Terdzo-CHI-048

From Rinchen Terdzö

ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས། མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་

zur bza'i thugs dam skor drug las/_mkha' 'gro'i sgrub thabs lnga'i spyi dbang mtshams sbyor gyis brgyan pa bde chen ye shes 'khyil ba

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཟུར་བཟའི་ཐུགས་དམ་སྐོར་དྲུག་ (Zur bza'i thugs dam skor drug)
Volume 36 (ཆི) / Pages 891-911 / Folios 1a1 to 11a5

[edit]

༄༅། །ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས། མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། ཆོས་ཀུན་འབྱུང་གནས་རྣམ་ཐར་གསུམ་ལྡན་དབྱིངས། །རྣལ་འབྱོར་མ་དཔལ་རྟགས་ཀྱི་ཕྱག་རྒྱར་ཤར། །སངས་རྒྱས་ཀུན་གྱི་བདེ་ཆེན་སྐྱེད་མཛད་ལ། །གུས་པས་བཏུད་ནས་དབང་བསྐུར་བལྟས་ཆོག་བཀོད། །མཁའ་འགྲོ་སྒྲུབ་པའི་ཐབས་ཟབ་ཅིང་རྒྱ་ཆེ་བ་ཀུན་གྱི་རིམ་གཉིས་སྙིང་པོར་དྲིལ་བ་གཏེར་གསར་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ཡ་གྱལ་ལས་བྱོན་པ། འདི་ལ་སྒྲུབ་ཐབས་ནང་གསེས་ལྔ་མཆིས་པ་རྣམས་ཀྱི་སྨིན་བྱེད་ཆིངས་གཅིག་ལ་བརྟེན་ནས་སོ་སོར་བསྒྲུབ་ཅིང་བསྐུར་དགོས་པས། དེའི་ལག་ལེན་བཤད་པ་ལ་གསུམ། སྦྱོར་བ་གཤོམ་དང་སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་རིམ་མཇུག་གི་བྱ་བའོ། །དང་པོ་གཤོམ་ནི། མཁའ་འགྲོ་འདུ་བའི་དབེན་པའི་གནས་དང་ཉེར་ལྔ་ལྟ་བུའི་དུས་ཚེས་ཚོགས་ན་ལེགས་ཤིང་། དེར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར། ཕྱི་ནང་གསང་བ་གསུམ་ལ་དུར་ཁྲོད་སོགས་ཁྲོ་དཀྱིལ་མཚན་ཉིད་རྫོགས་པའི་ནང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་ལྷ་གནས་རྣམས་སུ་གཙོ་འཁོར་དགུའི་སྐུའམ་ཕྱག་མཚན་ཐིག་ལེ་བཀོད་པ། རྒྱ་བོད་མཁའ་འགྲོ་གཉིས་ལ་ཞི་དཀྱིལ་ནང་དུ་པདྨ་འདབ་བཞི་ལྟེ་བ་དང་བཅས་པ་ལ་ལྷ་དགུའི་མཚན་མ་སྔར་སྨྲོས་པ་ལྟར་བཀོད་པའི་རས་བྲིས་འདིང་། མ་འཛོམ་ན་མཎྜལ་དྲི་བཟང་གི་ཆུས་བརླན་པ་ལ་ལྷ་མདོག་དང་མཚུངས་པའི་མེ་ཏོག་གམ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་ཁྲིའུའི་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་གཙོ་བོའི་མདོག་མཚུངས་ཁ་རྒྱན་དང་བཅས་པ། མདུན་དུ་སོ་སོའི་སྐུ་རྟེན་གཙོ་འཁོར་ཙཀླི་དགུ་ཕྱོགས་སུ་བསྡམས་པའམ། བསྡུ་ན་ཙཀླི་གཅིག་ལ་གཙོ་འཁོར་དགུ་ཀ་བྲིས་པའམ། གཙོ་བོའི་སྐུ་ལ་ཕྱོགས་བཞིར་ལྷ་མདོག་གི་ཐིག་ལེ་གཉིས་རེ་བྲིས་པས་ཀྱང་མཚོན་བྱེད་རུང་ལ་དེ་དང་སྔགས་བྱང་། བྱང་ཆུབ་མཆོད་རྟེན་དང་སོ་སོའི་ཕྱག་མཚན་གྱི་ཙཀླི་རྣམས། གཡས་སུ་ཕྱི་ནང་གསང་གསུམ་ལ་མཁའ་འགྲོའི་དཔལ་གཏོར་དམར་པོ། མཁའ་འགྲོ་གཉིས་ལ་བླ་གཏོར་དཀར་པོ་རྒྱན་ལྡན་མ། འཛོམ་ན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དང་། ཤེར་ཡེའི་བརྡ་དབང་པདྨ་དམར་པོའི་ཟེའུ་འབྲུར་རྡོ་རྗེ་དཀར་པོ་ཕྱེད་ནུབ་བྲིས་པའི་ཙཀླི་རྣམས་བཀོད། རྒྱབ་ཏུ་སྤྱི་རྒྱུག་སྨན་གཏོར་རཀྟ། མདུན་ངོས་སུ་ཁྱད་པར་གྱི་མཆོད་པ་མཁའ་འགྲོའི་གཏོར་མའི་གཡས་གཡོན་ཐོད་ཆུང་སོགས་སུ་སྨན་རཀ་བླུགས་པ་འབུལ་བདེར་བཤམ། འབྱོར་ན་ཆུ་གཉིས་ཉེར་སྤྱོད་ཞི་བ་གཡས་དང་དྲག་པོ་གཡོན་སྐོར། མ་འབྱོར་པ་དང་མཁའ་འགྲོ་ཕྱི་མ་གཉིས་ལ་ཞི་མཆོད་ཙམ་གཡོན་སྐོར་བྱ། གཞན་ལས་བུམ། མིག་དར་མེ་ཏོག །གཏོར་མའི་རིགས་དང་ཚོགས་ཀྱི་དམ་རྫས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ལས་བྱང་སྤྱི་ཁོག་གཅིག་ལ་སོ་སོའི་མངོན་རྟོགས་དང་བཟླས་རིམ་སྦྱར་ནས་སོ་སོར་བསྒྲུབ་ཅིང་དབང་ཡང་སོ་སོར་བསྐུར་དགོས་པ་ལ། དེའང་གཞུང་སྤྱིའི་བཞུགས་ཚུལ་དང་མཐུན་པར་ཕྱི་ནང་གསང་བའི་རིམ་པར་བྱས་ན་ལེགས་མོད། ལས་བྱང་དུ་ཐོག་མར་ནང་སྒྲུབ་ཕག་མོའི་མངོན་རྟོགས་འབྱུང་བ་རྩ་བའི་ཆོས་བདག་གི་ཡི་དམ་རྩ་བར་དགོངས་པ་གཏོད་པར་མངོན་པས་གོ་རིམ་ཇི་ལྟར་བྱས་ཀྱང་འགལ་བ་ནི་མེད་པའི་ཕྱིར་ལས་བྱང་སོར་བཞག་གི་དབང་དུ་བྱས་ཏེ། ཐོག་མར་བརྒྱུད་འདེབས་དང་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་ཕུལ། སྐྱབས་འགྲོ་ནི། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་འདུས་པའི་དངོས༔ བླ་མ་ཡེ་ཤེས་མཁའ་འགྲོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ ཡེ་ཤེས་མཁའ་འགྲོ་མཆོག་བསྒྲུབས་ནས༔ ཚད་མེད་རྣམ་བཞིའི་ཕྲིན་ལས་ཀྱིས༔ འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་རེ། ཡན་ལག་བཅུ་པའམ་རྒྱུན་བཤགས་ཡན་ལག་བརྒྱད་པ་གང་རུང་གིས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བསྒོམ། ཐུན་མཚམས་ཧེ་རུ་ཀའི་ང་རྒྱལ་གྱིས་བགེགས་གཏོར་སྤྱི་ལྟར་བཏང་ལ་དྲག་སྔགས་ཀྱིས་བསྐྲད། ལས་བྱང་ལྟར་མཚམས་གཅོད་ནས་བརྩམ་མཐར་ཆགས་སུ་གཏང་ཞིང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒོམ་པ་ཁོ་ནས་འཐུས་ཀྱང་ལས་དང་པོ་པས་བསྟོད་པའི་རྗེས་སུ། དབྱེ་གཞི་ལས་མདུན་རྟེན་གོ་སར་ཛཔ྄་ཁང་ཡེ་ཤེས་དཀྱིལ་འཁོར་དབྱེ། བསྙེན་སྒྲུབ་ཡན་ལག་བཞིའི་དགོངས་པ་གསལ་བཏབ་ལ་འབྲུ་བཅུ་གཉིས་པ་ཅི་ལྕོགས་དང་། ལས་སྦྱོར་ཡང་ཅུང་ཟད་བཟླ། བཟླས་པ་གཞུང་དུ་མ་བྲིས་པ་གཉིས་དབང་སྒྲུབ་ཙམ་ལ་དགོས་པའི་ངེས་པ་མེད། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་སོགས་སྤྱི་ལྟར་གསལ་བཏབ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་རྩ་བསྙེན་བརྒྱ་རྩ་ལས་མི་ཉུང་བ་བཟླ། མཐར་སྨན་རག་གཏོར་མ། རཾ་ཡཾ་ཁཾ་གིས་སྦྱང་། རང་བྱུང་པདྨ་བྷཉྫའི་སྣོད་རྣམས་སུ༔ ཨོཾ་ལས་གཏོར་མ་འདོད་ཡོན་རྒྱ་མཚོའི་གཏེར༔ ཨཱཿལས་ཁམས་གསུམ་ཡོངས་བསྒྲལ་རཀྟའི་མཚོ༔ ཧཱུྃ་ལས་དམ་ཡེ་དབྱེར་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། བཟླས་སྔགས་ལ། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཨ་མྲྀཏ་རཀྟ་ཛི་གྷྲ་ཐ་པི་པ་ཏོ་ཁཱ་ཧི། ལན་གསུམ་དང་། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་འབུལ་ཅིང་ཕྲིན་ལས་བཅོལ་ལ་སྨན་རཀ་གཏོར་མ་ནམ་མཁར་འབུལ། ལྷག་ཆད་ཁ་བསྐང་། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། འགྲུབ་ན་བདག་འཇུག་རྫོགས་པར་བླང་། མི་འགྲུབ་ན་རིག་པའི་མེ་ཏོག་དོར་བས་ཀྱང་འཐུས། སློབ་མ་གཞུག་པར་གནང་བ་ནོད་པ་བཅས་ཐམས་ཅད་ལ་འདྲ། ༈ གཉིས་པ་སྒྲོལ་མ་ལ་མངོན་རྟོགས་བརྗེ་བ་ཁོ་ནས་ཆོག ༈ །གསུམ་པ་གསང་ཡེའི་སྐབས་མངོན་རྟོགས་ལ། ཨ༔ ཡེ་ནས་སངས་རྒྱས་སོགས་གཉིས་པ་སྒྲོལ་མ་ལྟར་ལ། ཟུང་འཇུག་ཡི་གེ་ཧྲཱིཿཞེས་སྒྱུར་བ་དང་། དགའ་བ་བཞི་ཡི་འཁོར་ལོའི་ལྟེ་བ་ལ༔ བར་དང་རང་གཞུང་། རང་རྩལ་ཧྲཱིཿལས་གསང་བ་ཡེ་ཤེས་མ༔ ཞེས་པ་ནས། སྐུ་མདོག་དམར་སེར་ཀུན་ཀྱང་གཙོ་དང་མཚུངས༔ བར་རང་གཞུང་དང་། གཞན་ཡང་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔མན་ཆད་སྔ་མ་ལྟར་སྦྱར། ༈ མནྡཱ་ར་བ་ལ་ཚེ་སྒྲུབ་དམིགས་བཟླས་ཀྱང་སྦྱར་ཞིང་། དབང་བུམ་རྣམ་བུམ་ཉིད་བསྐྱར་བའམ་ཚེ་འབྲང་ཟུར་དུ་བཞག་པ་ཅི་བདེར་ཆོག །སྤྱི་ལྟར་ཚེ་རིལ་ཆང་ཡང་བཞག་ན་ལེགས། ༈ མཚོ་རྒྱལ་སྐབས་མངོན་རྟོགས་སྔ་མ་མནྡཱ་ར་བའི། ཨ༔ ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས༔སོགས་ནས། སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ བར་དང་རང་གཞུང་། བཾ་ལས་ཡེ་ཤེས་མཚོ་རྒྱལ་མ༔ ཞེས་པ་ནས། ཆར་སྤྲིན་གཏིབས་པ་ལྟ་བུར་གསལ༔ བར་རང་གཞུང་དང་། ཡེ་ནས་དག་པའི་སྐུ་གསུང་སོགས་སྔ་མ་ལྟར་སྦྱར། བཟླས་དམིགས་དགོངས་པ་བཞི་ལྡན་རྣམས་ནི་ཕག་མོས་འགྲེ། དམིགས་བསལ་ཡོད་པ་རྣམས་དེ་ལྟར་བྱའོ། །གཉིས་པ་དངོས་གཞི་དབང་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཀའ་སྡོད་ཆོས་སྐྱོང་སྲུང་མ་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྟོབས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ། །ཞེས་དང་ལས་སྔགས། སུམྦྷ་ནི་དྲག་ཏུ་བརྗོད། གུ་གུལ་བདུག །ཡུངས་ཐུན་རོལ་མོ་བཅས་པས་བསྐྲད། ལས་བྱང་ལྟར། ཧཱུྃ༔ ཆོས་ཀུན་དག་པ་ཆེན་པོ་སོགས་ཀྱིས་མཚམས་བཅད་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས་ཆོས་བཤད་ཅི་ལྟར་རིགས་པ་དང་། བྱེ་བྲག་ཏུ། དེའང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རང་སྣང་འོད་གསལ་ཟུང་འཇུག་ཡེ་ཤེས་ཆེན་པོའི་དབྱིངས་ལ་ཐ་དད་སྤྲོས་པའི་མཚན་མ་ཅིར་ཡང་མི་དམིགས་ཀྱང་། དེ་ཁོ་ན་ཉིད་ཀྱི་རང་རྩལ་མ་རྟོགས་ཏེ་འཁྲུལ་པའི་གཞན་དབང་དུ་ཤོར་ནས་འཁྱམས་པའི་ལུས་ཅན་མཐའ་དག་གི་གཟུང་འཛིན་འཕོ་བའི་རྩ་བ་གཅོད་པའི་གཉེན་པོར། སྟོང་པའི་རང་མདངས་བདེ་ཆེན་ཡུམ་གྱི་གསང་བ་ཟབ་མོ་དང་ཆོས་ཉིད་ཀྱི་སྟོབས་སུ་ཤར་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན། ལོངས་སྐུ་གནམ་ཞལ་དབྱིངས་ཕྱུག་རིགས་ཀྱི་ཡུམ་ལྔ། སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔ་མཁའ་འགྲོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་བཀོད་དེ་གསང་ཆེན་ངེས་པའི་རྒྱུད་དུས་གསུམ་དུ་བསྟན་ཅིང་། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ལུང་གི་ངེས་པས་གསང་བ་བཀྲོལ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཉམས་མྱོང་ཚད་མས་མན་ངག་གི་བཀའ་སྲོལ་གཏོད་པའི་ཤུལ་ལམ་ཆེན་པོ་གསལ་བར། དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་རིག་པ་འཛིན་པ་བགྲང་བ་ལས་འདས་པ་དུས་གསུམ་དུ་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བ་ལས། འདིར་རང་གཞུང་ཉིད་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོའི་རྒྱུད་ལུང་མཐའ་ཡས་ཤེས༔ ཀུན་ལས་ཁྱད་པར་འཕགས་པ་ནི༔ རྡོ་རྗེ་ཕག་མོས་བདག་ལ་བསྩལ༔ དེ་དག་ཀུན་གྱི་བཅུད་ཕྱུང་ནས༔ ཞབས་ཏོག་ཕུལ་ཕྱིན་མཚོ་རྒྱལ་མ༔ ཟུར་བཟའ་ཐབས་ཀྱི་དཔའ་བོར་བཅས༔ སྐལ་ལྡན་ཕོ་མོ་ད་ལྟར་བཞུགས༔ སླད་ནས་འབྱུང་བའི་དོན་དུ་བཤད༔ ཕྱི་ལྟར་སྒྲོལ་མ་ཁྲོ་གཉེར་ཅན༔ ནང་ལྟར་རྡོ་རྗེ་ཕག་མོ་ཡུམ༔ གསང་བར་གསང་བ་ཡེ་ཤེས་མ༔ ཡང་གསང་པདྨ་བདག་གི་ཡུམ༔ མནྡཱ་ར་བ་མཚོ་རྒྱལ་མ༔ མཁའ་འགྲོ་སྒྲུབ་པའི་ཐབས་འདི་ནི༔ ཤིན་ཏུ་གསང་བ་རྨད་དུ་བྱུང༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ ཞེས་ཆེད་དུ་བརྗོད་པ་ལྟར། དཔལ་ཆེན་ཧེ་རུ་ཀ་དང་གཉིས་སུ་མེད་པ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་འཆི་མེད་རྡོ་རྗེའི་སྐུ་བརྙེས་བདེ་བ་ཆེན་པོ་པདྨཱཀ་རས། ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ་དང་། ལྷ་སྲས་མུ་རུབ་བཙད་པོ། དེའི་དགྱེས་སྡེ་ཟུར་མཁར་བཟའ་མེ་ཏོག་སྒྲོན་གཙོ་བོར་གྱུར་པའི་སྐལ་ལྡན་གདུལ་བྱ་རྣམས་ལ་འདིའང་ཆེད་དུ་བསྩལ་ཅིང། ཕྱི་རབས་རྣམས་ལ་ཐུགས་བརྩེས་དགོངས་ཏེ་གསང་ཆེན་མཐའ་དག་ཟབ་མོའི་གཏེར་ཁ་དུ་མར་རྒྱས་བཏབ་པའི་སྐབས་སུ་གདམས་སྐོར་འདི་རྣམས་ཀྱང་གནས་དུས་རྟེན་འབྲེལ་གྱི་ངེས་པ་གཟིགས་ནས་གཏེར་དུ་སྦས་པ། དེང་སང་དུས་ཀྱི་ཚིགས་ལ་བབས་པའི་དབང་གིས། ལྷ་སྲས་རྣམ་འཕྲུལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་དང་། གྲོགས་མཛད་ལུང་ཟིན་གྱི་མཁའ་འགྲོ་ལྷན་ཅིག་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་མཁའ་འགྲོ་འབུམ་རྫོང་གི་གསང་བ་བདུད་རྩི་ཕུག་ནས་སྤྱན་དྲངས་པའི་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ཡ་གྱལ། བདེ་ཆེན་ཡེ་ཤེས་མྱུར་དུ་སྐྱེད་པའི་ལམ་ཟབ་མཁའ་འགྲོ་སྒྲུབ་པའི་སྐོར་ལ་ཕྱི་ནང་གསང་བ་ཡང་གསང་གཉིས་ཏེ་རྣམ་པ་ལྔར་མཆིས་པ་ལས། ཐོག་མར་ནང་ལྟར་སྒྲུབ་པ་སངས་རྒྱས་ཀུན་གྱི་འདྲེན་པ་ཟག་མེད་ལྷན་ཅིག་སྐྱེས་མ་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་རྡོ་རྗེ་ཕག་མོ་ལྷ་དགུ་པའི་དབང་བསྐུར་བསྒྲུབ་པ་ལ། ཞེས་དང་། གཞན་རྣམས་ལ་སྤྱི་བཤད་སྔ་མ་ཉིད་བསྐྱར་བའམ་ཇི་ལྟར་འཚམ་པ་མདོར་བསྡུས་ཀྱི་རྗེས་སུ། གཉིས་པ་ཕྱི་ལྟར་སྒྲུབ་པ་རྒྱལ་ཀུན་ཕྲིན་ལས་འདུས་པའི་སྤྱི་སྒྲུབ་སྒྲོལ་མ་འབྱུང་བ་དོན་དམ་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་པ་བཅོམ་ལྡན་འདས་མྱུར་མ་དཔའ་མོ་ལྷ་དགུ་པའི་སོགས། གསུམ་པ་གསང་བར་སྒྲུབ་པ་སངས་རྒྱས་པདྨའི་རིགས་མ་ལུས་པའི། བདེ་ཆེན་ཡེ་ཤེས་སྐྱེད་པའི་ཡུམ་མཆོག་དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་འགུགས་ཤིང་སྣང་སྲིད་དབང་དུ་མཛད་པའི་ལྕགས་ཀྱུ་གསང་བ་ཡེ་ཤེས་ལྷ་དགུ་པའི་སོགས། བཞི་པ་ཡང་གསང་ལྟར་སྒྲུབ་པའི་འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་དང་། གཉིས་སུ་མེད་པ་འཇའ་ལུས་རྡོ་རྗེའི་སྐུ་ཅན་མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མཚན་དང་སྐུའི་རྣམ་འགྱུར་དུ་མ་མངའ་བ་ལྷ་ལྕམ་མནྡཱ་ར་བ་ལྷ་དགུ་པའི་སོགས། ལྔ་པ་ཡང་གསང་སྒྲུབ་པ་རྗེ་བཙུན་སྒྲོལ་མ་རྡོ་རྗེ་དབྱངས་ཅན་མ་ལྷ་མོ་ལཱ་སྱཻ་དཀར་མོ་རྣམས་དང་ཐ་དད་མེད་པ་གསང་བ་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ལམ་བདུད་འདུལ་བདེ་ཆེན་རྒྱལ་མོ་ལྷ་དགུ་པའི་སོགས་སྦྱར་ནས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ཨོཾ་ཙཀྵུ་རྦནྡྷ་བཱ་ར་མ་ཎ་ཡ་ཧཱུྃ། ཞེས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ། གིས་མེ་ཏོག་སྦྱིན། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྗེ་བཙུན་བླ་མ་རྡོ་རྗེ་འཆང༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ འཁོར་བའི་གནས་ནས་འདྲེན་པ་དང༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་དུ༔ བདག་ཉིད་མྱུར་དུ་བཅུག་པ་དང༔ དབང་རྣམས་རིམ་པར་བསྐུར་དུ་གསོལ༔ གསུམ་དང་། བླ་མས་ལན་སྦྱིན་པ། ཧོ༔ འདི་ལྟར་གསང་བའི་དཀྱིལ་འཁོར་དུ༔ ཞུགས་ནས་རྣལ་འབྱོར་དམ་ཚིག་རྣམས༔ ཇི་ལྟར་བདག་གིས་བསྒོ་བ་བཞིན༔ སྲོག་གི་ཕྱིར་ཡང་འདའ་མི་བྱ༔ བླ་མ་དང་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པ་མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་གོང་གསལ་ལན་གསུམ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོ་ལ་དགོད་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་ཟབ་མོའི་ལམ་ལ་རྣལ་འབྱོར་དུ་བྱའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། གཞན་དོན་སངས་རྒྱས་སོགས་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་པར་བྱེད་པ་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པ་སྔོན་དུ་འགྲོ་བས་ཚིག་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས། དབང་དོན་རྒྱུད་ལ་བརྟན་པར་བྱེད་པའི་སྲོག་རྩ་དམ་ཚིག་ལ་རགས་ལས་པས་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ དེང་ནས་བརྩམ་སྟེ་བྱང་ཆུབ་བར༔ གསང་བ་བླ་མེད་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ༔ དམ་ཚིག་མ་ཉམས་བདུད་རྩི་ཆེ༔ ཉམས་ན་ཧ་ལ་མི་སྲུན་པ༔ ཤིན་ཏུ་གཉན་པས་འདི་ཐུངས་ལ༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ བཛྲ་ས་མ་ཡ་ཨ་མྲྀཏ་ཧཱུྃ༔ འདའ་དཀའ་རྡོ་རྗེའི་ཐ་ཚིག་གཉན་པོ་ལས་སྲོག་གི་ཕྱིར་ཡང་འདའ་བར་མི་བགྱིད་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་སྲོངས། རླུང་ཁ་སྦྱོར་དུ་ཆིངས། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །བྱས་ལ། སྤྲོས་མེད་དབང་རྣོན་ལ་གཞུང་གསལ་ཙམ་གྱིས་འཐུས་ཀྱང་། སྤྲོས་ལ་དགའ་བ་དང་གསལ་ཐེབས་དཀའ་བའི་རིགས་ལ་བྱ་སླ་ཁོ་ནས་དོན་མི་འགྲུབ་པས། སྤྱི་ལྟར་བསང་སྦྱང་། གཙོ་བོ་སོ་སོ་ཞལ་ཕྱག་ཡོངས་རྫོགས་སམ། རྩ་བའི་ལྷ་སྐུ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སོ་སོ་ལྟར་དང་ཕྱག་མཚན་རྩ་ཕྱག་དང་པོ་གཉིས་ལྟར་བསྣམས་པ་རེ་བསྐྱེད་ཀྱང་ཆོག་ལ་འཁོར་རྣམས་བསྐྱེད་པ་སོགས་སྤྲོས་པ་གཞན་མི་དགོས། དེ་མཚམས་གཏེར་གཞུང་གི་གསལ་འདེབས་དངོས་ནི། ཁྱེད་རྣམས་ཡེ་ཤེས་མཁའ་འགྲོར་གསལ༔ སྙིང་གར་གཡུང་དྲུང་གཡོན་འཁོར་བའི༔ སྟེང་དུ་ཕག་མོ་གར་བྱེད་སྒོམས༔ དཀྱིལ་འཁོར་པ་ལས་ཕྱག་རྒྱ་གསུམ༔ འོད་འབར་ཆར་བཞིན་བབས་ནས་སུ༔ སྤྱི་བོ་ནས་ཞུགས་སྙིང་ག་ཡི༔ ཡེ་ཤེས་སེམས་དཔའ་ལ་ཐིམ་པས༔ བདེ་བ་བཟོད་མེད་འབར་བར་བསམ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བཟླས་ཤིང་སྦྱར་སྤོས་བསྲེག༔ ཌཱ་རུ་རྐང་གླིང་བཤུག་གླུ་སོགས༔ རོལ་མོ་དལ་བྲེལ་སྤེལ་མ་བྱ༔ ཞེས་གསུངས་པ་ལྟར་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་དང་རྡོ་རྗེ་དང་མེ་ཏོག་མགོར་བཞག །མེ་ཏོག་རང་རིགས་ཀྱི་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་དཀྱིལ་འཁོར་བདག་པོ་བླ་མ་ལ་འབུལ་འཚལ། པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་བླ་མའི་ཕྱག་ཏུ་ཕུལ་ལ་བླང་། དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཏིཥྛ༔ ཞེས་སླར་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས། ཧོ༔ རྡོ་རྗེ་རྣལ་འབྱོར་དེང་ཁྱོད་ཀྱི༔ མིག་འབྱེད་པ་ནི་ཐུགས་རྗེའི་མཐུས༔ ཕྱེ་བས་རང་བཞིན་དཀྱིལ་འཁོར་མཐོང༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཚོན་བྱེད་ཀྱི་དཔེ་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས་དོན་དམ་རང་བྱུང་འོད་གསལ་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་མཇལ་བར་མོས་ཤིག །ཧོ༔ ལྟོས་ཤིག་རྡོ་རྗེ་རྣལ་འབྱོར་ཆེ༔ འདི་ན་མཚོན་བྱེད་དཔེ་ཡི་དལ༔ སེམས་ཉིད་འོད་གསལ་བདེ་བ་ཆེ༔ མཚོན་བྱ་དཀྱིལ་འཁོར་མངོན་སུམ་མཐོང༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་བཞིན། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་ངོ་མཚར་དགེ་ལེགས་ཀྱི་བཀོད་པའི་རོལ་མོ་མཐའ་ཡས་པ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ རྒྱལ་བ་སེམས་དཔའ་ཁྲོ་བོའི་ཚོགས༔ བཙུན་མོར་བཅས་པའི་གསང་གསུམ་ལས༔ བུམ་པའི་དབང་བསྐུར་བླ་མེད་པ༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་། དྲི་མ་དག །ཕུང་ལྔ་རྣམ་པར་དག་ཅིང་དུག་ལྔ་གནས་གྱུར་པའི་རྟགས་སུ་ཆུ་ལྷག་གྱེན་དུ་ལུད་པ་ལས་སོ་སོའི་བདག་པོ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་ཐོག་མར། དཀྱིལ་འཁོར་པའི་ལྷ་ཚོགས་གཙོ་འཁོར་སོ་སོ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་གཙོ་མོ་སྙིང་ག །འཁོར་གྱི་རིགས་བཞི་དཔྲལ་མགྲིན་ལྟེ་གསང་། སྒོ་མ་བཞི་ཡན་ལག་བཞི་ལ་ཐིམ་པར་མོས་ཤིག །ཙཀ་ལི་སྔགས་དང་བསྟུན་གནས་སོ་སོར་འཇོག་ཚུལ་བྱས་ལ། ཨོཾ༔ ཡེ་ཤེས་དོན་ལ་རྟགས་ཀྱི་སྐུ༔ གཙོ་དང་འཁོར་གྱི་ཚུལ་དུ་སྣང༔ སྣོད་བཅུད་རྣམ་པར་དག་པའི་ཕྱིར༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བུདྡྷ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་རཏྣ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་པདྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཀརྨ་གྷཱཎྜེ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་ཕུང་ཁམས་སྐྱེ་མཆེད་གསལ་སྟོང་ལྷ་སྐུ་ཕྱག་རྒྱར་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་མི་ཤིགས་ནཱ་དའི་རང་སྒྲ་རྒྱུད་ལུང་མན་ངག་གི་སྙིང་པོ་སྔགས་ཀྱི་ཕྲེང་བ་སྒྲ་སྒྲོག་བཞིན་པར་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཨཱ༔ རྡོ་རྗེའི་གསུང་དབྱངས་ལས་བྱུང་བའི༔ གྲགས་པ་སྔགས་སུ་རྟོགས་པ་དང༔ རྒྱུད་ལུང་མན་ངག་ཐམས་ཅད་ཀུན༔ ཐོས་བསམ་སྒོམ་པའི་དབང་བསྐུར་རོ༔ ཨཱཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་སྔགས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་རླུང་སྔགས་དབྱེར་མི་ཕྱེད་པ་གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་བརྩོན་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་རང་གཟུགས་ཆོས་སྐུ་བྱང་ཆུབ་ཆེན་པོའི་མཆོད་སྡོང་དང་། རང་རིགས་རྟགས་ཀྱི་ཕྱག་མཚན་འོད་ཟེར་སྣ་ལྔ་འབར་བཞིན་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །མཆོད་རྟེན་དང་སོ་སོའི་ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ འོད་གསལ་ཐུགས་ལས་བྱུང་བ་ཡི༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས༔ ཆོས་དབྱིངས་སྤྲོས་བྲལ་རྟོགས་པར་ཤོག༔ ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་འཁོར་འདས་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལངས་སུ་ཤེས་པས་རིག་སྟོང་འོད་གསལ་བའི་ངང་དུ་མཉམ་པར་འཇོག་པ་ལས་མ་གཡོས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་གཙོ་མོ་ཡེ་ཤེས་མཁའ་འགྲོ་མ་དང་རང་འོད་ཀྱི་ཡབ་དཔལ་ཆེན་ཡབ་ཡུམ་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་ཁྱེད་རང་རྣམས་ཀྱིས་མྱངས་པས་རྩ་རླུང་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་རོལ་མོར་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་རྨད་དུ་བྱུང་བའི་དབང༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ དབང་ཐོབ་དེ་ཡི་ལྕེ་ལ་བཞག༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་གསུང་འཐོབ་པར་འགྱུར་བ་ཡིན་ནོ། །གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་ཞིང་འདོད་པའི་སྒྱུ་རྩལ་ལ་མཁས་པའི་ཐབས་ཀྱི་དཔའ་བོ་དང་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རྡོར་པད་ཀྱི་བརྡས་མཚོན་ཏེ། ཧཱུྃ༔ ལུས་འཁྲིལ་བུམ་པ་ལྗགས་སྦྱོར་གསང༔ མཁའ་གསང་ཤེས་རབ་ཡེ་ཤེས་སྦྱོར༔ དཀར་དམར་འཕྲོ་འདུ་རོ་མཉམ་པ༔ ལྷན་སྐྱེས་ཡེ་ཤེས་རྟོགས་པའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བརྟེན་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་ཐུགས་འཐོབ་པར་འགྱུར་བ་ཡིན་ནོ། །ཐབས་ཤེས་མཉམ་པར་སྦྱོར་བ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་ཆེན་ཉམས་སུ་མྱོང་བ་དེ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཏེ། དེའི་རང་ངོ་ལ་བལྟས་པས་སྤྲོས་པ་ཀུན་ལས་འདས་པའི་སྟོང་ཉིད་དུ་རྟོགས་ནས་བདེ་སྟོང་དབྱེར་མེད་པ་དེ་ནི་མཚོན་བྱ་དོན་གྱི་གནས་ལུགས་གཉུག་མ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པ་ཡིན་པས། དེའི་ངང་དུ་མཉམ་པར་འཇོག་པ་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །ཧཱུྃ༔ བདེ་ཆེན་སྟོང་གསལ་འདུས་མ་བྱས༔ རང་བཞིན་སྤྲོས་བྲལ་འོད་གསལ་དབྱིངས༔ བྱར་མེད་ངང་དུ་མཉམ་པར་ཞོག༔ གཞི་ཐོག་འབྲས་བུ་སྨིན་པར་འགྱུར༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡང་གསང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པ་ཐོབ། ཀ་དག་དང་ལྷུན་གྲུབ་ཀྱི་སྣང་བཞི་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་ཐུགས་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ཡིན་ཏེ། སྤྱིར་གཏོར་མ་ལ་དང་པོ་མཆོད་རྫས་སུ་ཤེས་པ། བར་དུ་དཀྱིལ་འཁོར་པར་ཤེས་པ། ཐ་མར་དབང་དང་བྱིན་རླབས་སུ་ཤེས་པ་སྟེ་ཤེས་པ་གསུམ་ལྡན་བཞི་ལྡན་དྲུག་ལྡན་ལ་སོགས་སུ་བཤད་པ་ལས། ད་ལྟའི་སྐབས་སུ་ཕྱི་མ་ལྟར་དགོས་པས་འདུན་པ་འདི་ལྟར་མཛད་འཚལ། གཏོར་སྣོད་བདེ་ཆེན་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་རྒྱལ་བ་ཀུན་ཡུམ་མཁའ་ལ་སྤྱོད་པའི་རྡོ་རྗེ་བཙུན་མོ་སྤྲུལ་པའི་འཁོར་ཚོགས་དང་བཅས་ཏེ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས། གཙོ་འཁོར་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་དབང་བསྐུར་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པར་གྱུར་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ དང་པོ་འདོད་ཡོན་ལྔ་ཡི་མཆོད་པའི་སྤྲིན༔ བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོགས༔ ཐ་མ་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འོད་ཟེར་འབར༔ མ་མོ་མཁའ་འགྲོ་དབང་དུ་འདུ་བའི་ཕྱིར༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་བས༔ སྐུ་ལྔའི་དབང་མཆོག་ཡོངས་སུ་རྫོགས་པར་ཤོག༔ སོ་སོའི་སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གནས་ལྔར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཅིག །ཅེས་དང་ཡེ་དྷར་གྱིས་བཏབ་པའི་མེ་ཏོག་འཐོར་ལ་འབྲེལ་ཆགས་པའི་ཤིས་པ་བརྗོད། དབང་རེ་རེ་བཞིན་བསྐུར་སྒྲུབ་བྱེད་སྐབས་མནྡཱ་ར་བའི་གཤམ་དུ་ཚེ་དབང་སྦྱར། ཐམས་ཅད་དུས་གཅིག་ཏུ་བསྐུར་བ་ལྟ་བུ་ལ་འདིར་བཀྲ་ཤིས་ཚེ་དབང་བསྐུར་ཏེ། དེ་ལྟར་ཡེ་ཤེས་མཁའ་འགྲོ་རྣམ་པ་ལྔ་ཡི་སྨིན་བྱེད་ཡོངས་སུ་རྫོགས་པའི་མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ཡིན་པས་དམིགས་པ་རྣམས་ལེགས་པར་གསལ་ཐོབས། ཁྱེད་རང་རྣམས་སྐད་ཅིག་གིས་འཆི་མེད་མནྡཱ་ར་བའི་སྐུར་གྱུར། ཨ་ཧཾ་གཉིས་ཀྱི་སོགས་ནས། རྒྱས་གདབ་བར་ཚང་བར་བརྗོད་ལ། ཐོག་མའི་ཚེ་འགུགས་སྐབས་མདའ་དར་གཡབ། ཚེ་འབྲང་གནས་གསུམ་དུ་བཞག་ལ་དབང་བསྐུར། གོང་གི་ཛཔ྄་བརྗོད་ལ། ཚེ་རིལ་དང་ཚེ་ཆང་སྦྱིན་ལ་རྒྱས་གདབ་བྱའོ། །གསུམ་པ་རྗེས་རིམ་མཇུག་གི་བྱ་བ་ལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ནོར་བུའི་སྒྲོམ་ཆེན་ལས་འཕྲོས་པ། ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས་མཁའ་འགྲོའི་སྒྲུབ་ཐབས་ཟབ་མོ་ལྔའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། ཆོ་གའི་རྗེས་རིམ་ནི། ལས་བྱང་ལྟར་ཚོགས་མཆོད་ལྷག་མ་འབུལ་བ། ཆད་མདོ་གཏོར་སྐྱོང་བརྟན་མ་རྟ་བྲོ་བཅས། དབང་དོན་སྒྲུབ་མཆོད་ལ་དངོས་གྲུབ་ལེན་ཆོག་མི་དགོས། གཏང་རག་མཆོད་བསྟོད་དང་། ནོངས་བཤགས་སྤྱི་ལྟར་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་ལ་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་རྒྱས་པར་བྱའོ། །ཟག་མེད་དགའ་བཞིས་རྣམ་པར་རྩེན་པའི་གནས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ། །ལྷན་སྐྱེས་མཛེས་མས་བདག་སོགས་མདུན་བསུས་ཏེ། ཁྲག་འཐུང་དཔལ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའི་རྗེས་གནང་ཡང་ཡང་བསྩལ་ཅིང་། སྲས་ཡུམ་ཟུང་གིས་ཆེད་བསྐུལ་མཛད་པ་ལྟར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).