཐུན་མོང་ཁྱད་པར་མཆོག་གི་ཚར་ཚད་དང་གསུམ་ལས། དང་པོ་ནི། གཞན་གྱིས་བདག་ལ་ཟས་ནོར་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས་དང་། ལུས་ལས་སྲོག་ཆགས་སྡོམ་སྡིག་ཐོན་པ་གདོན་ཐོན་པའི་ལྟས་དང་། རྣག་ཁྲག་འཛག་པ་དང་། བཤལ་སྐྱུག་བྱེད་པ་སོགས་ནད་འདོན་པའི་རྟགས་སོ། །གཉིས་པ་ཁྱད་པར་གྱི་ཚར་ཚད་ནི། ཉི་ཟླ་ཤར་བ་དང་། ཁྲུས་བྱེད་པ། གྱེན་དུ་འཛེག་པ་དང་། དྲི་མ་མེད་པའི་གོས་གྱོན་པ་དང་། ནམ་མཁའ་ལ་འཕུར་བ་དང་། གཞན་གྱིས་ཕྱག་དང་བསྐོར་བ་བྱེད་པ་དང་། ཆོས་ཞུ་བ་སྲོག་སྙིང་འབུལ་བ་སོགས་ནི་ཁྱད་པར་གྱི་རྟགས་སོ། །གསུམ་པ་མཆོག་གི་ཚར་ཚད་ནི། ནད་གདོན་ཆོ་འཕྲུལ་ཐམས་ཅད་རང་སེམས་སུ་ཤེས་ཤིང་། དེ་ཡང་སྐྱེ་མེད་སྤྲོས་བྲལ་དུ་ཐག་ཆོད་པའོ། །དེ་ལྟར་ཚར་ཚད་གསུམ་གང་བྱུང་ཡང་དགའ་བྲོད་དང་རློམ་སེམས་མི་བྱ་བར་ཡུམ་དོན་གྱི་དགོངས་པ་བསྐྱང་ཞིང་། གཉན་ས་ནས་འགྲོ་བའི་ཚེ་ཡང་དེར་གནས་ཀྱི་ལྷ་འདྲེ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བསྔོ་སྨོན་གྱིས་རྒྱས་འདེབས་པ་རྣམས་བྱའོ། །བཞི་པ་ལོག་གནོན་གྱི་མཐའ་གཏད་པ་དང་། སྒྲ་དོན་གྱི་མཐའ་དཔྱད་པ་ལས། དང་པོ་ནི་གཉན་ཁྲོད་དུ་སྔར་གྱི་ཉམས་ལེན་ལ་འབད་ཀྱང་ཚར་ཚད་མེད་ཅིང་ཆོ་འཕྲུལ་ཆེར་སོང་ན། གདོན་དང་ཐུ་བའི་ས་དེར་ཕྱིན་ནས། འོ་ཁྱོད་འོང་བ་འོ་བརྒྱལ། ངས་ཡོང་བས་ཆོག །ངའི་སེམས་ནི་ང་རང་གིས་ཀྱང་མ་མཐོང་། ལུས་ཤ་ཁྲག་གི་ཕུང་པོ་འདི་ནི་གང་འདོད་ཀྱང་སྦྱིན་པས་ཆོག །ཤ་འདོད་ན་ཤ་ཟོ། ཁྲག་འདོད་ན་ཁྲག་ཐུངས། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། སྟེར་མ་ནུས་ན་ང་ཞན། ཟ་མ་ནུས་ན་ཁྱོད་ངན། དེས་ན་ཁྱོད་རང་རྣམས་ཅི་འདོད་པ་གྱིས་ཤིག །ཕཊ྄ཿ ཅེས་བདག་འཛིན་གྱི་འཁྲི་བས་མ་གོས་པར་བློས་ལིང་གིས་ཐོང་ན་བར་གཅོད་གང་གིས་ཀྱང་མི་ཚུགས་ཤིང་། སྐྱིད་སྡུག་ལེགས་ཉེས་སོགས་བཟང་ངན་གྱི་ཆ་ལུགས་གང་བྱུང་ཡང་ཆགས་སྡང་འཛིན་ཞེན་ཡ་ང་བག་ཚ་མེད་པར་ལམ་དུ་ཁྱེར་ནས་ཡུམ་དོན་གྱི་མཐའ་བསྐྱང་ངོ་། །མདོར་ན་ཐེ་ཚོམ་ཟ་བ་ཡ་ང་བ་མི་ཕོད་པ་ནད་གདོན་གྲིབ་སོགས་རྐྱེན་ངན་གང་ཤར་ཡང་དེའི་ཐོག་ཏུ་གནད་དབབ་བཙན་འགྱེལ་བྱས་པས་རྣམ་རྟོག་ལམ་དུ་ལོང་། ལྟས་ངན་གཡང་དུ་ཁུག །ཁམས་གསུམ་སྲིད་དུ་ཆོད། འཁོར་འདས་དབྱིངས་སུ་གྲོལ་བར་འགྱུར་རོ། །གཉིས་པ་སྒྲ་དོན་གྱི་མཐའ་དཔྱད་པ་ནི། ཤེར་ཕྱིན་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པའི་ཆོས་བཞི་ནི། སྲིད་ཞི་སྟོང་ཉིད་དུ་རྟོགས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་པ་བཞིན་བྱང་སེམས་ཀྱི་བསླབ་བྱ་ལས་མི་འགལ་བ། བདེ་གཤེགས་བྱིན་རླབས་ནི་སྐྱབས་འགྲོ་དང་མོས་གུས་གྱི་གསོལ་འདེབས་སོ། །དེ་ཡང་ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་འཛིན་སྤངས་ནས། ཡུལ་གཞན་ལ་དངོས་པོ་དང་མཚན་མའི་འདུ་ཤེས་མི་འཇུག་པས་ན་གཅོད་ཡུལ་ཞེས་བྱ་སྟེ། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་སྟེ། ཞེས་བཤད་པ་ལྟར། གཅད་བྱ་ནི་ཉོན་མོངས་པ་ཡིན་ལ། དེ་ཕྲ་རྒྱས་དང་ཡུལ་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལས་སྐྱེས་པས་ན། རྣལ་འབྱོར་པས་ཡུལ་དེ་ཉེ་བར་བཅུག་ནས་བག་ཆགས་སད་པར་བྱས་ཏེ་ཡུལ་དེ་ཉིད་ཀྱི་ཐོག་ཏུ་གཅོད་པར་བྱེད་པས་ན་གཅོད་བྱ་གཅོད་ཡུལ་ཞེས་བྱ་ཞིང་། སྔགས་ཀྱི་ཚུལ་ལས་ཀྱང། ལུས་ཀྱི་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་ངག་སྤྱད། །ཅེས་མདོ་དང་སྔགས་ཀྱི་སྒོ་ནས་སྤྱོད་པ་སྤྱད་པ་ཐུན་མོང་དུ་ཉམས་སུ་བླང་བའི་ཕྱིར་སྤྱོད་ཡུལ་ཞེས་བྱ་ཞིང་། དེ་དག་གི་དོན་མཐའ་གཅོད་པ་ནི་དམ་པ་གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་འདི་ནི། རྣམ་དཔྱོད་མཆོག་གི་མཐུ་ལྡན་ཡེ་ཤེས་རྒྱ་མཚོ་དང་འཇམ་དབྱངས་རྒྱ་མཚོ་གཉིས་ཀྱིས་གསུང་ངོར་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་དམ་པའི་གསུང་རྒྱུན་བཞིན་དུ་བཀོད་པའོ། །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).