Terdzo-'A-014

From Rinchen Terdzö

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་

thugs rje chen po gsang ba 'dus pa'i rnal 'byor rgyun gyi dbang chog 'gro don char rgyun

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ (Thugs rje chen po gsang ba 'dus pa)
Volume 23 (འ) / Pages 339-364 / Folios 1a1 to 13b5

[edit]

༄༅། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། རབ་དྭངས་ཡེ་ཤེས་རྣམ་བཞིའི་ཆུ་བོ་ཡིས། །གནས་སྐབས་བཞི་ཡི་དྲི་མ་གཏོར་བ་དང་། །སྐུ་བཞིའི་བདུད་རྩི་རྒྱུད་ལ་བླུགས་མཛད་པ། །ཐུགས་རྗེའི་དབང་ཕྱུག་དེ་ལ་ཕྱག་བགྱི་འོ། །རྡོ་རྗེའི་གནས་ལ་སོ་སྐྱེའི་བློ་གྲོས་ཀྱིས། །ཚོད་དཔོག་དབང་ཟ་མ་ཡིན་བློ་དམན་རྣམས། །དྲང་དོན་བརྩེ་བས་བསྡུས་པ་ཆོ་གའི་ཁྲིགས། །འབྲི་ལ་རྩ་བ་གསུམ་གྱིས་གནང་བ་སྩོལ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་རྒྱས་པར་ཐོབ་ནས་རྒྱུད་སྨིན་པའི་གང་ཟག་གིས་ལམ་དུས་ཀྱི་དབང་གི་རྒྱུན་དང་དམ་ཚིག་གསོ་བའི་སླད་དུ་བདག་ཉིད་འཇུག་པའམ། ལོ་རེ་བཞིན་སྒྲུབ་པ་ཆེན་པོ་བསྟར་ཆགས་པ་དང་འབྲེལ་བར་སྐལ་ལྡན་གྱི་འདུས་པ་དཀྱིལ་འཁོར་དུ་གཞུག་པར་འདོད་ལ་དབང་གི་ཆོ་ག་རྒྱས་པར་མི་ལྕོགས་པ་དག་གིས་བསྡུས་པའི་ཚུལ་གྱིས་དབང་བསྐུར་བ་འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། བཤམ་བཀོད་དང་། སྒྲུབ་མཆོད་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་ཁོག་ནས་ཇི་ལྟར་བཤད་པ་རྣམས་ཚོགས་པར་བྱ་དགོས་ལ། བདག་འཇུག་ལ་སོགས་པའི་སྐབས་སུ་སྟེགས་བཟང་པོར་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་དབུས་མཉྫི་ལ་བུམ་པ་རྒྱན་དང་བཅུད་ལྡན་གྱི་སྟེང་དུ། གཏོར་མ་རི་རབ་ཁར་ཟླུམ་པོ། དེ་སྟེང་པདྨ་འདབ་བརྒྱད་ཁར་བུམ་པ་པད་སྤུང་ནོར་བུས་ཁ་བརྒྱན་པ་ཅན་བཞག །རིགས་ལྔའི་པྲོག་ཞུ། ལྷ་དང་ཕྱག་མཚན་སོགས་ཀྱི་ཙཀ་ལི། གླེགས་བམ། ཚེ་གཏོར། བྷཉྫ་ཆོས་སྨན་མངར་གསུམ་དང་སྦྱར་བའི་ཆང་། རིག་ཙཀ །ཤེལ་རྡོ་མེ་ལོང་སོགས་འོག་ནས་འབྱུང་བའི་དབང་གི་རྫས་རྣམས་བཀོད། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་བཤམ། ལས་བུམ། དུང་ཞལ། མིག་དར། མེ་ཏོག་ཚོགས་ཀྱི་ཡོ་བྱད། གཏོར་མཆོད་ཀྱི་རིགས་ལེགས་པར་ཚོགས་པར་བྱའོ། །གཉིས་པ་ནི། སྒྲུབ་ཆེན་དབང་དང་འབྲེལ་ན་འཛབ་ཀྱི་སྐབས་སུ་བུམ་པའི་བཟླས་དམིགས་ཁྱད་པར་དུ་སྦྱོར་ཞིང་། རྗེས་གཞན་དོན་དབང་བསྐུར་བའི་སྐབས་སུ་བབས་པ་ན་འདིར་འཇུག །དེ་ལས་གཞན་དུ་སྔོན་འགྲོ་ནས་བརྩམ་སྒྲུབ་ཐབས་དཀྱུས་བཞིན་བྱ་བ་ལས། སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་རང་རྩལ་རྒྱུའི་ཡི་གེ་ཧྲཱིཿཡིག་ལས། བསྒྲུབ་གཞི་བདག་དང་། སྒྲུབ་རྫས་མདུན་དུ་བཤམས་པའི་དཀྱིལ་འཁོར་དང་བཅས་པ་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ་ནས་དམ་ཚིག་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བཞུགས་སུ་གསོལ། གཞན་འཕྲུལ་དབང་དུ་བྱེད་པ་ལྟར་ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པ་སོགས་ཀྱི་མཐར་འཛབ་ཁང་དབྱེ་བ་ནི། བསྒོམས་པའི་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་རོལ་སྒྲུབ་རྫས་ཀྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་བར་མོས་ལ་བསྙེན་བཟླས་སྤྱིར་སོང་མཚམས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། ཞེས་དང་། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། ལྷ་རྣམས་མཆོད་ཅིང་དགྱེས་པ་སྐྱེད། སྐུ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབ་པས་བུམ་ཆུ་དང་འདྲེས་པར་གྱུར། ཞེས་མོས་ལ་གཙོ་འཁོར་གྱི་བསྙེན་པ་ཅི་འགྲུབ་བཟླ། ལས་བུམ་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ལས་ཀྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་དང་དབྱེར་མེད་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སེར། ཕྱག་གཡས་རྒྱ་གྲཾ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་ལྡན་ཅིང་གཡས་བརྐྱང་གི་སྟབས་ཀྱིས་མེ་འབར་བའི་ཀློང་ན་བཞུགས་པ། དམ་ཚིག་ཡེ་ཤེས་དབྱེར་མེད་པའི་རང་བཞིན་དུ་གྱུར། རྣམ་འཇོམས་གཟུངས་ཐུང་དང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླ། ཁྲོ་བོ་འོད་དུ་ཞུ་ནས་བུམ་ཆུ་བར་ཆད་སེལ་བའི་ནུས་པ་དང་ལྡན་པ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། དེ་ནས་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་པ་དང་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའམ། གཞན་གཞུག་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ལས་རུང་དུ་བྱའོ། །བདག་མདུན་དབྱེར་མེད་དུ་སྒྲུབ་པའི་ཚུལ་འདི་ནི་ཆེས་མཁས་ཤིང་གྲུབ་པའི་སྔ་འགྱུར་རིག་པ་འཛིན་དབང་རྣམས་ཀྱི་དགོངས་པ་ཡུག་གཅིག་ཏུ་གནས་པ་ཡིན་པས། སྐབས་འདི་ཙམ་དུ་མ་ཟད་བཀའ་གཏེར་དག་སྣང་སྤྱིར་སྦྱོར་བའི་གནད་དོན་གལ་པོ་ཆེ་ཡིན་པ་ཤེས་པར་བྱ་དགོས་ལ། བདག་མདུན་དབྱེར་མེད་ཅེས་པའི་མིང་ཙམ་ཐོས་ལ་དོན་གནད་སྣང་ལ་མ་ངེས་པ་དག་གིས། ཚིག་རིས་གཅིག་གིས་བདག་མདུན་མང་པོ་བསྐྱེད་པར་འདོད་པ་སོགས་ནི་རྗོད་བྱེད་ཚིག་མང་ཉུང་ཙམ་ལས། བསྒོམ་བྱའི་དོན་སྔགས་གསར་མ་ཐུན་མོང་བ་རྣམས་དང་ཁྱད་པར་གང་ཡང་མ་ཞུགས་པ་མ་ཟད། གསར་མའི་བླ་མེད་ཤིན་ཏུ་ཟབ་པའི་བསྐྱེད་ཚུལ་རྫོགས་པའི་རྣལ་འབྱོར་ཙམ་ལའང་མ་རེག་པས་སྔ་འགྱུར་བའི་དགོངས་པའི་གནད་ལ་མི་ཉེ་བའི་ཚུལ། རྗེ་ཀུན་མཁྱེན་ཆེན་པོས་ཡོངས་འཛིན་དྲིས་ལན་དུ། བརྗོད་པ་གཅིག་གིས་བདག་མདུན་སོ་སོར་མཉམ་སྒྲུབ་བྱེད་པ་འདི་ཕྱིས་སུ་གྲགས་ཆེ་ཞིང་བྱེད་མཁན་མང་མོད། ཆོ་ག་སོ་སོའི་ཚིག་རིས་དང་སྦྱར་བའི་དང་པོ་བདག་ལྟར་བསྐྱེད་ནས་དེ་ལས་ས་བོན་སྤྲོས་ཏེ། མདུན་བསྐྱེད་བསྒོམ་པ་དང་། དང་པོ་རྒྱུའི་ཏིང་ངེ་འཛིན་གྱི་ས་བོན་གཉིས་བསྒོམས་ནས། དེ་ལས་ས་བོན་སྤྲོས་ཏེ་བདག་མདུན་སོ་སོར་བསྒོམ་པ་གཉིས་ཀའང་གཞུང་དོན་དང་འགལ་བས་འཐད་ལྡན་མ་ཡིན་པའི་ཕྱིར། ཐོག་མར་བདག་མདུན་དབྱེར་མེད་དུ་བསྐྱེད་ཟིན་ནས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ངོ་བོ་དབྱེར་མེད་ལ་རྣམ་པ་མདུན་བསྐྱེད་ཀྱི་ལྷ་དང་གཞལ་ཡས་ཁང་སོགས་ལམ་མེར་གསལ་འདེབས་པར་མཛད་ན་དོན་དང་མི་འགལ་ཞིང་འཛབ་ཁང་དབྱེ་བ་དང་ཁྱད་པར་མེད་པས་ལེགས། ཞེས་གསུངས་པ་འདིའང་རྙིང་མ་བྱས་ཕྱིན་གོ་བྱའི་གནད་གལ་པོ་ཆེ་ཡིན་པས་འཕྲོས་སུ་སྨོས་པའོ། །གཉིས་པ་དབང་བསྐུར་བའི་ཆོ་ག་དངོས་ལ་གཉིས། འཇུག་པ་དང་། དབང་བསྐུར་བའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ་ཞིང་། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བར་ཆད་གྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ་ཤུདྡྷོ྅་ཧཾ༔ ཞེས་དང་། ཡིག་བརྒྱ་བཟླ། བགེགས་གཏོར་ཆབ་བྲན། རཾ་ཡཾ་ཁཾ། ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱཾ་ཨཱ་ཀརྵ་ཡ་ཛཿས་བཀུག །སརྦ་བིགྷྣཱཾ་ན་མཿསརྦ་ནས། ཁཾ་གྲྀ་ཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱཿ ལན་གསུམ་གྱིས་བསྔོ། ཧཱུྃ༔ བྱང་ཆུབ་བསྒྲུབ་ལ་མི་དགའ་བའི༔ མི་དང་མི་མིན་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ གནས་འདིའི་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་མི་ཉན་འདས་གྱུར་ན༔ རྡོ་རྗེའི་ཁྲོ་ཚོགས་དཔག་མེད་ཀྱིས༔ ལུས་ངག་ཡིད་གསུམ་རླག་པར་བྱེད༔ འདིར་འདུག་འཇུག་པའི་གནས་མིན་གྱིས༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ དང། སུམྦྷ་ནིའི་སྔགས། རོལ་མོའི་སྒྲ །གུ་གུལ་དུད་པ་སོགས་ཀྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱས། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བའི་མཎྜལ་འབུལ་དུ་གཞུག །གསང་འདུས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར་སྔོན་ཆད་མ་ཞུགས་པའམ། བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་གདོང་གཡོགས་དམར་པོ་ཁ་ཚར་མ་ཉམས་པ་འཆིང་བར་མོས་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མཱ་ཎཱ་ཡ་སྭཱ་ཧཱ། ཞེས་གདོང་བཅིང་། ཕྱག་རྟེན་མེད་པར་དཀྱིལ་འཁོར་གྱི་ལྷ་དང་མཇལ་དུ་མི་བཏུབ་པས་ཡངས་ཤིང་མ་ཉམས་པའི་མེ་ཏོག་གསར་པའི་ཕྲེང་བ་རེ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་གུས་པ་ཆེན་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧཱུྃ༔ ཐུགས་རྗེ་ཆེ་དང་མཉམ་སྦྱོར་བ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ དབང་ཆེན་དབང་གི་བདག་ཉིད་ཀྱིས༔ བདག་ཅག་སྐལ་ལྡན་མཆེད་དང་ལྕམ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞིའི་ཡེ་ཤེས་མཆོག་ཐོབ་པར༔ མགོན་པོ་ཁྱེད་ཀྱིས་མཛད་དུ་གསོལ༔ ལན་གསུམ། དམ་ཚིག་གཉན་པོའི་གནས་ལ་སྤྲོ་བ་དྲི་བ་ནི་འདི་ལ་གསན་པར་འཚལ། གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱེད་ཀྱིས་གལ་ཏེ་ཉམས་གྱུར་ན༔ དེ་ནི་ཡང་དག་ཉེས་ཆེན་པོ༔ དེ་བས་ཚུལ་བཞིན་བསྲུང་བ་དང༔ བཀའ་བཞིན་བསྒྲུབ་པར་ཁྱོད་སྤྲོ་འམ༔ ཁྱེད་རྣམས་སྐལ་བར་མི་ལྡན་ན༔ བདག་ཅག་ཐམས་ཅད་ཉེས་འགྱུར་ཏེ༔ དེ་བས་ཕྱི་རུ་དེངས་པར་རིགས༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད༔ དགོངས་ཤིག་བླ་མ་མགོན་པོ་རྗེ༔ རྡོ་རྗེ་རིགས་མཆོག་ལ་སོགས་པ༔ བདག་ཅག་ཉེ་བར་གྱུར་པ་དེ༔ བཀའ་དང་དམ་ལས་མི་འདའ་སྟེ༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ སྐུ་དྲིན་ཆེན་པོས་བཟུང་དུ་གསོལ༔ བླ་མས། དེ་ལྟར་ཁ་ཙམ་མ་ཡིན་པར༔ མི་འགལ་རྡོ་རྗེའི་དམ་བསྲུང་ན༔ དམ་ཚིག་གི་ནི་རྡོ་རྗེ་ཟུངས༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ དམ་ཚིག་གི་རྡོ་རྗེ་ལ་ཁྱེད་རང་རྣམས་རེ་རེ་བཞིན་འཇུས་ཏེ་ཐ་ཚིག་གི་བྲོ་བོར་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཐ་ཚིག་རྡོ་རྗེའི་མནའ་བོར་འཚལ༔ དམ་ལས་འདའ་ན་ན་ར་ཀན༔ རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ་མདུན་བསྐྱེད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ནས་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་མཐའ་དག་ལེགས་པར་བཟུང་ཞིང་སྨོན་འཇུག་དོན་དམ་གྱི་བྱང་ཆུབ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྟག་ཏུ་གནས་ཤིང་བསྲུང༔ དོན་དམ་སེམས་བསྐྱེད་སྡོམ་པ་བཟུང༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། བདུད་རྩི་དང་ལས་བུམ་གྱི་ཆུ་བསྲེས་པ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་ཉམས་པས་ལུས་ངག་ཡིད༔ རུལ་མྱག་ཚིག་སྟེ་དམྱལ་བར་འགྲོ༔ བསྲུང་ན་ཡེ་ཤེས་སེམས་དཔར་འགྱུར༔ ཐར་པའི་ས་བོན་མཆོག་ཏུ་གྱུར༔ དེ་ཕྱིར་དམ་ལ་གནས་པར་མཛོད༔ ས་མ་ཡ་བཀྴ་སཱི་ཧཱུྃ༔ རང་རང་གི་སྤྱི་མགྲིན་སྙིང་ག་ལྟེ་བར་གདོད་གནས་ཀྱི་རྡོ་རྗེ་བཞིའི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿསེར་པོ་གསལ་བ་ལ། ལྷ་ཚོགས་རྣམས་ཀྱི་གནས་བཞི་ནས་ཡི་གེ་འབྲུ་བཞི་ཆར་བབས་པ་ལྟར་བྱུང་ནས་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་ཤིང་བརྟན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་རྡོ་རྗེ་གནས་བཞིར་གཏུགས། དབང་གི་གཞི་འགོད་པ་ཡི་དམ་གྱི་བསྐྱེད་རིམ་ཕོག་ཅིང་ཡེ་ཤེས་པ་འབེབ་པའི་སླད་དུ་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། ཡིད་གཞན་དུ་མ་ཡེངས་པར་སྤྱན་དམིགས་འདི་བཞིན་དུ་མཛད་འཚལ། མི་དམིགས་སྟོང་པའི་ངང་ཉིད་ལས༔ ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རིག་པ་ཡི་གེ་ཧྲཱིཿདམར་པོ༔ ཕར་འཕྲོས་རྒྱལ་བ་མཉེས་མཆོད་འབུལ༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་དངོས་གྲུབ་རང་ལ་བསྡུས༔ འཁོར་བ་དོང་ནས་སྤྲུགས་པར་བསྒོམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ ཁྱོད་རྣམས་གསང་བ་འདུས་པའི་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་ཚེ་བུམ་པད་སྡོང་འཛིན༔ རིན་ཆེན་པད་ཕྲེང་རུས་རྒྱན་དང༔ དར་དཔྱང་རྒྱན་ཚོགས་དུ་མས་བརྒྱན༔ ཡུམ་མཆོག་གསང་བ་ཡེ་ཤེས་དམར༔ ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི༔ ཟུང་འཇུག་ཡབ་གྱི་མགུལ་ནས་འཁྱུད༔ གཅེར་བུ་རྒྱན་དྲུག་པད་ཕྲེང་འཛིན༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ གཉིས་མེད་ཟུང་འཇུག་དག་ཏུ་སྒོམས༔ དེ་ལྟར་དུ་གསལ་བའི་སྙིང་གི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་དྲུག་པ༔ དེའི་འོག་ཏུ་གཡོ་བྱེད་རླུང་གི་ས་བོན་ཡཾ་ཡིག་གིས་མཚན་པ༔ དེའི་སྙིང་དཀྱིལ་དུ་ཡེ་ཤེས་སེམས་དཔའ་བསྒོམས་པ་དང་འདྲ་བ་ཚོན་གང་བའི་ཐུགས་ཀར༔ པད་འདབ་དྲུག་ལ་ཡི་གེ་དྲུག༔ ལྟེ་བར་ཡི་གེ་ཧྲཱིཿགསལ་བ་ལ༔ ཧྲཱིཿཧྲཱིཿཧྲཱིཿཧྲཱི༔ ཡཾ་ཡཾ་ཡཾ་ཡཾ༔ ཞེས་བརྗོད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་ཧྲཱིཿདང་ཡཾ་འཕྲོས༔ སློབ་མའི་ཐུགས་ཀར་ཡིག་འབྲུ་ལ་ཕོག་པས༔ ཡཾ་ལས་རླུང་རེ་རེ་གཡོས་པས་འཁོར་ལོ་རྩིབས་དྲུག༔ སྙིང་གའི་ཡེ་ཤེས་སེམས་དཔའ་དང་བཅས་དྲག་ཏུ་འཁོར་བ་ལ་རིག་པ་རྩེ་གཅིག་ཏུ་གཏད་ཅིང༔ ཡེ་ཤེས་སེམས་དཔའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་ཁྱབ་ཅིང༔ སྤྱིར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང༔ ཁྱད་པར་དུ་པོ་ཏ་ལ་ནས་ཡེ་ཤེས་པ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང༔ འོག་མིན་ནས་རྒྱལ་བ་རིགས་ལྔའི་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་འཐིབ་འཐིབ་ནམ་མཁའ་ལ་བྱོན་ནས༔ སློབ་མའི་སྤྱི་བོ་ནས་མར་ཐིམ་ཞིང་ཁྱད་པར་དུ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་སྒོམས་ཤིག༔ འབེབ་པའི་རྫས་དུད་དང་། དབྱངས་རོལ་བཅས་པས། ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་བཞིན་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་སུ་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲིང་ཧྲིང་བཛྲ་ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧྲིང༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མ་ཕེབ་བར་དུ་དབབ། དེ་ལྟར་ལྷའི་ཏིང་ངེ་འཛིན་དང་ཡེ་ཤེས་པ་ཕབ་པ་དེ་དག་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཨོཾ་ཧྲཱིཿསུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྟན་པར་བྱས། ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་ནི། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ལས་ཀྱི་འཕྲོ་གང་ལ་ཡོད་པའི་དཀྱིལ་འཁོར་གྱི་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛད་པ་དང་ལྷན་ཅིག་དོར་བར་ཞུ། ཧོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེ་ཟུང་འབྲེལ་བ༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་གཙོ་བོའི་དབུ་ལ་ཕོག་པ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཀྱེ་པདྨའི་དཔལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ལས་ཀྱི་རྡོ་རྗེས་བསྐོར་བ་དང་བཅས་གསོལ་བ་གདབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོ༔ ལས་དང་སྐལ་བར་ལྡན་པ་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲང༔ རྡོ་རྗེ་སློབ་དཔོན་མཆོག་གིས་བཟུང༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ མ་རིག་རྨོངས་པའི་ལིང་ཐོག་སོལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་མཛོད༑ ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་བསལ་བར་བྱ༔ གསང་བ་འདུས་པའི་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་སྐྱེད༔ བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། འདི་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ། འདིས་མཚོན་བྱ་དོན་དམ་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་གྲུབ་པའི་ནང་དུ། དྲི་མེད་པདྨའི་སྡོང་པོ་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་ཐིག་ལེའི་སྦུབས་སུ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་གསང་བ་གཅིག་ཏུ་འདུས་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གསང་བ་ཡེ་ཤེས་ཡུམ་དང་མཉམ་པར་སྦྱོར་ཞིང་རིགས་བདག་ཡེ་ཤེས་སེམས་དཔའ་སྤྲུལ་པའི་སྲས་དང་བཅས་པའི་ཕྱི་རོལ་དུ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཐུབ་པ་དྲུག །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སྒོ་སྲུང་ཧེ་རུ་ཀ་རིགས་བཞི། ཕྱིའི་ཁྱམས་ལ་ལྷ་དང་རིག་འཛིན་མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་དཔག་ཏུ་མེད་པ་དང་བཅས་པ་སྟེ། མདོར་ན་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས། འདུས་མ་བྱས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཀུན་ཏུ་འོད་ཀྱི་རང་བཞིན་རྣམ་པར་འཁྱིལ་ཞིང་ཕྱི་ནང་ཟང་ཐལ་ཆེན་པོར་ཡོངས་སུ་རྫོགས་པ། ཐུགས་རྗེའི་རང་བཞིན་ཆོས་དབྱིངས་རང་བྱུང་ཡེ་ཤེས་སྙིང་པོ་ཅན་གྱི་རྟེན་དང་བརྟེན་པ་ཐམས་ཅད་མངོན་སུམ་དུ་མཇལ་བའི་མོས་པ་དང་གུས་པ་བསྐྱེད་མཛོད། དེས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་བསྐུར་བ་དངོས་ལ་ལྔ། བུམ་དབང་ཤེར་ཡེ་ཚིག་དབང་མཐའ་རྟེན་ནོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །སློབ་མ་ལྷར་གསལ་བའི་སྤྱི་བོའི་གནས་ལྔར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡེ་ཤེས་ལྔའི་ངོ་བོར་གསལ་བ་ལས་འོད་ཟེར་འཕྲོས་པས་སྣོད་དུ་མི་རུང་བའི་ཉེས་པ་ཐམས་ཅད་སངས་ཀྱིས་སྦྱངས་ནས་རྣམ་དག་ལྷའི་སྐུར་གྱུར། བུམ་པ་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་པར་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་བསྐྱེད་པར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་སྐུ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ གསང་འདུས་ཐུགས་རྗེའི་ལྷ་ཚོགས་བཞུགས༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུད༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག །བུམ་ཆུ་སྦྱིན། རིགས་ལྔའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུགས་པས་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པར་གྱུར། ཧཱུྃ༔ ཕྱག་རྒྱའི་དབང་བསྐུར་ཡོངས་རྫོགས་དཔལ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་མཆོག༔ མ་ལུས་འདུས་པ་ཆེན་པོ་ཡི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ཕྱག་རྒྱའི་དབང་བསྐུར། བུམ་སྒྲུབ་སྐབས་རིལ་བུའི་བུམ་པ་ཐོགས་ལ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དཔག་ཏུ་མེད་པ་མངོན་སུམ་བཞིན་དུ་བཞུགས་པའི་གནས་བཞི་ནས་རྡོ་རྗེ་བཞིའི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་འཇའ་ཟེར་ཐིག་ལེའི་རྣམ་པར་བྱོན། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས། ཐོག་མེད་ཀྱི་སྒྲིབ་པ་བག་ཆགས་མ་ལུས་པ་མུན་ཁང་དུ་སྒྲོན་མེ་བཏེག་པ་བཞིན་སྐད་ཅིག་ལ་བྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐོབ་པར་མོས་མཛོད༔ ཧཱུྃ༔ རང་བྱུང་ཐུགས་རྗེ་དབང་གི་ལྷ༔ དུང་ཕྱུར་བྱེ་བ་དཔག་མེད་བཞུགས༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ༔ འགག་མེད་རྡོ་རྗེ་ཚངས་པའི་གསུང༔ ཡན་ལག་རྒྱ་མཚོའི་ཆོས་སྒྲ་སྒྲོག༔ གསུང་དབང་ངག་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་གསུང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཐུགས༔ ཕྱོགས་བྲལ་རྒྱལ་བའི་ཐུགས་རྡོ་རྗེ༔ ཐུགས་དབང་སེམས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་ཐུགས་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྱི་ཡེ་ཤེས་ཀུན་རྒྱས་ཀྱང༔ མ་རིག་གཟུང་འཛིན་བག་ཆགས་འཐས༔ ངོ་མཚར་རྨད་བྱུང་མཆོག་གི་རྫས༔ བག་ཆགས་རྣམ་རྟོག་སྦྱོང་བྱེད་ཅིང༔ འདི་ཡིས་མངོན་པར་སངས་རྒྱས་ཐོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཐམས་ཅད་མ་ལུས་དབང་ཐོབ་ནས༔ རྣམ་གྲོལ་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱིཿཨཱ༔ བུམ་པ་གནས་བཞིར་གཏུགས། རིལ་བུ་གསུམ་རེ་བུམ་ཆུས་འཕུལ་ལ་མིད་དུ་གཞུག །རིལ་བུ་ཡེ་ཤེས་སེམས་དཔའ་དངོས་སུ་གསལ་བ་དེ་ཉིད་ཁྱེད་རང་དམ་ཚིག་པ་ལ་ཐིམ་པས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དངོས་སུ་གྱུར་ནས་ནམ་མཁའ་ཇི་སྲིད་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཙཀ་ལི་རྣམས་རིམ་བཞིན་ཐོགས་ཏེ་གནས་སོ་སོར་བསྐུར་ལ། ཞི་བའི་རྒྱན་རྣམས་བྱིན་པས་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་པར་གྱུར། ཧཱུྃ༔ ཅོད་པན་རིན་ཆེན་དབུ་རྒྱན་དང༔ ཕྲེང་བ་སྙན་ཆ་མགུལ་ཆུ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ སྟོད་གཡོགས་སྨད་དཀྲིས་གདུ་བུ་བཅས༔ ཡོངས་སུ་རྫོགས་པའི་དབང་ཡང་བསྐུར༔ བཛྲ་ བུདྡྷ་ རཏྣ་ པདྨ་ ཀརྨ་མུ་ཀུ་ཊ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱ༔ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ལྔ་ཡབ་ཡུམ་ལྔའི་ཕྱག་རྒྱ་བྱིན་པས་སྐུ་ལྔ་ཡེ་ཤེས་ལྔའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་ཡབ་ལྔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ཏོག་ཕྲེང་བ་སྐྱོན་དང་བྲལ༔ ཤེས་རབ་དྲིལ་བུ་ཆོས་སྒྲ་སྒྲོག༔ རིགས་ཀྱི་ཡུམ་ལྔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་དུ་བཞུགས་པའི་འཁོར་གྱི་ལྷ་སོ་སོ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་སྤང་བྱ་གནས་སུ་དག །རྟོགས་པའི་ཡེ་ཤེས་མངོན་དུ་བསྐྱེད་པར་གྱུར། ཧཱུྃ༔ རྡོར་སེམས་ཐུགས་ཀྱི་དབང་མཆོག་བསྐུར༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་སྐུ་ཡི་དབང་མཆོག་བསྐུར༔ བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྣང་མཐའ་གསུང་གི་དབང་ཡང་བསྐུར༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིན་འབྱུང་ཡོན་ཏན་དབང་ཡང་བསྐུར༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དོན་གྲུབ་ཕྲིན་ལས་དབང་ཡང་བསྐུར༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཇམ་དཔལ་ཐུགས་རྗེ་རྡོ་རྗེ་སེམས༔ རྡོ་རྗེ་འཆང་བཞིས་དབང་ཡང་བསྐུར༔ བདུད་བཞི་བཅོམ་ནས་དབང་བཞི་ཡི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བཛྲ་སཏྭ་ཧཱུྃ༔ མ་ཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མིག་དང་རྣ་བ་སྣ་དང་ལྕེ༔ དབང་པོ་ལྔ་པོ་གནས་དག་པའི༔ སེམས་དཔའ་རྣམས་ཀྱི་དབང་ཡང་བསྐུར༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འདས་དང་མ་འོངས་ད་ལྟར་དག༔ སྐྱེ་མཆེད་ལྔ་པོ་ཚིམ་བྱེད་པའི༔ རིགས་ཀྱི་ཡུམ་ལྔའི་དབང་ཡང་བསྐུར༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རྒྱུ་དྲུག་གནས་སུ་དག་པའི་ཕྱིར༔ ཐུབ་པ་དྲུག་གི་དབང་ཡང་བསྐུར༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གང་འདུལ་འགྲོ་བ་འདྲེན་པའི་ཕྱིར༔ སངས་རྒྱས་སྟོང་གི་དབང་ཡང་བསྐུར༔ མཛད་པ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་བུདྡྷ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་ཐོགས་ལ། གཏོར་མ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན་བབ། གནས་བཞིར་ཐིམ། སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར། ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ ལོངས་སྐུ་རྒྱལ་བའི་སྤྲིན་ཚོགས་གཏིབས༔ ཐུགས་རྗེ་སྤྲུལ་སྐུ་བླ་ན་མེད༔ གཏོར་མ་སྐུ་གསུམ་ཡོངས་རྫོགས་དཔལ༔ སྐལ་ལྡན་དབང་བཞི་ཡོངས་རྫོགས་ནས༔ འབྲས་བུ་སྐུ་བཞི་མཆོག་ཐོབ་ཤོག༔ སྤྱི་བོར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཙོ་བོའི་སྐུ་སྤྱི་བོར། གླེགས་བམ་བདུད་རྩི་མགྲིན་པ། མེ་ལོང་སྙིང་གར་བཞག་ལ། སློབ་མ་རྣམས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐུ་ཤིན་ཏུ་གསལ་ཞིང་རྫོགས་པ་ལ། དཀྱིལ་འཁོར་གྱི་གཙོ་བོ་ལས་རང་འདྲ་གཉིས་པ་འཕྲོས་ཏེ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་། སྤྲོས་བྲལ་ཀ་དག་གི་དོན་རྒྱུད་ལ་སྐྱེས་པར་གྱུར། ཧཱུྃ༔ མི་འགྱུར་ཆོས་ཀྱི་དབྱིངས་ཀྱི་སྐུ༔ གསུང་ནི་མི་འགག་ཆོས་ཀྱི་གསུང༔ ཐུགས་ནི་སྐྱེ་མེད་ཆོས་སྐུའི་ངང༔ བསྐྱེད་རིམ་གསལ་སྟོང་ཟུང་དུ་འཇུག༔ བཟླས་པ་གྲགས་སྟོང་འགག་མེད་སྒྲ༔ རྫོགས་རིམ་སྤྲོས་བྲལ་བློ་ལས་འདས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ བླ་མ་གསང་འདུས་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རང་སྒྲ་འོད་ཟེར་དང་བཅས་པ་བྱོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་ཡི་གེ་བདུན་པའི་རྗེས་ཟློས་ལན་གསུམ་གསུང་འཚལ། ཕྲེང་བ་སྦྲེལ་ལ་ཡིག་བདུན་ལན་གསུམ་རྗེས་ཟློས་བྱར་གཞུག །ཕྲེང་བ་མགྲིན་པར་བཞག །རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་བསམ་མི་ཁྱབ་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་ཐོབ་ནས། བསྙེན་སྒྲུབ་རྣམ་པ་བཞིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྣང་སྟོང་བསྐྱེད་རིམ་བསྒོམ་པ་ལ་དབང་། ཚོགས་སྦྱོར་གྱི་ནུས་པ་བཞག །སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་སེམས་བདུད་རྩིའི་རྒྱུན་མཁའ་གསང་ལས་བྱུང་སྟེ། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ལ་བྱིན་པས་རྩ་ཁམས་མཐར་ཐུག་པར་ཡེ་ཤེས་བདུད་རྩིས་གང་ནས་སྒྲིབ་བྲལ་དུ་བྱས་ཏེ་བདེ་བ་ཆེན་པོས་ཁྱབ་པར་གྱུར། བནྡྷའི་བདུད་རྩི་བྱིན་ལ། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩི་ཆེ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ༔ རྩ་ཁམས་བདེ་བའི་རང་བཞིན་ལ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ བྷོ་དྷི་ཙིཏྟ་ཨ་ཧོ་སུ་ཁ་ཨཱ༔ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པ་ལ་དབང་། མཐོང་ལམ་གྱི་ནུས་པ་བཞག །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་དབང་ནི། མཚན་ཉིད་དང་ལྡན་པའི་རིག་མ་ལག་གཡོན་དུ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་འཁོར་ལོ་བཞི་ཡི་གནས་སུ་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་མངོན་དུ་བྱས་པར་མོས། རིག་ཙཀ་གཏད་ལ། ཧཱུྃ༔ ཤེས་རབ་མཚན་ལྡན་བཀྲ་ཤིས་ཡུམ༔ འབྲས་བུ་བདེ་ཆེན་ལས་ཀྱི་རྒྱ༔ མཆོག་ཏུ་དགའ་བའི་གནས་སྟེར་མ༔ འདི་ཁྱེར་དགའ་བའི་རྟེན་ལ་སྤྱོད༔ འཁོར་ལོ་བཞི་རུ་དབབ་ཟློག་བཟུང༔ ངོ་བོ་ལྟོས་ལ་གྲོལ་བར་མཛོད༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །བདེ་སྟོང་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒོམ་ལམ་གྱི་ནུས་པ་བཞག །ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། ཤེལ་དང་མེ་ལོང་བསྟན་ཅིང་སྙིང་གར་བཞག་ལ། སྔར་གསུམ་པའི་དབང་དུས་སུ་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོ་ལ་མཉམ་པར་བཞག་པས། ངོ་བོ་གང་དུའང་མ་གྲུབ་པའི་ཀ་དག་སྟོང་པ་ཉིད། རང་བཞིན་འགག་མེད་ལྷུན་གྲུབ་རང་རིག་རང་གསལ། ཐུགས་རྗེའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཅིར་ཡང་འཆར་བ། དེ་གསུམ་ཐ་དད་མ་ཡིན་པ་རང་གི་སེམས་ཉིད་ཀྱི་ངོ་བོ་གཅིག་ཏུ་རྫོགས་པའི་དོན་རང་བྱུང་གི་ཡེ་ཤེས་ཉིད་བརྡ་འདི་དག་གིས་ཀྱང་མཚོན་པར་གྱིས་ཤིག ཧཱུྃ༔ མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ཤེལ་སྒོང་ལྟར་དག་དྲི་མེད་ཐུགས༔ ཀ་དག་ཐུགས་ཀྱི་དབང་བསྐུར་རོ༔ ཆོས་དབྱིངས་སྤྲོས་བྲལ་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ས་མཱ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པའི་རྩལ་དབང་ནི། རྣམ་སྣང་ཆོས་བདུན་བཅས་ལ། སློབ་མ་ཐུགས་རྗེ་ཆེན་པོ། སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་བཅས་པ་གསལ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧྲཱིཿཡིག་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་མཛོད། ཧཱུྃ༔ སྟོང་གསལ་རིག་ཅིང་མ་འགགས་གསལ༔ མི་བསྒོམ་མ་ཡེངས་ངང་ལ་ཞོག༔ རང་བྱུང་རྩལ་དབང་ཡོངས་རྫོགས་དཔལ༔ བསྐུར་ཐོབ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སརྦ་ཙིཏྟ་པཾ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་ཡང་གསང་དོན་དམ་པའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །རིག་སྟོང་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། མཐར་ལམ་གྱི་ནུས་པ་བཞག །ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་གྱི་དབང་ནི། གནས་གསུམ་དུ་ཕྱག་རྒྱ་གསུམ་བཞག་ལ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་སྐུ་གསུང་ཐུགས་སུ་སྨིན་པ་དེ་ཉིད་རྒྱལ་བ་ཐམས་ཅད་ཀྱི་གསང་བ་གསུམ་དང་རོ་མཉམ་ཞིང་འགྱུར་བ་མེད་པར་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསང་གསུམ་ཕྱག་རྒྱས་དབང་བསྐུར་བས༔ སྒོ་གསུམ་འཛིན་པ་རྣམ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མེ་ཏོག་འཐོར་ལ། ཨོཾ༔ དབང་བསྐུར་བྱིན་རླབས་ཡོངས་རྫོགས་ཀྱིས༔ ལུས་ངག་ཡིད་གསུམ་ལྷར་གྱུར་ནས༔ འཁོར་འདས་ཆོས་ལ་དབང་བསྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཡེ་དྷར་བརྗོད་ལ་བརྟན་པར་བྱས། ཚོགས་ཀྱི་བཟའ་བཏུང་བྱིན་ལ། དམ་ཚིག་གི་བཟའ་བཏུང་ལ་ལོངས་སྤྱད་པས་འཁོར་འདས་ཐམས་ཅད་རང་བྱུང་ཟག་མེད་བདེ་བ་ཆེན་པོའི་འདོད་ཡོན་ལ་ཅི་བདེར་རོལ་པའི་མཐུ་ཐོབ་པར་གྱུར། ཧོ༔ ཞལ་ཟས་ཚོགས་ཀྱིས་དབང་བསྐུར་བས༔ སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཏེ༔ རྟག་ཏུ་ལོངས་སྤྱོད་འབྱོར་པར་ལྡན༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག༔ ཨོཾ་བཛྲ་ཨཱ་ཡུཿཤྲཱི་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨཱ༔ སརྦ་སིདྡྷི་གུ་ཎ་ཕ་ལ་ཨཱ་བེ་ཤ་ཡ་ཨཱ༔ བཀྲ་ཤིས་རྫས་བརྒྱད་གཏད་ལ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་རྫས་མཆོག་བརྒྱད་ཕྱག་ཏུ་གཏད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པར་གྱུར། ཧཱུྃ༔ ཡུངས་དཀར་དཱུརྦ་བིལ་བ་དང༔ ལུང་ཏང་ཙེ་དང་ལི་ཁྲི་དང༔ གི་ཝཾ་ཞོ་དང་མེ་ལོང་དང༔ འབུད་དུང་རྣམས་ནི་ཁྱོད་ལ་གཏད༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤོག༔ སྭསྟི་སརྦ་སིདྡྷི༔ དྷརྨཱ་པ་ཏི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཚེ་གཏོར་ཐོགས་ལ། ཚེ་འབྲང་འདི་ཉིད་བཅོམ་ལྡན་འདས་ཚེ་དཔག་མེད་དངོས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས། ཕྱག་གི་བུམ་པར་ཞུགས། དེ་ལས་བབ་པའི་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། ཧཱུྃ༔ གསང་འདུས་ཐུགས་རྗེ་ཚེ་དཔག་མེད༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ ཚེ་སྲོག་བླ་ཁུག་རྒྱས་ཐོབ་ལ༔ འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཨ་མཱ་ར་ཎཱ་ཡ་ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ ཨཱ་ཡུཿཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སིདྡྷི་ཕ་ལ་ཧཱུྃ༔ ཧོ༔ ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག༔ མི་ཤིགས་པའི་རྡོ་རྗེར་གྱུར་ཅིག༔ ཚེ་སྲོག་བྲག་བས་སྲ་ཞིང་བརྟན་པར་གྱུར་ཅིག༔ ལེགས་འོང་སྐལ་ལྡན་བུ་མཆོག་རྣམས༔ ཡིག་བདུན་འདྲེན་ལ་བརྩོན་པ་སྐྱེད༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་ཟད༔ ཡིག་བདུན་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚད༔ བགྲང་བར་ནུས་ཀྱི་ཡིག་བདུན་པོ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བདུན་དབང་དང་ལུང་ཐོབ་མི༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་བྱང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་སེལ་ཞིང་འགྲོ་བ་འདུལ༔ ཡང་སྙིང་མཐོང་ཐོས་དྲན་རེག་དང༔ སྒོམ་བཟླས་འབྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་རྡོ་རྗེའི་ཚིག་གིས་གསལ་བར་བསྟན་པའི་དོན་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ལ། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་འཚལ། མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དགེ་རྩ་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་གསུང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་མན་ཆད་རྗེས་ཀྱི་རིམ་པ་ལས་བྱང་གི་དཀྱུས་བཞིན་བྱས་ལ་མཐར་དབྱུང་ངོ་། །རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་རྫོགས་ཐོབ་པ་དག་གིས་འདི་ཉིད་བདག་འཇུག་གི་ཆོ་གར་བྱར་རུང་ཞིང་། དེའི་ཚེ་མཚམས་སྦྱོར་ཕལ་ཆེར་དོར་བ་དང་། གཤམ་གྱི་ཡིག་བདུན་ཕན་ཡོན་རྒྱུད་ཚིག་ཀྱང་བརྗོད་མི་དགོས་པས་མཚོན། ཕྲན་བུའི་བསྒྱུར་སོ་རིགས་པས་འཕྲུལ། སྒྲུབ་དབང་བསྟར་ཆགས་སོགས་ལ་འདི་ཉིད་ནག་འགྲོས་སུ་བཀླགས་པས་འཐུས་སོ། །རང་བཟོ་ཁོ་ན་མ་ཡིན་རྩ་བའི་ཁུངས། །རྒྱུད་ཉིད་ལ་བརྟེན་གཏེར་གཞུང་དགོངས་པ་བླངས། ཁྱེར་བདེར་བསྡེབས་ཀྱང་བྱིས་བློས་ནོངས་པ་ཀུན། །ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་ལ་བཤགས། །དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་ཀུན། །དཔག་མེད་འོད་མངའ་བདེ་བ་ཅན་ཞིང་དུ། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་མཐུས་དྲངས་ཏེ། །ཡོངས་སྨིན་རྣམ་ཐར་རྒྱ་མཚོའི་སྤྲིན་བཀོད་ཤོག །ཅེས་པ་འདིའང་ལང་གྲོ་ལོ་ཙཱ་གང་འདུལ་གྱི་རོལ་པར་སྣང་བ། རྗེ་དབོན་བསམ་འཕེལ་མཆོག་གི་སྤྲུལ་པའི་སྐུས་འགྲོ་དོན་མཁའ་ཁྱབ་ཀྱི་བཞེད་སྐོང་སླད་དུ་པདྨའི་འབངས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད། འཇིག་རྟེན་དབང་ཕྱུག་ཕོ་བྲང་གི་སྒོ་མོ་དེ་བཱི་ཀོ་ཊཱི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་སྙིང་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་གཞན་ཕན་མཐའ་ཡས་པ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).