RTZ Volume 22 Full Text Tibetan

Rinchen Terdzö, Volume 22, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་ཉེར་གཉིས་པ།

Contents

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཐུགས་རྗེ་མཁའ་ཁྱབ་ (Volume 22, Text 1)

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཐུགས་རྗེ་མཁའ་ཁྱབ་བཞུགས་སོ། །ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ །པདྨ་རྒྱལ་པོ་རིགས་ལྔ་ལོངས་སྤྱོད་རྫོགས། །རིགས་དྲུག་འགྲོ་འདུལ་མཚོ་སྐྱེས་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །རྡོ་རྗེ་བཙུན་མོ་གསང་འཛིན་མཁར་ཆེན་བཟའ། །འཇིག་རྟེན་མགོན་པོ་སྤང་སྟོན་ཆོས་ཀྱི་དབང་། །འཇའ་འོད་སྐུར་གཤེགས་མ་ཎི་རིན་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །སྔ་འགྱུར་བསྟན་པའི་རྒྱལ་མཚན་སེང་གེའི་སྒྲ །ཐུགས་རྗེ་ཆེ་དངོས་དཔལ་ལྡན་ཀཿཐོག་པ། །སྣང་བཞི་མཐར་ཕྱིན་ཚུལ་ཁྲིམས་འབུམ་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །ཐེག་དགུའི་ཆོས་མཛོད་འབུམ་གྱི་སྒོ་འབྱེད་མགོན། །མཁས་ཤིང་གྲུབ་བརྙེས་བུ་འབོར་ཡེ་ཤེས་མཚན། །ཕྱོགས་མེད་འགྲོ་འདུལ་བྱང་སེམས་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །ཤེས་རབ་གསུམ་དང་དབང་ཕྱུག་བརྒྱད་ཀྱི་མཛོད། །མངའ་བདག་ཐུགས་སྤྲུལ་པཎ་ཆེན་པདྨ་དབང་། རིག་འཛིན་གྲུབ་མཆོག་ཀརྨ་གུ་རུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །བདུད་ཀྱི་གཡུལ་འཇོམས་བློ་གྲོས་རྒྱལ་མཚན་འཛིན། །ཆོས་ཀུན་དབང་འབྱོར་དྲི་མེད་ཡེ་ཤེས་ཅན། །གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །བཀའ་གཏེར་ཤིང་རྟ་ཆོས་རྒྱལ་གཏེར་བདག་གླིང་། །རྒྱལ་བའི་གདུང་འཚོབ་རིན་ཆེན་རྣམ་པར་རྒྱལ། །བསླབ་གསུམ་དབང་ཕྱུག་ཨཱོ་ཌཱི་ཡ་ན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །གསང་ཆེན་ཕྲི༵ན་ལ༵ས་སྤེལ་མཛད་རྣམ༵་རྒྱལ༵་མཚན། །པ༵དྨ༵ས་བྱིན་བརླབས་དབ༵ང་བཞིའི་རྒྱལ༵་ཐབས་འཆང་། །སངས་རྒྱས་བསྟན་སྐྱོང་ཀུན་དགའི་འདྲེན་མཆོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །འཇ༵མ་དཔལ་དབྱ༵ངས་དངོས་མཁྱེ༵ན་ནུས་བརྩེ༵་བའི་དབང་། །སྨིན་གྲོལ་བཅུད་སྦྱིན་རྩ་བའི་བླ་མ་དང་། དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོ་དམ་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །འཁོར་འདས་དབྱེར་མེད་ལྟ་བའི་གདིང་ཐོབ་ཅིང་། །སྟོང་ཉིད་སྙིང་རྗེ་སྒོམ་གྱི་རྩལ་ཆེན་རྫོགས། །མཁའ་ཁྱབ་འགྲོ་སྒྲོལ་སྤྱོད་པ་མཐར་ཕྱིན་ཏེ། །འཇིག་རྟེན་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཡིག་དྲུག་པ་བློ་གྲོས་མཐའ་ཡས་ཀྱིས་སྒྲུབ་ཐབས་མཛེས་རྒྱན་དུ་བྲིས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལས་བྱང་བལྟས་ཆོག་ཏུ་བསྒྲིགས་པ་བདེ་བ་རབ་འབྱམས་ (Volume 22, Text 2)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལས་བྱང་བལྟས་ཆོག་ཏུ་བསྒྲིགས་པ་བདེ་བ་རབ་འབྱམས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དག་པ་གཉིས་ལྡན་གཟི་བརྗིད་འོད་དཔག་མེད། །ངེས་པ་ལྔ་ལྡན་རྣམ་སྣང་གངས་ཆེན་མཚོ། །མཁྱེན་པ་གཉིས་ལྡན་འགྲོ་འདུལ་ཐུགས་རྗེའི་བདག །སྒོ་གསུམ་དྭངས་མའི་ཐིག་ལེར་འབྲལ་མེད་བཞུགས། །དུས་གསུམ་རྒྱལ་བའི་ཡུམ་གྱིས་ཕྱག་བྱས་པ།། ཡི་གེ་དྲུག་པའི་རིག་སྔགས་སྒྲུབ་པ་ཡི། །ཕྲིན་ལས་བྱང་བུ་གཏེར་གཞུང་གསེར་གྱི་ཕྲེང་། །མཛེས་བྱེད་ཆོག་ཁྲིགས་གཡུ་ཡི་ཕྲ་ཚོམ་བསྟར། །གང་ཡི་གེ་དྲུག་པ་ནི་འབྲེལ་ཆོག་རྣམ་པ་བརྒྱད་ཀྱིས་གསང་སྔགས་གཞན་ལས་ཁྱད་པར་དུ་བྱས་པ་ཡིན་མོད། གསང་སྔགས་རང་ག་མར་བཟླས་པ་ལས་སྔགས་ཀྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་དང་འབྲེལ་བ་ཉིད་བྱེ་བ་འབུམ་གྱིས་ཁྱད་པར་འཕགས་པས། དེ་ལྟ་བུའི་ཆོ་གའི་རིམ་པའང་གསུང་རྡོ་རྗེ་པདྨཱ་ཀ་རའི་ཞལ་ལུང་མ་བསླད་པ་ཉིད་རྩ་བའི་རྒྱུད་དང་མཚུངས་མོད་ཀྱི། ད་ལྟའི་ཆོ་གའི་ཁྲིགས་རིམ་དང་བསྟུན་པའི་ཁ་སྐོང་ཅུང་ཟད་རིགས་མཐུན་ནས་ལེན་པ་ནི་བཀའ་ཡིས་རྗེས་སུ་གནང་བ་ལྟར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཡིན་མོད། དེ་ལའང་ཁྲིགས་སུ་བྱ་བ་མེད་ན་ཐོས་ཆུང་རྣམས་ནི་ཕ་ཕོར་གཙང་ཞེན་ལ་གཡེངས་ཤིང་། ཆེན་པོ་རྣམས་ནི་ཁྱེར་བདེ་ཁོ་ནར་འདམ་པས། མཐའ་དེ་གཉིས་སེལ་བའི་ཕྱིར་འདི་བཤད་པ་ལའང་དོན་ཡོད་པས་དེ་ལ་གསུམ། སྔོན་འགྲོ་གཞིའི་དོན། དངོས་གཞི་ལམ་གྱི་དོན། མཐར་ཐུག་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་ཤོམ། ཆོ་གའི་སྔོན་འགྲོའི་ལས་རིམ་མོ། །དང་པོ་ལ། སྒྲུབ་ཆེན། དབང་བསྐུར། རབ་གནས་དང་གཤིན་པོ་རྗེས་འཛིན་སོགས་སྐབས་ཐོབ་དང་བསྟུན་དགོས་པས་རྣམ་པ་མང་དུ་འགྱུར་ཞིང་། དུས་བཟང་མཆོད་པ་ལྟ་བུར། མདུན་བསྐྱེད་རྟེན་སྐུ་གཟུགས་བྲིས་འབུར་རམ། དཔལ་གྱི་གཏོར་མའམ། ཚོམ་བུའི་དཀྱིལ་འཁོར་ཙམ་ལ་དམིགས་པའི་རྟེན་བྱས་ཏེ། ཆུ་གཉིས་ཉེར་སྤྱོད་སྨན་རཀ་གཏོར་གསུམ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར། སྲུང་མའི་གཏོར་འབུལ། ཆད་བརྟན་སོགས་འདུ་བྱ། རྒྱུན་གྱི་ཉམས་ལེན་ལྟ་བུར་ཕྱི་ནང་གི་མཆོད་པ་གང་འབྱོར་ལ་བརྟེན་ནས་གཙོ་བོར་དམིགས་པས་ཁྱབ་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་བདུན་ཏེ། བགེགས་བསྐྲད་མཚམས་གཅོད་སྐྱབས་སེམས་དང་། །ཚོགས་གསག་བྱིན་འབེབ་བྱིན་རླབས་སོ། །ཞེས་པ་ལྟར་ལས། དང་པོ་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་པ་ནི། རང་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་གཡས་བེ་ཅོན། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་ཅིང་ཁྲོ་གཏུམ་བཟོད་དཀའི་ཆས་ཅན། གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། སྔོན་འགྲོའི་གཏོར་མ་བསང་ཆུས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ང་ནི་འཇིགས་བྱེད་དབང་གི་སྐུ༔ གལ་ཏེ་བཀའ་ལས་འདས་པ་ན༔ ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན༔ བརླག་པར་འགྱུར་གྱིས་གཞན་དུ་མིན༔ དེ་བས་རང་གི་གནས་སུ་དེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སུམ་བྷ་ནི་སུམ་བྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ བགེགས་གཏོར་དོར། གུ་གུལ་ཡུངས་ཐུན་ཚམ་རྔམ་དྲག་པོས་བསྐྲད་དོ། །གཉིས་པ་མཚམས་བཅད་པ་ནི། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ནས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་རང་བཞིན་མ་གྲུབ་པའི་གནས་ལུགས་ཤེས་པ་ནི་མཚམས་གཅོད་ཀྱི་མཆོག་སྟེ། སྤྲོས་པ་ལ་དགའ་ན་ཡོངས་རྫོགས་སོགས་ལས་འབྱུང་བའི་མཚམས་ལྔ་གཅད་པར་གསུངས་སོ། །གསུམ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པ་བླ་མ་ཐུགས་རྗེ་ཆེན་པོ་རིགས་བདག་དང་བཅས་པ་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་མངོན་སུམ་བཞིན་དུ་བཞུགས་པར་གྱུར་པར་མོས་ལ། ན་མོ༔ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ལ་སྐྱབས་སུ་མཆིའོ༔ ཞེས་དང་། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བརྗོད། བཞི་པ་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དེ་ཉིད་དཔང་དུ་བྱས་ཏེ། བདག་གི་སྒོ་གསུམ་འབད་རྩོལ་གྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་བྱའོ༔ དེའི་ཕྱིར་བདག་ཉིད་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་འཇུག་པར་བྱའོ༔ ཞེས་ལན་གསུམ་གྱིས་ཀུན་རྫོབ་སྨོན་འཇུག་གི་སེམས་བསྐྱེད་ནས། དམིགས་མེད་སྤྲོས་བྲལ་དུ་ལྷང་ངེར་བཞག་ལ་དོན་དམ་སེམས་བསྐྱེད། དེའི་བསླབ་བྱ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པའི་དོན་ནན་དུ་བསྒོམ་མོ། །ལྔ་པ་ཚོགས་གསག་ནི། སྐྱབས་ཡུལ་རྣམས་ཚོགས་ཞིང་དུ་བྱས་ཏེ། ཧྲཱི༔ བླ་མ་ཡི་དམ་འཁོར་བཅས་འདིར་གཤེགས་ཤིག༔ ཉི་ཟླ་པད་གདན་མཛེས་པའི་དབུས་སུ་བཞུགས༔ དད་ཅིང་གུས་པས་ལུས་ངག་ཡིད་ཕྱག་འཚལ༔ ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ སྡོམ་པ་གསུམ་ལས་ཉམས་ཆག་འགལ་འཁྲུལ་བཤགས༔ དགེ་འདུན་རྣམས་ཀྱི་དགེ་སྤྱོད་བདག་ཡི་རང༔ དུས་གསུམ་འགྲོ་ལ་གང་འདུལ་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་སེམས་ཅན་བསྐྱབ་ཏུ་གསོལ༔ ཚོགས་གཉིས་ལས་བྱུང་དགེ་བ་བྱང་ཆུབ་བསྔོ༔ བདག་གཞན་བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག༔ ཅེས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རང་ལ་བསྡུའོ། །དྲུག་པ་བྱིན་འབེབ་པ་ནི་གཞུང་འདིའི་ལུགས་ཀྱིས་འོག་ཏུ་སྣོད་བཅུད་བྱིན་བརླབ་ཉིད་ལས་ཟུར་དུ་མི་དགོས་ཀྱང་། སྤྲོས་པ་ལ་དགྱེས་པ་རྣམས་ཀྱིས་སྦྱར་བ་ལྟར་སྤྲོ་ན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་ལ་སྤོས་བསྲེག །རོལ་མོ་བཅས། ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ནི་ཀཱ་ཡ༔ སརྦ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨཿཨཱ༔ ཞེས་བརྗོད་དོ། །བདུན་པ་བྱིན་གྱིས་བརླབ་པ་ལ་གསུམ། མཆོད་རྫས། སྒྲུབ་རྫས། སྣོད་བཅུད་བྱིན་རླབས་སོ། །དང་པོ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདག་གི་ཐུགས་ལས་ཧཱུྃ་སོ་སོར་སྤྲོས་པ་ལས་བྱུང་བའི། ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཚང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱཱ་ ཤབྡ་ཨཱཿཧཱུྃ། ཞེས་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་ཉེར་གཅིག་བརྗོད་པས། ཨོཾ་གྱིས་བདུད་རྩི་རིགས་ལྔ་འོད་དུ་ཞུ་བའི་བྱང་སེམས་དཀར་མེར་གྱིས་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཨཱཿཡིས་རཀྟ་འཁོར་བ་ཡོངས་སྒྲོལ་གྱི་བྱང་སེམས་དམར་མེར་གྱིས་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཧཱུྃ་གིས་གཏོར་མ་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་སྣོད་བཅུད་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཧྲཱིཿཡིས་དམ་རྫས་ཐམས་ཅད་མཚན་བཅས་དེར་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་བར་གྱུར། ཧྲཱིཿདྷརྨ་དྷཱ་ཏུ་ཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཏིཥྛ་ས་མ་ཡ་ཧཱུྃ༔ ཧྲཱིཿམུ་ཀུ་ལེནྟ་རི་ག་ཏེ་ཧཱུྃ༔ ཧྲཱིཿསརྦ་ག་ཎ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་རོལ་མོའི་སྒྲ་དང་བཅས་བྱིན་གྱིས་བརླབ་བོ། །གཉིས་པ་སྒྲུབ་རྫས་ནི། ཆོ་ག་དཀྱུས་མ་ཙམ་ལ་མི་དགོས་ཤིང་། ཚོམ་བུ་ཚོགས་སྒྲུབ་སོགས་ཡོ་བྱད་ཡོད་པའི་སྐབས་སུ། སྟོང་པའི་ངང་ལས་སྒྲུབ་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་འགྲོ་འདུལ་དཀྱིལ་འཁོར་གྱི་རྒྱན། ཕྲིན་ལས་ཉོན་མོངས་པའི་རྟོག་ཚོགས་དབྱིངས་སུ་སྦྱོང་བའི་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་འབྱམས་ཀླས་པར་གྱུར། ཕུར་པ་བཞི་ལ། ཧྲཱིཿབཛྲ་ཀཱི་ལ་ཡ་ཧཱུྃ༔ རལ་གྲི་བཞི་ལ། ཨོཾ་བཛྲ་ཏཱིཀྵྞ་ཧཱུྃ༔ མདའ་དར་བཞི་ལ། ཨོཾ་བཛྲ་ཤ་ར་ཏི་ཧཱུྃ༔ མེ་ལོང་བཞི་ལ། ཧྲཱིཿབཛྲ་ཛྙཱ་ན་སཱུརྻ་ཧཱུྃ༔ ཚོན་སྐུད་ཀྱི་དྲྭ་བ། ཧྲཱིཿབཛྲ་པཎ་ར་གཱཙྪ་ཧཱུྃ༔ ཞེས་བྱིན་གྱིས་བརླབ། གསུམ་པ་སྣོད་བཅུད་ནི། ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པའི་རང་བཞིན་དུ་གདོད་ནས་རྣམ་པར་དག་པའོ། །ཧྲཱིཿཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརླབས་ཏེ་དེ་དག་གིས་སྔོན་འགྲོ་གྲུབ་བོ། །གཉིས་པ་དངོས་གཞི་ལ་དངོས་དང་། ཆོ་གའི་མཇུག་དོན་གཉིས། དང་པོ་ལ། རྟེན་དང་བརྟེན་པ་མཆོད་བསྟོད་འབུལ། །ཏིང་འཛིན་ཛཔ྄་བཟླས་རྫོགས་རིམ་མོ། །ཞེས་པ་ལྟར་ལས། དང་པོ་སྣོད་ཀྱི་ཞེན་པ་སྦྱོང་ཕྱིར་རྟེན་གཞལ་ཡས་ཁང་བསྐྱེད་པའི་ཐོག་མར་ཏིང་འཛིན་གསུམ་བསྒོམ་པ་ནི། སྐྱེ་མེད་ཨའི་སྒྲ་དོན་གྱིས་མཚོན་ནས། ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་ཞིང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རང་བཞིན་ཧྲཱིཿཡིག་དཀར་པོའི་རྣམ་པར་ནམ་མཁར་ཏལ་གྱིས་བྱུང་བར་མོས་ལ། ཨ༔ ཡེ་ནས་མ་སྐྱེས་སྟོང་གསལ་ངང༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས༔ ཨཱཿདྷརྨ་དྷཱ་ཏུ་བཛྲ་ས་མཱ་ཏི་ཨོཾ༔ ཧྲཱི༔ རང་བྱུང་རིག་པ་ཧྲཱིཿདཀར་གསལ༔ ཧཱུྃ་ཛྙཱ་ན་བཛྲ་ཙིཏྟ་ཧྲཱི༔ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ དལ་དབུས་པདྨའི་སྙིང་པོ་ཟླུམ༔ འདབ་དྲུག་མུ་ཁྱུད་པད་སྡོང་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ མཉམ་ཡངས་འོད་ཀྱི་ཁང་པར་གསལ༔ གཉིས་པ་ཐ་མལ་ལུས་ཞེན་ཕྲལ་ཕྱིར་བརྟེན་པ་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་གཞུག་པ་ཡན་ལག་དང་བཅས་པ་ནི། དལ་དབུས་རང་རིག་ཧྲཱིཿའོད་འབར༔ རྣམ་སྨིན་ལུས་བསྲེགས་ཧྲཱིཿདེ་ཉིད༔ ཉི་ཟླ་པད་སྟེང་ཐུགས་རྗེའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན༔ ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ༔ རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ རང་འདྲའི་ཡུམ་ཆེན་གསང་ཡེ་མ༔ ལུས་དང་གྲིབ་མའི་ཚུལ་དུ་འཁྲིལ༔ འཇའ་རིས་འོད་ལྔའི་རྒྱབ་ཡོལ་མཛེས༔ ཧྲཱི༔ སྤྱི་གཙུག་རིགས་བདག་འོད་དཔག་མེད༔ མཐའ་ཡས་ཞལ་གཅིག་ཕྱག་གཉིས་ནི༔ མཉམ་གཞག་ཕྱག་རྒྱ་བུམ་པ་འཛིན༔ སྐྱིལ་ཀྲུང་ཉི་ཟླ་པདྨར་བཞུགས༔ མཚན་དང་དཔེ་བྱད་བཟང་པོས་སྤྲས༔ ཧྲཱི༔ ཐུགས་ཀར་རྟ་མགྲིན་དམར་པོ་ནི༔ ཞལ་གཅིག་ཕྱག་གཉིས་དབུ་གཙུག་ན༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་གདེངས༔ ཕྱག་གཡོན་ཞགས་པས་འཇིག་རྟེན་འདྲེན༔ དུར་ཁྲོད་ཆས་གསོལ་ཞབས་གཉིས་ནི༔ མི་རོའི་སྟེང་ན་བསྐྱང་བསྐུམ་བཞུགས༔ ཙིཏྟའི་སྒོ་སྲུང་བར་ཆད་སེལ༔ ཧྲཱི༔ རིགས་འདུས་རང་ལས་སྤྲུལ་པའི་འཁོར༔ ནོར་འཛིན་སྲས་མཆོག་གཡས་ནས་འདུད༔ གསང་སྔགས་འཛིན་མ་གཡོན་ནས་འདུད༔ ཀུན་ཀྱང་སྤྱི་གཙུག་རིགས་ལྔས་བརྒྱན༔ ཧྲཱི༔ འདབ་དྲུག་པདྨའི་གདན་སྟེང་དུ༔ ལྷ་ཡི་ཐུབ་པ་ཨོཾ་དཀར་གསལ༔ ལྷ་མིན་ཐུབ་པ་མ་སྔོན་པོ༔ མི་ཡི་ཐུབ་པ་ཎི་སེར་པོ༔ བྱོལ་སོང་ཐུབ་པ་པད་སེར་ནག༔ ཡི་དྭགས་ཐུབ་པ་མེ་ལྗང་དམར༔ དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག༔ ཀུན་ཀྱང་འགྲོ་འདུལ་འོད་ཟེར་འགྱེད༔ ཧྲཱི༔ ཕྱི་རོལ་པད་འཁོར་བཞི་ལྡན་ལ༔ དུས་གསུམ་སངས་རྒྱས་སྟོང་རྩ་གཉིས༔ འགྲོ་འདུལ་སྐུ་མདོག་སྣ་ཚོགས་འབར༔ ཐུགས་རྗེ་ཆེན་པོའི་རོལ་པར་གསལ༔ ཧྲཱི༔ སྒོ་བཞིར་བདུད་བཞི་བརྫིས་པའི་སྟེང༔ ཤར་སྒོར་བཛྲ་ཧེ་རུ་ཀ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་གདེངས༔ ལྷོ་སྒོར་རཏྣ་ཧེ་རུ་ཀ༔ སེར་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ ནུབ་སྒོར་པདྨ་ཧེ་རུ་ཀ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ བྱང་སྒོར་ཀརྨ་ཧེ་རུ་ཀ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ ཀུན་ཀྱང་འདོར་སྟབས་བདུད་བཞི་འཇོམས༔ གཞན་ཡང་བླ་མ་རིག་འཛིན་ལྷ། །མཁའ་འགྲོ་དམ་ཅན་སྤྲིན་ལྟར་འཐིབས། །ཐམས་ཅད་ཐུགས་རྗེའི་དཀྱིལ་འཁོར་ཏེ། །འཁོར་བ་བསྒྲལ་ཞིང་དྲང་སླད་དུ། །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས། །སརྦ་ཛྙཱ་ན་མཎྜ་ལ་བྷྲཱུྃ་ཧཱུྃ༔ དེ་ལྟར་དམ་ཚིག་སེམས་དཔར་བསྐྱེད་ནས་རང་བྱུང་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །འབྲུ་གསུམ་གདོད་མའི་རྡོ་རྗེ་གསུམ། །དཔའ་བོ་འབྲུ་ལྔ་ཡེ་ཤེས་དངོས། །ཡོངས་གྱུར་དབང་བསྐུར་རིགས་ཀྱི་བདག །གཙོར་བཞུགས་རིགས་ལྔའི་རྒྱལ་བ་ཡིས། །སྤྱི་བོའི་གནས་ལྔར་མཚན་པར་གྱུར། །ཧྲཱི༔ ཡེ་ནས་རང་བྱུང་ཐུགས་རྗེ་ཆེ༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་བདག་ཅོད་པན་དབང༔ འབྲུ་བརྒྱད་གསལ་བསྒོམ་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཞེས་རྒྱས་གདབ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། ཧྲཱི༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས༔ རྩོལ་བྲལ་མཚན་བཅས་མི་དམིགས་ཀྱང༔ ཐུགས་རྗེ་ཉི་གསལ་འོད་བཞིན་དུ༔ འཁོར་འདས་མཉམ་སྦྱོར་ཐུགས་རྗེའི་བདག༔ རིགས་བདག་གཙོ་འཁོར་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ཕྱག་རྒྱར་སྐུ་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་བདག་ལ་དགོངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་མཎྜལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཧྲཱི༔ སྐུ་ལྔ་བླ་མ་སྤྱན་རས་གཟིགས༔ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཡང་དག་དོན་ལ་མཉམ་ཉིད་ཕྱིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ས་མ་ཡ༔ ཞེས་པས་དམ་ཡེ་གཉིས་ཆུ་དང་འོ་མ་ལྟར་རོ་མཉམ་དུ་གྱུར་པ་ལ་ཕྱག་གིས་བཀུར་བ་ནི། ཧྲཱི༔ རྒྱལ་བ་ཀུན་འདུས་ཡོན་ཏན་རྫོགས༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ སྐུ་ལྔའི་བདག་ཉིད་འོད་མཐའ་ཡས༔ ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་དངོས་བཅོམ་ལྡན་འདས༔ ཐུགས་རྗེ་ཆེན་པོར་ཕྱག་འཚལ་ལོ༔ ཐུགས་རྗེའི་རྩལ་རྫོགས་བདུད་དཔུང་འཇོམས༔ རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ༔ རྒྱལ་བ་སྲས་བཅས་སྐྱེད་མཛད་མ༔ གསང་ཡེ་ཡུམ་ལ་ཕྱག་འཚལ་ལོ༔ དབྱིངས་དང་ཡེ་ཤེས་ངོ་བོ་ཉིད༔ སྲས་མཆོག་ཟུང་ལ་ཕྱག་འཚལ་ལོ༔ འགྲོ་འདུལ་ཡང་དག་རྫོགས་སངས་རྒྱས༔ ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ འཁོར་བ་དོང་སྤྲུགས་བཅོམ་ལྡན་འདས༔ སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ༔ ཡེ་ཤེས་བཞི་རྫོགས་བདུད་བཞི་འདུལ༔ སྒོ་སྐྱོང་བཞི་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དུས་གསུམ་ཀུན་བཞུགས་པའི༔ རྒྱལ་སྲས་ཚོགས་ལ་ཕྱག་འཚལ་ལོ༔ བར་ཆད་སྲུང་ཞིང་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་དང་། སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ལྷ་དང་བདག་དབྱེར་མེད་དུ་རྟོགས་པའི་ཚུལ་གྱིས་ཕྱག་བྱའོ། །གསུམ་པ་ཚོགས་དྲུག་ཡུལ་བཅས་སྦྱོང་ཕྱིར་མཆོད་པ་ལ་གསུམ། རྣམ་ལྔ་ཕྱིའི་མཆོད་པ། རང་བྱུང་ནང་གི་མཆོད་པ། ཏིང་ངེ་འཛིན་གསང་བའི་མཆོད་པ་སྟེ། དེ་དག་སྤྱིར་འབུལ་བ་ནི། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ བདག་ཉིད་ཆེན་པོའི་ལྷ་ཚོགས་མཆོད༔ གཉིས་མེད་དགྱེས་པར་ཚིམས་གྱུར་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྐུ་ཡི་ལྷ༔ མཐའ་ཡས་གསུང་ལ་རྟ་མགྲིན་ཐུགས༔ གསང་བ་ཡེ་ཤེས་ཀུན་གྱི་ཡུམ༔ ནོར་འཛིན་གསང་སྔགས་འཛིན་མ་སྲས༔ རྒྱལ་བ་རིགས་དྲུག་ཐུབ་པ་དྲུག༔ སངས་རྒྱས་སྟོང་རྩ་ཁྲོ་ཆེན་བཞི༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་ཞུ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་སརྦ་པཱུ་ཛ་ཧོ༔ ཞེས་པ་ཙམ་མམ། སྤྲོ་ན་སྤར་ཁབ་ཏུ་སྦྱར་བའི་ཁྱད་པར་མཆོད་པ་རྣམས་སོ་སོར་འབུལ་བའི་ཐོག་མར་སྨན་མཆོད་ནི། ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་གྲོལ་ཞིང༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ དཔའ་བོ་མཆོག་དང་མཉམ་སྦྱར་ཏེ༔ དགྱེས་སྐོང་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དགོངས་པ་བརྡ་དང་སྙན་ནས་ལེགས་བརྒྱུད་པའི༔ རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཆོས་སྐུའི་བདག་ཉིད་རིགས་ཀྱི་གཙོར་གྱུར་པ༔ བཅོམ་ལྡན་མཐའ་ཡས་རྒྱལ་བ་རིགས་དྲུག་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཡེ་ཤེས་དབྱིངས་ལས་ཤར་བ་འགྲོ་བའི་མགོན༔ ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་གཙོ་བོ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ གཉིས་མེད་མཉམ་སྦྱོར་རྒྱལ་བ་སྐྱེད་མཛད་མ༔ གསང་བ་ཡེ་ཤེས་བདེ་ཆེན་མཁའ་འགྲོ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ༔ སྣང་སྲིད་དབང་སྡུད་རྟ་མགྲིན་རྒྱལ་པོ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སྣང་སྟོང་དབྱེར་མེད་བྱང་ཆུབ་སེམས་དཔའི་ཚུལ༔ ནོར་བུ་འཛིན་དང་གསང་སྔགས་འཛིན་མ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཐུགས་རྗེའི་མཆོག་མངའ་གང་འདུལ་སྐུར་སྟོན་པའི༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་བ་འདུལ་མཛད་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ འཁོར་བའི་རྒྱུད་སྦྱོང་བསྟན་པ་མཐར་ཕྱིན་མཛད༔ སངས་རྒྱས་སྟོང་སྐུ་དུས་གསུམ་སྟོན་པ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སྒོ་བཞི་སྲུང་མཛད་བདུད་བཞི་འཇོམས་མཛད་ལྷ༔ ཁྲོ་རྒྱལ་རྣམ་བཞི་ཕྲིན་ལས་རྫོགས་མཛད་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཞིང་ཁམས་མཐའ་ཡས་ཀུན་བཞུགས་དུས་གསུམ་གྱི༔ རྒྱལ་བ་སྲས་བཅས་ཕྲིན་ལས་མཐར་ཕྱིན་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སངས་རྒྱས་བསྟན་པ་སྲུང་ཞིང་རྒྱས་མཛད་པ༔ དམ་ཅན་མཁའ་འགྲོ་དྲེགས་པའི་ཚོགས་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་མཐེབ་སྲིན་ཉི་ཟླའི་གྭ་འུས་གཅུས་ཏེ་འབུལ། ཧྲཱི༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ༔ བདུད་རྩི་ལྔ་དང་སྦྱར་བའི་སྨན༔ ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་ངོ་། །གཏོར་མ་ནི། ཧྲཱི༔ དྲི་མེད་པདྨའི་སྣོད་ཡངས་སུ༔ ལོངས་སྤྱོད་བརྒྱད་ལྡན་ཞལ་ཟས་སྤུངས༔ སྦྱངས་རྟོགས་སྤར་བྱས་བདུད་རྩི་ཆེ༔ འདོད་ཡོན་ལྷ་མོའི་སྤྲིན་གཏིབས་ནས༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ འཛིན་རྟོག་བག་ཆགས་སྦྱང་ཕྱིར་བཞེས༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ རཀྟ་ནི། ཧྲཱི༔ ཆགས་བྲལ་བདེ་ཆེན་རཀྟ་མཆོག༔ རྒྱུད་དྲུག་སྲིད་རྩ་རྩད་བཅད་ནས༔ འཁོར་བ་ཐུགས་རྗེས་མི་གཏོང་བའི༔ དམར་ཆེན་མཆོད་པ་བཞེས་སུ་གསོལ༔ ཨོཾ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྦྱོར་སྒྲོལ་ནི། སྲིད་གསུམ་ཐམས་ཅད་སངས་རྒྱས་ཞིང༔ ཡེ་ནས་འགྱུར་མེད་ལྷུན་གྲུབ་ལ༔ གཉིས་མེད་རྟོགས་པའི་སྦྱོར་སྒྲོལ་མཆོད༔ བདེ་ཆེན་རང་གྲོལ་དབྱིངས་སུ་རོལ༔ མ་ཧཱ་ཏ་ན་ག་ཎ་པཱུ་ཛ་ཧོ༔ དེ་ཁོ་ན་ཉིད་ནི། སྣང་གྲགས་འཛིན་རྟོག་འཁྲུལ་པའི་ཆོས༔ ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས༔ དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེ༔ མཉམ་སྦྱོར་མ་བཅོས་འགག་པ་བྲལ༔ སྤང་བླང་མི་དམིགས་ཡང་དག་དོན༔ ཀ་དག་ཡེ་རྫོགས་མཆོད་པ་འབུལ༔ དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ ཞེས་མཆོད་དོ། །བཞི་པ་དོན་རྟགས་རང་ལ་རྫོགས་ཕྱིར་བསྟོད་པ་བྱ་བ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཞལ་གཅིག་རང་བྱུང་ཡེ་ཤེས་གསལ༔ ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ༔ སྐུ་དམར་འཁོར་འདས་ཡེ་ཤེས་དབང༔ རིན་ཆེན་རྒྱན་ཕྲེང་ཆོས་ཉིད་རོལ༔ ཕྱག་གཡས་པད་ཕྲེང་འཁོར་བ་འདྲེན༔ ཕྱག་གཡོན་བདུད་རྩིས་དུག་ལྔ་འཇོམས༔ ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ གསང་ཡེ་ཡུམ་འཁྱུད་ཆོས་དབྱིངས་སྦྱོར༔ ཉི་ཟླ་པད་གདན་དུག་གསུམ་དག༔ འོད་ལྔའི་རྒྱབ་ཡོལ་སྐུ་ལྔ་རྫོགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ དུས་གསུམ་རྒྱལ་བ་འདུས་པའི་གསུང༔ འགྲོ་བའི་མགོན་པོ་ཚེ་དཔག་མེད༔ མཐའ་བྲལ་ཐིག་ལེ་ཉག་གཅིག་ཞལ༔ འཁོར་འདས་མཉམ་གཞག་ཕྱག་རྒྱ་ཅན༔ སྤྲོས་བྲལ་ཡེ་ཤེས་བུམ་པ་འཛིན༔ བདེ་གསལ་མི་རྟོག་མཉམ་པའི་སྟེང༔ ཆོས་སྐུ་མི་འགྱུར་སྐྱིལ་ཀྲུང་བཞུགས༔ ཆོས་ཉིད་རོལ་པའི་མཚན་དཔེ་རྫོགས༔ འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཕྱོགས་བཅུའི་རྒྱལ་བ་འདུས་པའི་ཐུགས༔ སྣང་སྲིད་དབང་སྡུད་རྟ་མཆོག་དཔལ༔ ཟང་ཐལ་ཞལ་གཅིག་ཀུན་ཏུ་བཟང༔ རྟ་གདོང་ས་ལམ་དུས་གཅིག་གཅོད༔ འཁོར་འདས་ཟིལ་གནོན་རྟ་སྐད་སྒྲོག༔ ཕྱག་གཡས་ཐབས་ཀྱིས་སྲིད་དབང་བསྒྱུར༔ ཕྱག་གཡོན་ཤེས་རབ་འགྲོ་ཀུན་འདྲེན༔ དུར་ཁྲོད་ཆས་ཀྱིས་ལོག་ལྟ་འཇོམས༔ བརྐྱང་བསྐུམ་ཞབས་ཀྱིས་བདུད་བཞི་འདུལ༔ རོ་གདན་ཆོས་སྐུ་ལྷུན་གྱིས་གྲུབ༔ ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །ལྔ་པ་ཡིད་ཀྱི་འཛིན་རྟོག་སྦྱང་ཕྱིར་འཕྲོ་འདུའི་ཏིང་ངེ་འཛིན་དང་། དྲུག་པ་ཐ་མལ་ངག་ཞེན་བཟློག་ཕྱིར་ཡང་སྙིང་བཟླས་པ་ཆབས་ཅིག་ཏུ་བསྟན་པ་ལ་བཞི། དང་པོ་ཕྱི་ཞི་བར་བསྙེན་པ་ནི། སྐུ་གསུང་ཐུགས་དང་སྦྱར་བའི་སྤྲོ་བསྡུ་གསག་སྦྱོང་དངོས་གྲུབ་བསྡུ་བའི་དགོངས་པ་སྟེ། ཧྲཱི༔ ལྷ་གསུམ་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་མས་བསྐོར༔ ཞེས་པས་གཙོ་བོ་དང་། རྟ་མགྲིན། འོད་དཔག་མེད་གསུམ་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་མར་མེ་ལྟར་འབར་བ་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ནས། བདག་ཉིད་རྩ་བའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ སྐུ་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་བཟླ། སྤྱི་གཙུག་སྣང་མཐའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ གསུང་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ། རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཐིང་ག་རབ་འཕྲོས་པས༔ བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག༔ ཐུགས་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཡིད་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ་སྟེ། དེའང་། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཛཔ྄་དབྱངས་རྨ་བྱའི་མགྲིན་སྐད་ལྟར༔ ངག་འཇམ་སོས་དལ་ཁུག་པར་བཟླ༔ ཞེས་པའི་ཚུལ་གྱིས་བཟླའོ། །གཉིས་པ་ནང་ཁྲོ་བོར་བསྒྲུབ་པ་ནི། ལྷ་གསུམ་དང་སྦྱར་བའི་སྤྲོ་བསྡུ་དྲེགས་པ་ཚར་གཅོད་ཀྱི་དགོངས་པ་སྟེ། བདག་ཉིད་ལྷ་གསུམ་ཐུགས་ཀ་ནས༔ སྔགས་ཕྲེང་ཁྲོ་ཆུང་མཚོན་ཐོགས་ཤིང༔ ཞལ་ནས་ཕཊ་སྒྲོག་ཚྭ་ཚྭ་འཁྲུག༔ སྟོང་གསུམ་བཀང་ནས་ལོག་ལྟའི་ཚོགས༔ གང་དག་ཞི་བས་མི་ཐུལ་བའི༔ བདུད་དང་དགྲ་བགེགས་བརྡུང་ཚར་བཅད༔ བཀའ་སྡོད་བྲན་ཁོལ་བྱེད་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ༔ ཅེས་བཟླ་སྟེ། དེའང་། ནང་ལྟར་ཟབ་མོ་སྐུ་གསུམ་རྫོགས༔ ཡི་གེ་བཅུ་གཅིག་བདུད་བཞི་འཇོམས༔ ཛཔ྄་དབྱངས་སེར་འབྲུག་ལྡིར་བ་ལྟར༔ འུར་ཆེམས་མཐའ་རུ་གྲགས་པར་བཟླ༔ ཞེས་པ་ལྟར་རོ། །གསུམ་པ་གསང་བ་དོན་དམ་མཆོག་གི་ལས་སུ་སྦྱོར་བ་ནི། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་ཉམས་རྟོགས་སྤར་བའི་དགོངས་པ་སྟེ། དེ་ལྟར་སྐུ་གསུམ་ལྷ་ཚོགས་ཀྱང༔ བདག་ཉིད་ཐུགས་རྗེ་ཆེན་པོ་ལ༔ འདུས་ཏེ་རྣམ་པ་ཡོངས་ཀྱིས་མེད༔ གཉིས་མེད་དོན་གྱི་ལྷར་གནས་པའོ༔ ཞེས་པའི་དགོངས་པ་བཟུང་ནས། གཞུང་ལས། རྔུབས་པའི་རླུང་ལ་ཨོཾ་དང་མ༔ གནས་པའི་རླུང་ལ་ཎི་དང་པད༔ འབྱིན་པའི་རླུང་ལ་མེ་ཧཱུྃ་ཧྲཱི༔ ཡེ་ནས་རང་བྱུང་རང་ལ་རྫོགས༔ དེ་དོན་ཤེས་བྱས་རླུང་གིས་བཟླས༔ ཉམས་རྟོགས་ཡེ་ཤེས་འབར་བར་འགྱུར༔ ཞེས་པ་ལྟར་བཟླ་ཞིང་། དེས་སུན་ན་ངག་བཟླས་ཀྱང་ཅི་རིགས་བྱའོ། །བཞི་པ་ཆོས་ཉིད་དོན་གྱི་དགོངས་པས་ཡེ་ཤེས་རིག་པ་གསལ་གདབ་པ་ལ། སྣང་བ་ལྷ་སྐུར་རྒྱས་འདེབས་པ་ནི། ཧྲཱི༔ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས༔ སྣང་བ་ཐམས་ཅད་རང་སྣང་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྒྲ་གྲགས་གསུང་དུ་རྒྱས་འདེབས་པ་ནི། ཧྲཱི༔ སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང༔ ཚིག་དང་བྲལ་བའི་དོན་ལ་ལྟོས༔ གྲགས་པ་ཐམས་ཅད་རང་སྒྲ་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྟོག་ཚོགས་ཐུགས་སུ་རྒྱས་འདེབས་པ་ནི། ཧྲཱི༔ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས༔ ཡེ་ཤེས་ཟང་ཐལ་ངང་ལ་ཞོག༔ གྲོལ་བ་ཐམས་ཅད་རང་གྲོལ་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་རིག་ལྷ་དང་གཉིས་སུ་མེད་པར་བལྟ་བ་ནི། ཧྲཱི༔ རང་རིག་ལྷ་དང་གཉིས་སུ་མེད༔ གཉིས་འཛིན་བྲལ་བའི་སེམས་ལ་ལྟོས༔ ལྟ་བྱེད་རྟོག་པ་རང་སར་གྲོལ༔ བལྟས་པས་ཐུགས་རྗེ་ཆེ་མི་མཐོང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སེམས་ལས་ལྷ་ལོགས་སུ་མི་བཙལ་བ་ནི། ཧྲཱི༔ མ་བལྟས་བཞག་པས་ལྷ་དང་མཇལ༔ མ་བསྒྲུབ་གནས་པས་སངས་རྒྱས་འགྲུབ༔ གྲུབ་པ་མེད་དོ་ཅིར་མི་དགོངས༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡིན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་བྱུང་གི་ལྟ་བ་ནི། ཧྲཱི༔ རང་སྣང་སྣང་བ་མཐའ་ཡས་ཡིན༔ རང་གསལ་རྟ་མགྲིན་རྒྱལ་པོ་ཡིན༔ རང་གྲོལ་གསང་བ་ཡེ་ཤེས་ཡུམ༔ ཡེ་ནས་མ་སྐྱེས་ཐུབ་པ་དྲུག༔ རང་བཞིན་བརྗོད་མེད་སངས་རྒྱས་སྟོང༔ ཕྲིན་ལས་ལྷུན་རྫོགས་ཁྲོ་ཆེན་བཞི༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྐུ་གསུམ་དབྱེར་མེད་ཀྱི་དགོངས་པ་ནི། ཧྲཱི༔ ཐམས་ཅད་དབྱེར་མེད་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྐབས་སུ་ཚངས་པའི་མགྲིན་དབྱངས་ཀྱིས༔ ཡེ་ཤེས་རིག་པ་གསལ་འདི་གདབ༔ ཅེས་གསུངས་པས་སྙན་པའི་དབྱངས་ཀྱི་རྟ་ལ་བསྐྱོན་ཏེ་ཅི་རིགས་པར་བཟླ་ཞིང་། སྐབས་འདིར་དབང་དོན་དུ་བུམ་པ་བསྒྲུབ་པ་དང་། སྐྱེ་བདུན་སྒྲུབ་པའི་སྒོམ་བཟླས་སོགས་སྐབས་དང་སྦྱར་ལ་གཞུག་གོ །བཟླས་པའི་མཐར་སྟོང་ཚིགས་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་འགལ་འཁྲུལ་ཉམས་ཆག་བཤགས༔ མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཁཱ་ཧི༔ བདུན་པ་སེམས་ཀྱི་དེ་ཉིད་བསྟན་ཕྱིར་རྫོགས་རིམ་བསྒོམ་པ་ལ། གཟུང་བའི་ཡུལ་སྦྱོང་ཕྱིར་ལྷ་སེམས་སུ་བསྟན་པ། འཛིན་པའི་གེགས་གཞོམ་ཕྱིར་སེམས་སྟོང་པར་བསྟན་པ། བློས་བྱས་ཀྱི་དྲི་མ་འཁྲུད་ཕྱིར་དབྱེར་མེད་ཀྱི་ཐིག་ལེར་བསྟན་པ་རྣམས་ནི། རྒྱུད་ལས། ལྷ་ཉིད་སེམས་སུ་ཤེས་བྱ་སྟེ༔ བསྒོམ་བྱའི་ལྷ་དེ་སྒྲུབ་བྱེད་ཀྱི༔ མཁན་པོ་དག་ཀྱང་སེམས་ཉིད་དེ༔ ལྷ་དང་ལྷ་མིན་འབྱེད་པ་སེམས༔ དེ་ལྟར་སེམས་ཀྱི་རང་བཞིན་སྟོང༔ ངོ་བོ་མཚན་ཉིད་ཐམས་ཅད་སྟོང༔ དེ་ཡང་ཐ་དད་མ་ཡིན་ཏེ༔ སྣང་སྟོང་གཉིས་འཛིན་བློ་ལས་འདས༔ གཉིས་མེད་གཉིས་སུ་མེད་པར་ཤེས༔ སྟོང་གསལ་སྤྲོས་མེད་ཆོས་ཀྱི་སྐུ༔ བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ ཞེས་པ་རྣམས་ཚིག་ངག་ཏུ་བརྗོད་མི་བརྗོད་གང་ལྟར་ཡང་དོན་གསལ་གདབ་ལ་རང་བྱུང་རིག་པ་སྤྲོས་བྲལ་གྱི་གཤིས་ལུགས་བསྐྱང་ངོ་། །འདིར་རྩ་བའི་དགོངས་པའི་རྗེས་སུ་འབྲངས་ཏེ་མ་ཎི་རིན་ཆེན་ཡབ་སྲས་རྣམས་ཡིག་དྲུག་བསྙེན་པ། ཡི་གེ་བཅུ་གཅིག་སྒྲུབ་པ། ཡིག་བདུན་མཆོག་གི་ལས་སྦྱོར་དུ་བཞེད། ཕྱག་བཞེས་སུ་བཟླས་པའི་དངོས་གཞི་ཡིག་བདུན་དང་། བཅུ་གཅིག་པ་ཐུན་མཇུག་ཏུ་བརྒྱ་རྩ་ཙམ་བཟླ་བར་སྣང་ངོ་། །དེས་དངོས་གཞིའི་ལས་རིམ་ལེགས་པར་གྲུབ་བོ། །གཉིས་པ་ཆོ་གའི་མཇུག་གི་ལས་རིམ་ནི། ཚོགས་མཆོད་གཏོར་འབུལ་བརྟན་སྐྱོང་བྲོ། །དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ། །བསྔོ་སྨོན་ཤིས་བརྗོད་བྱ་བ་འོ། །ཞེས་པ་ལྟར་བདུན་གྱི་དང་པོ་ཚོགས་མཆོད་བྱ་བ་ནི། མ་ད་ན་མཱཾ་ས་བ་ལ་གཙོ་བོར་གྱུར་པའི་དམ་ཚིག་གི་ཡོ་བྱད་རྣམས་བཤམ། རྒྱུན་གྱི་མཆོད་པ་ལྟ་བུར་མི་དགོས་ཀྱང་ཚོགས་ཀྱི་འདུ་བ་དང་ཚོམ་བུ་ཚོགས་སྒྲུབ་སོགས་ལ་ཚོགས་ཕྲིན་གདབ་པ་ནི། ལས་ཀྱི་རྒྱལ་ཐེབས་ཀྱིས། ཧོ༔ དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་བཅས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང༔ ཕྱིའི་གྲུབ་པ་མོ་དང༔ ནང་གི་རྣལ་འབྱོར་མ་དང་དམ་ཅན་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོ་ཁྱེད་རྣམས་ཀྱི་ཐུགས་དམ་བསྐང་ཞིང༔ བདག་ཅག་གི་གཡར་དམ་བསྐང་ཕྱིར་འབྱོར་ཚོགས་གཞུང་བཞིན་དུ་གུས་པས་འབུལ་ལགས་ན༔ ཐུགས་རྗེས་བཞེས་ཤིང་དགོངས་པ་ཅི་གནང༔ ཨ་ལ་ལ་ཧོ༔ ཞེས་ཞུ། སློབ་དཔོན་གྱིས། ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་དཀྱིལ་འཁོར་གྱི༔ ལྷ་ཚོགས་རྣམས་དང་རྡོ་རྗེ་སློབ་དཔོན་མཆེད༔ འགྲོ་དོན་ཡལ་བར་མི་འདོར་ཐུགས་བརྩེའི་ཕྱིར༔ གསོལ་བར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ ཞེས་ལན་གདབ། བྱིན་གྱིས་བརླབ་པ་ནི། ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ལན་བདུན། ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་རྣམ་སྤྲོས་ཏེ༔ རཾ་འཕྲོས་དངོས་འཛིན་རྣམ་རྟོག་སྦྱངས༔ ཡཾ་འཕྲོས་བག་ཆགས་ཞེན་སྣང་གཏོར༔ ཁཾ་འཕྲོས་གཉིས་འཛིན་དྲི་མ་བཀྲུས༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཨོཾ་དང་ཨཱཿདང་ཧཱུྃ་སྤྲོས་པས༔ ཨོཾ་གྱིས་འདོད་ཡོན་ལོངས་སྤྱོད་སྤེལ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བཞུ༔ ཧཱུྃ་གིས་བགེགས་བསྐྲད་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ རྒྱལ་བའི་སྐུ་ལ་སྒྲིབ་སྐྱོན་མི་མངའ་ཡང༔ འགྲོ་བའི་ཚོགས་གསག་བསྙེན་སྒྲུབ་བགྱི་སླད་དུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛ་ཧོ༔ དེ་ནས་སྤྱིར་མཆོད་པ་ནི་ཚོགས་ཀྱི་ཡོ་བྱད་བཏེགས་ལ། ཧཱུྃ༔ རིན་ཆེན་ཁང་བཟང་གནས་མཆོག་འདིར༔ སྨན་གྱི་ཆག་ཆག་མཎྜལ་བཤམ༔ གདན་ཁྲི་ན་བཟའ་རྒྱན་ཕྲེང་མཛེས༔ གླུ་གར་རོལ་མོ་སྣ་ཚོགས་དང༔ མེ་ཏོག་མར་མེ་ཙནྡན་ཕྲེང༔ ཞལ་ཟས་དྲི་ཆབ་སིལ་སྙན་རྣམས༔ སྤྲིན་ཕུང་འཁྲིགས་ལྟར་ནམ་མཁའ་གང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ ཨོཾ༔ གཟུགས་མཛེས་ལྷ་མོས་མེ་ལོང་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་ལ་མཆོད༔ ཨོཾ༔ སྒྲ་སྙན་ལྷ་མོས་པི་ཝང་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྙན་ལ་མཆོད༔ ཨོཾ༔ དྲི་ཞིམ་ལྷ་མོས་སྤོས་ཕོར་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཤངས་ལ་མཆོད༔ ཨོཾ༔ རོ་མཆོག་ལྷ་མོས་ཞལ་ཟས་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ལ་མཆོད༔ ཨོཾ༔ རེག་བྱའི་ལྷ་མོས་མཉེན་འཇམ་འཁྲིལ༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་མཆོད༔ ཨོཾ༔ ཆོས་ཀྱི་ལྷ་མོས་རྡོ་རྗེ་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ལ་མཆོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་མཆོད། བྱེ་བྲག་ཏུ་མཆོད་པར། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི་བདུད་རྩི་བྲན་ནས་སྟེགས་ལ་བཀོད་དེ། ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ལྡན་ལྷ་ཚོགས་རྣམས༔ གཙོ་འཁོར་བྲན་དང་བཅས་པ་ཡིས༔ ཚོགས་ཕུད་མཆོད་པར་བཞེས་སུ་གསོལ༔ ཞེས་འདོད་ཡོན་དྲུག་གིས་མཆོད་པས་དགྱེས་པར་བསམ་མོ། །བར་པས་བཤགས་པ་ནི། ཧྲཱི༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ འབྱོར་ཚོགས་ཆུང་བས་སྐུ་མ་བསྐངས༔ བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན༔ རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཧོ༔ ཞེས་དང་། ཡིག་བརྒྱ་བཟླས་པས་ཉམས་ཆག་དག་པར་བསམ་མོ། །ཐ་མ་བསྒྲལ་བ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས༔ བདག་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཕུར་བུས་གདབ་ཅིང་། ཧྲཱིཿཧཱུྃ༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ རི་རབ་ཕུར་པ་དགྲ་ལ་གཟིར༔ དབུ་གཙུག་རྟ་སྐད་བགེགས་དཔུང་སྲེག༔ ཞབས་གཉིས་འདོར་སྟབས་བདུད་བཞི་འཇོམས༔ དུར་ཁྲོད་ཆས་ཀྱིས་མཁའ་འགྲོ་སྡུད༔ གདུག་པའི་ཚོགས་བསྒྲལ་ཞལ་དུ་སྟོབས༔ ཧ་ཧ་ཁཱ་ཧི་ཁཱ་ཧི༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཨ་མུ་ཀཾ་ཤ་ཏྲཱུཾ་དགྲ་བགེགས་མཱ་ར་ཡ་ཛ་རྦད༔ ཅེས་བསྒྲལ་ནས་ཞལ་དུ་སྟོབ་པས་དགྱེས་པར་བྱའོ། །ཚོགས་ལ་རོལ་པ་ནི། ལས་རྡོར་གྱིས་སློབ་དཔོན་ནས་བརྩམ་སྟེ་རིམ་བཞིན། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཞེས་དྲང་། ལེན་པ་པོས་ཀྱང་པད་ཀོར་བཅས། ཨ་ལ་ལ་ཧོ༔ ཞེས་བླངས་ལ་འདོད་ཡོན་ལྔ་ལོངས་སྤྱད་ནས། སྨོན་ལམ་གདབ་པ་ནི། ཧོ༔ འགྲོ་བའི་དོན་ཕྱིར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་པ་དང༔ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་ལོངས་སྤྱོད་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ ཞེས་བརྗོད། ལྷག་མའི་ཆོ་ག་ལ་ཐོག་མ་ཡར་གནས་ནི། གཙང་ལྷག་ལ་སྨན་ཕུད་སྦྲེང་སྟེ། ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ༔ ཧྲཱི༔ དབང་ཆེན་ཐུགས་རྗེའི་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀུན༔ རྨད་བྱུང་གཏོར་མ་འདི་བཞེས་ལ༔ དམ་སྐོངས་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ས་མ་ཡ་དེ་བཱི་ཀྲོ་དྷཱི་སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ལ་ལྷག་ཕུད་བསྲེག་ཏེ་མར་གནས་ནི། ཧྲཱི༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ དབང་ཆེན་ལྷ་ཚོགས་ཕུད་ཀྱི་བདག༔ དེ་ནས་ཚོགས་ལ་མི་རོལ་དུ༔ དཔའ་བོ་དཔའ་མོ་ཚོགས་ལ་དགྱེས༔ དེ་ནས་ལྷག་མས་མི་མཆོད་དུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་དུ༔ ཁྱེད་དང་ངེད་གཉིས་དམ་ཚིག་འབྲེལ༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་ཤ་ཀྲྀ་ས་མ་ཡེ་ཧཱུྃ་ཕཊ༔ ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་བབ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་ཛ་གད་ཀྱི་ཁ་ཕྲུ་བཏབ་ཅིང་དམ་བསྲེས་པས། དམ་ལས་མི་འདའ་བར་ལས་བྱེད་པར་བསམ་ལ། ཧྲཱི༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་རྣམས༔ དབང་ཕྱུག་ཆེན་པོ་བཀའ་ཉན་ལས་བྱེད་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་མ༔ དཔལ་གྱི་བཀའ་སྡོད་ཅི་བགྱིས་བཀའ་ཉན་ཚོགས༔ མཁའ་འགྲོ་གིང་ཆེན་ལངྐའི་ཚོགས་དང་བཅས༔ དུར་ཁྲོད་བདག་དང་མ་བདུན་སྲིང་མོ་བཞི༔ འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད༔ མཛེས་པའི་སྐུ་ལ་གཞོན་སྒེག་ཚུལ་ཡང་སྟོན༔ མེ་ཏོག་ཆུན་པོ་མཛེས་པའི་སྐེད་འཆིང་ཅན༔ ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ༔ རྡོ་རྗེ་ཕྲ་མེན་མངག་གཞུག་བྱེད་པའི་ཚོགས༔ བཀའ་ཡི་ཕམ་ཕབ་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་གཏོར་མ་གཏང་བ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག །སྨན་རཀ་བྲན་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧྲཱི༔ དཔལ་གྱི་གཏོར་ལེན་དམ་ཚིག་ཅན༔ མཁའ་འགྲོ་ཤུགས་འགྲོ་མ་མོའི་ཚོགས༔ དང་པོ་ཞལ་བཞེས་དམ་མ་འདའ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མི་མཐུན་རྐྱེན་རྣམས་ཟློག་ཏུ་གསོལ༔ བཛྲ་པྲ་མོ་ཧ་ཟློག་བྷྱོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ། གསུམ་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་སྨན་ཕུད་ཀྱིས་བཤལ་བའི་ཆུ། ཨོཾ་ཨཱཿཧཱུྃ༔ གིས་བདུད་རྩིར་བརླབས་ལ། ཧྲཱིཿཧཱུྃ༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་སྲུངས་རྐྱེན་ཟློག་སྒྱུར༔ ཅེས་གཏོར་མ་གཙང་སར་འབུལ། བཞི་པ་རྟ་བྲོ་རྡུང་བ་ནི། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེས་རྒྱས་བཏབ་ནས། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་གཅོད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ ཞེས་བྲོ་བརྡུང་ངོ་། །ལྔ་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཛཔ྄་ཀྱི་བྱང་དྲངས་ཏེ། ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་འགྱུར་བ་མེད༔ འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་གཞིའི་དྲོད་ལྟར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་དོན་མཐར་ཕྱིན་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ བླ་མེད་ཐར་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་ཅན་མཁའ་འགྲོས་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་བསྒྲུབས་ནས་དེང་གི་ཞག་གྲངས་ཐེམས༔ དུས་ལས་མི་འདའ་ཐུགས་རྗེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་དངོས་གྲུབ་ནོད་པའི་ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱད། དྲུག་པ་དཀྱིལ་འཁོར་བསྡུ་བའི་ཐོག་མར་ཁ་སྐོང་ནོངས་བཤགས་ནི། ཨཱ་ལི་ཀཱ་ལི་ཡིག་བརྒྱ་མང་དུ་བཟླས་ལ། ཧྲཱི༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགས༔ ཞེས་བཟོད་པར་གསོལ། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ༔ སོགས་ཀྱིས་ཚོགས་ཀྱི་ཡེ་ཤེས་པ་བརྟན་བཞུགས་བྱ། རྡུལ་ཚོན་སོགས་དང་འབྲེལ་ན། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་ཤར༔ གང་འདུལ་འགྲོ་བའི་སྡུག་བསྔལ་ཀུན་བསལ་ནས༔ སླར་ཡང་ཆོས་དབྱིངས་སྐྱེ་མེད་ཀློང་དུ་མུ༔ ཞེས་དཀྱིལ་འཁོར་བསྡུ་ཞིང་། ཡེ་ཤེས་ལྷ་ཚོགས་གནས་འདིར་བྱོན་པ་ལེགས༔ བདག་སོགས་འགྲོ་རྣམས་བསོད་ནམས་སྐལ་པར་ལྡན༔ དམིགས་མེད་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ༔ དེ་ཡང་རིམ་བཞིན་ཐུགས་སྲོག་དྭངས་མའི་ཧྲཱིཿལ་ཐིམ༔ དེ་གྱེན་རྫོགས་མི་དམིགས་པའི་ངང་དུ་བསྡུས་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་ཉིད་སྙིང་རྗེའི་ཐུགས་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཞེས་སླར་ཡང་ཟུང་འཇུག་གཉུག་མའི་སྐུར་ལངས་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ །བདུན་པ་བསྔོ་སྨོན་དང་ཤིས་བརྗོད་གཉིས་ལས། དང་པོ་ནི། ཨེ་མ་ཧོ༔ ཐོག་མའི་བྱམས་མགོན་ཀུན་བཟང་སྣང་མཐའ་ཡས༔ ཡེ་ཤེས་རིགས་ལྔ་ཐུགས་རྗེ་ཆེན་པོའི་ཚོགས༔ གང་ལ་གང་འདུལ་རང་བྱུང་སྤྲུལ་པའི་སྐུ༔ ཡབ་ཡུམ་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ ཀུན་གཞི་མཐའ་བྲལ་མཁའ་ལྟར་ཡངས་པའི་ཀློང༔ ཀ་དག་ལྷུན་གྲུབ་རང་བྱུང་ཡེ་ཤེས་ཏེ༔ རང་ལ་ཡོད་ཀྱང་རང་ངོ་མ་ཤེས་པས༔ འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ༔ བདེ་གཤེགས་བྱམས་མགོན་རྒྱལ་བ་སྲས་དང་བཅས༔ འོད་གསལ་འདུས་མ་བྱས་པའི་བདེན་སྟོབས་ཀྱིས༔ བདག་ལ་སངས་རྒྱས་ཡོན་ཏན་ཡོངས་རྫོགས་ནས༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱེད་པར་ཤོག༔ བདག་གིས་འདི་ལྟར་བསགས་པའི་དགེ་བ་འདིས༔ མཐོང་ཐོས་དྲན་རེག་མྱོང་ཚོར་འབྲེལ་བ་ཡིས༔ འབད་རྩོལ་མི་དགོས་སྐད་ཅིག་འདི་ཉིད་ལ༔ སྐྱེ་འགྲོ་མ་ལུས་དུས་གཅིག་གྲོལ་བར་ཤོག༔ གྲོལ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང༔ འོད་དཔག་མེད་ཀྱི་བདུད་རྩི་ཐོབ་པ་དང༔ སྤྱན་རས་གཟིགས་ཀྱིས་དབུགས་དབྱུང་ལུང་བསྟན་ནས༔ འགྲོ་བའི་དོན་དུ་པད་འབྱུང་སྐུ་ཐོབ་ཤོག༔ ཅེས་དོན་ཏིག་ལས་བྱུང་བའི་བྱིན་རླབས་ཅན་སོགས་ཐེག་པ་ཆེན་པོའི་བསྔོ་སྨོན་སྤྱི་དང་། ཡང་སྙིང་འདུས་པ་གསུང་གི་དཀྱིལ་འཁོར་དུ། །དངོས་གྲུབ་མཐར་ཕྱིན་བསྒྲུབས་པའི་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །ཐུགས་རྗེ་ཆེན་པོའི་ས་ལ་འགོད་པར་ཤོག །ཅེས་སོགས་ཁྱད་པར་དུ་གདབ་བོ། །གཉིས་པ་ཤིས་བརྗོད་ནི། མེ་ཏོག་ཆར་དུ་བསྙིལ་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །སྣང་བ་མཐའ་ཡས་ཚེ་དབང་སྒྲུབ་པའི་གསུང་། །ཐུགས་མཆོག་རྟ་མགྲིན་སྒྲུབ་པའི་བར་ཆད་སེལ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གསང་བ་ཡེ་ཤེས་སངས་རྒྱས་ཀུན་གྱི་ཡུམ། །ནོར་བུ་འཛིན་པ་ཐབས་ཀྱི་རང་བཞིན་ཏེ། །གསང་སྔགས་འཛིན་མ་ཤེས་རབ་གསལ་བའི་ཡུམ། །ཡབ་ཡུམ་སྲས་དང་བཅས་པའི་བཀྲ་ཤིས་ཤོག །རྒྱལ་བ་རིགས་དྲུག་སྐུ་དྲུག་དབྱིངས་སུ་རྫོགས། །སྤྲུལ་སྐུ་ཐུབ་དྲུག་འགྲོ་འདུལ་སྐྱེ་སྒོ་གཅོད། །དུས་གསུམ་སངས་རྒྱས་སྟོང་རྩ་ཐུགས་རྗེའི་བདག །བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀྲ་ཤིས་ཤོག །རིགས་བཞིའི་ཁྲག་འཐུང་ལོག་འདྲེན་བདུད་བཞི་འཇོམས། །འཁོར་གྱི་མཁའ་འགྲོས་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོས་ཕྱི་ནང་བར་ཆད་སེལ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །སྤྱི་དོན་གསུམ་པ་མཐར་ཐུག་གྲུབ་མཐར་ལ་ཟླ་བའི་ཆོས་ལ་བདུན། ཤེས་བྱ་ལྟ་བའི་དོན། གནས་པ་སྒོམ་པའི་དོན། ཁྱེར་ཐབས་སྤྱོད་པའི་དོན། ཐག་ཆོད་འབྲས་བུའི་དོན། བརྟན་ཐོབ་དབང་གི་དོན། འདའ་དཀའ་དམ་ཚིག་གི་དོན། ལྷུན་གྲུབ་ཕྲིན་ལས་ཀྱི་དོན་ཏེ། དེ་དག་ཐུགས་ཁྲིད་གསལ་སྒྲོན་ལས་འབྱུང་བ་ལྟར་ཐོས་པས་གཏན་ལ་དབབ། བསམ་པས་ཡིད་གཉིས་ཕྲལ། བསྒོམ་པས་ཉམས་སུ་མྱང་སྟེ་ཚེ་འདི་ཉིད་ལ་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་མངོན་དུ་འགྱུར་བ་ལ་བརྩོན་ལྡན་དུ་བྱའོ། །ཆུ་ལྷའི་མངལ་དུ་ལྷུངས་པའི་ཉིན་བྱེད་བཞིན། །བསྟན་པའི་གཞུག་འདིར་ཡིད་བཞིན་ནོར་བུས་ཀྱང་། །མི་བསྒྲུན་དམ་ཆོས་སྙིང་པོ་འདི་ལྟ་བུ། །རྙེད་པ་ལྟ་ཅི་མཚན་ཙམ་ཐོས་པ་དཀའ། །འདི་རྙེད་ཕུར་ཚུགས་ཉམས་སུ་མི་ལེན་པར། །ཟབ་ཟབ་མང་པོས་འགྲམ་ཆུ་ལྡང་བ་ནི། །ཡི་དྭགས་གཏེར་སྲུང་བཞིན་དུ་དོན་ཆུང་བས། །དབེན་རིར་སྒྲུབ་པ་སྙིང་པོར་དྲིལ་བར་སྨོན། །བྱང་ཆུབ་སེམས་ཀྱི་ཏིང་འཛིན་རྩལ་ཆེན་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་སྤྱོད་ལྷུན་གྱིས་གྲུབ། །ཕྱོགས་མཐར་ཡི་གེ་དྲུག་པའི་ཕྲིན་ལས་ཀྱིས། །འཁོར་བ་མ་སྟོངས་བར་དུ་དོན་བྱེད་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་བརྩེ་བ་ཆེན་པོའི་བཀའ་ཡིས་རྗེས་སུ་གནང་ཞིང་། ཉེ་ཆར་རིག་འཛིན་བླ་མ་དམ་པ་དཀོན་མཆོག་བསྟན་འཛིན་གྱིས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བསྐུལ་མ་གནང་བས། གཏེར་གཞུང་རྡོ་རྗེའི་གསུང་དང་སངས་རྒྱས་དྭགས་སྟོན་ཆེན་པོའི་སྤར་ཁབ་སོགས་རྩ་བར་བཟུང་། རྩ་སྒྲུབ་གཙུག་གི་ནོར་བུའི་དགོངས་དོན་ཀཿཐོག་པ་ཡབ་སྲས་ཀྱི་ཕྱག་བཞེས་ས་བཅད་ཀྱིས་ཟུར་བརྒྱན། མཁན་ཆེན་ཨོ་ཌཱི་ཡ་ནའི་ལྗགས་བསྒྲིགས་བཀླག་ལུང་མ་བཞུགས་སྟབས་ལེགས་ཆ་ཙམ་བཏུས་ཏེ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ། ཡིག་དྲུག་སྨྲ་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བསྒྲིགས་པ། འགལ་འཁྲུལ་གང་མཆིས་ཚེ་རབས་ཀྱི་སྡིག་དང་ལྷན་ཅིག་ཏུ་བཤགས་ཤིང་། དགེ་བས་ཆོས་འདིའི་བསྟན་པ་ནམ་མཁའི་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཐབས་རྒྱུན་ཁྱེར་མདོར་བསྡུས་པའི་རིམ་པ་ (Volume 22, Text 3)

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཐབས་རྒྱུན་ཁྱེར་མདོར་བསྡུས་པའི་རིམ་པ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་དམ་ཆོས་འདུས་པ་སྐོར་དགུའི་ཡ་གྱལ། འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུན་གྱི་ཉམས་ལེན་མདོར་བསྡུས་ཏེ་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ༔ ཡེ་ནས་མ་སྐྱེས་སྟོང་གསལ་ངང༔ ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས༔ རང་བྱུང་རིག་པ་ཧྲཱིཿདཀར་གསལ༔ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ དལ་དབུས་པདྨའི་སྙིང་པོ་ཟླུམ༔ འདབ་དྲུག་མུ་ཁྱུད་པད་སྡོང་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ མཉམ་ཡངས་འོད་ཀྱི་ཁང་པར་གསལ༔ དེ་དབུས་རང་རིག་ཧྲཱིཿའོད་འབར༔ རྣམ་སྨིན་ལུས་བསྲེགས་ཧྲཱིཿདེ་ཉིད༔ ཉི་ཟླ་པད་སྟེང་ཐུགས་རྗེ་ཆེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ༔ རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ རང་འདྲའི་ཡུམ་མཆོག་གསང་ཡེ་མ༔ ལུས་དང་གྲིབ་མའི་ཚུལ་དུ་འཁྲིལ༔ འཇའ་རིས་འོད་ལྔའི་རྒྱབ་ཡོལ་མཛེས༔ སྤྱི་གཙུག་རིགས་བདག་འོད་དཔག་མེད༔ ཐུགས་ཀར་རྟ་མགྲིན་ཡེ་ཤེས་སེམས༔ རིགས་འདུས་རང་ལས་སྤྲུལ་པའི་འཁོར༔ ནོར་འཛིན་སྲས་མཆོག་གཡས་ནས་འདུད༔ གསང་སྔགས་འཛིན་མ་གཡོན་ནས་འདུད༔ འདབ་དྲུག་བཅོམ་ལྡན་ཐུབ་དྲུག་དང་། །ཕྱི་རིམ་སངས་རྒྱས་སྟོང་རྩ་གཉིས། །སྒོ་བཞིར་ཁྲག་འཐུང་རིགས་བཞི་སོགས། །བླ་མ་རིག་འཛིན་མཁའ་འགྲོའི་སྤྲིན། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །འགྲོ་བ་དྲངས་ཤིང་བསྒྲལ་སླད་དུ། །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས། །སརྦ་ཛྙཱ་ན་མཎྜ་ལ་བྷྲཱུྃ་ཧཱུྃ༔ ཞེས་པས་དམ་ཚིག་དཀྱིལ་འཁོར་གསལ་བཏབ་ལ། ཧྲཱི༔ ཡེ་ནས་རང་བྱུང་ཐུགས་རྗེ་ཆེ༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་བདག་ཅོད་པན་དབང༔ འབྲུ་བརྒྱད་གསལ་བསྒོམ་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ས་རྒྱས་གདབ་ཅིང་དབང་བསྐུར། ཧྲཱི༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས༔ རྩོལ་བྲལ་མཚན་བཅས་མི་དམིགས་ཀྱང༔ ཐུགས་རྗེ་ཉི་གསལ་འོད་བཞིན་དུ༔ འཁོར་འདས་མཉམ་སྦྱོར་ཐུགས་རྗེའི་བདག༔ རིགས་བདག་གཙོ་འཁོར་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ཕྱག་རྒྱར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་བདག་ལ་དགོངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ས་མ་ཡས། དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་མོས། ན་མོ་པཱུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ས་ཕྱག་བྱ། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད་ཅིང་བསྟོད་པ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཧྲཱི༔ ལྷ་གསུམ་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་མས་བསྐོར༔ བདག་ཉིད་རྩ་བའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ སྐུ་མཆོག་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བཟླ་ཞིང་། དེ་བཞིན་དུ། སྤྱི་གཙུག་སྣང་མཐའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ གསུང་མཉེས་གསུང་གི་དངོས་གྲུབ་ཐོབ༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་དུ་གྱུར༔ ཞེས་དང་། རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཐིང་ག་རབ་འཕྲོས་པས༔ བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག༔ ཐུགས་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཀུན་ཡིད་དབང་འདུས་གྱུར༔ ཞེས་སོ་སོར་བཟླས་པ་ཅི་ནུས་དང། སྐབས་སུ་ལྷ་སྔགས་ཀྱིས་མཚོན་པའི་སྤྲོས་པ་ཐམས་ཅད་རིག་སྟོང་གཉུག་མའི་རང་བཞིན་དུ་ཤེས་པར་བྱས་ལ། དེའི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བཙོན། ཐུན་མཐར་མཆོད་ཅིང་བསྟོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག༔ ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས༔ ཞེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སྟེ། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གིས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་བདེ་ཆེན་ལམ་སྒྲོན་ (Volume 22, Text 4)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གིས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་བདེ་ཆེན་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎྀ་ཀཱ་ཡ། རྒྱལ་བ་སྲས་བཅས་ཐུགས་རྗེ་གཅིག་བསྡུས་པ། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞབས། །འགྲོ་ཀུན་སྤྱི་བོར་བཀོད་ལ་རྗེས་འཛིན་སྩོལ། །ལས་ཀྱི་ཤིང་རྟས་རིགས་དྲུག་ཁ་བསྒྱུར་བ། །ཐར་པའི་ས་ལ་བདེ་བླག་དཀྲི་བའི་ཐབས། །རྒྱུད་དང་གྲུབ་པའི་ལུང་ལས་མདོར་བསྡུས་ཏེ། །བདེ་ཆེན་ལམ་གྱི་སྒྲོན་མེ་གསལ་བར་བྱ། །སྐྱེ་བཞི་རྒྱུད་ལྔའི་ལམ་དུ་འཁྲུལ་པའི་འཁོར་ལོས་ཡང་ནས་ཡང་དུ་དུབ་པ་རྣམས་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བའི་ཚེ་བར་ཆད་མེད་པའི་ལམ་དུ་ཁ་ལོ་བདེ་བླག་བསྒྱུར་བའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གི་ཆོ་ག་བསྟན་པ་སྟེ། དེའང་དབང་དང་དམ་ཚིག་གིས་རྒྱུད་དག་ཅིང་བསྐྱེད་རྫོགས་ལ་གདིང་རྙེད་པའི་སྔགས་པས་གཞན་རྗེས་སུ་འཛིན་པའི་སྒོ་གཙོ་བོར་གྱུར་པ་ནི་གཉིས་ཏེ། གསོན་པོ་ལ་དབང་བསྐུར་བ་དང་། གཤིན་པོ་ལ་གནས་ལུང་བྱ་བའོ། །ཕྱི་མ་ལའང་མཆོག་དམན་གཉིས་ལས། གང་ཟག་མཆོག་རྣམས་ཞི་བར་གཞོལ་བ་ན་དེ་ཉིད་དཀྱིལ་འཁོར་གྱི་ངོ་བོར་བལྟས་ཏེ་སྒྲུབ་མཆོད་དབང་ལེན་བྱ་བ་ཡིན་པས་དེའི་ཚུལ་ནི་གཞན་དུ་ཤེས་པར་བྱ། །འདིར་ཐ་མལ་པའི་གང་ཟག་རིགས་དྲུག་གི་གནས་ནས་འདྲེན་པའི་བདུན་ཚིགས་ཆོ་གའི་རིམ་པ་བྱ་བ་ནི། ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། དེ་ནས་བདུན་ཚིགས་རྣལ་འབྱོར་བཤད། །ཚེ་འདས་རོ་འམ་མཚན་བྱང་ལ། །ཡིག་བདུན་བཀོད་ནས་བུམ་པར་གཞུག །བདུན་བར་བདུན་དུ་ཡིག་བདུན་བཟླ། །མཚན་བྱང་བསྲེགས་ཏེ་སཱཙྪ་གདབ། །དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་བཤམ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསྐང་། །ཚེ་འདས་རྣམ་ཤེས་རང་ལ་བསྟིམ། །གཉིས་མེད་མཉམ་སྦྱོར་ཆེན་པོར་གནས། །གཤིན་དེ་བླ་མེད་འབྲས་ཐོབ་ངེས། །ཞེས་ལམ་གྱི་ཆ་རྐྱེན་ཉི་ཤུ་རྩ་གཅིག་གི་དགུ་པར་གསུངས་པའི་དགོངས་པ་སློབ་དཔོན་ཆེན་པོས་བཀྲལ་བ་ལས། ཕྱི་བདུན་བར་གྱི་ཚོགས་བསྙགས་ཏེ་རིགས་དྲུག་གི་གནས་ནས་དྲང་བ་དང་། ནང་དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་རིག་འཛིན་གྱི་གྲལ་དུ་འགོད་པ་དང་། གསང་བ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམས་པ་གསུམ་དུ་དབྱེ་བར་མཛད་ཅིང་། དེ་དག་དཀྱུས་གཅིག་ལག་ཏུ་ལེན་པའི་ཆོ་གའི་ངག་འདོན་དམ་པ་སྔ་མ་རྣམས་ཀྱིས་གསང་བ་ཡོངས་རྫོགས་ཆེན་པོའི་བདུན་ཚིགས་ཆོ་ག་འཁོར་བ་དོང་སྤྲུགས་ལ་གཞི་བླངས། དབང་སོགས་སྒོས་ཆོས་བྱེ་བྲག་པ་རུང་མཐུན་དུ་སྦྱོར་བར་སྣང་བས། འདིར་ཡང་དེ་ལྟར་འཆད་པ་ལ་གསུམ། གང་གིས་སྦྱོང་བྱེད་དཀྱིལ་འཁོར་བཤམ་པ། གང་སྦྱང་གཞིའི་རྟེན་བཅའ་བ། ཇི་ལྟར་དྲང་བའི་ཐབས་བསྟན་པའོ། །དང་པོ་ནི། རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་རྒྱལ་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ། རྒྱབ་མདུན་དུ། ཐོད་པ་བདུད་རྩིའི་བཅུད་ལྡན། མར་མེ་རྣམས་དང་། སྨན་རཀ་གཏོར་གསུམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། གཞན་ཡང་གཏེར་སྲུང་གཏོར་འབུལ། བགེགས་གཏོར་དང་ཚོགས་མཆོད་ཆད་བརྟན། མེ་ཏོག་གུལ་ཡུངས་སྤོས་རོལ། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་གྲབས་སུ་ཚུད་པར་བྱའོ། །གཉིས་པ་སྦྱང་གཞིའི་རྟེན་ནི། རྒྱ་ཤོག་ལ་མཚན་བྱང་ཐལ་སྦྱར་པུས་བཙུགས་པད་གདན་ལ་ཙོག་པུར་འདུག་པའི་སྟེང་དུ་གདུགས། གཡས་གཡོན་འཕན་དང་བཅས་པའི་རྒྱབ་ཏུ་ཡི་གེ་བདུན་པ་དང་། ཚེ་འདས་ཆེ་གེ་མོ་དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛཿསྥ་ར་ཎ་ཕཊ། ཅེས་བྲིས་ཏེ་སྨྱུག་རྒོད་ཚིགས་གསུམ་པ་ལ་བཏགས། དྲི་རྟེན་གོས་བཟང་པོས་གཡོགས་པ་དཀྱིལ་འཁོར་གྱི་ལྷོ་རུ་དབང་སྟེགས་པདྨ་དཀར་པོ་འདབ་བརྒྱད་ཀྱི་སྟེང་དུ་བཞག །དཀྱིལ་འཁོར་དང་སློབ་དཔོན་གྱི་མདུན་གང་བདེར་རིགས་དྲུག་གི་དལ་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་ཡིག་མགོ་ཕྱིར་བསྟན་དུ་བྲིས་པའི་ལྟེ་བར་ཁྲུས་བུམ་བཅུད་ལྡན། དེའི་ཁ་རྒྱན་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུ་ཙག་གཟུག །བུམ་པའི་མཐའ་སྐོར་དུ་ཐུབ་དྲུག་གམ་ཡིག་དྲུག་སོ་སོར་བྲིས་པའི་ཙཀ་ལི་བཤམ། མཐར་ཕྱི་མཆོད་ཀྱིས་གཡས་སུ་བསྐོར། ལྷ་བཤོས་དྲུག་དང་ལན་ཆགས་གཏོར་མ་དྲུག་རྣམས་ཀྱང་ཕྱོགས་ཕྱོགས་སུ་བཀོད། གཞན་ཡང་ཞི་དྲག་དང་འབྱུང་བཞིའི་སྦྱོང་ཆས། བྲབ་རྫས་བྱེ་ཡུངས་སོགས་འདུ་བྱའོ། །གསུམ་པ་ཇི་ལྟར་དྲང་བའི་ཐབས་ལ་གསུམ། དཀྱིལ་འཁོར་དང་བུམ་པ་སྒྲུབ་པ། གནས་ལུང་གི་ཆོ་ག་དངོས། རྗེས་ཀྱི་བྱ་བ་བཤད་པའོ། །དང་པོ་ནི། བརྒྱུད་པའི་གསོལ་འདེབས་དང་སྔོན་གཏོར་ནས་བརྩམ་བཟླས་པ་རྫོགས་ཀྱི་བར་ལས་བྱང་ལྟར་གྲུབ་ནས། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བརྒྱ་སྟོང་གང་འགྲུབ་བཟླས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་པད་ཉི་ཟླ་བའི་གདན་ལྔ་ཚོམ་གྱི་སྟེང་དུ་ངོ་བོ་ཐུགས་རྗེ་ཆེན་པོ་ལ་རྣམ་པ་རྒྱལ་བ་རིགས་ལྔ་ནི། དབུས་སུ་མི་བསྐྱོད་པ་སྔོན་པོ། ཤར་དུ་རྣམ་པར་སྣང་མཛད་དཀར་པོ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ །ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་གཡས་པ་རྣམས་ཀྱིས་རང་རྟགས་དང་གཡོན་པ་རྣམས་ཀྱིས་དྲིལ་བུ་འཛིན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཕྱི་རོལ་དུ། བཅོམ་ལྡན་འདས་ཐུབ་པ་རིགས་དྲུག་འགྲོ་འདུལ་སྤྲུལ་པ་སྐུའི་ཆ་ལུགས་ཅན་བཞེངས་ཏེ་གནས་པ། ཐམས་ཅད་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། པདྨ་ཀ་མ་ལཱ་ཡ་སཏྭཾ། འདིར་རྒྱས་པར་སྤྲོ་ན། མ་ལུས་སེམས་མགོན། ཇི་ལྟར་བལྟམས་པ། བདག་དང་འགྲོ་ལ་སོགས་ཚིགས་བཅད་རེ་རེ་སྔགས་དང་སྦྲེལ། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧྲཱིཿ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་མ་འགགས་རོལ་པ་སྣ་ཚོགས་སྟོན། །གང་ལ་གང་འདུལ་འགྲོ་དོན་དཔག་མེད་མཛད། །བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱངས་ཤིང་བདུད་རྩིའི་ཆུས་བུམ་པ་གང་བར་བསམ་ལ་ཡི་གེ་བདུན་པ་དང་ཀཾ་ཀ་ནི་ཅི་རིགས་བཟླ། མཐར་མཆོད་བསྟོད་བསྡུས་པ་ཞིག་བྱ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱིན་བརླབ་ནས་བསྒྲལ་བསྟབ་པར་བྱས་ལ་རིག་པའི་མེ་ཏོག་དོར་ཏེ་གསོལ་བ་གདབ་བོ། །གཉིས་པ་གནས་ལུང་དངོས་ལ་སྡོམ་ནི། རྟེན་བསྐྱེད་དགུག་ཅིང་གཤེད་དང་བྲལ། །དུག་སྦྱོང་རིགས་དྲུག་གནས་ནས་དྲང་། །ཟས་གཏད་དབང་བསྐུར་འབྲེལ་ཐག་བཅད། །ལམ་བསྟན་རྒྱས་གདབ་དགེ་རྩ་བསྔོ། །སྲེག་སྦྱོང་སཱཙྪ་གདབ་པ་འོ། །ཞེས་པ་རྣམས་ལས། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་རྣམ་ཤེས་ཨ་ཡིག་གི་རྣམ་པར་བཀུག་པར་བསམ། ཧཱུྃ་ཧྲཱིཿ དཀོན་མཆོག་མཐུ་དང་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ལུས་བརྗེས་མིང་རུས་སྨོས་པ་ཁྱོད། །རིགས་དྲུག་སྐྱེས་སམ་བར་མ་དོ་ན་འཁྱམས། །གང་ན་གནས་ཀྱང་མཚན་བྱང་རྟེན་ལ་འདུས། །འཁོར་བའི་གནས་འགེགས་ཐར་པའི་སྒོ་འབྱེད་པས། །འདིར་ཤོག་ལྷ་དང་སློབ་དཔོན་དྲན་པར་གྱིས། །ཞེས་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བ་ཆེ་གེ་མོའི། རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་རྟེན་འདི་ཉིད་དུ་མཆིས་པར་གྱུར་ཅིག །བཛྲ་ཨཾ་གུ་ཤ་ཡ་ཛཿཛཿ ལན་གསུམ་དང་། ནྲྀ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཧཱུྃ། ང་ནི་དབང་ཆེན་རྟ་མགྲིན་རྒྱལ། །བདག་ལ་ལྟོས་པའི་ཚེ་འདས་ལ། །གསོན་བདུད་གཤིན་བགེགས་བྱེད་པ་ཡི། །སྲོག་གཅོད་བླ་ཁྱེར་གཤེད་མ་ཀུན། །གཤིན་ལ་མ་ཆགས་ཕྱིར་དེངས་ཤིག །མི་འགྲོ་འདུག་ན་རྡུལ་དུ་རློག །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧྲཱིཿཧཱུྃ་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་དུད་པས་བདུག །རོལ་མོའི་སྒྲ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། །བཞི་པ་ཉོན་མོངས་པ་དང་ལས་དབང་གི་དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་སྦྱོར་རོ། །དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །དུག་རྣམས་བྱུང་ཡང་ས་ལས་བྱུང་། །ཞི་ཡང་ས་ཡི་ངང་དུ་ཞི། །སའི་གནས་སུ། ཆུ། མེ། རླུང་སོ་སོར་སྦྱར་བའི་མཐར། ཡིག་བདུན་དང་། ཀཾ་ཀ་ནིའི་གཤམ་དུ། ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བ་བཞིའི་ངང་དུ་ཞི་བར་གྱུར་ཅིག་པ་རམྤ་རཱ་ཎི་སྭཱ་ཧཱ། ལྔ་པ་རིགས་དྲུག་གི་གནས་ནས་དྲང་བ་ལ་རེ་རེ་བཞིན། གནས་སྦྱོང་གནས་འདྲེན་དུག་གྲིབ་བཀྲུ །ལན་ཆགས་འཇལ་དང་ཆོས་བཤད་དང་། །ཕྱག་རྒྱ་འབྲེལ་ཐག་བཅད་པ་འོ། །ཞེས་དོན་བདུན་རེས་བསྟན་པ་ལས། དང་པོ་དམྱལ་བའི་གནས་ནས་དྲང་བ་ནི། མཚན་བྱང་དམྱལ་བའི་དལ་དུ་གཟུང་། བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་ཐུབ་དྲུག་སོ་སོར་མོས་ལ། དང་པོ་གནས་སྦྱོང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་གཟུང་སླད་དུ། །དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིན། །མདོག་ནག་ཁྲོ་ཚུལ་ཞེ་སྡང་རྣམ་པར་དག །བཟོད་པའི་ཆོས་སྟོན་མེ་ཆུ་ཁྲམ་ཤིང་བསྣམས། །ཚེ་འདས་ལུས་བོར་ཚ་གྲང་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡི་གེ་བདུན་པ་དང་། ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་འགྲུབ་བཟླ། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། གཉིས་པ་གནས་ནས་འདྲེན་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཞེ་སྡང་དབང་གིས་སྲོག་བཅད་པས། །དམྱལ་བར་སྐྱེས་སམ་ཚ་གྲང་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུཿཨཱ་ཀརྵ་ཡ་ཛ་ཛཿ གསུམ་མམ་བདུན་བརྗོད། གསུམ་པ་སྡིག་སྒྲིབ་བཀྲུ་བ་ནི། མེ་ལོང་དང་ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཞེ་སྡང་སྒྲིབ་དག་ནས། །མེ་ལོང་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཞི་པ་ལན་ཆགས་འཇལ་བ་ནི། ཐོག་མར་ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །དམྱལ་བའི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ལྔ་པ་ཆོས་བཤད་པ་ནི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པར་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ དྲུག་པ་ཕྱག་འཚལ་དུ་གཞུག་པ་ནི། ཉེ་དྲུང་གིས་བྱང་བུ་ཐོགས་ལ་ཕྱག་འཚལ་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཡིན། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ ཞེས་ཕྱག་བྱས་ལ་མིང་བྱང་ཡི་དྭགས་དལ་དུ་བཞག །བདུན་པ་འབྲེལ་ཐག་བཅད་པ་ནི། ཧཱུྃ། ས་འདི་བཅད་པ་མན་ཆད་དམྱལ་བའི་གནས། །ཚ་གྲང་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་དམྱལ་གནས་འཁོར་བ་སྤོངས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཞེས་སྔགས་ལན་གསུམ་བཟླས་ཏེ་དམྱལ་བའི་དལ་ཕྱགས་ལ་སྐྱེ་སྒོ་བཅད། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་དམྱལ་བའི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་བརྗོད་ཅིང་སྨོན་ལམ་གདབ་བོ། །ས་བཅད་དམིགས་རིམ་ལག་ལེན་རྣམས་དེས་འགྲེས་ཏེ། གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ཡི་དྭགས་ཐུབ་པ་ནམ་མཁའ་མཛོད་ཆེན་ཡིན། །དམར་ལྗང་དྲང་སྲོང་སེར་སྣ་རྣམ་པར་དག །སྦྱིན་པའི་ཆོས་སྟོན་རིན་ཆེན་སྒྲོམ་བུ་འཛིན། །ཚེ་འདས་ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ཡི་དྭགས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་སེར་སྣའི་དབང་གིས་སྦྱིན་བསྡམས་པས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པྲེ་ཨཱ་ཀརྵ་ཡ་ཛ་ཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་སེར་སྣའི་སྒྲིབ་དག་ནས། །རང་རིག་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང། ཧཱུྃ། བཅོམ་ལྡན་ཁ་འབར་རྒྱལ་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་བཀྲེས་སྐོམ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ཡི་དྭགས་ལན་ཆགས་བུ་ལོན་སྦྱོང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་བྱོལ་སོང་གི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་ཡི་དྭགས་གནས། །བཀྲེས་སྐོམ་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ཡི་དྭགས་འཁོར་བ་སྤོངས། །ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་ཡི་དྭགས་ཀྱི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ཡི་དྭགས་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །གསུམ་པ་བྱོལ་སོང་གི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་ཡིན། །སྨུག་ནག་གཟུགས་མཛེས་གཏི་མུག་རྣམ་པར་དག །ཤེས་རབ་ཆོས་སྟོན་ཕྱག་ན་པུསྟི་བསྣམས། ཚེ་འདས་བྱོལ་སོང་གླེན་ལྐུགས་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་བྱོལ་སོང་གླེན་ལྐུགས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་གཏི་མུག་རྨོངས་པས་དོན་མ་རིག །བྱོལ་སོང་གླེན་ལྐུགས་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནྲྀ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་གཏི་མུག་སྒྲིབ་དག་ནས། །ཆོས་དབྱིངས་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་སེང་གེ་རབ་བརྟན་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་གླེན་ལྐུགས་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །བྱོལ་སོང་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་གཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་མིའི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་བྱོལ་སོང་གནས། །གླེན་ལྐུགས་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་སྡུག་བསྔལ་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་བྱོལ་སོང་འཁོར་བ་སྤོངས། །ཨོཾ་མ་ཐ་མ་ཐ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བྱོལ་སོང་གི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་དུད་འགྲོའི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །བཞི་པ་མིའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །མི་ཡི་ཐུབ་པ་ཤཱཀྱ་སེང་གེ་ཡིན། །གསེར་མདོག་ཁྲིམས་ལྡན་འདོད་ཆགས་རྣམ་པར་དག །བརྩོན་འགྲུབ་ཆོས་སྟོན་གསེག་ཤང་པར་བུ་བསྣམས། །ཚེ་འདས་མི་རུ་གྱུར་པའི་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་མི་བྲེལ་ཕོངས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་འདོད་ཆགས་ལེ་ལོས་རབ་ཏུ་གཡེང་། །མི་རུ་སྐྱེས་ནས་བྲེལ་ཕོངས་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནྲྀ་ཨཱ་ཀརྵ་ཡ་ཛ་ཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་འདོད་ཆགས་སྒྲིབ་དག་ནས། །ཀུན་རྟོག་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་བྲེལ་ཕོངས་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །མི་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག །ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་ལྷ་མིན་གྱི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་མི་ཡི་གླིང་། །སྡུག་བསྔལ་སྣ་ཚོགས་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་མི་ཡི་འཁོར་བ་སྤོངས། །ཨོཾ་སརྦ་དུཿཁ་སརྦ་ཀླེ་ཤ་ཧཱུྃ་ཕཊ། ཅེས་མིའི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་མི་ཡི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །ལྔ་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ལྷ་མིན་ཐུབ་པ་ཐགས་བཟང་རིས་མཆོག་ཡིན། །མདོག་སྔོ་དཔའ་བརྗིད་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་ཆོས་སྟོན་ཕྱག་ན་གོ་མཚོན་བསྣམས། །ཚེ་འདས་ལུས་བརྗེས་འཐབ་རྩོད་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་མིན་འཐབ་རྩོད་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཕྲག་དོག་དབང་གིས་འཐབ་རྩོད་བྱས། །ལྷ་མིན་སྐྱེས་སམ་འཐབ་རྩོད་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སུ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཕྲག་དོག་སྒྲིབ་དག་ནས། །ནན་ཏན་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ཐགས་བཟང་རིས་མཆོག་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ལྷ་མིན་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་ལྷའི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་ལྷ་མིན་གནས། །འཐབ་རྩོད་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ལྷ་མིན་འཁོར་བ་སྤོངས། །ཨོཾ་སྤ་ར་བིདྱཱན་ཁཌྒ་ཚིནྡྷ་སུ་ཧཱུྃ་ཕཊ། ཅེས་ལྷ་མིན་གྱི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ལྷ་མིན་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །དྲུག་པ་ལྷའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་ཡིན། །མདོག་དཀར་རབ་མཛེས་ང་རྒྱལ་རྣམ་པར་དག །བསམ་གཏན་ཆོས་སྟོན་ཕྱག་ན་པི་ཝཾ་བསྣམས། །ཚེ་འདས་ལུས་བརྗེས་ལྟུང་བའི་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་འཕོ་ལྟུང་གི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ང་རྒྱལ་དབང་གི་གཡེང་བས་གཡེངས། །ལྷ་གནས་སྐྱེས་སམ་འཕོ་ལྟུང་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ང་རྒྱལ་སྒྲིབ་དག་ནས། །མཉམ་ཉིད་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ལྷ་དབང་བརྒྱ་བྱིན་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་འཕོ་ལྟུང་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ལྷ་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་དབང་སྟེག་གི་ཁར་བཞག་གོ །ཧཱུྃ། ས་འདི་བཅད་པ་མན་ཆད་ལྷ་ཡི་གནས། །འཕོ་ལྟུང་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ལྷ་ཡི་འཁོར་བ་སྤོངས། །ཨོཾ་སྥ་ར་བིདྱཱན་ཁདྒ་ཚིནྡྷ་ཨ་ཧཱུྃ་ཕཊ། ཅེས་ལྷའི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ལྷ་ཡི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །དེ་ལྟར་བདུན་ཚིགས་ཀྱི་ཆོ་ག་དེའང་ཞག་བདུན་རེ་ལ་སྣ་རེ་བསྒྲུབས་ཏེ་བདུན་དྲུག་རྫོགས་པའམ། ཞག་རེ་རེ་ལ་སྣ་རེ་བྱས་ཏེ་ཞག་བདུན་ལ་དབང་བསྐུར་བཅས་རྫོགས་པའམ། ཡང་ན་ཞག་རེ་ལ་ཆོ་ག་རྫོགས་པར་བྱ་བ་ཡང་གསུངས་མོད་ད་ལྟའི་ཕྱག་ལེན་ནི་ཕྱི་མ་ཉིད་ལ་མཛད་དོ། །དྲུག་པ་ཟས་གཏད་པ་ལ་གསུམ། ཚེ་འདས་ལ་འདོད་ཡོན་བསྔོ་བ། དེ་དག་གི་ཕུད་དཀྱིལ་འཁོར་གྱི་ལྷ་ལ་ཚོགས་སུ་འབུལ་བ། ལྷག་མ་དྲི་ཟ་ལ་གསུར་གཏང་བའོ། །དང་པོ་ནི། བཟའ་བཏུང་གཙོ་བོར་གྱུར་པའི་འདོད་ཡོན་གྱི་ལོངས་སྤྱོད་དངོས་སམ་རིས་སུ་བྲིས་པ་རྟེན་གྱི་མདུན་དུ་བཤམ། མ་འབྱོར་ན་དམིགས་པས་ཁྱབ་པར་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་བའི་འདོད་ཡོན་གྱི་ལོངས་སྤྱོད། བར་དོའི་འཁྲུལ་སྣང་གི་འདོད་སྲེད་འཇིགས་སྐྲག་ཞི་ཞིང་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ་མི་འཛད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། ཁྱོད་ཀྱི་ཕ་མ་སྤུན་ཟླ་བུ་སྲིང་དང་། །ཞང་པོ་ཚ་བོ་མཐུན་པོར་འགྲོགས་རྣམས་ཀྱིས། །ལོངས་སྤྱོད་བདའ་དགུ་རྒྱན་དུ་སྦྱར་བ་ཡི། །བཟའ་བའི་ཟས་དང་སྐོམ་པའི་བཏུང་བ་སོགས། །གོན་པའི་གོས་དང་སྤྱད་པའི་ནོར་དང་ནི། །རྟ་དང་གླང་པོ་རྐང་འགྲོའི་ཚོགས་བཅས་དང་། །གསེར་དངུལ་ཟངས་ལྕགས་འབྲུ་སྣ་སྣ་ཚོགས་དང་། །འབབ་སྟེགས་བཞོན་པ་རིན་ཆེན་ཁྲི་མལ་དང་། །ས་རིས་ཡུལ་མཁར་ཞིང་ལྗོངས་ཡོ་བྱད་དང་། །གསལ་བའི་མར་མེ་ཉོན་མོངས་འདུལ་བའི་མཚོན། །མཐུན་པའི་གྲོགས་དང་འཇིགས་པའི་སྐྱབས་དང་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །རྐྱེན་དང་འཚམ་པར་ཚེ་འདས་ཉིད་ལ་བསྔོ། །ནམ་ཞིག་གཏན་གྱི་ལོངས་སྤྱོད་ཉིད་དུ་བསྔོ། །འདོད་པའི་ཡོན་ཏན་ལོངས་སྤྱོད་དཔག་མེད་རྣམས། །ཆོས་དང་མཐུན་པར་ཇི་ལྟར་བསམ་བཞིན་ཤོག །ཅེས་པ་ཙམ་མམ། སྤྲོ་ན། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བོར་རིགས་ཀྱི་བུ། །གལ་ཏེ་ལས་ཀྱིས་བར་དོར་མྱང་གྱུར་ཅིང་། །སྣ་ཚོགས་དུག་གསུམ་ནད་ཀྱིས་ཉེན་པ་ན། །མི་བཟད་བདུད་རྩི་སྨན་གྱི་མཆོག་ཏུ་བསྔོ། །སྣ་ཚོགས་དགྲ་དང་བགེགས་ཀྱིས་གཙེས་པ་ན། །གོ་མཚོན་དཔའ་རྩལ་མཐུ་སྟོབས་རྫོགས་སུ་བསྔོ། །ཡི་དྭགས་རྒྱུ་མཐུན་བཀྲེས་ཤིང་སྐོམ་པ་ན། །བཟའ་བཏུང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། །བཀྲེས་སྐོམ་གདུང་སེལ་ལོངས་སྤྱོད་དཔག་མེད་བསྔོ། །གྲང་བའི་དུས་ན་དྲོ་ཞིང་འཇམ་པ་དང་། །ཚ་བའི་དུས་ན་བསིལ་ཞིང་ཡང་གྱུར་པ། །མཛེས་ཤིང་ཡིད་འོང་རེག་འཇམ་བདེ་བ་ཡི། །གོས་བཟང་སྣ་ཚོགས་ཡིད་ལ་བསམ་བཞིན་བསྔོ། །མི་ཤེས་མུན་པའི་ཚོགས་ཀྱིས་ཟིན་གྱུར་ན། །སྒྲོན་མེ་གསལ་བྱེད་མར་མེ་ཉི་ཟླར་བསྔོ། །སྲིད་ལམ་དག་ཏུ་ངལ་ཞིང་དུབ་པ་ན། །བསིལ་གྲིབ་འབབ་ཆུ་ཞོན་པ་རྣམས་སུ་བསྔོ། །དེ་ལྟར་བསྔོ་ཞིང་ཟག་མེད་བདེ་ལྡན་པས། །སྲིད་པའི་ལམ་རྒྱུད་འགྲོ་བའི་ལུས་ལེན་ན། །དལ་འབྱོར་ཡོན་ཏན་བདུན་ལྡན་རབ་ཐོབ་ནས། །བཤེས་གཉེན་དམ་པ་རྣམས་དང་མཇལ་བ་དང་། །བླ་མ་དཀོན་མཆོག་གསུམ་པོ་མཆོད་པ་དང་། །ཀུན་དགའ་ར་བ་གཞལ་མེད་ཁང་ཆེན་པོ། །འདོད་འཇོའི་བ་དང་ལོངས་སྤྱོད་ཚོགས་ཆེན་དང་། །འཁོར་གཡོག་བཟང་ཞིང་སྐྱེ་བོ་མཐུན་པ་ཡིས། །ཆོས་དང་མཐུན་པར་སྐྱེ་དགུ་སྐྱོང་བར་ཤོག །ཅེས་བསྔོ། །གཉིས་པ་ཕུད་ཀྱིས་ལྷ་ལ་ཚོགས་སུ་འབུལ་བ་ནི། དེས་ཀྱང་བདག་གིར་བཟུང་ནས་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འདོད་ཡོན་ལྔའི་ལྷ་མོ་ནམ་མཁའ་གང་བར་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་བར་གྱུར་པར་མོས་ལ། ལས་རྡོར་གྱིས་འདོད་ཡོན་ལྔ་རིམ་བཞིན་དཀྱིལ་འཁོར་དུ་འབུལ་བའི་ཚུལ་བྱས་ལ། མཁའ་མཉམ་ཞིང་ན་གཟུགས་མཛེས་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་གཟུགས་ཀྱི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་རྣམ་སྣང་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་སྒྲ་སྙན་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་སྒྲ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་མི་བསྐྱོད་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་དྲི་ཞིམ་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་དྲི་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་རིན་འབྱུང་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་རོ་མཆོག་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རོ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་སྣང་མཐའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ར་ས་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་རེག་བྱ་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རེག་བྱའི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་དོན་གྲུབ་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སྤརྴེ་པཱུ་ཙ་ཧོཿ ཚེ་ལས་འདས་པ་ཆེ་གེ་མོའི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་སངས་རྒྱ་བར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་ཟག་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་པ་དམ་པ་དང་ལྡན་པར་གྱུར་ཅིག །ཅེས་ཕུད་འབུལ། འགྲུབ་ཏུ་རུང་ན་དེ་ལ་དངོས་སུ་ཚོགས་མཆོད་བྱ། མ་གྲུབ་ན་ཕུད་དེ་དག་ཕྱི་ནང་གསང་བའི་ཚོགས་མཆོད་བླ་ན་མེད་པའི་སྤྲིན་ཆེན་པོར་གྱུར་པས་ལྷ་ཚོགས་རྣམས་མཆོད་ཅིང་མཉེས་པར་མོས། གསུམ་པ་ལྷག་མས་དྲི་ཟར་གསུར་བྱ་བ་ནི། བཟའ་བཏུང་ལྷག་མ་མེ་གསུར་བྱས་ལ་བསང་ཆུས་བྲན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བྱིན་བརླབས་ལ། ཧྲཱིཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ཞེན་འཛིན་དངོས་མེད་ལུས་ལས་བྱུང་། ཁྱོད་ལུས་འབྱུང་བ་རང་སར་ཞིག །འགྲོ་དྲུག་སྡུག་བསྔལ་སེམས་ལས་བྱུང་། །སེམས་ནི་སྡུག་བསྔལ་མཐའ་དང་བྲལ། །དེ་ཕྱིར་སེམས་ནི་མཉམ་ཞོག་ལ། །རྡོ་རྗེ་སློབ་དཔོན་བཀའ་ལ་ཉོན། །འཇིག་རྟེན་ལོངས་སྤྱོད་སྒྱུ་མ་འདྲ། །སྒྱུ་མས་བྱིས་པ་བསླུ་བ་བཞིན། །འདོད་ཡོན་ལྔ་ལ་མ་ཆགས་ཤིག །ཆགས་ན་དེ་ཡིས་བསླུ་བར་འགྱུར། །ཟག་མེད་བྱང་ཆུབ་སེམས་ཉིད་ལས། །བྱུང་བའི་ལོངས་སྤྱོད་དང་དུ་ལོངས། །ཧྲཱིཿ ནོར་གྱི་ནོར་མཆོག་སྦྱིན་པའི་ནོར། །སེར་སྣའི་ཕ་རོལ་ཕྱིན་པར་བྱེད། །མི་ཟད་ནོར་ལ་འབད་མེད་སྤྱོད། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །སྦྱིན་པའི་ནོར་ལ་ལོངས་སྤྱོད་ཤོག །ཧྲཱིཿ རྒྱན་གྱི་རྒྱན་མཆོག་ཚུལ་ཁྲིམས་རྒྱན། །འཆལ་བའི་རང་བཞིན་སེལ་བར་བྱེད། །ཡིད་འོང་རྒྱན་གྱིས་བཀུར་བར་འོས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཚུལ་ཁྲིམས་རྒྱན་ལ་ལོངས་སྤྱོད་ཤོག །ཧྲཱིཿ གོས་ཀྱི་གོས་མཆོག་བཟོད་པའི་གོས། ཁོང་ཁྲོའི་ཟུག་རྔུ་སྦྱོང་བར་བྱེད། །ཀུན་གྱི་ཡིད་འོང་རང་སེམས་བདེ། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བཟོད་པའི་གོས་ལ་ལོངས་སྤྱོད་ཤོག །ཧྲཱིཿ ཞོན་པའི་མཆོག་ནི་བརྩོན་འགྲུས་རྟ། །ལེ་ལོའི་ཐང་ཆེན་མྱུར་དུ་གཅོད། །ཟག་མེད་བདེ་ཆེན་ས་རུ་སླེབ། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བརྩོན་འགྲུས་རྟ་ལ་ལོངས་སྤྱོད་ཤོག །ཧྲཱིཿ ཟས་ཀྱི་ཟས་མཆོག་བསམ་གཏན་ཟས། །རྣམ་གཡེང་བཀྲེས་སྐོམ་དུབ་པ་གསོ། །ཟག་མེད་བདེ་བའི་རོ་མྱོང་འགྱུར། ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཏིང་འཛིན་ཟས་ལ་ལོངས་སྤྱོད་ཤོག །ཧྲཱིཿ གྲོགས་ཀྱི་གྲོགས་མཆོག་ཤེས་རབ་གྲོགས། །རྣམ་གཉིས་མཁྱེན་བརྩེའི་འགྲོས་ཚུལ་སྟོན། །མི་ཤེས་མུན་སེལ་དབྱེར་མེད་གྲོགས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཤེས་རབ་གྲོགས་ལ་ལོངས་སྤྱོད་ཤོག །འདིར་བསྡུ་ན་ཟས་སྣའི་གསུར་བཏང་བ་ཙམ་ལས་ས་བཅད་གསུམ་པ་མ་བརྗོད་ཀྱང་རུང་ངོ་། །བདུན་པ་དབང་བསྐུར་བ་ནི། སློབ་མ་གཞུག་པ་ཇི་ལྟ་བ་བཞིན་དུ་ཕྱི་ནང་གི་འཇུག་པ་དངོས་གཞི་མཐའ་རྟེན་བཅས་ཡོངས་སུ་རྫོགས་པ་བསྐུར་བ་ཡིན་ཡང་། མདོར་བསྡུ་བར་འདོད་ན། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས། མཎྜལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་ཀུན་གྱི་གསང་བའི་ལམ། །ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་རྒྱུད་སྦྱང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་མཉམ་པར་སྦྱོར་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱེད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཐོད་པ་བདུད་རྩི་བཅས་མགྲིན་པར་བཞག་པའི་ཚུལ་དང་ཐིགས་པ་གཏོར་ལ། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །མར་མེ་བསྟན་ལ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨཱ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །གཙོ་བོས་ཇི་ལྟར་སོགས། དེང་ནས་བརྩམ་སྟེ་སོགས། གཏང་རག་མཎྜལ་ཕུལ། དེ་ལྟར་དབང་བསྐུར་པ་ཐོབ་ནས་དམིགས་ཡུལ་དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བར་གྱུར། བརྒྱད་པ་འཁོར་བ་དང་འབྲེལ་ཐག་བཅད་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་མན་ཆད་འཁོར་བའི་གནས། །མ་རིག་མུན་ཁམས་ཡ་རེ་ང་། །འགྲོ་དྲུག་སྐྱེ་འཆི་བཟོད་བླག་མེད། །བོར་རོ་སྤང་ངོ་རིགས་ཀྱི་བུ། །མ་ཆགས་མ་ཞེན་འཁོར་བ་སྤོངས། །ཞེས་བརྗོད། དབང་སྟེགས་སོགས་བསྡུས་ལ་ལས་རྡོར་གྱིས་མཚན་བྱང་ཐོགས་ཏེ་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་སྐུ་ཡི་ལྷ། །མཐའ་ཡས་གསུང་ལ་རྟ་མགྲིན་ཐུགས་ཀྱི་མཆོག །གསང་བ་ཡེ་ཤེས་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་འཛིན་གསང་འཛིན་ཐབས་ཤེས་སྲས་ཀྱི་ཚུལ། །དཀྱིལ་འཁོར་གཙོ་མཆོག་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རིགས་ལྔ་ཡེ་ཤེས་དབྱིངས་ལས་ཤར། །སྤྲུལ་སྐུ་ཐུབ་དྲུག་རིགས་དྲུག་སྐྱེ་སྒོ་གཅོད། །སངས་རྒྱས་སྟོང་རྩ་བསྐལ་བཟང་འགྲོ་བ་འདུལ། །རིགས་བཞིའི་ཁྲོ་རྒྱལ་བདུད་བཞི་ཟིལ་གྱིས་གནོན། །རྒྱལ་བ་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མ་དང་། །ཐེག་པ་རིམ་དགུའི་དཀྱིལ་འཁོར་ལྷ་ཡི་ཚོགས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ལ། །དམིགས་ཡུལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་དུ་འདྲེན་དུ་གསོལ། །ཞེས་ཕྱག་གསུམ་བྱ། བཛྲ་པྲ་བེ་ཤ་ཤག་ཕཊ། ཅེས་གཞལ་ཡས་ཀྱི་སྒོ་ཕྱེས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བཀྲ་ལམ་གྱིས་མཐོང་བར་མོས། དགུ་པ་བྱང་ཆུབ་ཏུ་ལམ་བསྟན་པ་ནི། དཀྱིལ་འཁོར་དང་སྦྲེལ་བའི་སྣམ་རས་དཀར་པོའི་སྣེ་ལ་མཚན་བྱང་ཐོགས་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་ཡན་ཆད་རྒྱལ་བའི་ཞིང་། །ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །ཕུན་སུམ་ཀུན་ཚོགས་ལྷ་ཡི་གནས། །འདི་ལས་ལྷག་པའི་གནས་གཞན་མེད། །སེམས་དཔའ་སེམས་མ་ཁྱོད་ཀྱི་གྲོགས། །རྒྱལ་བ་རྒྱ་མཚོ་ཁྱོད་ཀྱི་མགོན། །བསམ་གཏན་ཏིང་འཛིན་ཟས་ལ་སྤྱོད། །ཡེ་ཤེས་བདུད་རྩིའི་བཏུང་བ་ལྡན། །སྐྱིད་པའི་ལོངས་སྤྱོད་བན་མ་བུན། །ལྷ་རྫས་རོལ་མོ་དར་མ་དིར། །ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ། དཔག་བསམ་ཤིང་ཆེན་བདེ་འབྲས་རྒྱས། །ཡན་ལག་བརྒྱད་ལྡན་ཆུ་རྒྱུན་འབབ། །རྣམ་གྲོལ་འབྲས་བུ་སྤུངས་སེ་སྤུང་། །ཚུལ་ཁྲིམས་དྲི་བསུང་ངད་དང་ལྡན། །ཚངས་པའི་གསུང་སྙན་ཆོས་སྒྲ་སྒྲོག །རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར། །བྱང་ཆུབ་ལམ་དེར་ཁྱོད་ཞུགས་ལ། །ཕོ་བྲང་གཞལ་ཡས་འདི་ཟུངས་ཤིག །ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་ཏེ་མཚན་བྱང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་གཟུག་གོ །བཅུ་པ་ལྟ་བས་རྒྱས་གདབ་སྟེ་ཆོས་ཀྱི་དབྱིངས་སུ་ལམ་བསྟན་པ་ནི། ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་སྙིང་གར་ཡི་གེ་ཨ་ཡིག་དཀར་པོ་འོད་འབར་བ་ཚངས་བུག་ནས་ཏལ་གྱིས་ཐོན། ཡུམ་གསང་བ་ཡེ་ཤེས་ཀྱི་མཁར་བབ། ཡབ་ཡུམ་བདེ་བ་ཆེན་པོའི་སྦྱོར་བས་གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་གཙོ་བོ་ལ་འདུས། གཙོ་བོ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ཐིག་ལེ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར། དེའང་རིམ་པར་ཡལ་ཏེ་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པར་གྱུར། ཧྲཱིཿ སེམས་ཉིད་ཡེ་སྟོང་ངོ་བོ་ལ། །འགྱུ་དྲན་འཛིན་ཆགས་རང་སར་གྲོལ། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །རང་སེམས་རྣམ་དག་སྤྱོད་ཡུལ་ལ། །ཨ་ནི་སྟོང་དང་མི་སྟོང་གི །དབུ་མ་དམིགས་སུ་ཡོད་མ་ཡིན། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཐིམ་ཧོཿ ཞེས་བརྗོད་ལ་ཀ་དག་སྤྲོས་བྲལ་གྱི་ལྟ་བའི་ངང་ལ་མཉམ་པར་བཞག་གོ །བཅུ་གཅིག་པ་དགེ་བའི་རྩ་བ་བསྔོ་བ་ནི། ཧོཿ ལྷ་དང་སློབ་དཔོན་ཐུགས་རྗེ་ཡིས། །ངན་སོང་འཁོར་བའི་གནས་ནས་ཁྱོད་དྲངས་ཏེ། །མཐོ་རིས་གནས་ཀྱང་མྱ་ངན་འདས། །རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་པས། །ཚེ་འདས་དོན་ཕྱིར་དགེ་སྤྱོད་གང་། །འགྲོ་རྣམས་དོན་ཕྱིར་ཚེ་འདས་ཉིད། །བླ་མེད་སྙིང་པོའི་ས་གནོན་ཤོག །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ངན་སོང་སྒོ་བཀག་ནས། །མཐོ་རིས་བྱང་ཆུབ་ལམ་ཞུགས་ནས། །བླ་མེད་ས་ལ་མྱུར་བགྲོད་དེ། །རྣམ་མཁྱེན་སྐུ་གསུམ་ལྷུན་གྲུབ་ཤོག །ཅེས་སོགས་བསྔོ་སྨོན་རྣམ་པར་དག་པ་ཅི་ལྟར་འོས་པ་བྱའོ། །བཅུ་གཉིས་པ་མཚན་བྱང་བསྲེག་པ་ནི། དཀྱིལ་འཁོར་གྱི་ཤར་ལྷོའམ་སློབ་དཔོན་གྱི་མདུན་དུ་རྣམ་རྒྱལ་བུམ་པའི་ཁར་མེ་ལོང་དང་མར་མེ་བཞག །སྟོང་པའི་ངང་ལས་མར་མེ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བའི་ཞལ་དུ། ཚེ་འདས་ཀྱི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་སྦྱངས་ཏེ་ཕུལ་བས་སྐུ་གསུམ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་གྱུར། ཡིག་བདུན་ཛཔ྄་དབྱངས་ལན་གསུམ་དང་། ཧཱུྃ། དུག་གསུམ་རྣམ་དག་ཧོམ་ཁུང་དུ། །སྐུ་གསུམ་ཡེ་ཤེས་མེ་སྤར་ཏེ། །ཚེ་འདས་བག་ཆགས་ཕུང་པོ་སྦྱང་། །ལྷ་ལ་ལྷ་ཐིམ་ཡེ་ཤེས་ཆེ། །རང་བྱུང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ་ཨགྣ་ཡེ་ཛྭ་ལ་རཾ་སྭཱ་ཧཱ། ཛྙཱ་ན་ཛྭ་ལ་རཾ་ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་བདག་གཞན་མཉམ་ཉིད་ཀྱི་ལྟ་བའི་ངང་ནས་མིང་བྱང་བསྲེགས་ལ་མེ་པྲའང་བརྟག་གོ །བཅུ་གསུམ་པ་སཱཙྪ་གདབ་པ་ནི། བྱང་ཐལ་གྱི་སྟེང་དུ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ་ཡིག་བདུན་བཟླ་ཞིང་དྲིའི་ཆུས་སྦྱང་། བསྒྲུབས་པའི་བུམ་ཆུས་འཇིམ་པ་སྦྲུས་ལ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག །འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ལན་ཉེར་གཅིག་བརྗོད། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བཅད། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱས་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་བཀུ །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ཏེ་ཨཱ་ཀོ་ཊ་ཡ་ཧཱུྃ་གིས་བརྡུང་། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། གཟུངས་སམ་མེ་ཏོག་གཞུག །ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ། ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། །ཆོ་ག་དེ་ལྟར་གྲུབ་ན་ཕན་ཡོན་ཚད་མེད་ཅིང་། ཆོ་ག་མི་འགྲུབ་པར་སཱཙྪ་འདེབས་པ་ལའང་གདབ་པའི་སྐབས་སུ་ཡིག་བདུན་སོགས་གཟུངས་སྔགས་བཟླ་བ་དང་། བཏབ་ཟིན་ནས་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པས་རྟེན་སྙིང་གི་མེ་ཏོག་འཐོར་བའི་རབ་ཏུ་གནས་པ་ཙམ་ནི་ངེས་པར་དགོས་སོ། །རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི་ཚོགས་ལ་རོལ་ཞིང་ལྷག་གཏོར་དང་སྲུང་མའི་གཏོར་མ་གཏང་། ཆད་བརྟན། རྟ་བྲོ། མཆོད་བསྟོད་ནོངས་བཤགས་རས་བྲིས་བརྟན་བཞུགས་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་བཅས་ལས་བྱང་གི་དཀྱུས་བཞིན་ཚང་བར་བྱའོ། །ཡང་གསང་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཨོ་རྒྱན་ཆེན་པོས་བཀའ་སྲོལ་མང་དུ་བཀྲལ་པ་ལས། འདིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་དང་རྒྱ་གཞུང་གི་རྗེས་སུ་འབྲངས་ནས་གཏེར་སྲས་པདྨ་དབང་ཆེན་ཞབས་སོགས་ཀྱིས་ཐུགས་རྗེ་ཆེན་པོ་ཡང་འདུས་ཀྱི་གནས་ལུང་གསལ་བར་མཛད་པ་ཉིད་དམ་པ་སྔ་མ་རྣམས་ཀྱིས་ཚད་ཐུབ་ཏུ་བཞེད་པས་རྩ་བར་བཟུང་། འབྱུང་ཁུངས་དངོས་དང་རང་གཞུང་གི་མན་ངག་ལྟོ་སྦྱར་ཏེ་ལག་ལེན་བདེ་བའི་བསྣོན་འབྲིད་ཀྱི་ལེགས་ཆས་སྤྲས་པ་ཡིན་ཞིང་། ཁམས་ཕྱོགས་དཔེ་རྒྱུན་ལ་ལར་ཡང་འདུས་རང་གཞུང་བདུན་ཚིགས་འདོན་ཆ་ལ་སྟག་བླ་པདྨ་མ་ཏིའི་ཁ་སྐོང་དང་བཅས་པའི་ཡི་གེ་སྣང་ཡང་ཟབ་ཆོས་འདི་འཛིན་པའི་སྐྱེས་མཆོག་རྣམས་ལ་མ་གྲགས་ཤིང་ཚིག་གི་བབས་ཀྱང་སོམ་ཉིའི་གནས་སུ་སྣང་བས་འདིར་མ་སྤྲོས་སོ། །ཅི་བྱ་བརྟོལ་བྲལ་ཡར་མར་ས་མཚམས་ཀྱི། །ལས་ཀྱི་མུན་པར་སྣང་བའི་འོད་པོ་ཆེ། །ཐབས་མཆོག་ཐུགས་རྗེའི་སྒྲོན་འདི་གཞན་ཕན་ལ། །བརྩོན་ལྡན་རྣམས་ཀྱིས་རྟག་ཏུ་སྤར་བར་རིགས། །དེ་སླད་འཇིག་རྟེན་གསུམ་མགོན་བླ་མའི་བཀས། །བསྐུལ་ཏེ་གུས་པས་བྲིས་པའི་དགེ་བ་ཡིས། །འབྲེལ་བ་ཐོགས་ཚད་འཇིག་རྟེན་མགོན་ཉིད་ཀྱིས། །བདེ་ཆེན་ཞིང་དུ་དབུགས་དབྱུང་བསྩལ་གྱུར་ཅིག །ཅེས་པའང་ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མའི་བཀའ་ལུང་གུས་པ་ཆེན་པོས་བསྟི་སྟང་དུ་བྱ་བ་དང་། གཞན་ལའང་ཅུང་ཟད་ཕན་པར་འགྱུར་བ་ལ་ཤ་ཆགས་པའི་བསམ་པས་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་འབྲེལ་བའི་གནས་ལུང་གི་ཆོ་ག་མདོར་བསྡུས་པ་ཡེ་ཤེས་ལྕགས་ཀྱུ་ (Volume 22, Text 5)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་འབྲེལ་བའི་གནས་ལུང་གི་ཆོ་ག་མདོར་བསྡུས་པ་ཡེ་ཤེས་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། མཚན་སྙན་ཀ་ལ་པིངྐའི་དབྱངས། །གང་གི་རྣ་བར་ལྷུང་ཙམ་གྱིས། །སྡུག་བསྔལ་གཟེབ་ལས་ངེས་སྒྲོལ་བ། །དེ་ལ་གུས་པས་རྟག་ཏུ་འདུད། །ངན་འགྲོའི་གདུང་བས་ཉམ་ཐག་པའི། །སྙིང་རྗེའི་ཡུལ་རྣམས་བདེ་གནས་སུ། ཁ་ལོ་སྒྱུར་བའི་འཕྲུལ་ཆེན་པོ། །སེམས་བསྐྱེད་ཅན་གྱི་འཇུག་ངོགས་སོ། །གང་ཞིག་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྣལ་འབྱོར་ལ་གནས་པས་ཆོ་ག་ཉུང་ངུའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་པར་འདོད་པས། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། སྒྲུབ་དཀྱིལ་དབང་བུམ། ཁྲུས་བུམ། ལས་བུམ་མམ་དུང་ཞལ། གཟུངས་རྡོར། ཐོད་པའི་བདུད་རྩི། མར་མེ། གཏོར་ཚོགས་མཆོད་པའི་ཡོ་བྱད་རྣམས་དང་། ཤར་སྒོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཁར་གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་དང་བཅས་པ་བཀོད། ཞི་དྲག་ཏིལ་དང་འབྱུང་བཞིའི་སྦྱོང་བ། བྲབ་རྫས་བྱེ་མ། ཁྲུས་ཆས་ཟས་གཏད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཆོ་ག་བརྒྱུད་པའི་གསོལ་འདེབས། སྔོན་གཏོར་ནས་བརྩམ་བཟླས་པ་གྲུབ་ཀྱི་བར་ལས་བྱང་ལྟར་སོང་ནས། རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ལས་བུམ་མམ་བསང་ཆུ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། དེ་ནས་ཁྲུས་བུམ་སྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་སྡིག་སྒྲིབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་ཡུངས་དཀར་ལའང་སྔགས་ཏེ་བཞག་གོ །དེ་ནས་གྲུབ་ན་གཏེར་སྲུང་གཏོར་འབུལ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་བོ། །གནས་ལུང་དངོས་ལ། རྟེན་བསྐྱེད་དགུག་དང་བགེགས་སྡིག་སྦྱོང་། །བཀྲུ་ཕྱི་དུག་དབྱུང་སྐྱབས་འགྲོ་འཇུག །དབང་བསྐུར་ཟས་གཏད་གདམས་ངག་བརྗོད། །ལམ་བསྟན་གནས་སྤར་སྲེག་བཞུ་འོ། །དེ་ལ་དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ལག་གཉིས་རྡོར་བསྡམས་ནང་བསྣོལ་མཛུབ་མོ་གཉིས་བརྐྱང་མཐེའུ་ཆུང་བཀུག་པ་ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འགྲོ་དྲུག་སྐྱེས་སམ་བར་དོར་འཁྱམས། །གར་སྐྱེས་གང་ན་གནས་ཀྱང་ནི། །ལྷ་དང་སློབ་དཔོན་དྲན་པར་གྱིས། །མཚན་བྱང་རྣམ་ཤེས་རྟེན་ལ་ཤོག །ཨོཾ་བཛྲ་ཨཾ་གུ་ཤ་ཛཿ སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། སྔགས་ལན་གསུམ་དང་། ཛཿཧཱུྃ་བཾ་ཧོཿ ཞེས་པས། རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར། གསུམ་པ་བགེགས་སྦྱོང་བ་ལ། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམ་ལ། ཧཱུྃ། གསོན་ལ་བདུད་དུ་བྱེད་པ་དང་། །གཤིན་ལ་གཅགས་སུ་བྱེད་པ་དང་། །སྲོག་གཅོད་བླ་ཁྱེར་བྱེད་པ་ཡི། །གཤེད་མར་གྱུར་པ་གང་ཡིན་པ། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས། །འཕགས་པ་རྟ་མགྲིན་བདུད་དཔུང་འཇོམས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་འབྱུང་པོ་ཨུཙྪཱ་ཏ་ཡ་ཕཊ། ཞེས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་ཏེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། སྤྲོ་ན་རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམས་ལ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་ཏིལ་མེ་ཆུར་སྦྱང་། ཚེ་ལས་འདས་པའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱིར་དོར། དེ་ནས་གོང་གསལ་ཁྲུས་བུམ་སྒྲུབ་པའི་སྔགས་རྣམས་ལན་གསུམ་གསུམ་བརྗོད་ཅིང་བྱེ་མ་དང་ཡུངས་དཀར་གྱི་བྲབས་པས། བདག་མདུན་ཐུགས་ཀའི་འོད་ཟེར་དང་རྫས་དེ་དག་རེག་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དག་པར་བསམ་མོ། །ལྔ་པ་བཀྲུ་ཞིང་ཕྱི་བ་ནི། ཁྲུས་བུམ་གྱིས་མིང་བྱང་སོགས་རྟེན་བཀྲུས་པས་སྡིག་སྒྲིབ་རྣམས་དུད་ཁུ་བཞིན་ཐོན་ནས་ལུས་ཤེལ་སྒོང་ལྟར་དག་པར་བསམ་ལ། སྤྲོ་ན་མཆོག་ཁྲུས་སྔོན་དུ་འགྲོ་བས། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དུག་གསུམ་སྒྲིབ་པ་དག་བྱེད་འདིས། །ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག །ཕ་རོལ་ཕྱིན་པ་དྲུག་གི་ཆུ། །བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས། །རྒྱུད་དྲུག་བག་ཆགས་གཏན་སྦྱངས་ནས། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཤོག །ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཆུས། །དུག་ལྔའི་སྒྲིབ་པ་ཀུན་བཀྲུས་པས། །ཕུང་པོ་ལྔ་པོ་གནས་གྱུར་ནས། །ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག །ཅེས་ཚིགས་སུ་བཅད་པ་རེ་རེའི་མཐར་རྩ་སྔགས་ལ་སྒྲིབ་སྦྱོང་གི་སྔགས་བཏགས་པ་བཟླ་ཞིང་རོལ་མོར་བཅས་ཏེ་བཀྲུའོ། །དྲུག་པ་དུག་དབྱུང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ། ཆོས་དང་དགེ་འདུན་ལ་ཡང་སྦྱར་རོ། །དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དང་། དེ་བཞིན་དུ། ཆུ། མཱ་མ་ཀཱི །མེ། གོས་དཀར་མོ་ཡི། རླུང་། དམ་ཚིག་སྒྲོལ་མའི་ཞེས་ཁ་བསྒྱུར་བ་སྦྱོར་རོ། །སྐབས་འདིར་རིགས་དྲུག་གི་གནས་སྦྱོང་སྤྲོས་པ་ཉེར་བསྡུའི་ལུགས་སུ་བྱེད་པར་སྤྲོ་ན་ཟུར་དུ་གསལ་བ་ལྟར་བྱའོ། །བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ཞིང་ཚིག་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། བརྒྱད་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་གཏང་རག་གི་མཐར་ཐུག་པར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བསྐུར་བ་ཡིན་མོད། འདིར་མདོར་བསྡུས་སུ། ཁྲུས། མཎྜལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་རྒྱུད་སྦྱང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་མཉམ་པར་སྦྱོར་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱོད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཐོད་པ་བདུད་རྩི་བཅས་མགྲིན་པར་བཞག་པའི་ཚུལ་དང་ཐིགས་པ་གཏོར་ལ། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །མར་མེ་བསྟན་ལ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨཱ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །གཙོ་བོས་ཇི་ལྟར༴ དེང་ནས་བརྩམ་སྟེ༴ གཏང་རག་མཎྜལ་ཕུལ། དེ་ལྟར་དབང་བསྐུར་པ་ཐོབ་ནས་དམིགས་ཡུལ་དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བར་གྱུར། དགུ་པ་ཟས་གཏད་པ་ནི། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱངས་ནས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཧཱུྃ། ང་ནི་འཕགས་མཆོག་ཐུགས་རྗེའི་གཏེར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པ། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་དགུའི་འབྱོར་པ་རྒྱ་མཚོ་ཡིས། ཁྱོད་ཀྱིས་རེ་བ་བསྐང་བར་བྱ། ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པ་དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་སྤྲིན་དུ་སྤེལ་བར་བསམ། བཅུ་པ་འཁོར་བ་ལ་མ་ཆགས་པར་གདམས་པ་ནི། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ས་འདི་བཅད་པ་མན་ཆད་ནི། །རིགས་དྲུག་འཁོར་བའི་གནས་ཡིན་པས། །མ་རིག་མུན་ལོང་ཡ་རེ་ང་། །འགྲོ་དྲུག་སྐྱེ་འཆི་བཟོད་བླག་མེད། །བོར་ཅིག་སྤོངས་ཤིག་རིགས་ཀྱི་བུ། །མ་ཆགས་མ་ཞེན་འཁོར་བ་སྤོངས། །ཞེས་གདམས། བཅུ་གཅིག་པ་ལམ་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་ཡན་ཆད་ནི། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཡིན། །སྐྱེ་འཆི་འཁོར་བའི་ཡ་ང་མེད། །ཐུགས་རྗེ་ཆེན་པོ་ཁྱེད་ཀྱི་མགོན། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་གྲོགས། །བསམ་གཏན་ཟས་དང་ཏིང་འཛིན་སྤྱོད། །ཡེ་ཤེས་བདུད་རྩིའི་ལོངས་སྤྱོད་ལྡན། །ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ། །ཚངས་པའི་གསུང་ལྡན་ཆོས་སྒྲ་སྒྲོག །རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར། །འཕགས་པའི་ལམ་འདིར་ཁྱོད་ཞུགས་ལ། །ཕོ་བྲང་དམ་པ་དེ་ཟུངས་ཤིག །ཅེས་ལམ་བསྟན། བཅུ་གཉིས་པ་རྣམ་ཤེས་སྤར་བ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཚེ་འདས་སྒྱུ་མའི་འཁྲུལ་འཁོར་ཉོན། །སེམས་ཉིད་ཡེ་ཤེས་ངོ་བོ་ལ། །འགྱུ་དྲན་འཛིན་ཆགས་རང་སར་གྲོལ། །རང་རིག་གསལ་སྟོང་དབྱེར་མེད་དེ། །འཕགས་པའི་སྐུ་གསུང་ཐུགས་སུ་ཐིམ། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །ཇི་སྲིད་འཁོར་བ་མ་སྟོངས་བར། །སྤྲུལ་པས་འགྲོ་དོན་བྱེད་པར་ཤོག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པར་སྤྱི་བོ་ནས་ཐོན། འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་སྟེ་གཉིས་སུ་མེད་པར་གྱུར། བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་པར་བསམ་ལ། སྙིང་པོ་ལན་གསུམ་གྱིས་མེ་སྦར་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པ་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བདུན་གྱི་མཐར། ཨགྣེ་ཛྭ་ལ་རཾ། ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱངས་ཤིང་། མེ་པྲ་ལས་དམིགས་ཡུལ་གྱི་སྡིག་པ་དག་མ་དག་གི་མཚན་མའང་བརྟག་པར་བྱའོ། །དེ་ནས་ཟབ་ཅིང་རྒྱ་ཆེ་བའི་སྨོན་ལམ་དང་རྣམ་པར་དག་པའི་བསྔོ་བ་ཇི་ལྟར་ནུས་པས་རྒྱས་གདབ་ཅིང་། ཚོགས་ལ་རོལ། ལྷག་མ་གཏང་། ཆད་བརྟན་རྟ་བྲོ་སོགས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་ཚང་བར་བགྱིས་པས་གྲུབ་བོ། །མཐའ་མེད་སྲིད་པའི་རྦ་ལ་གཡེང་བ་ཀུན། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་སྟེ། །ཐར་པ་ཞི་བའི་གྲོང་ཁྱེར་ཉམས་དགའ་བར། །གཏན་གྱི་བདེ་བས་ངལ་འཚོ་ཐོབ་གྱུར་ཅིག །ཅེས་པའང་ཁྱབ་བདག་འཇིག་རྟེན་མགོན་པོ་མཁྱེན་བརྩེའི་དབང་ཕྱུག་གི་བཀའ་ལུང་ནོར་བུའི་ཕྲེང་བ་དད་པའི་སྤྱི་བོར་མཆོད་ནས་སྔ་འགྱུར་གསང་བ་སྤྱིའི་ཆོ་ག་ལ་རང་ལུགས་འཐད་ལྡན་གྱིས་རྣམ་པར་སྤྲས་ཏེ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་རི་བོ་གླང་ཆེན་འགྱིང་འདྲའི་མགུལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་བསྡུས་པའི་སྐབས་རིགས་དྲུག་གནས་འདྲེན་མདོར་བསྡུས་སུ་བྱ་བའི་ཚུལ་ (Volume 22, Text 6)

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་བསྡུས་པའི་སྐབས་རིགས་དྲུག་གནས་འདྲེན་མདོར་བསྡུས་སུ་བྱ་བའི་ཚུལ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྦྱོར་བའི་སྐབས་སྦྱོང་སྟེགས་པདྨ་འདབ་དྲུག་རིགས་དྲུག་གི་ས་བོན་བྲིས་པའི་དབུས་སུ་མཚན་བྱང་བཀོད། ཞལ་ཟས་དང་། ལན་ཆགས་གཏོར་མ་རེ་རེ་འདུ་བྱ་བ་ཙམ་ཁྱད་པར་དང་། དངོས་གཞིར་འབྱུང་བཞིའི་དུག་ཕྱུང་བ་གྲུབ་ནས། གནས་སྦྱོང་གནས་འདྲེན་དུག་གྲིབ་བཀྲུ །ལན་ཆགས་འཇལ་དང་ཆོས་བཤད་དང་། །ཕྱག་བྱ་འབྲེལ་ཐག་བཅད་པ་འོ། །ཞེས་པ་ལྟར་བདུན་ལས། དང་པོ་རིགས་དྲུག་གི་གནས་ནས་སྡུག་བསྔལ་སྦྱོང་བ་ནི། བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་ཐུབ་པ་དྲུག་གི་སྤྲུལ་པའི་སྤྲིན་ཕུང་ཅིར་ཡང་འཕྲོ་བའི་སྐུར་གྱུར་པར་བསམ་ལ། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །རིགས་དྲུག་འདྲེན་པ་ཐུབ་ཆེན་དྲུག་པོ་ཡིན། །གང་འདུལ་སྐུ་དང་ཕྱག་མཚན་ཅིར་ཡང་སྟོན། །ཚེ་འདས་ལུས་བོར་རིགས་དྲུག་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡེ་གེ་བདུན་པ་དང་། ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་འགྲུབ་བཟླ། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་རིགས་དྲུག་གི་ལས་སྒྲིབ་སྡུག་བསྔལ་སྦྱང་བར་མོས་ལ་བྱེ་མས་བྲབ། གཉིས་པ་གནས་ནས་འདྲེན་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཉོན་མོངས་དབང་གིས་སྡིག་སྤྱད་པས། །རིགས་དྲུག་སྐྱེས་སམ་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་སུ་ནྲྀ་ཏྲི་པྲེ་དུཿཨཱ་ཀརྵ་ཡ་ཛ་ཛཿ གསུམ་མམ་བདུན་བརྗོད། གསུམ་པ་སྡིག་སྒྲིབ་བཀྲུ་བ་ནི། མེ་ལོང་དང་ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཉོན་མོངས་སྒྲིབ་དག་ནས། །ཡེ་ཤེས་རྣམ་དྲུག་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཞི་པ་ལན་ཆགས་འཇལ་བ་ནི། ཐོག་མར་ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། བཅོམ་ལྡན་ཐུབ་ཆེན་དྲུག་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་སྡུག་བསྔལ་སྦྱོང་དུ་གསོལ། །ཨོཾ་ནཻ་ཝིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །རིགས་དྲུག་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ལྔ་པ་ཆོས་བཤད་པ་ནི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ དྲུག་པ་ཕྱག་འཚལ་དུ་གཞུག་པ་ནི་ཉེ་དྲུང་གིས་བྱང་བུ་ཐོགས་ལ་ཕྱག་འཚལ་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཡིན། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚོལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ ཞེས་ཕྱག་བྱས་ལ་མིང་བྱང་དབང་སྟེགས་སུ་བཞག་ལ། བདུན་པ་འབྲེལ་ཐག་བཅད་པ་ནི། ཧཱུྃ། ས་འདི་བཅད་པ་མན་ཆད་རིགས་དྲུག་གནས། །སྡུག་བསྔལ་རྣམ་གསུམ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་རིགས་དྲུག་འཁོར་བ་སྤོངས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་དུཿཁ་སརྦ་ཀླེ་ཤ་ཧཱུྃ་ཕཊ། ཨོཾ་སྤ་ར་བིདྱཱན་ཁདྒ་ཚིནྡྷ་སུ་ཧཱུྃ་ཕཊ། ཨོཾ་སྤ་ར་བིདྱཱན་ཁདྒ་ཚིནྡྷ་ཨ་ཧཱུྃ་ཕཊ། ཞེས་སྔགས་རྣམས་ལན་གསུམ་བཟླས་ཏེ་རིགས་དྲུག་གི་དལ་ཕྱགས་ལ་སྐྱེ་སྒོ་བཅད། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་རིགས་དྲུག་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ་བོ། །ཞེས་པའང་ཟབ་གཏེར་གྱི་གཞུང་འགའ་དང་། གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་རིགས་དྲུག་གནས་འདྲེན་བསྡུས་པའི་ཚུལ་འདི་ལྟ་བུ་སྦྱར་པ་མང་དུ་མཐོང་བའི་རྗེས་སུ་འབྲངས་ནས་གཞུང་རྒྱས་པ་ལས་ཉེ་བར་བསྡུས་ཏེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ (Volume 22, Text 7)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་བ་འདུལ་མཛད་ཐུགས་རྗེའི་གར་མཁན་ནི། །ཆོས་ཀྱི་དབང་ཕྱུག་ལ་སོགས་གངས་ཅན་གྱི། །འདྲེན་པ་མཐའ་དག་དཔལ་ལྡན་བླ་མ་ཡི། །ངོ་བོར་རོ་མཉམ་རྟོགས་པས་བདག་འདུད་དོ། །ཟབ་གཏེར་བྱེ་བའི་ཕྱི་མོ་སྟེ། །གྲུབ་པ་ཡོངས་ཀྱི་གཤེགས་པའི་ཤུལ། །ཡང་སྙིང་འདུས་པའི་སྨིན་བྱེད་ཚུལ། །མཐོང་ཤེས་ཁྱེར་བདེར་འགོད་པར་བྱ། །གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་གི་སྒྲུབ་ཐབས་ཡོངས་ཀྱི་སྙིང་པོ་འདུས་པ་འདིའི་དཀྱིལ་འཁོར་བདེ་བ་རབ་འབྱམས་སུ། རྡོ་རྗེ་སློབ་དཔོན་སྙིང་རྗེའི་དམ་ཚིག་ལ་གནས་པས་རིས་སུ་མ་ཆད་པའི་འགྲོ་བ་མུ་མེད་པ་གཞུག་པར་བྱ་སྟེ། གང་འབྲེལ་པ་ཐམས་ཅད་དོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་བྱ་བའི་རིམ་པ་ལ་ས་བཅད་རྣམ་བདུན་གྱི་ཁོངས་སུ་བསྟན་པའི་སྒྲུབ་ཆེན་དང་འབྲེལ་པ་དབང་གི་རྫོང་བཅའ་བ་ནི། ཀུན་ཁྱབ་ཀྱི་ཕྱག་བཞེས་སུ་མི་འཁྱོངས་པ་ཤས་ཆེ་བས་འདིར་མ་སྨོས་ལ། སྨིན་བྱེད་དཀྱུས་འགྲེ་ཙམ་གྱི་ལུགས་སུ་འཆད་པ་ན་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའང་མ་འབྱོར་ན་མཎྜལ་ལ་དྲི་བཟང་གིས་སྦགས་པའི་འབྲུའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་ལས་རིམ་དམན་གྱིས་ནང་དུ་བཞི། དེ་རྒྱབ་དྲུག །དེ་རྒྱབ་བཞི་རྣམས་འགོད། དཀྱིལ་འཁོར་གྱི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ནང་བཅུད་རྫས་སོ་ལྔ་དང་དྲིའི་ཆུས་སུམ་གཉིས་གང་བ་ཁ་རྒྱན་དང་མགུལ་ཆིངས་ཅན་གཟུངས་ཐག་དང་བཅས་པ། གཡས་སུ་གཏོར་ཆེན། གཡོན་དུ་ཐོད་པ་ཨ་མྲྀཏ་དང་ཆང་གིས་གང་བ། གཞན་ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ཙཀ །ཡི་གེ་འབྲུ་བདུན་གྱི་ཙཀླི། དབང་རྟེན་མར་མེ། མེ་ལོང་གཡའ་མེད། མཐའ་སྐོར་དུ་སྨན་གཏོར་རཀྟ། ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ལྔ། གཏེར་སྲུང་གི་གཏོར་མ་རྣམས་བཀོད་ལེགས་པར་བཤམ། གཞན་ཡང་ཚོགས་ཀྱི་ཡོ་བྱད། སྔོན་གཏོར། མིག་དར། མེ་ཏོག །དུང་ཆུ། མཎྜལ་གྱི་ཆས་སོགས་ཉེར་མཁོ་རྣམས་དང་། སློབ་དཔོན་གྱི་མདུན་དུ། ནང་མཆོད་བདུད་རྩི། རྡོར་དྲིལ། ལས་བུམ། ཌཱ་མ་རུ། ནས་བཟེད། ཐུན་སྣོད། གུ་གུལ་སོགས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལས་གཞུང་བསྲང་བ་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། བདག་དང་བསྒྲུབ་གཞིའི་དཀྱིལ་འཁོར་ཐ་མི་དད་དུ་ཤེས་པས་ལས་གཞུང་བསྲང་། བཟླས་པ་བརྒྱ་སྟོང་ཅི་རིགས་པ་སོང་མཚམས། དབང་བསྐུར་བའི་གཏོར་མའི་སྟེང་དུ་ཨཱོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ནག་བསམ་ལ། ཨོཾ་ཨཱཿཧཱུྃ། གུ་རུ་དྷེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། ཧྲཱིཾ་ཧྲཱིཾ། ཕེཾ་ཕེཾ། ཞེས་ཉེར་གཅིག་བརྗོད་དོ། །རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་པ་བརྒྱ་སྟོང་ལ་སོགས་པ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། གཟུངས་ཐག་ལས་བུམ་ལ་སྤོས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་གཏེར་སྲུང་གཏོར་མ་གཏང་། སྤྲོ་ན་ཚོགས་ཀྱི་མཆོད་པ་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བྱ། སློབ་མ་གཞུག་པའི་དོན་དུ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་པ་སྤྱི་ལྟར་བྱའོ། །གཉིས་པ་དབང་བསྐུར་བ་ལ་འཇུག་པའི་ཆོས་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་བཅས་གྲལ་དུ་འཁོད། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། བགེགས་གཏོར་བྱིན་རླབས་ནས་སྔགས་བསྔོས་བར་ལས་བྱང་ལྟར་བྱས་ལ། བདེན་སྟོབས་བརྗོད་པ་ནི། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་དབང་བསྐུར་བ་ལ་གླགས་བལྟ་ཞིང་བར་དུ་གཅོད་པར་བྱེད་པ་ཐམས་ཅད་འདིར་མ་གནས་པར་དཔག་ཚད་དང་རྒྱང་གྲགས་མང་པོ་འདས་པའི་བར་དེངས་ཤིག །གང་མི་འགྲོ་བ་དེ་དག་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། བགེགས་གཏོར་དོར། གུ་གུལ་བདུག །ཡུངས་ཐུན་གཏོར་ལ་ལས་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ལས་བྱང་གི་མཚམས་བཅད་སྦྱར་ལ་སྲུང་འཁོར་གྱིས་བཅིང་། མཎྜལ་བཀྱེ་བསྡུ་གྲུབ་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་དབང་བསྐུར་བ་སྔོན་དུ་ནོད་དེ་གྲོལ་བྱེད་ལམ་གྱི་རིམ་པ་ལ་འཇུག་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་རྩེ་གཅིག་ཏུ་གསན་འཚལ། དེའང་བདག་ཅག་རྣམས་ཀྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱི་གསུང་རབ་སྒོ་བསམ་གྱིས་མི་ཁྱབ་པ་གདུལ་བྱ་འདུལ་བའི་ཐབས་སུ་བཞུགས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུ་དང་། དེའང་བསྡུ་ན་གསུམ་དུ་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ལས། སྐབས་སུ་བབས་པ་འདི་ནི་དབང་སྒྱུར་ཐབས་ཀྱི་ཐེག་པར་གཏོགས་ཤིང་། དེའི་ནང་གསེས་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་རྒྱུད་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་གཞུང་ལམ་ཆེན་པོ་གཉིས་ལས་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་པདྨ་གསུང་གི་སྒྲུབ་པའི་གཙོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན། སྤྱིར་གསང་སྔགས་སྔ་འགྱུར་བའི་ཕྱོགས་སུ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་བཀའི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པ་ལས། འདི་ནི་ཟབ་མོ་གཏེར་གྱི་ཆོས་ཏེ། དེའང་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཅེས་གསུངས་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་བོད་ཀྱི་ཡུལ་འདིར་ཟབ་མོའི་གཏེར་ཁ་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་ཤིང་མི་འཇིག་པའི་ཕྱག་རྒྱས་བཏབ། ཕྱིས་དུས་ལ་བབས་པའི་ཚེ་ལས་ཅན་སྤྲུལ་པའི་གཏེར་སྟོན་རིམ་པར་བྱོན་ཏེ་ཟབ་མོའི་རྒྱ་བཀྲོལ་ནས་འགྲོ་བའི་དོན་མཐའ་ཡས་པར་མཛད་པ་ལས། འདིར་ནི་རང་གཏེར་བཀའ་རྩིས་ལས། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་དུ་སྦེད༔ ཁྱད་པར་འཕགས་པ་བླ་མའི་སྒྲུབ་སྐོར་ཡིན༔ མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ ཅེས་བོད་ཀྱི་ལྷ་གཅིག་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་གསུང་གི་སྤྲུལ་པ། གཏེར་སྟོན་མཆོག་གཉིས་ཀྱི་ཡ་གྱལ་གཏེར་ཁ་འོག་མར་གྲགས་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་གི་རང་བྱུང་དཀྱིལ་འཁོར་གྱི་འོག་བསེ་སྒྲོམ་སྨུག་པོ་ནས་སྤྱན་འདྲེན་པར་མཛད་པའི་དམ་ཆོས་འདུས་པ་སྐོར་དགུའི་ནང་ཚན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐོར་ཏེ། གངས་ཅན་གྱི་འགྲོ་བ་མཐའ་དག་ནི་ལྷ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་གྱུར་པ་ཡིན་ལ། དེའི་སྒྲུབ་ཐབས་ཟབ་གཏེར་ནས་བྱོན་པ་མཐའ་དག་གི་ཕྱི་མོ་ལྟ་བུར་གྱུར་ཅིང་། ཚོམ་བུ་འབུམ་ཕྲག་དུ་མ་མངོན་བྱང་དུ་བཀོད་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མ་ཆད་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པའི་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༔ ཀུན་གྱིས་མཐོང་བ་མ་ཡིན་གྱི༔ སྐལ་ལྡན་སྒྲུབ་མཆོག་འགས་མཐོང་སྲིད༔ སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད༔ ཨ་ལ་ལ་ཧོ༔ འོ་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད་པ་འདི་ལྟར་དུ་གྱིས་ཤིག༔ ཧོ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བླ་མེད་བྱང་ཆུབ་མ་བསྐྱེད་ན༔ བསྟན་པས་མཐོང་བར་མི་འགྱུར་ཕྱིར༔ བུ་ཁྱོད་འགྲོ་དོན་སེམས་སྐྱེད་ཅིག༔ ཞེས་བརྗོད། དེ་ནས་ཁྱོད་རང་རྣམས་ཀྱིས་རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་འཁོད་པའི་འདུན་པས། ཚིག་རྗེས་སུ་དོན་དྲན་བཞིན་པས་སྐྱབས་སེམས་རྒྱུན་བཤགས་སྡོམ་བཟུང་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ། དེ་ནས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞི་མ་རིག་འཁྲུལ་པས་གདོད་ནས་བཅད་པ་མཚོན་བྱེད་རྟགས་ཀྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ནས༔ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞི༔ འགྲོ་དྲུག་འཁོར་བའི་སྒོ་ཆོད་ལ༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཞེས་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་གྱུར་པ་མོས་མཛོད། ཅེས་བརྗོད་ལ་ཡོལ་བ་བཏང་ཡོད་ན་བསལ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། དམ་ཚིག་གི་བདུད་རྩི་དང་བཅས་པའི་མནའ་ཆུ་འདི་ཉིད་ལྕེ་ལ་བཞག་པ་ཡིན་ཏེ། ཧཱུྃ༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཡིས༔ དམ་ཚིག་བསྲུང་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ན་ན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་མ་གཅེས༔ ཨི་དཾ་ཏེ་ས་མ་ཡ་ན་ར་ཀན༔ བག་ཤ་སི༔ ཞེས་དམ་བསྒྲག་གོ །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ། ཕྱག་གཡས་པདྨའི་ཕྲེང་བ་དང་གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས་པ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མ་དམར་གསལ་གཅེར་བུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་གཉིས་ཀྱིས་པདྨ་དང་བུམ་པ་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་ཅིང། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱོན། བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླ་ཞིང་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ། དེ་ནས་རིགས་བརྟག་པར་བྱ་བའི་ཕྱིར་མེ་ཏོག་འདོར་བ་ནི། ཚོམ་བུའི་དཀྱིལ་འཁོར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བཞུགས་པ་ལ། ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལ་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ལྟོས་པ་མེད་པར་དོར་མཛོད། ཧོ༔ དབང་མཛད་ཐུགས་རྗེའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ པྲ་ཏི་ཛ་པཱུ་ཛཿཧོ༔ ཞེས་འདོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བྱོན་ནས་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་མེ་ཏོག་མགོར་བཞག་ལ། ཐུགས་རྗེའི་དབང་ཕྱུག་གམ། པདྨ་དགྱེས་པ་ལྟ་བུ་ལྷའི་མཚན་ལས་གྲས་པའི་གསང་མཚན་བཏགས། དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བདག་ནི་ཐོག་མ་མེད་དུས་ནས༔ མི་ཤེས་མ་རིག་མུན་པར་ཚུད༔ བླ་མའི་ཐུགས་རྗེའི་གསེར་ཐུར་གྱིས༔ ཡེ་ཤེས་མིག་ཕྱེས་ལྷ་དང་སྤྲོད༔ ཅེས་ལན་གསུམ་ཞུ། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། བུ་ནི་མི་ཤེས་རྨོངས་འཁྲུལ་པས༔ མདོངས་ཤིང་འགྲིབ་པར་གྱུར་པ་ནི༔ རྡོ་རྗེ་གསེར་གྱི་ཐུར་མ་ཡིས༔ ལིང་ཏོག་ངས་བསལ་དལ་ལ་ལྟོས༔ ཞེས་གསེར་ཐུར་གྱི་དབྱེ་ཚུལ་བྱ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་གཞུག་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་རང་བྱུང་ལྷུན་གྲུབ་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨའི་ལྟེ་བར། དབུས་སུ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྙོམས་པར་འཇུག་པ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པ། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད། སྲས་ནོར་བུ་འཛིན་པ་གཡས་ནས་འདུད་ཅིང་། གཡོན་ནས་གསང་སྔགས་འཛིན་མ་འདུད་པ། འདབ་མ་དྲུག་ལ་ལྷའི་ཐུབ་པ་ཨོཾ་དཀར་པོ། ལྷ་མིན་གྱི་ཐུབ་པ་མ་སྔོན་པོ། མིའི་ཐུབ་པ་ཎི་སེར་པོ། བྱོལ་སོང་ཐུབ་པ་པད་སེར་ནག ཡི་དྭགས་ཀྱི་ཐུབ་པ་མེ་ལྗང་དམར། དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག དེའི་ཕྱི་རིམ་པད་འདབ་སྟོང་རྩ་མུ་ཁྱུད་རིམ་པ་བཞིར་རྫོགས་པ་ལ་སངས་རྒྱས་སྟོང་རྩ་གཉིས། སྒོ་བཞིར། བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་ཀྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་ཡང་སྙིང་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་པར་མཛོད། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ནས་དབང་གི་དངོས་གཞི་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་འགྲོ་འདུལ་ཕྲིན་ལས་མཐའ་རྟེན་གཏོར་དབང་ཕན་ཡོན་གྱིས་ངེས་ཤེས་སྐྱེད་པ་བཅས་རྣམ་གྲངས་བདུན་དུ་མཆིས་པ་ལས། དང་པོ་ཕྱི་བུམ་པའི་དབང་ལ་བརྟེན་ནས་ལུས་བྱིན་གྱིས་རློབ་ཅིང་ལྷ་བསྒོམ་པར་རྗེས་སུ་གནང་བ་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་དཀྱིལ་འཁོར་ཤར་ཕྱོགས་ཀྱི་ཁྱམས་ལ་ཐུགས་རྗེ་ཆེན་པོ་ཡང་སྙིང་ཀུན་འདུས་ཀྱི་སྐུར་གྱུར། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པའི་མོས་པ་མཛོད། དེ་ནས་རྗེས་འབྲེལ་དུ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་བསྐུར་བ་ནི། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ཕྱི་རོལ་དུ་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་གསལ་བར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་སྤྲོས་ནས་རིམ་པ་བཞིན་སོ་སོའི་གནས་སུ་བཞུགས་པའི་མོས་པ་མཛོད། ཡབ་ཀྱི་སྐུ་རྟེན་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འགྲོ་འདུལ་ཐབས་ཀྱི་དོན་མཛད་པ༔ ཐུགས་རྗེ་ཀུན་འདུས་དབང་མཆོག་འདི༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ཎི་ཀ་ཨ་བྷི་ཥིཉྩ་ཨོཾ༔ ཡུམ་གྱི་སྐུ་རྟེན་མདུན་དུ་བཞག་ལ། ཧྲཱི༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ ཤེས་རབ་ཆེན་པོའི་རང་བཞིན་ཅན༔ གསང་བ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གུ་ཧྱ་ཛྙཱ་ན་ཡེ་ཨ་བྷི་ཥིཉྩ་ཨཱ༔ རྟ་མགྲིན་སྙིང་གར་བཞག་ལ། ཧྲཱི༔ གདུག་པ་ཚར་གཅོད་རྟ་མགྲིན་ནི༔ དབུ་གཙུག་རྟ་སྐད་འཚེར་བ་ཡིས༔ ལོག་འདྲེན་བདུད་ལས་རྒྱལ་བའི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧ་ཡ་གྲཱི་ཝ་པདྨཱནྟ་ཀྲྀཏ་ཨ་བྷི་ཥིཉྩ་ཨཱ༔ སྲས་ནོར་བུ་འཛིན་པ་གཡས་སུ་བཞག་ལ། ཧྲཱི༔ ཡིད་བཞིན་རེ་སྐོང་གཏེར་འཆང་བ༔ དགོས་འདོད་མ་ལུས་འབྱུང་བའི་དཔལ༔ རྒྱལ་བ་ཀུན་གྱི་སྲས་མཆོག་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཎི་དྷཱ་ར་ཡེ་ཨ་བྷི་ཥིཉྩ་ཨཱ༔ གསང་སྔགས་འཛིན་མ་གཡོན་དུ་བཞག་ལ། ཧྲཱི༔ གསང་སྔགས་འཛིན་མ་ཤེས་རབ་ཉིད༔ འབྲས་བུ་གསང་སྔགས་ཡིད་བཞིན་གཏེར༔ མཚན་བཟང་སྲས་མོའི་དབང་མཆོག་འདི༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གུ་ཧྱ་དྷཱ་རི་ཡེ་ཨ་བྷི་ཥིཉྩ་མཱཾ༔ འགྲོ་འདུལ་ཐུབ་པ་དྲུག་གི་སྐུ་གནས་དྲུག་ཏུ་བཞག་ལ། ཧྲཱི༔ ལྷ་ཡི་ཐུབ་པ་སྐུ་མདོག་དཀར༔ བརྒྱ་བྱིན་ཕྱག་ན་པི་ཝཾ་འཛིན༔ ང་རྒྱལ་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཀྲིང་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ལྷ་མིན་ཐུབ་པ་སྐུ་མདོག་སྔོ༔ ཐགས་བཟང་ཕྱག་ན་རལ་གྲི་འཛིན༔ ཕྲག་དོག་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མི་ཡི་ཐུབ་པ་སྐུ་མདོག་སེར༔ ཤཱཀ་ཐུབ་གསེག་ཤང་པར་བུ་འཛིན༔ འདོད་ཆགས་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ བྱོལ་སོང་ཐུབ་པ་སེར་ནག་སྐུ༔ སེང་གེ་རབ་བརྟན་པུསྟི་འཛིན༔ གཏི་མུག་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་བྲཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཡི་དྭགས་ཐུབ་པ་དམར་ལྗང་སྐུ༔ ཁ་འབར་རིན་ཆེན་སྒྲོམ་བུ་འཛིན༔ སེར་སྣ་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་ཀྵཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དམྱལ་བའི་ཐུབ་པ་མཐིང་ནག་སྐུ༔ ཆོས་ཀྱི་རྒྱལ་པོ་མེ་ཆུ་འཛིན༔ ཞེ་སྡང་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་ཡེ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་སྤྲོ་ཞིང་དགོས་པ་ཡོད་ན་སངས་རྒྱས་སྟོང་རྩའི་ལྷ་དབང་ཆེ་འབྲིང་གང་རུང་རཏྣའི་ཐུགས་གསང་ལས་བཤད་པ་བཞིན་བསྐུར་ལ། བསྡུ་ན་ཕྱག་སྟོང་སྤྱན་སྟོང་སྐུ་སྤྱི་བོར་བཞག་ལ། ཧྲཱི༔ སྐུ་སྟོང་སངས་རྒྱས་རྫོགས་པའི་དཔལ༔ ཕྱག་སྟོང་འཁོར་ལོས་སྒྱུར་རྒྱལ་སྟོང༔ སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང༔ བུདྡྷ་སྟོང་རྩའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་བུདྡྷ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱི༔ རིགས་བདག་སྤྱི་བོར་བཞག་ལ། ཧྲཱི༔ རྒྱལ་བ་ཀུན་གྱི་གཙུག་གི་རྒྱན༔ སྣང་བ་མཐའ་ཡས་འོད་དཔག་མེད༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨ་མི་དྷེ་བ་ཧྲཱིཿསྭཱ་ཧཱ་ཨ་བྷི་ཥིཉྩ་ཧྲཱི༔ སྒོ་བཞི་མདུན་རྒྱབ་གཡས་གཡོན་རྣམས་སུ་བཞག་སྟེ། ཛ༔ དགའ་བྱེད་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཤར་གྱི་སྒོ་སྐྱོང་དབང་བསྐུར་བས༔ འཇིགས་བརྒྱད་སྐྱོབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ལྷོ་ཡི་སྒོ་སྐྱོང་དབང་བསྐུར་བས༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ བཾ༔ ཕུང་པོའི་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ནུབ་ཀྱི་སྒོ་སྐྱོང་དབང་བསྐུར་བས༔ ཁམས་གསུམ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ འཆི་བདག་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ བྱང་གི་སྒོ་སྐྱོང་དབང་བསྐུར་བས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྷ་དབང་བསྐུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །གཉིས་པ་ནང་བདུད་རྩི་ལ་བརྟེན་ནས་ངག་བྱིན་གྱིས་རློབ་ཅིང་སྔགས་བཟླ་བའི་ལུང་འབོགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་ཐོད་པ་བདུད་རྩིས་གང་བ་མགྲིན་པར་བཞག །བདུད་རྩི་བླུད། ཁྱེད་རང་རྣམས་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་ཐོན་མགྲིན་པའི་ལམ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་བདུན། འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །གསུམ་པ་གསང་བ་མར་མེ་ལ་བརྟེན་ནས་ཡིད་བྱིན་གྱིས་རློབ་ཅིང་སེམས་ཀྱི་ངོ་སྤྲོད་པ་ལ་ཐོག་མར་བྱིན་རླབས་འབེབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྣང་བ་ཐམས་ཅད་འོད་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཁྱེད་རང་རྣམས་བཞེངས་ནས་ཐལ་སྦྱར་དུ་གནས་པ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྙིང་གར་ཧྲཱིཿཡིག་མར་མེ་ལྟར་འབར་བ། སྤྱི་བོར་བླ་མ་དང་དབྱེར་མེད་པའི་སྣང་བ་མཐའ་ཡས། སྣང་སྲིད་ཐམས་ཅད་ཡི་དམ་དཔའ་བོ་མཁའ་འགྲོས་ཤིག་ཤིག་ཡམ་ཡམ་གང་ཞིང་གར་སྟབས་སྒྱུར་བར་མོས་མཛོད། རོལ་མོ་བསྒྲག །གུ་གུལ་དང་སྤོས་ཆེན་བསྲེག །ཡིག་བདུན་གྱི་དབྱངས་དིར་དིར་བྱ། དེ་ནས་ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་བཞག །དེའི་དོན་མར་མེའི་སྣང་བ་གསལ་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་མར་མེ་བསྟན། འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །དེ་ལྟར་ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་རྟོག་དག་ནས་རྡོ་རྗེ་གསུམ་དུ་གྲུབ་པ་དེ་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་གསུམ་སྦྱིན་པ་སྟེ། ཧྲཱི༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་བཛྲ་གཎྚེ་ཨ་ཨཱ༔ ཞེས་རྡོ་རྗེ་དང་དྲིལ་བུ་གཏད། འཁྱུད་རྒྱ་བྱས། དེས་ནི་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་མེ་ལོང་ལ་བརྟེན་ནས། འཁོར་འདས་ཐམས་ཅད་ཀྱི་གཞི་རང་སེམས་འཁྲུལ་པའི་ངོ་བོ་གསལ་སྟོང་འཛིན་མེད་དུ་རིག་པས། འཆིང་གྲོལ་མེད་པའི་གནས་ལུགས་ཡང་དག་པ་རྟོགས་ན་སྣ་ཚོགས་རང་གྲོལ་རིག་པའི་རྩལ་དབང་ཐོབ་པས་དེའི་དོན་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། ཧྲཱི༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ༔ ཟུག་རྔུ་བྲལ་བས་བདེ་བ་ཆེ༔ དེ་ནི་གནས་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་གསུམ་ཐ་མལ་སྐུ་གསུང་ཐུགས༔ ཅིར་མི་དགོངས་པས་ཐུགས་རྗེ་ཆེ༔ དེ་ནི་ལྷ་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་ལྔ་ཡུལ་ལྔ་གཉིས་མེད་མཆོད༔ དེ་ནི་མཆོད་ཚོགས་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་མེད་རྟོག༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ༔ དེ་ནི་གཞན་དོན་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འདུ་ཤེས་བྲལ་བས་འཁོར་བ་དག༔ དེ་ནི་དོང་སྤྲུགས་རིག་པའི་དབང༔ རྒྱལ་པོས་དབང་མཆོག་བསྐུར་མི་ལ༔ འཁོར་རྣམས་ཀྱིས་ནི་ཅིས་མི་བསྐུར༔ བུམ་ཆུ་སྤྱི་ནས་བླུག་དུས་སུ༔ ལུས་ཀུན་ཁྱབ་པ་སྨོས་ཅི་དགོས༔ མཚོན་ཆའི་འཁོར་ལོ་འབར་བའི་ཚེ༔ གང་འཕྲད་གཅོད་པ་ཆོས་ཉིད་དོ༔ ཡེ་ཤེས་འཁོར་ལོ་མེ་འབར་བས༔ མ་རིག་ནགས་སྲེག་ཐེ་ཚོམ་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དེས་ནི་རིག་པའི་རྩལ་གྱི་དབང་གིས་དོན་ཐམས་ཅད་རང་གི་རིག་པའི་ཐོག་ཏུ་ངོ་སྤྲད་པ་ཡིན་ནོ། །ལྔ་པ་སྤྲུལ་སྐུའི་སྐུ་ཡི་གེའི་དབང་ལ་བརྟེན་ནས་འགྲོ་བ་འདུལ་བའི་རྗེས་སུ་གནང་བ་ནི། ཡི་གེ་འབྲུ་བདུན་རེ་རེ་བཞིན་གཏད་ལ། ཨོཾ༔ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས༔ ལྷ་རྣམས་འདུས་པའི་སྲོག་སྙིང་ཨོཾ༔ ཨོཾ་བཟུང་ལྷ་ཡི་འགྲོ་བ་ཐུལ༔ ཧྲཱི༔ ཨོཾ་ནི་དོན་དམ་སྐྱེ་བ་མེད༔ འདོད་ཡོན་ལྔ་ལ་མ་ཞན་པ༔ འཆི་འཕོ་ལྟུང་བྱེད་སྡུག་བསྔལ་སྦྱོང༔ གསུང་མཆོག་ཨོཾ་གྱིས་དབང་བསྐུར་རོ༔ ཨོཾ་ཨོཾ་ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། མ༔ ཐགས་བཟང་རིས་ཀྱི་སྐུ་གསུང་ཐུགས༔ ལྷ་མིན་འདུས་པའི་སྲོག་སྙིང་མ༔ མ་བཟུང་ལྷ་མིན་འགྲོ་བ་ཐུལ༔ ཧྲཱི༔ མ་ནི་མ་བཅོས་སྤྲོས་དང་བྲལ༔ བདག་གཞན་ཕྱོགས་ཆ་མི་འཛིན་པ༔ འཐབ་རྩོད་རྡེག་བཙོག་སྡུག་བསྔལ་གཅོད༔ གསུང་མཆོག་མ་ཡིས་དབང་བསྐུར་རོ༔ མ་མ་མ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཎི༔ ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས༔ མི་རྣམས་འདུས་པའི་སྲོག་སྙིང་ཎི༔ ཎི་བཟུང་མི་ཡི་འགྲོ་བ་ཐུལ༔ ཧྲཱི༔ ཎི་ནི་མ་སྦས་ཀུན་ལ་ཁྱབ༔ ཚོགས་དྲུག་ཡུལ་ལ་མ་ཞེན་པའི༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཅོད༔ གསུང་མཆོག་ཎི་ཡིས་དབང་བསྐུར་རོ༔ ཎི་ཎི་ཎི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ པད༔ སེངྒེ་རབ་བརྟན་སྐུ་གསུང་ཐུགས༔ བྱོལ་སོང་འདུས་པའི་སྲོག་སྙིང་པད༔ པད་བཟུང་བྱོལ་སོང་འགྲོ་བ་ཐུལ༔ ཧྲཱི༔ པད་ནི་གཉིས་འཛིན་རྟོག་པ་ཐུལ༔ མཉམ་ཉིད་དོན་དང་ལྡན་པ་ཡིས༔ གླེན་ལྐུགས་བཀོལ་སྤྱོད་སྡུག་བསྔལ་གཅོད༔ གསུང་མཆོག་པད་ཀྱིས་དབང་བསྐུར་རོ༔ པད་པད་པད་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མེ༔ ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས༔ ཡི་དྭགས་འདུས་པའི་སྲོག་སྙིང་མེ༔ མེ་བཟུང་ཡི་དྭགས་འགྲོ་བ་ཐུལ༔ ཧྲཱི༔ མེ་ནི་མ་ཞེན་ཞེན་འཛིན་དག༔ འདོད་དང་སྤྱོད་ལ་མ་ཞེན་པའི༔ བཀྲེས་སྐོམ་ཕོངས་པའི་སྡུག་བསྔལ་གཅོད༔ གསུང་མཆོག་མེ་ཡིས་དབང་བསྐུར་རོ༔ མེ་མེ་མེ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས༔ དམྱལ་བ་འདུལ་བའི་སྲོག་སྙིང་ཧཱུྃ༔ ཧཱུྃ་བཟུང་དམྱལ་བའི་འགྲོ་བ་ཐུལ༔ ཧྲཱི༔ ཧཱུྃ་ནི་ཀུན་གྱི་ཁོང་ནས་བྱུང༔ ཐམས་ཅད་དབང་སྡུད་སྤོང་ལེན་མེད༔ ཉམ་ཐག་ཚ་གྲང་སྡུག་བསྔལ་གཅོད༔ གསུང་མཆོག་ཧཱུྃ་གིས་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས༔ བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲཱི༔ ཧྲཱིཿབཟུང་འཁོར་བ་དོང་ནས་སྤྲུགས༔ ཧྲཱི༔ ཧྲཱིཿནི་བདེ་གཤེགས་ཀུན་གྱི་སྲོག༔ སྙིང་པོ་བརྗོད་བྲལ་ཡེ་ཤེས་མཆོག༔ བདེ་ཆེན་ཡང་དག་དོན་ལྡན་པའི༔ གསུང་མཆོག་ཧྲཱིཿཡིས་དབང་བསྐུར་རོ༔ ཧྲཱིཿཧྲཱིཿཧྲཱིཿསརྦ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་ཡི་གེ་འབྲུ་བདུན་གྱི་ཕྲིན་ལས་ལ་བརྟེན་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །དྲུག་པ་མཐའ་རྟེན་གཏོར་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ་མོས་གུས་བྱས་པས་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་དུ་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ༔ ངོ་མཚར་རྨད་དུ་བྱུང་བའི་གནས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས༔ སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་འགྲེས་ཏེ། གཏོར་མ་འདི་ཉིད་སོགས་ནས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དངོས་གྲུབ་སོགས། གཏོར་མ་མགྲིན་པར་བཞག་ལ། ཨེ་མ༔ ངོ་མཚར་སོགས་གོང་ལྟར་ལ། བྱིན་གྱིས་རློབས༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་བྱང་གྱུར་ནས༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་མཐར། ཝ་ཱཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ༴ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་སོགས། གཏོར་མ་སྙིང་གར་བཞག་ལ། ཨེ་མ༔ ངོ་མཚར་སོགས་ནས། བྱིན་གྱིས་རློབས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ ཡིད་ཀྱི་སྒྲིབ་པ་བྱང་གྱུར་ནས༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བ་ལ། མོས་གུས་དུང་བ་བྱས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པ་ཅན་དུ་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག །ཨེ་མ༔ ངོ་མཚར་རྨད་དུ་བྱུང་བའི་གནས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ནས༔ མཁའ་མཉམ་འགྲོ་དོན་བྱེད་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་གཏོར་མའི་ལྷ་ཁྱེད་རང་རྣམས་ལ་ཐིམ་པས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་མཛོད། བདུན་པ་དབང་ཐོབ་པའི་ཕན་ཡོན་བརྗོད་ཅིང་སྣོད་ལྡན་དུ་ངེས་ཤེས་སྐྱེད་པ་ནི་རྡོ་རྗེ་ཚིག་རྐང་ཉིད་ལ་གསན་པས་ཁྱབ་པར་གདའ། ལེགས་འོང་ཁྱེད་ནི་སྐལ་པ་བཟང༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགས༔ ཁྱེད་ཡིན་སངས་རྒྱས་སྐུ་གསུང་ཐུགས༔ མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་ཀུན༔ ཡིག་དྲུག་དབང་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་འཛད༔ དབང་ཐོབ་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡི་གེ་དྲུག༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་དྲུག་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་དྲུག་དབང་ཐོབ་འཛིན་ཐོས་མིས༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་སྦྱོང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་གཅོད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་དང༔ སྒོམ་བཟླས་འབྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གསུངས་སོ། །དེ་ལྟར་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་བསྒྲུབས་ཟིན་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་ལ་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོ་སྨོན་བྱས་ལ་གྲོལ་ལོ། །གལ་ཏེ་སྐྱེ་བདུན་སྒྲུབ་ཆེན་དང་འབྲེལ་བའམ། མི་འབྲེལ་ཡང་བསྟན་པ་ལ་ཕན་པའི་སློབ་བུར་དབང་གི་རྒྱུན་མི་ཉམས་པའི་ཕྱིར་སྐྱེ་བདུན་བུམ་པའི་དབང་བྱ་བའི་ཕྱག་སྲོལ་མཛད་པ་ལྟར་ན། ཐོག་མ་ནས་དཀྱིལ་འཁོར་དབུས་སུ་སྐྱེ་བདུན་རིལ་བུ་བཞུགས་པའི་བུམ་པའང་བཤམས་ལ་དབང་སྒྲུབ་སྐབས་སུ་ཡིག་བདུན་ཤམ་བུར། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ། བཏགས་པ་ཅི་འགྲུབ་བཟླ། དབང་ནི་དངོས་གཞིའི་བུམ་དབང་རྫོགས་པའི་རྗེས་སུ། དེ་ལྟར་བུམ་དབང་གི་ཁྲུས་ཀྱིས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་རྒྱུད། སྣོད་གསེར་གྱི་གཞོང་པ་ལྟ་བུ་ཡོངས་སུ་དག་པ་བྱས་པ་དེར། བཅུད་སེང་གེའི་འོ་མ་ལྟ་བུ་མྱོང་གྲོལ་བདུད་རྩིའི་དྭངས་མས་དབང་བསྐུར་བ་སྟེ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བ་ལ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤར་བས་དབང་བསྐུར་བས་རྒྱུད་སྨིན་ཅིང་གྲོལ་བའི་མོས་པ་མཛོད། བུམ་རིལ་སྤྱི་བོར་བཞག་ལ། ཧྲཱི༔ ཕྱི་ནི་རང་བྱུང་བདེ་ཆེན་གཞལ་ཡས་ཁང༔ ནང་ན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་དབང༔ དེང་འདིར་སྦྱིན་ནོ་འགྲོ་ཀུན་ཡོངས་སྒྲོལ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར། དེ་ནས། ཁྱེད་རང་རྣམས་ཀྱིས་རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་དེ་ལྕེ་ཐོག་ཏུ་མྱངས་པས་ལུས་གཞལ་ཡས་ཁང་དུ་གསལ་བའི་སྙིང་པདྨ་འདབ་མ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ། མགྲིན་པའི་ལམ་ནས་བརྒྱུད་ཧྲིལ་གྱིས་བྱོན་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་མི་འབྲལ་བར་ཡུན་གྱི་ལྷར་བཞུགས་པའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསརྦ་སིདྡྷི་ཧཱུྃ་ཨཿ ཞེས་བཟླ་བཞིན་དུ་བཀྱེས་རིལ་བུ་གསུམ་རེ་མིད་དུ་གཞུག་གོ །དེ་ལྟར་དབང་རྫོགས་པའི་རིལ་བུ་ལྟོར་སོང་ཕན་ཆད་མི་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་གནས་འགྱུར་བ་ཡིན་པས་རྒྱལ་པོ་རྒྱལ་སར་ཕྱུང་བ་དང་འདྲ་ཞིང་། བསླབ་པའི་དམ་ཚིག་ཀྱང་བདག་ལས་གཞན་གཅེས་འཛིན་གྱི་སེམས་བསྐྱེད་དང་ལྡན་པས་འགྲོ་བའི་དོན་ཅི་ནུས་ལ་འབད་པ་དང་། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་ལ་བརྩོན་པར་གྱིས་ཤིག །དེ་ལྟར་ཐོབ་པའི་ཕན་ཡོན་ཀྱང་། རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ རྫས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་དང་། གཞན་ཡང་། བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔ དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔ སྙིགས་དུས་སེམས་ཅན་བདེ་ལ་བཀོད༔ ངན་སོང་འཁོར་བ་དོང་ནས་སྤྲུགས༔ ཐུགས་རྗེའི་ཕྲིན་ལས་ངོ་མཚར་ཆེ༔ ཞེས་བརྗོད། དེ་ནས་རྗེས་འབྲེལ་དུ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་བསྐུར་བ་ནི། སོགས་དཀྱུས་བཞིན་སྦྱར་བས་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་ཆོག་བྱ། གཏོར་འབུལ་དང་བརྟན་མ་བསྐྱང་ཞིང་། གཏང་རག་མཆོད་བསྟོད་འབུལ། ནོངས་པ་བཤགས། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་ནས་བསྡུ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཉེར་བསྡུ། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །ཆོས་ཀྱི་དབང་ཕྱུག་གཏེར་སྟོན་ཚད་མ་ཡིས། །ཡང་སྙིང་འདུས་པ་དམ་ཆོས་ཚད་མ་ཕྱུང་། །མ་ཎི་རིན་ཆེན་ལ་སོགས་ཚད་ཐུབ་ཀྱི། །སྐྱེས་ཆེན་མང་པོས་བོད་ཁམས་ཁྱབ་པར་སྤེལ། །འོན་ཀྱང་ད་ནི་བག་ལ་ཉལ་ཉེ་བས། །དམ་པའི་རྗེས་སུ་འབྲངས་ཏེ་གཞན་ཕན་བློས། །འདི་ཙམ་བསྒྲུབས་བྱས་དགེ་བ་གང་ཐོབ་པས། །སྤྱན་རས་གཟིགས་ཀྱི་རྣམ་ཐར་མྱུར་འགྲུབ་ཤོག །ཅེས་པ་འདིའང་འཇམ་མགོན་རྡོ་རྗེ་འཆང་གི་བཀའ་ལུང་སྤྱི་བོར་བསྩལ་པ་དང་། ཉེ་ཆར་རིག་འཛིན་བླ་མ་དམ་པ་དཀོན་མཆོག་བསྟན་འཛིན་གྱིས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བཀའ་ཡིས་བསྐུལ་བ་མཛད་པས། མཁན་ཆེན་ཨོ་ཌཱི་ཡ་ནའི་ཡིག་ཆ་འཁྲུལ་མེད་ཚད་ཐུབ་ཏུ་མངོན་ཀྱང་བཀླག་ལུང་གི་རྒྱུན་མ་བཞུགས་པས་དེ་ཉིད་ཀྱི་ལུགས་སྲོལ་རྩ་བར་བཟུང་། ཀཿཐོག་ཕྱག་བཞེས་འཁྲུལ་མེད་ཟུར་རྒྱན་འོས་རིགས་ཕྲན་བུ་འང་བསབ། བུམ་དབང་གི་གསོལ་འདེབས་བདེ་གཤེགས་ཀུན་འདུས་ནས་སབ་པ་གནང་བ་སོགས་འདི་ལ་དགོས་གལ་ཅན་དུ་མ་མངོན་ཀྱང་ད་ལྟའི་ཕྱག་བཞེས་ཀྱི་རྒྱུན་མ་ཉམས་པར། འཇིག་རྟེན་དབང་ཕྱུག་ཀརྨ་པ་ཡབ་སྲས་ཀྱི་བསྟན་སྒོར་ཞུགས་ཤིང་མགོན་པོ་བདེ་བ་ཆེན་པོའི་རིང་ལུགས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ (Volume 22, Text 8)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུ་ཀུན། །བ་སྤུའི་ཁུང་བུ་གཅིག་ན་གནས་པ་ཡིས། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་ཐུགས་རྗེའི་དབང་ཕྱུག་ཞབས་ལ་འདུད། །གང་དེ་བོད་ཡུལ་ལྷ་གཅིག་ཉིད་ཀྱི་ཕྱིར། །སྒྲུབ་ཐབས་ཆེ་ཆུང་བྱེ་བ་བསམ་ཡས་ལས། །བླ་མེད་ཡང་སྙིང་ཟབ་གཏེར་མ་ལུས་པའི། །ཕྱི་མོ་གཏེར་ཁ་འོག་མའི་ལུགས་འདི་འཕགས། །གནའ་དུས་གཞན་ཕན་རྒྱ་མཚོའི་མཐར་ཁྱབ་ཀྱང་། །དེང་སང་ཚད་ལྡན་བྱེད་པ་ཉུང་བ་དང་། །འཇིག་རྟེན་མགོན་དང་དབྱེར་མེད་བླ་མའི་བཀའ། །རྗེས་སུ་བསྒྲུབ་ཕྱིར་ཁོག་དབུབ་ཉུང་གསལ་འབྲི། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་པ་ཆེན་པོ་ཉམས་སུ་བླང་བ་ལ་སྤྱི་དོན་རྣམ་པ་ལྔ་སྟེ། སྒྲུབ་པ་པོ་ངེས་ཤེས་བསྐྱེད་ཕྱིར་སྤྱིའི་ཁོག་དབུབ་པ། ཕུན་སུམ་ཚོགས་པ་བདུན་གྱིས་སྒྲུབ་པའི་གཞི་བཟུང་བ། སྔོན་འགྲོ་སྟ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ། དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱིས་སྒྲུབ་པའི་གཞུང་གཟུག་པ། མཐའ་རྒྱས་ལས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་རྣམས་སོ། །དང་པོ་ནི། བསྒྲུབ་གཞི་རང་བཞིན་རྣམ་དག་ཁྱབ་བདག་པདྨ་གར་གྱི་དབང་ཕྱུག་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་བཞུགས་པ་དེ་ཉིད། སྒྲུབ་བྱེད་ཐུན་མོང་གི་ཚུལ་ལས་ཁྱད་པར་དུ་མས་འཕགས་པ་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཟབ་ཡོ་ག་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་དྲིལ་བའི་ཚོམ་བུ་ཚོགས་སྒྲུབ་ཀྱི་མྱུར་ལམ་ལས། གྲུབ་པའི་འབྲས་བུ་ཚེ་འདི་འམ་རིང་པོར་མི་ཐོགས་པར་སྐུ་ལྔའི་བདག་ཉིད་ཅན་གྱི་གདོད་མའི་མགོན་པོའི་ས་ལ་ལྷུན་གྱིས་རྫོགས་པར་འགྱུར་བ་ཡིན་པའི་ཕྱིར་ན། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་རས་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་རྗེས་འཇུག་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས། རྒྱུད་ལུང་མན་ངག་ཀུན་གྱི་གནད་ལག་ལེན་དུ་དྲིལ་ཏེ་སྤྲོས་བཅས་གྲོལ་བ་བཞི་ལྡན་བསྟན་པ་འདི་ཉིད་མོས་སློབ་ཙམ་གྱིས་འབྲེལ་བས་ཀྱང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པ་མངའ་བ་ཡིན་ནོ། །གཉིས་པ་ཕུན་ཚོགས་བདུན་གྱིས་སྒྲུབ་གཞི་བཟུང་བ་ནི། སྒྲུབ་པའི་སྟོན་པ་ལྟ་སྒོམ་གྱིས་རང་རྒྱུད་གྲོལ་ཅིང་སྤྱོད་པས་གདུལ་བྱ་འདུལ་བ་ལ་མཁས་པ། སྒྲུབ་པ་པོ་སློབ་མ་དད་བརྩོན་ཤེས་རབ་དམ་ཚིག་དང་ལྡན་པ། སྒྲུབ་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའམ་ཕྲིན་ལས་བཞི་དང་ལྷུན་གྲུབ་ཀྱི་རྟགས་མཚན་ཚང་བ། སྒྲུབ་པའི་གྲོགས་འཁོར་རྒྱུད་འཇམ་བློ་གསལ་གསང་ཐུབ་མཚན་དང་ལྡན་པ། སྒྲུབ་པའི་ཡོ་བྱད་སྐུ་གསུང་ཐུགས་ཀྱི་སྒྲུབ་རྟེན། ཕྱི་ནང་གསང་བའི་མཆོད་རྫས། ཚེ་གལ་ལ་སོགས་དངོས་གྲུབ་ཀྱི་རྫས། འཚོ་བ་ཟས། རྐྱེན་ཟློག་གོ་མཚོན་སྨན་སྔགས་སྲུང་འཁོར། ཉེ་བར་མཁོ་བའི་ཡོ་བྱད་སོགས་ཅིས་ཀྱང་མ་ཤོལ་བ། སྒྲུབ་པའི་དུས་ལོ་ཟླའི་སྟོད་གཟའ་སྐར་འཕྲོད་སྦྱོར་གྲུབ་པའི་ཉི་མ་སོགས་བཟང་ཞིང་བྱེ་བྲག་ལས་བཞིའི་དུས་དང་མཐུན་པ། སྒྲུབ་པའི་མན་ངག་མ་ཧཱའི་རྒྱུད། ཨ་ནུའི་ལུང་། ཨ་ཏིའི་མན་ངག་དང་འབྲེལ་ཞིང་དེ་དག་སོ་སོའི་དགོངས་དོན་རྣམ་པར་འབྱེད་པས་ཉམས་ལེན་གཅིག་ཏུ་དྲིལ་བ་ལ་མཁས་པའོ། །གསུམ་པ་སྔོན་འགྲོ་སྟ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ་ནི། ས་ཆོག་དལ་བརྩིགས་ལྷག་པར་གནས། །ཕྱི་བཤགས་བྱ་དང་མཚམས་གསུམ་བཅད། །ཐིག་ཚོན་རྒྱན་བཀོད་མངའ་གསོལ་ཞིང་། །བསྲེ་བསྣན་བརྡ་བསྐོས་བྱིན་དབབ་བོ། །ཞེས་པ་རྣམས་ལས། ཐོག་མར་སའི་ཆོ་ག་ལ་བཞི། ས་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང་ཉེ་བར་མཁོ་ན་གཞན་ནས་འབྱུང་བ་ལྟར་བྱའོ། །ས་སློང་བ་ནི། སྣང་བ་མིས་བདག་ཏུ་བཟུང་ན་རིན་དང་བདེན་པའི་ཚིག་གིས་བཀྲོལ། མི་སྣང་བ་ལ་སློང་བ་ནི། སྟེགས་ཇི་ལྟར་རིགས་པའི་བང་རིམ་དང་པོར་བདག་བསྐྱེད་བླ་གཏོར་དམར་པོ་པད་འདབ་བཞི་རིལ་བུས་མཚན་པའི་གཡས་གཡོན་དུ་སྨན་རཀ བང་རིམ་གཉིས་པར་ཕྱི་མཆོད་ཕྲེང་ཚར་དུ་བཀོད། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་དང་རིལ་བུས་མཚན་པ་བཀོད། མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཚིག་བདུན་གསོལ་འདེབས་བརྒྱུད་འདེབས། སྐྱབས་སེམས་སྔོན་དུ་འགྲོ་བའི་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་བར་དུ་གཏང་དགོས་པ་ལ། སྐབས་འདིར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་གསུང་རབ་ལས་འབྱུང་བའི་རྒྱུན་གྱི་རྣལ་འབྱོར་བཟླས་པ་བསྡུ་ལྡང་གི་བར་དུ་གཏང་ན་མང་ཉུང་འཚམ་ཞིང་ཤིན་ཏུ་འབྲེལ་ཆགས་པར་འགྱུར་རོ། །དེ་ནས་ས་ལྷའི་མཆོད་པ་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ་སྟེ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱོང་བ་ནི། ཐལ་མོ་ཁོང་སྟོང་སྙིང་ཁར་སྦྱར་ལ། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོའི་ཚིགས་དང་པོ་བཅག་པ་རིན་ཆེན་སྒྲོམ་བུའི་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་བརྐྱང་པའི་མཐེ་བོང་སྦྲེལ་བ་པདྨའི་ཕྱག་རྒྱ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་རྒྱས་ཚིམ་པར་བྱེད་པ་ནི། ལག་པ་གཡོན་ཁུ་ཚུར་ལས་མཛུབ་མོ་བསྒྲེངས་པ་སྙིང་གར་བཞག །གཡས་པ་དེ་བཞིན་ལས་བརྐྱངས་ནས་བསྐོར་བའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱེད་པ་ནི། གཡས་ཁུ་ཚུར་སྙིང་ཁར་བཞག །གཡོན་མཆོག་སྦྱིན་བསྐོར་ཞིང་བརྐྱངས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ནི་ཧཱུྃ། དབང་སྒྱུར་འཁོར་ལོའི་སྔགས་རྒྱས་དབང་དུ་བྱེད་པ་ནི། སོར་མོ་རྣམས་ནང་དུ་བཀུག་ནས་བསྣོལ་བའི་ཐལ་མོ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤཱ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་སྔགས་རྒྱ་རྣམས་ལན་གསུམ་གསུམ་གྱིས་བྱིན་བརླབས་ཤིང་སོ་སོའི་མཐར་སེ་གོལ་གཏོག་གོ །དེ་ནས་སློབ་དཔོན་རྡོ་རྗེ་དང་བཅས་པའི་ཕྱག་གཡས་ས་ལ་རྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་ཧྲཱིཿཧྲཱི༔ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་ཕྱག་གཡས་མཆོག་སྦྱིན་དང་གཡོན་གཏེར་གྱི་བུམ་པ་བསྣམས་པ༔ ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ས་བདག་གི་ཚོགས་ཀྱིས་བསྐོར་བར་གྱུར༔ ཧཱུྃ༔ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ བདག་གིས་བྱང་ཆུབ་ངེས་སྒྲུབ་པའི༔ མཆོད་འབུལ་དཔང་མཛོད་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་སྦྱིན་འདི་བཞེས་ལ༔ ས་འདི་བདག་ལ་གནང་བར་མཛོད༔ འབྱུང་པོ་ས་ཡི་བདག་པོ་ཀུན༔ གནས་རྟེན་གཞན་དུ་ཁྱོད་སྤོས་ལ༔ ས་འདི་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷཱུཏ་པཱུ་ཛ་གྲྀཧྞ་ཧོ༔ ལན་གསུམ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་མོ་འཁོར་བཅས་ཀྱིས་གནང་བ་བྱིན་ནས་ས་ལ་ཐིམ་པར་གྱུར༔ ཞི་རོལ་རིང་པོའི་འོག་གཏོར་མ་རྒྱབ་ཏུ་ཕུལ། མཆོད་པ་བསལ། སྒྲུབ་གནས་གསར་པ་ལྟ་བུ་ལ་སྐབས་འདིར་གཏེར་གཞུག་འགྲུབ་ན་ལེགས་ཏེ་དེའི་ཚུལ་ནི་རཏྣའི་ཐུགས་གསང་སྒྲུབ་ཁོག་ལྟར་རོ། །སྤྲོས་པ་བསྡུ་བ་དང་སྒྲུབ་གནས་རྙིང་པ་སོགས་ལ་མེད་ཀྱང་ཆོག་པས་འདིར་མ་བྲིས་སོ། །ས་བཟུང་བ་ནི། སློབ་དཔོན་ཞྭ་ཆོས་བཅས་སྟེགས་བུའི་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་དབང་མཆོག་ཕུར་བུ་ཕུལ། དབུས་སུ་ཕུར་གདན་བཀོད། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར༔ ཕུར་བུ་རྣམས་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ༔ སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར༔ ཕུར་བུ་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལན་གསུམ་མཐར་སྟེགས་བུའི་དབུས་སུ་གདབ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་གྱུར༔ ས་སྦྱོང་བ་ནི། བདག་དབང་ཆེན་གྱི་ཐུགས་ཀའི་ཡི་གེ་བྷྲཱུྃ་སྨུག་ནག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་རྣམས་ལ་ཕོག་པས་སྲས་སུ་དགོངས༔ ཞི་ཁྲོ་ལྕམ་དྲལ་ལ་ཕོག་པས་སྤུན་དང་གྲོགས་སུ་དགོངས༔ མ་མོ་མཁའ་འགྲོ་ལ་ཕོག་པས་རང་རང་གི་རིགས་ཀྱི་གཙོ་བོར་མཐོང༔ སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་པ་སྦྱངས་ནས༔ འོད་ཟེར་སླར་ཚུར་འདུས་པ་བདག་དང་ས་གཞི་ལ་ཕོག་པས༔ དབང་ཆེན་གསེར་གྱི་ས་གཞི་སྲ་བརྟན་བདེ་བའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དུ་གྱུར༔ གཉིས་པ་དཀྱིལ་འཁོར་བརྩིག་པ་ནི། རྒྱར་འདོམ་གང་གྲུ་བཞི། དཔངས་སུ་ཁྲུ་གང་བ། མཆོད་སྟེགས་འཁོར་ཡུག་ཁྲུ་གང་། དཔངས་སུ་ཆག་གང་བ་ནི་ཚད་ཡིན་ལ། གཞན་ཆེ་ཆུང་གནས་ཁང་དང་སྦྱར་བའི་ཇི་ལྟར་རིགས་པས་ཆོག་ཅིང། བའི་རྣམ་ལྔ། བདུད་རྩི་ལྔ། དྲི་བཟང་པོས་བྱུགས་ཏེ་མེ་ལོང་ལྟར་འཇམ་པ་དབུས་མཐོ་ཞིང་བྱང་ཤར་གདོན་གྱི་གནས་དམའ་བར་བྱའོ། །གསུམ་པ་ལྷག་པར་གནས་པ་ལ་གཉིས། ལྷ་དང་བུམ་པ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་ལྷ་གནས་མི་འཆོལ་བའི་མཚན་མ་བྱས་ལ། བདུད་རྩི་ལྔ་དང་སྦྱར་བའི་དྲི་བཟང་གིས་གཙོ་བོའི་གནས་སུ་དབང་ལྡན་ནས་བརྩམ་པའི་ཐིག་ལེ་གྲུ་བཞི། འཁོར་རྣམས་ཀྱི་གནས་སུ་ཟླུམ་པོ་བྱས་པ་ལ་ཡིག་དྲུག་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཕྱི་མཆོད་གཡས་སྐོར་དུ་བཤམས་ལ། རྒྱས་པར་སྤྲོ་ན་ལས་བྱང་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་མཐར་ཆགས་སུ་གཏང་། དེ་ལྟར་ན་སྨན་རཀ་གཏོར་གསུམ་ཡང་བཤམ་དགོས་སོ། །སྤྲོས་པ་བསྡུ་ན། མཆོད་པ་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་པས་བརླབ། མི་དམིགས་སྟོང་པའི་ངང་ཉིད་ལས། །མཚན་རྫོགས་ཡེ་ཤེས་གཞལ་ཡས་ཁང་། །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང། །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་བདེ་གཤེགས་ཐུགས་རྗེའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །པང་དུ་གསང་བ་ཡེ་ཤེས་ཡུམ། །ཐུགས་ཀར་དཔའ་བོ་རྟ་མགྲིན་དང་། །སྤྱི་བོར་རིགས་བདག་འོད་དཔག་མེད། །གཡས་སུ་ནོར་བུ་འཛིན་པ་དང་། །གཡོན་དུ་གསང་སྔགས་འཛིན་མས་འདུད། །འཁོར་དུ་འགྲོ་འདུལ་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །སྒོ་སྐྱོང་ལས་བཞིའི་ཧེ་རུ་ཀ །ཐམས་ཅད་ཆུ་ཟླའི་ཚུལ་དུ་གསལ། །ལྷ་ཚོགས་ཀུན་གྱི་གནས་གསུམ་དུ། །འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཧྲཱི༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ རྒྱལ་བའི་ཐུགས་ལ་གཤེགས་བཞུགས་མི་མངའ་ཡང༔ འགྲོ་བའི་ཚོགས་གསག་བསྙེན་སྒྲུབ་བགྱི་སླད་དུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ ཨོཾ་མ་ཧཱ་ཀཱ་རུ་ཎཱ་པདྨ་ནཱིརྟཱི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དྲངས་ཤིང་བསྟིམས་ལ། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ལས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད་ཅིང་བསྟོད་པ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས། སྙན་གསན་དབབ་པའི་ཆེད་དུ་ཐམས་ཅད་ཀྱིས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། ཧོ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་སྦྱོར་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ལན་གསུམ་བརྗོད། རྡོ་རྗེ་སློབ་དཔོན་གྱིས་སེ་གོལ་གསུམ་བྱས་ལ་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། གཉིས་པ་བུམ་པ་སྟ་གོན་ནི། དཀྱིལ་འཁོར་དབུས་སུ་མཉྫི་མཐོ་བ་ལ་མཚན་ཉིད་དང་ལྡན་པའི་རྣམ་རྒྱལ་བུམ་པ་གཙང་ཞིང་དག་པར་རྫས་སོ་ལྔའི་བཅུད་དང་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་བྲབས་པའི་ཁར་དུང་ཆོས་སྟེང་གཟུངས་རྡོར་བཀོད་པ་དང་། བྱང་ཤར་མཚམས་སུ་མཉྫི་དམའ་བ་ལ་ལས་བུམ་བཤམ། མཆོད་པ་ཁ་གསོས་ལ། བསང་སྦྱང་། མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཟླའི་བའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་ནི། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་ཡེ་ཤེས་གཞལ་ཡས་ཁང་། །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་བདེ་གཤེགས་ཐུགས་རྗེའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །པང་དུ་གསང་བ་ཡེ་ཤེས་ཡུམ། །ཐུགས་ཀར་དཔའ་བོ་རྟ་མགྲིན་དང་། །སྤྱི་བོར་རིགས་བདག་འོད་དཔག་མེད། །གཡས་སུ་ནོར་བུ་འཛིན་པ་དང་། །གཡོན་དུ་གསང་སྔགས་འཛིན་མས་འདུད། །འཁོར་དུ་འགྲོ་འདུལ་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །སྒོ་སྐྱོང་ལས་བཞིའི་ཧེ་རུ་ཀ །ཐམས་ཅད་ཆུ་ཟླའི་ཚུལ་དུ་གསལ། །ལས་བུམ་ནང་དུ་ཁྲོ་བོའི་རྒྱལ། །རྟ་མགྲིན་དམར་པོ་རྟ་སྐད་འཚེར། །དབང་སྡུད་རྒྱ་དང་ཞགས་པ་བསྣམས། །དུར་ཁྲོད་ཆས་གསོལ་བརྐྱང་བསྐུམ་བཞུགས། །ལྷ་ཚོགས་ཀུན་གྱི་གནས་གསུམ་དུ། །འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཨོཾ་མ་ཧཱ་ཀཱ་རུ་ཎཱ་པདྨ་ནཱིརྟཱི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་དྲངས་ཤིང་བསྟིམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎཱ་དེ་ཝ་སརྦ་ཡོ་གི་ནཱི་པུཥྤེ་ དྷུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་སརྦ་པཱུ་ཛ་ཧོཿས་མཆོད། ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལས་རྡོར་གྱིས་མེ་ཏོག་འཐོར་ལ་པད་ཀོར་གྱིས་གཟུངས་ཐག་བླངས་ཏེ་སློབ་དཔོན་ལ་ཕུལ། དེས་ཀྱང་པད་ཀོར་བྱེད་བཞིན་པས་བླངས་ཏེ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་པས་རྣམ་རྒྱལ་བུམ་པར་གཙོ་སྔགས་ཡི་གེ་བདུན་པ་སྟོང་རྩ་སོགས་ཅི་འགྲུབ་དང་། ལས་བུམ་ལ་དམིགས་ནས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཞེས་བརྒྱ་རྩ་སོགས་བཟླས་ནས་ལས་རྡོར་གྱི་པད་ཀོར་སྔོན་འགྲོས་མེ་ཏོག་གི་ཕྲེང་བ་བསྡུས་ལ། ཡང་པད་ཀོར་སྔོན་འགྲོས་དུང་ཞལ་བླངས་ཏེ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ནས་གཙང་མའི་སྟེགས་ལ་བཞག ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །སྒྲུབ་པ་དངོས་གཞིའི་སྐབས་མི་མང་འདུས་པའི་གྲིབ་གུང་གཉིས་ལ་འོང་བས་ཁྲུས་གལ་ཆེ་བར་གསུངས་པ་དེ་ལྟར་འགྲུབ་ན་སྐབས་འདིར་བུམ་པ་བཅུད་ལྡན་ཞིག་ལ་རྡོ་རྗེ་རྣམ་འཇོམས་མཐིང་ཁ་བསྐྱེད་ནས་གཟུངས་རིང་ཐུང་ཅི་འགྲུབ་བཟླས་ལ་ཕྱིས་སྐབས་སུ་བབས་པ་དང་རྒྱལ་ཐེབས་ཤིག་གིས་མཆེད་རྣམས་ལ་ཁྲུས་བྱའོ། །བཞི་པ་ཕྱི་བཤགས་བྱ་བ་ནི། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་། སྦྱིན་སྲེག །ཆུ་གཏོར་བསང་བརྔན་སོགས་མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོག་པ་སོགས་དགེ་བའི་དཔུང་སྐྱེད་ཅི་ལྟར་ནུས་པ་རང་ངམ་གཞན་གྱིས་བསྒྲུབ་པར་བྱ་དགོས་ཤིང་། ཁྱད་པར་གནས་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་བཀླག་པ་དང་། དམ་སྲི་གླུད་མདོས་ལྟ་བུའི་གླུད་དང་ལན་ཆགས་སྦྱིན་པ་བྱ། སྤྲོས་པ་བསྡུ་བའི་དབང་གིས་དེ་དག་མི་འགྲུབ་པའི་སྐབས་སུའང་འདིར་ས་ཁོངས་བཟུང་བྱེད་ཙམ་དུ། ཆ་གསུམ་གཞན་ནས་འབྱུང་བ་ལྟར་གཏང་ཞིང་། ཚོགས་གསག་ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ བདག་གཞན་འགྲོ་ཀུན་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྒོ་གསུམ་དགེ་སྤྱོད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་ཀུན་སྐུ་གསུམ་མངོན་གྱུར་ཤོག༔ ཅེས་ལན་གསུམ་བྱའོ། །ལྔ་པ་མཚམས་བཅད་པ་ལ་གསུམ། དང་པོ་ཕྱི་མཚམས་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་ལ་སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ཕྱོགས་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་མཆོད་པ་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་གཏོར་མ་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲང། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པིི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་དྷྲྀཥྚ་རཱཥྚྲཱ་ཡ་སྭཱ་ཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། ལྷོ་ལ་སོགས་པའི་ཕྱོགས་གཞན་གསུམ་དུ་རིམ་བཞིན་སོང་སྟེ་ཆོ་ག་གཞན་སྔ་མ་ལྟ་བུ་ལས་ཡུལ་འཁོར་སྲུང་ཞེས་པའི་ཚབ་ཏུ། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་ཞེས་བསྒྱུར་པས་སྤྱན་འདྲེན་མཆོད་གཏོར་འབུལ་བ་རྣམས་ཤེས་པར་བྱས་ལ། བསྟོད་པའི་ཚེ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། དེ་ལ་བསྟོད་དེ་སོགས་དང་། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང་། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་སོགས་དང་། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་སོགས་དང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཕྲིན་ལས་བཅོལ་བ་སོགས་གོང་བཞིན་དུ་བྱ་ཞིང་། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་མོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི་དང་པོ་དམ་སྲི་མནན་པ་ནི། གསེར་སྐྱེམས་ཆས། མནན་ལིང་། སྐྱེར་པའི་ཕུར་ཆུང་། ལྕགས་ཟངས་རྡོ་ཕྱེ་ཡུངས་དཀར་སོགས་ཀྱི་ཐུན་རྫས། གུ་གུལ། དུར་རྡོ་རི་གླིང་དང་རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པ། ས་ཆུ་མེ་རླུང་། སཱཙྪ་ནག་པོ་སོགས་ཉེར་མཁོའི་ཡོ་བྱད་འདུ་བྱ། སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཏྲི<!TCC Tibetan character 4,146 undefined in unicode!>་ཁ་སྤྲོད་ཀྱི་མཐར་མགྲིན་པ་ནས་བརྩམ་སྟེ་མགོ་ཕྱིར་བསྟན་པས། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་རྫུ་འཕྲུལ་ནུས་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་ལ་གན་རྐྱལ་དུ་བཞག །གསེར་སྐྱེམས། རཾ་ཡཾ་ཁཾ། གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་རང་ཉིད་དབང་ཆེན་ཡོངས་རྫོགས་ཀྱི་ང་རྒྱལ་བཟུང་། ཨེ་ཡཾ་རཾ། ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་གཟུགས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་འགུགས་གཞུག་བྱ། འོག་གི་འདོན་ཚིག་དང་བསྒྲིགས་ཏེ་སྐྱེར་ཕུར་འདེབས། ཐུན་བྲབ་གུ་གུལ་བདུག་པ་སོགས་བྱ་ཞིང་། ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། རྡོ་རྗེ་མཆེད་ལ་བར་ཆོད་བྱས༔ རྣལ་འབྱོར་བདག་ལ་གནོད་བྱེད་ཅིང༔ རྒྱལ་ཁམས་ཡོངས་སུ་གནོད་བྱས་པས༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ ནམ་ཡང་གཏང་བར་མ་གསུངས་པས༔ རྡོ་རྗེ་ཁྲོ་བོའི་ཕུར་པས་གདབ༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེས་བྲབས༔ གུ་གུལ་སྦྱར་བའི་དུད་པས་བདུག༔ ཐུན་གྱིས་བྲབ་ཅིང་མཚོན་ཆས་གཏུབ༔ རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔ མ་མོ་མཁའ་འགྲོའི་ཚོགས་ལ་སྦྱིན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་དུར་རྡོ་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་སྭཙྪ་ནག་པོ་རྣམས་ཀྱིས་མནན། སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་སྟེ་བསྐལ་པའི་བར་དུ་མི་ཐར་བར་བསམ་ལ། ཧཱུྃ༔ གཅིག་ནི་ཏིང་འཛིན་རྩེ་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཚད་མེད་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་ནི་ཡན་ལག་བདུན་གྱི་རྒྱ༔ བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་ནི་ཐེག་པ་དགུ་ཡི་རྒྱ༔ བཅུ་ནི་ས་བཅུ་དབང་བཅུའི་རྒྱ༔ དོན་དང་བརྡ་སྦྱར་རྟགས་ཀྱི་ཚུལ༔ གཉིས་སུ་མེད་པའི་རྒྱས་གདབ་བོ༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ སུམྦྷ་ནིའི་སྔགས་བརྗོད་ཅིང་མཆེད་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ལ། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་གཅོད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ ཞེས་བྲོ་བརྡུང་། གཉིས་པ་སྒོ་བྱང་གདགས་པ་ནི། སྒོ་ཕྱི་མར་ར་སོག་གམ་རོ་རས་ལ་གཤིན་རྗེ་གཤེད་ཀྱི་སྐུ་སྙིང་པོ་འདོད་གསོལ་བྲིས་པ་དང་སྐྱེར་ཕུར་ལ་སྙིང་པོ་བྲིས་ཏེ་རྒྱབ་ཏུ་བཏགས་པ་བཀོད། དམར་གཏོར་དང་མཆོད་ཡོན་སོགས་བཤམ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ། པདྨཱནྟ་ཀྲིཏ་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་ཐོགས་པ་ཁྲོ་བོའི་ཆས་ལྡན་མ་ཧེ་ཉི་ཟླ་པདྨའི་གདན་ལ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ༔ བདུན་དང་། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ བདག་ཅག་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་སྒྲུབ་པས༔ འདི་ལ་གནོད་ཅིང་བར་གཅོད་རྣམས༔ ས་འདི་ཡན་ཆད་མ་གཏང་ཞིག༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་ལན་གསུམ་བཟླས་ནས་མེ་ཏོག་གཏོར་ཞིང་ཏིཥྛ་བཛྲས་བརྟན་བཞུགས་བྱ། ནང་སྒོར་ར་སོག་གམ་ཤིང་བྱང་ལ་བདུད་རྩི་འཁྱིལ་པའི་སྐུ་སྔགས་འདོད་གསོལ་སྐྱེར་ཕུར་སྔགས་ལྡན་དང་མཆོད་གཏོར་གོང་ལྟར་བཀོད་ལ། འབྲུ་གསུམ་དང་། བསང་སྦྱང་སྔར་ལྟར། སྟོང་པའི་ངང་ལས་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དགྲ་སཏྭ་ཐོགས་ཏེ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ལན་བདུན། ཨརྒྷཾ་སོགས་ཀྱིས་མཆོད། བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཧཱུྃ༔ ཁྲོ་བོ་བདུད་རྩི་འཁྱིལ་པའི་སྐུ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོ་སྐྱིལ༔ དམ་སྲི་ཐལ་བ་རྡུལ་དུ་རློགས༔ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་དམ་སྲི་མཱ་ར་ཡ་ཕཊ༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གསུམ་པ་ནང་མཚམས་ལ་གཉིས་ཀྱི་དང་པོ་མ་ཏྲཾ་བསྒྲལ་བ་ནི། དཀྱིལ་འཁོར་གྱི་གཞི་ལ་མ་ཏྲཾ་གི་གཟུགས་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག་ལ། སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་གནས་པས་ཆོས་ཉིད་ཀྱི་དགོངས་པས་སྒྲོལ་བ་ནི། ཨོཾ་པདྨཱནྟ་ཀྲྀཏ་སོགས་ཀྱིས་རྟ་མཆོག་གི་ང་རྒྱལ་ལྷག་པར་གསལ་བས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོ་གས་བསྒྲལ་བ་ནི། མ་ཏྲཾ་ཀ་རུ་ཏྲ་ཛཿ ཨཱ་ཀརྴ་རུ་དྲ་ཛཿ ཁ་ཏང་རུ་དྲ་ཛཿ ཞེས་ལན་བདུན་བརྗོད་པས། དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་ལིངྒ་ལ་བསྟིམ། དེ་ཉིད་རང་རྟ་མཆོག་ཧེ་རུ་ཀའི་ཞབས་དོར་སྟབས་ཀྱིས་མནན་པར་བསམ་ཞིང་། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ དབང་ཆེན་རྟ་མཆོག་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་ཝ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླས་ཏེ། ཐམས་ཅད་ཀྱི་ལག་གཡས་སོར་མོ་གསུམ་སྦྲེང་བ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབས་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར། དེ་ནས་སུམྦྷ་ནིའི་སྔགས་སྔོན་དུ་འགྲོ་བས་མཆེད་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ སོགས་ཀྱིས་བྲོ་བརྡུང་། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ་བོ། ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་རྭ་བ་མེ་དང་བཅས་པས་བསྐོར་བར་གྱུར་པར་བསམ་ལ། ཐམས་ཅད་ཀྱི་ལག་གཉིས་ཁུ་ཚུར་དཔུང་མགོར་བསྣོལ་ལ། བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ལན་བདུན་བརྗོད་པས། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པར་བསམ་ལ། སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་། དཀྱིལ་འཁོར་གྱི་དབུས་སུ་ཚུད་པར་བསམ་མོ། །གཉིས་པ་ཕུར་བུ་གདབ་ཅིང་སྲུང་འཁོར་བསྒོམ་པ་ནི། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད་ལ། སློབ་དཔོན་ཤར་དུ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་ཁ་དོག་བསྒྱུར་ཞིང་རྩེ་མོར་མེ་ཏོག་ཕྲེང་བ་བཅིངས་པ་བཅུ་བཤམས་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། ཐམས་ཅད་ཧཱུྃ་མཛད་ཀྱི་རྒྱ་དང་། སུམྦྷ་ནིའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། སློབ་དཔོན་གྱིས་ལག་གཡས་ཀྱིས་ཐོ་བ་དང་། གཡོན་པས་ཕུར་བུ་བཟུང་ལ། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ ཞེ་སྡང་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲྀཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམ་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་བདུད་དང་མཚམས་གཅད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་སོགས་དེ་བཞིན་དུ་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཡ་མཱན་ཏ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་པཱ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ མ་ཧཱ་བཱ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་སྐོར་དང་། མཚམས་བཞི་བྱང་ཤར་ནས་གཡོན་སྐོར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་། ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཞེས་དང་། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་བསྒོམས་ལ་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བྱ། མ་ཏྲཾ་དང་ཕུར་བུ་དེ་དག་རེ་ཞིག་ཕྱོགས་སུ་བསྡུ་ནས་རྒྱན་བཀོད་སྐབས་སུ་སླར་དགྲམ་པར་བྱའོ། །དྲུག་པ་ཐིག་གདབ་པའི་ཐོག་མར་གོ་མ་ཡེ་གཏང་བ་ནི། བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེ་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་སྐོར་དུ་ཁྱབ་པར་ཁྱེམ་མེད་པར་བྱུག་ཅིང་། ཧཱུྃ༔ དྲི་ཆེན་དྲི་ཆུ་པདྨ་རཀྟ་དང༔ བྱང་སེམས་དཀར་དམར་ལ་སོགས་བདུད་རྩི་ལྔ༔ ཉོན་མོངས་དུག་ལྔ་ཡེ་ཤེས་ལྔར་སྦྱང་ཕྱིར༔ གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཤུདྡྷེ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་ཅིང་ཞི་རོལ་བྱ། དེ་ནས་ཐིག་གི་ལས་དངོས་ནི། དཀྱིལ་འཁོར་གྱི་གཞིའི་དབུས་སུ་ཐིག་སྐུད་སྒྲིལ་མ་ཚར་ན་ཁ་དོག་ལྔ་པོ་ལྔ་ཚོམ་རིགས་མཐུན་དང་། སྒྲིལ་ཚར་ན་དབུས་ཉིད་དུ་བཞག་ལ། བདག་དང་ཐིག་གཡོག་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་ལས་ཐིག་སྐུད་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་ཐིག་སྐུད་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པར་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐིག་སྐུད་དང་རོ་གཅིག་པ་ཡུམ་གྱི་མཁའ་ལ་སྤྲོས་པར་གྱུར་པར་བསམ་ཞིང་། ཛཿཛཿཛཿ ཞེས་རླུང་ཕྱིར་འགྲོ་བ་དང་བསྟུན་སློབ་དཔོན་ལངས་ཏེ་ནུབ་ནས་ཤར་དུ་ལྟ་བས་གཡོན་པའི་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བའི་ཐད་དུ་བཟུང་བའི་སྣེ་མོ་ཡུམ་གྱི་ལག་ཏུ་གཏད་དེ། དེས་ཀྱང་རླུང་ནང་དུ་འདྲེན་པས། ཛཿཛཿཛཿ ཞེས་སྐུད་སྣ་དྲངས་ལ་ལྟེ་བར་བཟུང་ནས་སྔར་སྒྲིལ་གྲུབ་ནའང་སྒྲིལ་བའི་སྟངས་ཀ་ཙམ་བྱས་ལ། ཧཱུྃ༔ ང་ནི་ཐབས་ཀྱི་རྡོ་རྗེ་སྟེ༔ ཁྱོད་ནི་གསང་ཡེ་མཁའ་དབྱིངས་སུ༔ ཐབས་དང་ཤེས་རབ་ཐིག་བཏབ་པས༔ ཐུགས་རྗེའི་དཀྱིལ་འཁོར་ཡིད་བཞིན་ཤར༔ ཛྙཱ་ན་ཀཱ་རུ་བྷྲཱུྃ༔ ཞེས་བརྗོད་དེ། རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་བཅུས་ཏེ་སེ་གོལ་གྱིས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲྭ །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲྭ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ།། ཞེས་སྡོམ་ཚིག་ལྟར་ཐིག་ཆེན་བརྒྱད་གདབ་ཅིང་། འགྲོ་ཚུལ་སྤྱི་ལྟར་ཚངས་ལོག་རྒྱབ་འགྲོས་དང་། ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་གཡས་ཁོ་ནས་ཏེ། དེའི་ཚེ། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་ཞིང་སྔགས་ནི། བྷྲཱུྃ་ཛྙཱ་ན་མཎྜལ་ཧཱུྃ་བྷྲཱུྃ༔ ཞེས་པ་ཁོ་ན་བརྗོད་ཅིང་གནམ་ཐིག་གདབ་བོ། །དེ་ནས་སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ་ཞིང་། ཨོཾ་བཛྲ་མུཿས་ཡེ་ཐིག་གི་ཡེ་ཤེས་པ་གཤེགས། དེ་ནས་ཐིག་སྐུད་གཞན་ཡོད་ན་དང་མེད་ཀྱང་ཡེ་ཐིག་དེ་ཉིད་ཀྱིས་གདབ་སྟེ། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཆ་ཆེན་དྲུག་པའི་ཕྱི་མཐའ་ནས། །ལོགས་ཐིག་བཞི་གདབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོས། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་གདབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་བའི་བར། །ཕྱེད་བསྒོས་རེ་རེའང་བཞི་བཞིར་བསྒོས། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་མ་བསིལ། །དྲ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །དེ་ནས་ནང་གི་རྩ་ཐིག་ནས། །རྟ་བབས་ཕྱི་ཐིག་བར་དུ་ནི། །ཕྱོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་བགོ་བར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད༔ །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །མུན་པ་ཀ་བ་ཀ་རྒྱན་འབྱུང་། །རྟ་བབས་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོས། །རྟ་བབས་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྟ་བབས་ཕྱི་མའི་རིམ་པ་ནི། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚགས་དེ་ལས་གཉིས་ཀྱིས་ཐུང་། །སྣ་འཕྱང་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ཡང་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གཉིས་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །དེ་ཡི་ཕྱི་རོལ་ཆ་ཕྲན་གཉིས། །ཆ་ཆེན་གཅིག་དང་ཆ་ཕྲན་གཅིག །ཆ་ཆེན་གཅིག་རྣམས་རིམ་པར་བསྐོར། །ནང་ནས་པདྨ་དུར་ཁྲོད་དང་། །རྡོར་རྭ་མེ་རི་རྣམས་ཀྱི་ས། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །རྩ་ཐིག་ནས་ནི་ལྟེ་བའི་བར། །ཆ་ཆེན་བཞིར་བཅད་ནང་མ་དང་། །ནང་མའི་ནང་དུ་ཆ་ཕྲན་གཅིག །བསྐོར་བ་ལྟེ་བའི་ཕྱིའི་མུ་ཁྱུད། །བར་པའི་ཆ་ཆེན་གཉིས་ཀྱི་སར། །བསྐོར་བ་པདྨ་འདབ་དྲུག་བགོ །ཕྱི་མ་ཆ་ཕྲན་བཞིར་བགོས་པའི། །མུ་ཁྱུད་བཞི་ལ་པད་འདབ་སྟོང་། །མ་འཆོལ་བགོ་བ་ཁྱམས་ཡིན་ནོ། །ཞེས་པ་ལྟར་མ་འཁྲུལ་པར་གདབ་བོ། །བདུན་པ་ཚོན་དགྱེ་བ་ནི། ཚོན་སྣ་ལྔ་ལ་འབྲུ་ལྔ་བྲིས་པ་ཐིག་གི་དབུས་སུ་ལྔ་ཚོམ་རིགས་མཐུན་དུ་བཞག་སྟེ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་ཚོན་སྣ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པ་བདག་ཉིད་ཀྱི་སྐུ་ལ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ས་བོན་ལྔ་བཟླས་ཏེ། སློབ་དཔོན་གྱི་ལག་སོར་ལའང་འབྲུ་ལྔ་བཀོད་དེ། ཐོག་མར་དབང་ལྡན་དུ་ནང་ནས་རིམ་བཞིན་དམར་དཀར་སེར་སྔོ་ལྗང་བའི་རྩིག་པའི་རེ་ཁཱ་ལྔ་སྒོ་ཚད་ཙམ་དུ། སྦོམ་པ་དང་། ཕྲ་བ་དང་། ཡོན་པོ་དང་། ཆད་པ་དང་། དམའ་བ་སོགས་ཀྱི་སྐྱོན་མེད་པར་མཉམ་ཞིང་དྲང་ལ་མཐོ་བར་དབུས་ནས་ཤར་དུ་ཕྱོགས་པར་འདུག་སྟེ་སློབ་དཔོན་གྱིས་བྲིས་པ་ཐོད་པས་བཀབ་པའི་མཐའ་ཟན་གྱིས་གཏེམས། ཕྱིས་དེའི་མཐའ་སྦྲེལ་མ་རན་པར་ཁ་མི་དབྱེ་ཞིང་། སྦྲེལ་རན་པ་དང་ཁ་ཕྱེ་ལ་ཚོན་པྲ་བརྟག །དེ་ཡང་བྱང་ཤར་གྱི་རེ་ཁཱ་བྲིས་གྲུབ་པ་དང་། ཤར་དུ་ལྟ་བའི་ཕུར་ཁུངས་རྣམས་ཚོན་མཐིང་ག །ལྗང་གུ །དམར་པོ། དཀར་པོ། སེར་པོ་ལྔ་སོ་སོ་དང་། ཚོན་སྣ་ལྔ་གཡོན་པའི་ལག་མཐིལ་དུ་བསྲེས་པ་རྣམས་ཀྱིས་རིམ་བཞིན་བཀང་ལ་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་པར་བསམ་ཞིང་། དེ་ནས་གྲོགས་གཞན་དང་བཅས་པས་བྲི་བར་བྱ་སྟེ། ལྟེ་བ་དམར་ལ་མུ་ཁྱུད་གེ་སར་སེར། །ཟེའུ་འབྲུ་དམར་སྐྱ་དེ་རྒྱབ་པད་འདབ་དྲུག །མདུན་ནས་དཀར་སྔོ་སེར་དང་སེར་ལྗང་ནག །དེ་རྒྱབ་བར་ཁྱམས་མུ་ཁྱུད་བཞིའི་ནང་མར། །པད་འདབ་བརྒྱ་དང་རྩ་གཉིས་གཞན་གསུམ་པོ། །ཉིས་བརྒྱ་སུམ་བརྒྱ་བཞི་བརྒྱ་མཛེས་ཚོན་བཀྲ །གྲུ་ཆད་དམར་ལ་སྒོ་ཀ་ཕྱོགས་ཀྱི་མདོག །ཀ་རྒྱན་མཛེས་ཚོན་རྩིག་པ་ནང་རིམ་བཞིན། །དམར་དཀར་སེར་སྔོ་ལྗང་ལ་འདོད་སྣམ་དམར། །ཕ་གུ་སེར་པོ་དྲྭ་བ་ཟར་ཚགས་དཀར། །དྲྭ་བའི་གཞི་དང་མུན་པ་གླང་རྒྱབ་ནག །ཤར་བུའི་གཞི་སྔོ་མདའ་ཡབ་མཆོད་རྟེན་དཀར། །རྟ་བབས་སྣམ་བརྒྱད་རྟ་རྐང་གཞི་སྔོན་པོར། །རྡོ་རྗེ་སེར་པོ་འགྲེང་ཞིང་ཆུ་སྐྱེས་དམར། །སྒྲོམ་ལེབ་མཛེས་ཚོན་ཟར་ཚགས་ནག་ལ་དཀར། །སྣ་འཕྱང་སེར་པོ་སྒྲིལ་འཕྱང་དྲྭ་བ་དཀར། །ཤར་བུ་སྔོན་པོའི་གཞིར་བསྒྲིབས་རྒྱ་ཕུབ་མཐིང། །པདྨ་དམར་པོ་འཁོར་ལོ་རི་དྭགས་སེར། །གདུགས་དཀར་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །ཁྱམས་ལྗང་གེ་སར་སེར་ལ་པད་འདབ་ནི། །སོ་གཉིས་དུར་ཁྲོད་ལ་སོགས་སྤྱི་དང་མཚུངས། །སྒོ་མཚམས་ཟླ་ཕྱེད་རྡོ་རྗེ་ཁོར་ཡུག་སྟེང་། །གདུགས་དང་རྒྱལ་མཚན་བ་དན་སྒོའི་ཕྱི་རོལ། །དཔག་བསམ་ཏཱ་ལའི་ལྗོན་པ་ཁྲུས་ཀྱི་རྫིང་། །རིན་ཆེན་ཕུང་པོ་ཕྱོགས་རེར་གཉིས་གཉིས་བྲི། །བསྡུ་ན་རྟ་བབ་སྣམ་བུ་བཞི་མ་བྱ། །དབུས་སུ་སྐུ་འམ་ཨུཏྤལ་ཧྲཱིཿདམར་མཚན། །འདབ་དྲུག་མདུན་ནས་བརྩམ་སྟེ་ཡི་གེ་དྲུག །དཀར་སྔོ་སེར་ནག་ལྗང་ལ་མཐིང་ནག་བྲི། །པད་འདབ་སྟོང་ལ་ཐིག་ལེ་གསེར་གྱི་མདོག །སྒོ་བཞིར་ཧྲཱིཿཡིག་དཀར་སེར་དམར་ལྗང་བྲི། །དེ་ལྟར་དཀྱིལ་འཁོར་རྫོགས་པར་བྲི་ཚར་བ་དང་ཚོན་ལྷག་གི་ཡེ་ཤེས་པ་བཛྲ་མུཿས་གཤེགས་ནས་ལྷག་མ་དབེན་པར་བཞག་གོ །གལ་ཏེ་གནས་སྐབས་གཞན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་མ་གྲུབ་པའི་ཚེ་རས་བྲིས་བཀྲམ་པས་ཀྱང་རུང་སྟེ། དེའི་ཚེ་ཐིག་ཚོན་གྱི་ལས་འདི་དག་མི་དགོས་སོ། །དེ་ཡན་ཆད་ཀྱིས་ཉིན་དང་པོའི་བྱ་བ་ཟིན་ནས་དགེ་བ་བསྔོ་ཞིང་སྤྱོད་ལམ་ལ་འཇུག །བརྒྱད་པ་རྒྱན་བཀོད་པ་ནི། གནས་ཁང་ཐམས་ཅད་རྒྱན་གྱིས་མཛེས་པར་བྱས་ལ། བདག་བསྐྱེད་གཏོར་མ་མཆོད་པ་དང་བཅས་པ་སྔར་ས་ཆོག་སྐབས་ལྟར་བཤམས་ལ་བདག་གི་རྣལ་འབྱོར་བཟླས་པའི་བར་སོང་ནས། སློབ་དཔོན་གྱིས་དྲིལ་སྤོས་དང་བཅས་པས་སྣ་དྲངས་ཏེ། སྔར་ལྷག་གནས་བྱས་པའི་རྣམ་རྒྱལ་བུམ་པ་དང་། ཐོད་པ་བཟང་པོ་ཨ་མྲྀཏ་དང་ཆང་གིས་བཀང་བའི་ཁ་དར་དམར་བརྒྱད་བལྟེབས་ཀྱིས་གཡོགས་པའི་སྟེང་མེ་ལོང་གཡའ་དང་བྲལ་བ། ཁྱད་པར་སྐྱེ་བདུན་གྱི་སྐུ་ཤ་དངོས་རྙེད་ན་དང་། མ་རྙེད་ན་གོང་མའི་སྒྲུབ་རྫས་སེལ་མེད་ཀྱི་སྐྱེ་བདུན་རིལ་བུའི་ཕབས་རྒྱུན་དང་། འབྲས་གཙང་མའི་ཕྱེ་བྲེ་གསུམ་ཙམ་གྱིས་གཞི་བྱས་པའི་ཚོད་ལ། ཨ་རུ་ར་རྡོག་སུམ་ཅུ། བ་རུ་ར་རྡོག་བཅུ། སྐྱུ་རུ་ར་སུམ་ཅུ། ཛཱ་ཏི། ལི་ཤི །སུགྨེལ། གུར་གུམ། ཀ་ཀོ་ལ། ཅུ་གང་རྣམས་ཞོ་དོ་ཙམ་རེ་དང་། གླ་རྩི་དུལ་མ་དྲི་ཙམ། གྲུབ་པ་ཐོབ་པའི་སྐུ་ཤ་དང་། གསང་ཆེན་གསང་ཆབ་ཅུང་ཟད་རེ། སྔོ་རྟག་ཏུ་ངུ་ཨ་རུ་ར་དང་མཉམ་པ་རྣམས་རྡོ་གཏུན་དུ་ཞིབ་པར་བཏགས་ཤིང་འདྲེས་པར་བྱས་པ་ལ། དབང་ལག་དང་ཤེལ་ཀ་ར་བུར་སྦྲང་རྣམས་ཀྱི་ཕྱེ་མའི་ཁ་ཚར་ཅུང་ཟད་བཏབ་སྟེ། ཆང་གར་མ་དང་སྦྱར་བའི་ཟན་གྱི་གོང་བུར་བྱས་པ་ལས་རིལ་བུ་ཆེ་ཆུང་སྲན་མ་འབྲིང་པོ་ཙམ་དང་ཡུངས་དཀར་ཙམ་གང་འོས་སྒྲིལ་ནས་གྲིབ་སྐམ་བྱས་པ། མཚལ་བཟང་པོས་ཁ་དོག་དམར་པོར་བསྒྱུར་བ་འདུ་བྱས་པ་གསེར་དངུལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་པ་དར་དཀར་དམར་མཐིང་གསུམ་གྱིས་ལེགས་པར་དྲིལ་བ་དང་། རལ་གྲི་བཞི། ཕུར་བུ་བཞི། མདའ་དར་མེ་ལོང་ཅན་བཞི། གདུགས་འཕན་བཞི། རྒྱལ་མཚན་བཞི་སོགས་ཡོ་བྱད་ཐམས་ཅད་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཏེ། ཧཱུྃ༔ བུམ་པ་རིན་ཆེན་མེ་ལོང་བདུད་རྩིར་བཅས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རཀ་གཏོར་གསུམ་དུག་གསུམ་དབྱིངས་སུ་མཆོད༔ ཚོགས་ཀྱི་འཁོར་ལོས་རྟོག་ཚོགས་ཡེ་ཤེས་རོལ༔ ཤེས་རབ་རལ་གྲིས་བདུད་བཞི་དབྱིངས་སུ་བསྒྲལ༔ ཕུར་བུ་རྣམ་བཞིས་སྐྱེ་རྒ་ན་འཆི་འཇོམས༔ མདའ་བཞི་ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ མེ་ལོང་ཡེ་ཤེས་བཞི་ལྡན་རང་ངོ་སྤྲོད༔ ཚོན་སྐུད་དྲྭ་བས་རྒྱུད་ལྔ་གནས་ནས་འདྲེན༔ གཞུང་བཞིན་དཀྱིལ་འཁོར་མ་ཉམས་མ་འདྲེས་གསལ༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་ངོ་མཚར་ཆེ༔ དར་གུར་ཁྱབ་པའི་སེམས་ཅན་ཐུགས་རྗེས་སྐྱབས༔ སྟག་ཤམ་གང་ལ་དཔའ་རྣམས་སྤྱོད་པར་མཛད༔ ཛྙཱ་ན་མཎྜ་ལ་སརྦ་བྷྲཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་སྐུ་རྟེན་རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁྲི་ལ་བཀོད། དེའི་སྟེང་དུ་གསུང་རྟེན་ཐོད་པ་དར་དམར་གྱིས་བཀབ་པའི་སྟེང་ཐུགས་རྟེན་མེ་ལོང་བཞག །དེའི་མདུན་དུ་མཉྫིའི་སྟེགས་ལ་སྐྱེ་བདུན་རིལ་བུའི་བུམ་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་རིལ་བུ་བུངས་མང་བས་བུམ་པ་ལྔ་ལ་སོགས་པ་ཡོད་ན་ཕྱོགས་བཞི་དབུས་ལྔར་བཞག་པ་སོགས་རིགས་པས་དཔག །རྡོར་རྭའི་སྟེང་སྔར་བཏབ་པའི་ཁྲོ་བཅུའི་ཕུར་པ་དང་། དཀྱིལ་འཁོར་གྱི་ཕྱོགས་བཞིར་རལ་གྲི་བཞི། ཟུར་བཞིར་མདའ་དར་མེ་ལོང་དང་བཅས་པ་བཞི། སྒོ་བཞིར་ཕུར་པ་བཞི། གྲ་བཞིར་འཕན་བཞི། ཟུར་བཞིར་རྒྱལ་མཚན་བཞི་རྣམས་བཙུགས་པ་ཚོན་སྐུད་སྣ་ལྔའི་དྲྭ་བས་སྦྲེལ། སྟེང་ནས་དར་གྱི་གདུགས་ཕུབ་ཅིང་། སྟག་གི་པགས་པ་དངོས་སམ་རས་ལ་སྟག་རིས་བྲིས་པས་དཀྱིལ་འཁོར་གྱི་སྒབ་དཀྲིས་ཁོར་ཡུག་ཏུ་བསྐོར་བའི་ནང་ངོས་ཀྱི་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན་མེ་ཏོག་རྣམས་བཤམ། སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་དང་མ་ཏྲཾ་རྣམས་ཀྱང་སྔར་དང་གོ་རིམ་མཚུངས་པར་ཅི་བདེར་བཀོད། དཀྱིལ་འཁོར་གྱི་མདུན་དུ་མཆོད་སྟེགས་བང་རིམ་ཅན་གྱི་སྟེགས་དང་པོའི་དབུས་སུ་རྩ་བའི་སྒྲུབ་གཏོར། གཡས་སུ་ཆོས་སྐྱོང་ཕོ་རྒྱུད་རྣམས་ཀྱི་གཏོར་སྤུངས་དང་། ཆད་ཐོ། སྨན། གཡོན་དུ་ཆོས་སྐྱོང་མོ་རྒྱུད་རྣམས་ཀྱི་གཏོར་སྤུངས་དང་། བརྟན་མ། རཀྟ། བང་རིམ་འོག་མ་ལ་མདུན་བསྐྱེད་ཀྱི་གཡས་ནས་བརྩམ་པའི་ཞི་མཆོད། གཡོན་ནས་བརྩམ་པའི་དྲག་མཆོད་གཉིས་སྣེ་སྦྲེལ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་ཐོ། བརྟན་མ་སོགས་ཀྱང་གོ་རིམ་མ་འཛོལ་བར་གནས་ཇི་ལྟ་བར་རོལ་མོ་འཁྲོལ་བཞིན་པར་བཀོད། བྱང་ཕྱོགས་སུ་ལྕགས་ཧོམ་དུ་ཉུལ་ལེའི་ལིངྒ་དང་། ཐུན་རྫས། ཡུངས་དཀར། རྟ་མགྲིན་གྱི་ཕུར་པ་ཕུར་གདན་བཅས་འདུ་བྱ། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཅང་ཏེའུ། མེ་ཏོག་གི་སྣོད། ལས་བུམ། རྣམས་བཞག །གཞན་ཡང་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་བཤམ་མོ། །དགུ་པ་ཚོམ་བུར་སྒྲུབ་པའི་ལས་ལ་འཇུག་རུང་གི་བྱ་བའི་ཐོག་མར་མངའ་གསོལ་བ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་ཕུད་སྐྱོགས་ཐོགས། ཐམས་ཅད་ཞྭ་ཆོས་བཅས་རྒྱལ་ཐེབས་ཀྱི་གཙོ་བོས་གྲལ་གཤམ་དུ་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རེ་རེ་བཞིན་སྐྱེམས་དྲང་བ་ཐམས་ཅད་ལ་འགྲེ །ཧཱུྃ༔ བླ་མའི་གདུང་གསོབ་སྐུ་དང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་བསོད་ནམས་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཐེབས་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་མཚམས་གཅོད་བར་གཅོད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གཞུང་སྲོང་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་བགེགས་གཉིས་དུས་ཀྱི་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་བགོས་མཁན་ནང་མ་བྱ་བྱེད་མཁས༔ ཕྱི་གིང་ཕྱག་ཚང་ཆེན་པོར་མངའ་གསོལ་ལོ༔ གཡོས་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་མོར་མངའ་གསོལ་དགྱེས་པར་བཞུགས༔ གསལ་དག་ཛཔ྄་མཁས་ཡི་དམ་བརྩོན་པས་སྒྲུབ༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱགས་སྐྱེས་བུར་མངའ་གསོལ་བརྟན་པར་བཞུགས༔ ཞེས་སྐྱེམས་དྲངས་ལ་གྲལ་བཤམ་པར་བྱའོ། །བཅུ་པ་བསྲེ་བསྣན་ནི། མཆེད་གསར་བུ་བ་ལྟ་སྤྱོད་དམ་ཚིག་མ་འདྲེས་པ་རྣམས་དང་བསྲེ་ཞིང་། འདྲེས་ཟིན་པ་རྣམས་མཆེད་རྙིང་པ་ལ་བསྣན་པའི་ཆོ་ག་ཡིན་ཏེ། སྔར་སྒྲུབ་པ་ལ་མ་འདུས་པའི་མཆེད་གསར་པ་རྣམས་གུད་དུ་ཕྱེ། རྡོ་རྗེ་རྒྱལ་པོས་བདུད་རྩི་བྱིན་བརླབས་ཤིང་ལས་བྱང་ལྟར་སྨན་མཆོད་དང་། བགེགས་བསྐྲད་པ་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་པ་རྣམས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། ཧཱུྃ༔ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ༔ ཐེག་ཆེན་སྒོ་འདིར་འདུས་པས་ཆོག༔ ལྟ་སྤྱོད་དྲི་མེད་དམ་ཚིག་བསྲེའོ༔ མཆེད་གསར་པ་རྣམས་ཀྱི་ལྕེ་ལ་བདུད་རྩི་བཞག་སྟེ། ཧོ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྴ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞོམ་སྟེ་འཐུང༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་བསྲུང་མཆོག་ཐོབ་ཉམས་ན་བརླག༔ ས་མ་ཡ་ཨི་དན་ན་ར་ཀན་བཀྴ་སི་ཡཀྴ་ཧཱུྃ༔ གསར་རྙིང་གྲལ་བསྲེས་ལ། ཧཱུྃ༔ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ བརྒྱུད་པར་མི་འགལ་དམ་ཚིག་ནོད༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་བསྒྲུབ་ལགས་སོ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ སླར་ཡང་གསར་རྙིང་ཐམས་ཅད་ལ་བདུད་རྩི་སྦྱིན་ལ་དམ་ཚིག་གི་བསླབ་བྱ་རྒྱས་པར་བྱའོ། །བཅུ་གཅིག་པ་བརྡ་སྦྱར་བ་ནི། གདོད་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་མཇལ་བའི་སྒོ་གློ་བུར་འཁྲུལ་པའི་དྲི་མས་བཅད་པ་རིག་པ་ཡེ་ཤེས་ཀྱི་བརྡ་མཇལ་བས་ལྷག་གེར་ཕྱེས་པར་བསམ་ལ། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྡ་སྒོ་དབྱེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཅི་ལྟར་ཤར་ཡང་རང་རིག་ལས་གུད་དུ་མེད་པའི་གནས་ལུགས་ཆུ་ལ་ཆུ་བཞག་པ་ལྟ་བུར་རྟོགས་པས། ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཞེས་བརྡ་ཕྱག་འཚལ། བཅུ་གཉིས་པ་ལྷ་བསྐོས་ལ་གདབ་པ་ནི། གདོད་ནས་གྲུབ་པའི་དཀྱིལ་འཁོར་པ་རྣམས་བྲིས་པའི་དཀྱིལ་འཁོར་གྱི་བར་སྣང་དུ་འཇའ་ཚོན་ལྟ་བུར་གསལ་བར་མོས་ལ། འདུས་པ་རྣམས་དབུ་ཞྭ་བཅས་བཞེངས་ལ། ཧཱུྃ༔ རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང༔ པདྨ་ཉི་ཟླ་འོད་ཀྱི་ཀློང༔ རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ༔ ཐུགས་རྗེ་ཆེན་པོ་གསང་ཡེ་ཡུམ༔ ནོར་འཛིན་གསང་འཛིན་རིགས་ཀྱི་བདག༔ སྒོ་སྐྱོང་ཁྲོ་རྒྱལ་བཞི་རྣམས་དང༔ སྤྲུལ་སྐུ་ཐུབ་དྲུག་སངས་རྒྱས་སྟོང༔ ཉི་མ་དང་ནི་འོད་ཟེར་བཞིན༔ དབང་ཆེན་ཁྲོ་རྒྱལ་ཚོགས་དང་བཅས༔ ཐམས་ཅད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་གོང་དུ་གསལ་གདབ་པ་དང་། སྔར་སྟ་གོན་སྐབས་ཀྱི་དཀྱིལ་འཁོར་པ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་སྒྲུབ་པའི་རྫས་ལ་དབྱེར་མེད་བརྟན་པར་བཞུགས་པར་མོས། བཅུ་གསུམ་པ་བྱིན་རླབས་པ་ནི། སློབ་དཔོན་སོགས་ཀྱིས་དཀྱིལ་འཁོར་བསྐོར། འདུས་པ་རྣམས་ཀྱང་བཞེངས་ལ་ཞྭ་ཆོས་བསྟར། དབྱངས་རོལ་གཡབ་དར་ཌཱ་དྲིལ་བཅས། རང་ཉིད་ལྷར་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་བརླབས་དབང་བསྐུར། དངོས་གྲུབ་སྩོལ་ཞིང་ཕྲིན་ལས་སྒྲུབ་པར་བསམ་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ གསུང་མཆོག་ཡོངས་རྫོགས་གཤེགས་སུ་གསོལ༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ འོག་མིན་ལྷུན་གྲུབ་གནས་མཆོག་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ ལྷ་དང་རིག་འཛིན་དམ་ཅན་གྱིས༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཞི་ཚོགས་འོད་དང་ལམས་སེ་ལམ༔ ཁྲོ་ཚོགས་ཧཱུྃ་སྒྲ་དི་རི་རི༔ རིག་འཛིན་བྱིན་ཆེན་ཐིབས་སེ་ཐིབ༔ མཁའ་འགྲོའི་གར་སྟབས་ཤིགས་སེ་ཤིག༔ ཆོས་སྐྱོང་རུ་མཚོན་ལྷབས་སེ་ལྷབ༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ལ་ལ་ཧོ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མོས་གུས་དྲག་པོས་བྱིན་དབབ་ཅིང་མཐར་རྒྱུད་གསུམ་རོལ་མོ་དང་འབེབ་རིང་འོག་དཀྱིལ་འཁོར་ལན་གསུམ་བསྐོར་ཞིང་རང་གནས་སུ་བཞུགས་ལ་རྒྱུན་སྤྱོད་དང་བསྔོ་སྨོན་བྱ། དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་རིམ་པ་གྲུབ། བཞི་པ་དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱིས་སྒྲུབ་པའི་གཞུང་འཛུག་པ་ལ་གསུམ། དངོས་གྲུབ་བསྒྲུབ་ཅིང་བར་ཆད་བསལ། །དངོས་གྲུབ་མཚན་མ་བརྟགས་པ་འོ། །དང་པོ་ཕྲིན་ལས་ཛཔ྄་བསྙེན་དང་བཅས་པས་དངོས་གྲུབ་སྒྲུབ་པ་ལ། སྤྱི་དོན་བཤད་པ། སྒྲུབ་ཐབས་དངོས་བསྟན་པའོ། །དང་པོ་ནི། དེའང་ཡིག་བདུན་རྐྱང་སྒྲུབ་ཙམ་ལའང་ཡོན་ཏན་ཚད་མེད་པ་གཞུང་གི་དངོས་བསྟན་ཡིན་མོད། འགྲོ་བ་འདུལ་བའི་ཕྱག་བཞེས་ཀྱི་གཙོ་བོ་སྐྱེ་བདུན་རིལ་སྒྲུབ་ལ་མཛད་པ་དེའི་དོན་ཅུང་ཟད་འཆད་པ་ལ་གཉིས། གདམས་ངག་གི་ངོ་བོ། དེ་ཉིད་ལག་ཏུ་བླང་ཚུལ་བཤད་པའོ། །དང་པོ་ནི། དེའང་གདུལ་བྱ་རྣམས་ཇི་ཙམ་ཉོན་མོངས་པ་རགས་ཤིང་གདུལ་དཀའ་བ་དེ་ཙམ་དུ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྟོབས་ཆེར་བསྐྱེད་ནས་དངོས་དང་བརྒྱུད་ནས་འགྲོ་བ་རྣམས་ཐར་པ་ལས་ཕྱིར་མི་ལྡོག་པའི་ས་ལ་སྦྱོར་བར་མཛད་ཅིང་། ཁྱད་པར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེའི་ཐུགས་རྗེ་ཚད་མེད་པའི་ཆ་ལས་རྩོད་པའི་དུས་མཐར་ཀུན་བཟང་ཐུགས་ཀྱི་བསྟན་པ་ཁྱབ་བརྡལ་དུ་སྣང་བའི་དུས་འདིར་མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་གྱི་གདམས་ཟབ་རྒྱ་མཚོ་ཙམ་བྱོན་པས། སྐལ་ལྡན་མཐའ་ཡས་པ་གདོད་མའི་གྲོལ་སར་རྩོལ་མེད་དུ་དེངས་པའི་ཕྲིན་ལས་ངོ་མཚར་ཞིང་ངེས་ཤེས་སྐྱེད་པའི་རྟགས་མངོན་གྱུར་ཏུ་གསལ་བ་དུས་གསུམ་དུ་ནུབ་པ་མེད་པ་རྣམས་ཀྱང་མདོར་བསྡུ་ན། ཇི་སྐད་དུ། མ་བསྒྲུབ་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱངས་ལས་སད་རྟོགས་གྲོལ་དང༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང༔ མཚན་ལྡན་པད་ཅན་རྩ་ཡི་གནད༔ གསང་ལམ་ཟབ་མོ་འཕོ་བ་དང༔ ངོ་མཚར་རྫས་མཆོག་སྐྱེ་བདུན་ནོ༔ ཞེས་འབྱུང་བ་ལྟར་མ་བསྒོམ་སངས་རྒྱས་ཐོབ་པའི་གདམས་ངག་གི་གཙོ་བོ་ལྔ་ལས་ཀྱང་ཁྱད་པར་དུ་གྱུར་པ་ནི་མྱང་གྲོལ་སྐྱེ་བདུན་རྫས་ཀྱི་སྒྲུབ་པ་འདི་ཉིད་དབང་པོ་མཆོག་དམན་ཀུན་དང་འཚམ་ཞིང་ཀུན་ལ་ཁྱབ་པའི་ཕྲིན་ལས་རྨད་དུ་བྱུང་བ་ཡིན་ཞིང་། སྐྱེ་བདུན་ལ་བརྟེན་ཏེ་མཁའ་སྤྱོད་རིག་པ་འཛིན་པ་དང་། བླ་མེད་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པ་གཉིས་སུ་བཤད་པ་ལས། སྔ་མ་ནི་གཙོ་བོར་རྒྱུད་ཆེན་རྡོ་རྗེ་གུར་དང་རྡོ་རྗེ་མཁའ་འགྲོ་སོགས་ལས་ཅི་རིགས་པར་བསྟན་ཀྱང་བོད་ཡུལ་འདིར་ཕྱག་བཞེས་སུ་བཏབ་པ་ཆེར་མ་བྱུང་ལ། ཕྱི་མ་ནི་གཙོ་བོར་གུ་རུའི་གཏེར་ཁ་ཀུན་ལས་བསྒྲུབ་བྱའི་དམ་རྫས་དང་སྒྲུབ་བྱེད་ཀྱི་ཐབས་མཆོག་མཐའ་ཡས་པ་བྱོན་དང་འབྱོན་དང་འབྱོན་པར་འགྱུར་བ་རྣམས་ཡིན་ལ། གཏེར་བྱོན་རྣམས་ཀྱི་ཡང་རྩ་བའི་ཤིང་རྟ་ནི་ཆོས་དབང་རིན་པོ་ཆེའི་བཀའ་སྲོལ་འདི་ཁོ་ན་ཡིན་པས་ཤེས་ནས་གཅེས་སྤྲས་སུ་བྱ་བར་རིགས་སོ། །གཉིས་པ་དེ་ཉིད་ལག་ཏུ་བླང་ཚུལ་ལ་བདུན། སྐྱེ་བདུན་བརྟག་པ། རིལ་བུ་སྦྱོར་ཚུལ། སྒྲུབ་པ་དངོས། དངོས་གྲུབ་བླངས་བ། གཞན་དོན་བྱ་བ། སྒོས་ཀྱི་དམ་ཚིག །དགོས་ཆེད་ཕན་ཡོན་བསྟན་པའོ། །དང་པོ་ནི། རྒྱས་པར་རྒྱུད་ནས་བཤད་ཀྱང་ལག་ཏུ་ལོན་པར་དཀའ་བས་འདིར་མ་བྲིས་ལ་མདོར་ན་དལ་འབྱོར་ཆོས་ལྡན་གྱི་སྐྱེ་བ་བདུན་བརྒྱུད་བླངས་པ་རང་ཉིད་ཀྱིས་དྲན་ཅིང་དེའི་རྟགས་གསལ་བའི་གང་ཟག་གི་གདུང་ཉིད་བསྒྲུབ་པའི་གཞི་ཡིན་ཡང་། ཚད་ལྡན་མ་རྙེད་ན་གཏེར་བྱོན་བྲམ་ཟེའི་གདུང་རུས་སམ། ཤ་རིལ་ལམ། རིང་བསྲེལ་སོགས་གང་ཡང་རུང་བ་རྙེད་ན་མཆོག་ཏུ་གྱུར་ཅིང་། དེའང་དངོས་སུ་མ་རྙེད་ན་དེའི་རྒྱུན་འདྲེས་པར་ངེས་པའི་ཕབས་གཏའ་ཡང་ནས་ཡང་བསིང་མ་ཡིན་པ་རྩ་བའི་གཏའ་སྤེལ་ལྟ་བུ་ལ་གཞི་བཅོལ་ནས་སྨན་དང་དམ་རྫས་གཞུང་མཐུན་སེལ་མེད་ཀྱི་སྐྱོབས་སྦྱར་དགོས་ཀྱི། རྩ་བའི་སྒྲུབ་རྫས་སྐྱེ་བདུན་གྱི་གདུང་མེད་པའི་གང་ཟག་རྣམས་ཀྱི་གདུང་རིང་བསྲེལ་ཅི་རིགས་ཀྱི་རིལ་བུ་བསྒྲུབ་པ་ནི་རྟེན་འདུས་ཙམ་དུ་ཟད་ཀྱི་མྱོང་གྲོལ་རྫས་མཆོག་མ་ཡིན་ལ། དེ་བཞིན་རིལ་བུ་ཡང་ནས་ཡང་བསིང་བྱས་པའང་ནུས་པ་དམན་པས། ཐོག་མར་རྩ་བའི་ཕབས་གཏའ་བུམ་སྙིང་རིལ་བུ་བརྒྱ་དོ་བཅུ་དོ་སོགས་མང་དུ་གཞུག་ནས། ལོ་བསྟར་རྒྱུན་སྒྲུབ་ཀྱི་རིལ་བུ་སྒྲིལ་སྦྱོར་གྱི་སྐབས་སུའང་བུམ་སྙིང་རིལ་བུའི་ཕབས་གཏའ་མཛད་པ་སྔོན་གྱི་གང་ཟག་མཆོག་རྣམས་ཀྱི་ཕྱག་བཞེས་ཡིན་པས་ཤིན་ཏུ་ལེགས་སོ། །གཉིས་པ་རིལ་བུ་སྦྱོར་ཚུལ་ནི། སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ་ལས། སྐྱེ་བདུན་ཤ་ནི་སྲན་ཚད་ལ༔ བཟང་དྲུག་གླ་རྩི་ཨ་མྲྀ་ཏ༔ གྲུབ་ཐོབ་ཤ་ནི་ཚོགས་ཚད་ནང༔ བྱིན་རླབས་རྫས་དང་རྟག་ཏུ་ངུ༔ སྨན་དང་དབང་ལག་འབྲས་ཕྱེ་ནི༔ ཕུལ་རེ་ཕུལ་རེ་སྦྱར་བར་བྱ༔ རྒྱལ་རིགས་བུ་ཆུང་བྱ་རྒོད་ཀྱི༔ ཤ་ཡང་ཡོད་ན་མཐེབ་ཙམ་རེ༔ སྐྱོབས་སུ་སྦྱོར་ན་བཟང་བར་བཤད༔ དེ་ནས་རྟོགས་ལྡན་གྲུབ་ཐོབ་དང༔ ཁྲིམས་ལྡན་དགེ་སློང་དྲི་ཆུས་སྦྱར༔ རིལ་བུ་སྙོམས་ཤིང་དཔག་མེད་བྱ༔ མཚལ་དང་སྐྱེར་པའི་ཁཎྜ་དང༔ གུར་གུམ་སྦྱར་ཏེ་ཁ་དོག་བསྒྱུར༔ རིན་ཆེན་བུམ་པ་མཚན་ལྡན་ལ༔ གུ་གུལ་བདུག་ཅིང་གེགས་བསྐྲད་བྱ༔ རིལ་བུས་བཀང་སྟེ་ཁ་རྒྱན་དང༔ མགུལ་ཆིངས་གཟུངས་ཐག་རྡོ་རྗེ་སོགས༔ ཆས་རྣམས་ལེགས་པར་རྫོགས་བྱས་ཏེ༔ བུམ་རྫས་ཉེར་ལྔ་དག་ཀྱང་བྲུབ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཞེས་འབྱུང་བ་ལྟར་ཏེ་ཕྱག་ལེན་ཞིབ་པ་གོང་དུ་སོང་གྲུབ་ལ། དེའང་སྐྱེ་བདུན་གྱི་སྙིང་དང་ཀླད་པ་ཡོད་ན་སྲན་ཚད། གདུང་གཞན་ནི་བྱིའུའི་སྒོ་ང་གང་ཙམ་དགོས་པར་གསུངས་ཤིང་། རྒྱལ་རིགས་སྐྱེ་བ་བདུན་པའི་ཤ་དང་བྱ་རྒོད་མགོ་སྙིང་འབྱར་བ་བཅས་མཁའ་སྤྱོད་གཙོ་བོར་སྒྲུབ་ན་སྐྱོབས་སུ་མེད་ཐབས་མེད་ཅིང་། མཆོག་སྒྲུབ་ཀྱི་སྐབས་འདིར་དེ་དག་མ་འཛོམ་ཀྱང་ཆེད་དུ་བཙལ་མི་དགོས་སོ། །གསུམ་པ་སྒྲུབ་ཐབས་དངོས་ལའང་དོན་བཞི་རུ་ཡོད་པའོ། །དང་པོ་སྒྲུབ་པ་པོའི་གྲངས་ནི། ཡེ་ཤེས་རིགས་མཆོག་གི་རྒྱུད་ལས། རྣལ་འབྱོར་ལྔ་ཡིས་གཟུངས་ཐག་བཟུང༔ ཇི་སྲིད་གཟུངས་འཛིན་མང་ན་མཆོག༔ ཅེས་གསུངས་པས་འཛོམ་ན་དཀྱིལ་འཁོར་གྱི་ཕྱོགས་བཞིར་སློབ་དཔོན་བཞི། རྡོ་རྗེ་སློབ་དཔོན་དང་ལྔ་ཡིས་གཟུངས་ཐག་འཛིན་ཅིང་། པདྨ་གསུང་གི་སྒྲུབ་པ་ཡིན་པའི་ཕྱིར་བཟླས་པ་གཙོ་ཆེ་བས་སྔགས་ཟློ་མཁན་ཇི་ཙམ་མང་བཞིན་ལེགས་ལ། མ་འཛོམ་ན་གཟུངས་ཐག་འཛིན་པའི་སློབ་དཔོན་དང་ཐུན་དཔོན་གཉིས། སྔགས་གསུང་མི་འཆད་དུ་ཟློ་མཁན་གྱི་ཐུན་པ་ངེས་པར་དགོས་སོ། །གཉིས་པ་བསྒོམ་བྱའི་ཏིང་ངེ་འཛིན་ནི། སྒྲུབ་པ་པོ་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་དོན་གཉིས་བྱས་ནས་ཚུར་འདུས་བསྒྲུབ་རྫས་ལ་ཐིམ་པས་རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བ་དང་། གཞན་ཡང་འོག་ནས་འབྱུང་བའི་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ། །གསུམ་པ་བཟླ་བྱའི་སྙིང་པོ་ནི། བསྒྲུབ་བྱའི་དམ་རྫས་དེ་ངེས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ལས་བྱུང་བར་གསུངས་པས་དེ་དང་འབྲེལ་བའི་དབང་གིས་སྒྲུབ་བྱེད་ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པར་སྣང་ཞིང་། དེའང་ཡི་གེ་བདུན་པས་རིལ་བུ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་བསྙེན་ཅིང་བྱིན་གྱིས་བརླབས། མ་བསྒོམ་སངས་རྒྱས་ཐོབ་པའི་སྔགས་ཨ་ར་པ་ཙའི་ཤམ་བུ་སྦྲེལ་བས་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་དུ་གསལ་བའི་གཟི་བརྗིད་ཀྱིས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་མྱང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབ། རྟགས་རྫོགས་ནས་ཡེ་ཤེས་ལྔ་སྒྲུབ་ཀྱི་སྔགས་ཤམས་ཆེན་མོ་སྦྲེལ་བས་གདུལ་བྱའི་དུག་ལྔ་ཡེ་ཤེས་ལྔར་སྦྱོང་ཞིང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཀྱི་ནུས་པ་འབྱིན་པས་ལས་ལ་སྦྱོར་བའོ། །བཞི་པ་གྲུབ་པའི་རྟགས་ནི། བསྙེན་པའི་རྟགས་སྤྱི་དང་མཚུངས་ལ། སྒྲུབ་པའི་རྟགས། འོད་དང་དུ་བ་སྒྲ་དང་དྲི༔ ཞལ་མཐོང་དག་སྣང་དཔག་མེད་འབྱུང༔ ཞེས་པ་ལྟར་དང་། དངོས་སུ་རིལ་བུ་འཕེལ་བ། འཕུར་བ། བདུད་རྩི་མེ་ཏོག་གི་ཆར་འབེབ་པ། འཇིག་རྟེན་དགེ་བའི་ལྟས་བཀྲ་ཤིས་པ་གང་ཡང་རུང་བ་མཐོང་བ་ལ་སོགས་པ་དང་། ལས་སྦྱོར་གྱི་ལྟས། རང་གཞན་གྱི་སྒྲིབ་པ་དག་པ། བསོད་ནམས་རྒྱས་པ། ཉམས་རྟོགས་འཕེལ་བའི་ལྟས་སྣ་ཚོགས་འབྱུང་བའོ། །བཞི་པ་དངོས་གྲུབ་བླང་བ་ནི། བདུན་ནམ་བཅུ་བཞི་ཉེར་གཅིག་དག་ཏུ་བསྒྲུབ༔ ཞེས་གསུངས་པའི་དུས་སམ། རྟགས་ཀྱི་ཚད་གང་རུང་རྫོགས་པའི་ཐོ་རངས་ཁར་དངོས་གྲུབ་ཀྱི་རྫས་རྣམས་ལ་རིལ་བུ་ཅུང་ཟད་བསྲེས་ཏེ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་ཡེ་ཤེས་བདུད་རྩིར་མོས་ཤིང་ཆོ་ག་དང་ལྡན་པས་རོལ་པས། ལུས་ཀྱི་ཕྱི་གཞལ་ཡས་ཁང་ལ་ནང་དོན་སྙིང་རྣམས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ལམ་གྱིས་གྲུབ་པར་མོས་པས་དེ་ལྟར་ཐེ་ཚོམ་མེད་པར་འགྱུར་བར་ངེས་སོ། །ལྔ་པ་གཞན་དོན་བྱ་བ་ནི། རྒྱུད་ལས། གདུལ་བྱ་སྦྱང་ཕྱིར་ཁྲུས་ཀྱང་བྱ༔ ཞག་བདུན་ཁ་གསོ་རྗེས་གནང་སྦྱིན༔ ཞེས་གསུངས་པ་ལྟར་གདུལ་བྱ་ནི་འགྲོ་བ་གང་ཡང་རུང་བ་སྟེ་སྔོན་ལ་ཁྲུས་སོགས་ཀྱིས་དག་པར་བྱས་པའི་གསེར་སྣོད་ལྟ་བུར་རིལ་བུམ་གྱི་དབང་བསྐུར་ཞིང་བཅུད་སེང་གེའི་འོ་མ་ལྟ་བུའི་རིལ་བུ་བྱིན་པ་ཙམ་གྱིས། ལུས་གཞལ་ཡས་ཁང་སྙིང་པདྨ་འདབ་དྲུག་ཟླ་བ་དང་བཅས་པའི་ལྟེ་བར། རིལ་བུ་ཐུགས་རྗེ་ཆེན་པོ་ཉིད་ཁ་གཞལ་ཡས་ཁང་གི་སྒོ་ནས་བྱོན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བརྟན་པར་བཞུགས་པར་མོས་ཏེ་ཕྱོགས་རིས་མེད་པའི་འགྲོ་བ་མཐའ་དག་པ་རྗེས་སུ་བཟུང་ངོ་། །དྲུག་པ་སྒོས་ཀྱི་དམ་་ཚིག་ནི། དེ་ལྟར་དབང་ཐོབ་ཅིང་རིལ་བུ་ལྟོར་སོང་ཕན་ཆད་ལྟར་སྣང་ཐ་མལ་དུ་འདུག་ཀྱང་ངོ་བོ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པ་ཡིན་པའི་ཕྱིར་དམངས་རིགས་རྒྱལ་སར་ཕྱུང་པ་དང་འདྲ་བས། རྒྱལ་སྲིད་ཐོབ་ནས་རྒྱལ་ཁྲིམས་སྐྱོང་བ་དང་ཆོས་མཚུངས་པར་ཐུགས་རྗེ་ཆེན་པོའི་བསླབ་པའི་དམ་ཚིག་བདག་བས་གཞན་གཅེས་ཀྱི་སེམས་བསྐྱེད་དང་ལྡན་པས་སྤྱིར་འགྲོ་དོན་ཇི་ལྟར་ནུས་པ་བསྒྲུབ་ཅིང་རང་གི་ལུས་ངག་ཡིད་གསུམ་གཞན་དོན་འབའ་ཞིག་པར་བསྔོ། ཁྱད་པར་ཉིན་མཚན་ཐུན་དྲུག་གམ་ཐ་ན་ཉིན་རེར་ལན་རེ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་སྙིང་རྗེའི་སེམས་དང་མ་བྲལ་བར་བྱའོ། །བདུན་པ་དགོས་ཆེད་ཕན་ཡོན་ནི། བསམ་ཡས་མ་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་པས་རིལ་བུ་སུས་ཐོབ་པ༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་འཚལ་ལོ༔ ཞེས་གསུངས་ཏེ་མཐེབ་དང་གཞུ་ཡི་ནུས་པས་མདའ་གང་འདོད་ཀྱི་གནས་སུ་འགྲོ་བ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་མཐུ་ཡིན་པས་ཇི་སྐད་བཤད་པ་དེ་དག་ནི་ངེས་པའི་དོན་ཁོ་ན་ཡིན་ལ། དེ་དག་གི་ལག་ལེན་རྒྱས་པ་འོག་ནས་འབྱུང་བར་འགྱུར་རོ། །གཉིས་པ་སྒྲུབ་པའི་ཐབས་དངོས་ལག་ཏུ་ལེན་པ་ལ་སྔོན་འགྲོའི་ལས་རིམ་བདུན། དངོས་གཞིའི་ལས་རིམ་བདུན། རྗེས་ཀྱི་ལས་རིམ་བདུན་གྱིས་སྒྲུབ་པའི་གཞུང་བསྲང་བ་ནི་ལས་བྱང་གི་དཀྱུས་སུ་བསྟན་པ་ལྟར་ལ། དེའང་སྒྲུབ་པ་པོ་ཐམས་ཅད་ཁྲུས་བྱས་དྲིས་བྱུགས། རྒྱན་བཟང་པོ་དར་ཆས་གོས་དམར་པོ་བསྟར་ཏེ། སློབ་དཔོན་ཤར་ནས་དཀྱིལ་འཁོར་ལ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། སྔོན་འགྲོ་གཞི་བགེགས་ལ་གཏོར་མ་བྱིན་ནས་མཚམས་གཅད་པ་དང་། སྐྱབས་འགྲོ །སེམས་བསྐྱེད། ཚད་མེད་བཞི། ཚོགས་གསག་པ། བྱིན་དབབ་པ། མཆོད་རྫས་བྱིན་གྱིས་བརླབ་པ་རྣམས་བྱའོ། །དངོས་གཞིའི་སྒོམ་རྒྱུད་ནི། བདག་མདུན་བུམ་གསུམ་དབྱེར་མེད་དུ་ཤེས་པས་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་བསྒོམས་པའི་འཛིན་སེམས་རྩེ་གཅིག་པ་ལས་གཞན་དུ་མི་གཡེང་བར་བྱས་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབ་པ། ཕྱག་མཆོད་བསྟོད་པ་སོགས་ལས་བྱང་གི་གཞུང་བསྲང་ཞིང་། ཛཔ྄་དགོངས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གསལ་བཏབ་ལ། ཕྱི་སྐུ་གསུང་ཐུགས་ལ་དམིགས་པའི་སྤྲོ་བསྡུ། ནང་དྲེགས་པ་ཚར་གཅོད་ལ་དམིགས་པའི་འཕྲོ་འདུ། གསང་བ་ཐུགས་དམིགས་མེད་མཁའ་ལྟར་དག་པའི་ཀློང་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་དབྱིངས་ལས་རྩལ་འགག་མེད་དུ་འཆར་བར་རྒྱས་བཏབ་སྟེ་རླུང་སྔགས་དབྱེར་མེད་དུ་བསྲེ་བ། དེ་ལས་སྣང་བ་ཐམས་ཅད་རང་སྣང་ཐུགས་རྗེ་ཆེན་པོའི་སྐུར་རྒྱས་འདེབས་པ། སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲ་ཐུགས་རྗེ་ཆེན་པོའི་གསུང་། དྲན་རྟོག་ཐམས་ཅད་ཡེ་ཤེས་ཟང་ཐལ་རང་ཤར་རང་གྲོལ་ཐུགས་རྗེའི་ངང་དུ་ལ་བཟླ་བ། དེ་ཉིད་ཡེ་ནས་ལྷ་ཡིན་པ་ཡིན་པར་ངོ་ཤེས་པས་གཉིས་སུ་འཛིན་པའི་ཐེ་ཚོམ་མེད་པའི་ངང་ལ་འཇོག་པ། བསྒྲུབ་བྱའི་ལྷ་རང་སེམས་ལས་གུད་ན་མེད་པའི་ལྟ་བས་ཐག་གཅོད་པ། ལྷ་ཚོགས་ཐམས་ཅད་རང་ལས་བྱུང་ཞིང་རང་གི་རང་བཞིན་འོད་གསལ་བའི་ངང་དུ་ལྟ་བ། མདོར་ན་དེ་ཐམས་ཅད་སྐུ་གསུམ་དབྱེར་མེད་ཀྱི་ཀློང་ལས་མི་འདའ་བའི་དགོངས་པ་བསྐྱང་བ་སྟེ་ཛཔ྄་དགོངས་བཅུ་པོའི་དོན་ལ་དམིགས་པ་རྩེ་གཅིག་པས་བཟླ་བྱའི་སྔགས་བརྒྱ་སྟོང་ལ་སོགས་པ་ཇི་ལྟར་རིགས་པ་བཟླ་ཞིང་། ཁྱད་པར་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ་གཟུངས་ཐག་ནས་འཇུས་ལ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་མཁའ་ཁྱབ་ཏུ། །འོད་ལྔའི་ཟེར་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །གང་ལ་དམིགས་པའི་ཡུལ་དེས་ཐོག་དྲངས་པའི། །འགྲོ་དྲུག་སྡུག་བསྔལ་ལས་ཉོན་སྡིག་སྒྲིབ་སྦྱངས། །འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །དྭངས་མའི་རྩི་བཅུད་བུམ་བཅུད་རྫས་ལ་བསྟིམ། །ཟེར་རླངས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །ལྷ་སྔགས་ཡོམ་ཡོམ་ཤིག་ཤིག་ལྟ་བུར་གྱུར། །ཅེས་གསལ་བཏབ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པའང་བཟླ་ཞིང་། དེ་ལྟར་སྔགས་སྒྲ་རྒྱུན་མི་ཆད་པའི་སྒོ་ནས་ཛཔ྄་དབྱངས་དང་བཅས་ཐུན་བཞིའི་རིམ་པས་བཟླས་བརྗོད་ཁོ་ན་གཙོ་བོར་བྱའོ། །ཐུན་མཚམས་རྣམས་སུ་སྟོང་ཚིགས་ཀྱི་མཆོད་པ་བྱ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་ཀྱིས་མཆོད། དེ་ཡང་ཉིན་མོའི་སྔ་ཐུན་ལ་ཆོ་ག་སྔོན་འགྲོ་བཅས་རྒྱས་པ་དང་། ཉིན་མོའི་ཕྱི་ཐུན་དང་། མཚན་ཐུན་སྔ་ཕྱི་གཉིས་ལ་མཚམས་གཅོད་ནས་བཟུང་སྨན་མཆོད་ཀྱི་དགོངས་པ་བརྡ་སོགས་མཚན་དོན་ཁཱ་ཧི་དོར་བ་མ་གཏོགས་བཟླས་པའི་བར་ལས་བྱང་དཀྱུས་ལྟར་བྱ། ཉིན་མོའི་ཕྱི་ཐུན་གྱི་མཇུག་ཏུ་ཆོས་སྐྱོང་གཏོར་བསྔོ་དང་། ཚོགས་མཆོད་བྱེད། ལྷག་མ་དཀྱིལ་འཁོར་གྱི་བྱང་ཤར་དུ་བརྩོན་དུ་བཟུང་ཞིང་བསྔོ། ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག །ཆད་ཐོ་དང་། བརྟན་མ་བསྐྱང་། རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད་ནི། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད། ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། དབྱངས་གསལ་ཡིག་བརྒྱ། ལས་བྱང་ལྟར་ནོངས་བཤགས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ ཞེས་བརྗོད་ཅིང་མེ་ཏོག་འཐོར་ཏེ་བརྟན་བཞུགས་བྱ། ཧཱུྃ་ཞེས་བརྗོད་པས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སོགས་ཀྱིས་ཉེར་བསྡུ་བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡི་གེ་བདུན་པའི་སྒྲས་ཐུན་མཚམས་ཀྱི་ལྷར་ལངས་ནས། རྒྱུན་སྤྱོད། བསྔོ་སྨོན། ཡེ་དྷར་སྔོན་དུ་འགྲོ་བའི་བཀྲ་ཤིས་བརྗོད་པར་བྱའོ། །ད་ལྟའི་ཕྱག་ལེན་ཕལ་མོ་ཆེར་དངོས་གཞི་ཞག་བདུན་བྱེད་ན་ཞག་དང་པོ་གསུམ་ཡིག་བདུན་རྐྱང་པ། དེ་རྗེས་ཞག་གསུམ་ལ་མྱང་གྲོལ་སྔགས་ཤམ་ཅན། མཐའི་ཞག་གཅིག་ལ་སྔགས་ཤམ་རིང་བ་སྦྲེལ་བའི་ཕྱག་བཞེས་ཀྱང་སྣང་རུང་འདིར་མྱང་གྲོལ་སྔགས་ཤམ་ཐོག་མ་ནས་སྦྲེལ་བ་བསྙེན་སྒྲུབ་གཅིག་ཆོད་ལེགས་པར་མངོན་ཞིང་། སྒྲུབ་ཞག་རྫོགས་པའི་ཉིན་གསུམ་མམ་གཅིག་ལ་གདུལ་བྱའི་སྣོད་སྦྱོང་ཕྱིར་ཚེའི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ། ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾ། ཞེས་བཏགས་པ་བཟླ་སྟེ། སྒྲུབ་ཐབས་བསམ་ཡས་མ་ལས། རྒྱལ་བ་རིགས་ལྔས་ཡེ་ཤེས་སྐུ་ལྔར་སྦྱོར༔ ཡེ་ཤེས་བདུད་རྩིའི་སྔགས་ཀྱིས་འཆི་མེད་ཚེ༔ རྣམ་རྟོག་བག་ཆགས་སྦྱོང་ཞིང་མངོན་སངས་རྒྱས༔ རྨི་ལམ་དག་ཏུ་རྟགས་བཟང་འབྱུང་བར་ངེས༔ ཐུགས་རྗེ་ཆེན་པོས་འཁོར་བ་མྱང་འདས་སྦྱོར༔ སྐྱེ་བདུན་སྙིང་པོ་མ་བསྒྲུབ་སངས་རྒྱས་ཐོབ༔ ཅེས་འབྱུང་ངོ་། །གཉིས་པ་བར་ཆད་ཉུལ་ལེ་འདུལ་ཞིང་བསྐྲད་པ་ནི། གོང་གི་བཀྲ་ཤིས་རྫོགས་པའི་རྗེས་འབྲེལ་དུ། ཚོགས་པ་ཐམས་ཅད་ཞྭ་བཅས་བཞེངས། སློབ་དཔོན་ཆས་ཞུགས་མཛད་པ་དཀྱིལ་འཁོར་གྱི་མདུན་དུ་འཁོད་པའི་དྲུང་དུ་ཉུལ་ལེའི་ལིངྒ་བཀོད། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་བལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས་གིང་དཀར་ནག་ལས་ཀྱི་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླག་པར་བསམ་ལ། རྟ་མགྲིན་གྱི་ཕུར་པ་འདྲིལ་ཞིང་། ཧཱུྃ། ང་ནི་དབང་ཆེན་པདྨའི་སྐུ །སྲས་དང་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད། །རྟ་མགྲིན་ལྷ་ཚོགས་དུས་ལ་བབས། །གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས། །གནོད་བྱེད་འབྱུང་པོ་རྡུལ་དུ་རློགས། །ཞེས་ཕུར་བུས་གནས་རྣམས་སུ་གདབ། ཐུན་གྱིས་བྲབ་ཅིང་། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་གཟིར། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པ་བསེ་ཁྲབ་ཁྲག་གི་ཁུ་ཆར་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེག༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙེ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྴ་འབྱིན་ཡཀྴ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཞེས་དྲག་སྔགས་སྤོས་རོལ་དང་གིང་དཀར་ནག་རྒྱུག་ཤར་དྲག་པོས་འདོན་ཅིང་། དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོས་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་བར་བྱའོ། །དེ་ནས་སྤོས་བཏུལ་ཞིང་དར་ཚོན་སྣ་ལྔ་གཡབ། གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ གསུང་མཆོག་ཡོངས་རྫོགས་གཤེགས་སུ་གསོལ༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ འོག་མིན་ལྷུན་གྲུབ་གནས་མཆོག་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ ལྷ་དང་རིག་འཛིན་དམ་ཅན་གྱིས༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཞི་ཚོགས་འོད་དང་ལམས་སེ་ལམ༔ ཁྲོ་ཚོགས་ཧཱུྃ་སྒྲ་དི་རི་རི༔ རིག་འཛིན་བྱིན་ཆེན་ཐིབས་སེ་ཐིབ༔ མཁའ་འགྲོའི་གར་སྟབས་ཤིགས་སེ་ཤིག༔ ཆོས་སྐྱོང་རུ་མཚོན་ལྷབས་སེ་ལྷབ༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ལ་ལ་ཧོ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བདག་གནས་ཡོ་བྱད་སྒྲུབ་རྫས་ཐམས་ཅད་ལ་བྱིན་དབབ་པ་ནན་ཏན་དུ་བྱས་པས་བར་ཆད་སེལ་ཞིང་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །གསུམ་པ་དངོས་གྲུབ་ཀྱི་མཚན་མ་བརྟག་པ་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། དམ་ཅན་མཁའ་འགྲོས་ལུང་སྟོན་པ་དང་། བུམ་ཆུ་ཁོལ་བ་དང་། སྒྲུབ་རྫས་འཕེལ་ཞིང་འོད་འཕྲོ་བ་དང་། སྙན་པའི་སྒྲ་དང་དྲི་བཟང་འཐུལ་བ། ཉི་ཟླ་ཤར་བ། རི་བོ་ལ་འཛེག་པ། མཁའ་ལ་འཕུར་བ། ལོངས་སྤྱོད་ཀྱི་གཏེར་ཐོབ་པ་སོགས་ཉམས་དངོས་རྨི་ལམ་གང་རུང་དུ་འབྱུང་བ་དང་། ཁྱད་པར་རིལ་བུ་གྲུབ་རྟགས་ནི། བུམ་པ་ལས་འོད་འབྱུང་བ། སྒྲུབ་གནས་སུ་འཇའ་འོད་ཤར་བ། རིལ་བུ་ལས་དུ་བ་དང་སྒྲ་སྙན་དང་དྲི་ཞིམ་འབྱུང་བ། ལྷ་དང་ལྷ་མོའི་གཟུགས་མཐོང་བ། ལྷས་ཆར་འབེབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པ་དང་། སྒོམ་ཉམས་གསལ་ཞིང་རྟོགས་པ་འཕེལ་བ་སོགས་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་བླང་བ་གནད་ཡིན་པས། བནྡྷ་མཚན་ལྡན་དུ་ཨ་མྲྀཏ་སྒྲུབ་པའི་རིལ་བུ་སྦྱར་བའི་ཆང་གིས་བཀང་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱིས༔ ཚེ་དང་ཆོས་དང་ལས་བཞི་མྱུར་འགྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་ནོར་ཟས་གོས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་བདུད་རྩི་རོལ། རྟགས་མཚན་དམིགས་སུ་མ་བྱུང་ན་འདི་ཉིད་དམིགས་སུ་མི་དགོས་ཤིང་། གལ་ཏེ་བར་ཆད་རྟགས་དམིགས་སུ་བསལ་བ་བྱུང་ན་དེ་མ་ཐག་ཏུ་ཉུལ་ལེ་བསྐྲད་པའི་ཆོ་ག་དགོས་ཀྱང་མ་འགྲུབ་ན་རྟའི་དྲག་སྔགས་བརྗོད་ཅིང་ཡུངས་གུལ་གྱིས་བྲབ་བདུག་བྱ། ཅིས་ཀྱང་ལྟས་ངན་ན་མཆེད་ལྕམ་རྣམས་དཀྱིལ་འཁོར་གྱི་མཐར་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལྟ་བའི་གདིང་བསྐྱེད་ལ་ལས་བྱང་ལྟར་བྲོ་བརྡུང་བྱ། གཞན་ཡང་འགྲུབ་ཏུ་རུང་ན་ཚེ་འགུགས་པ་པོ་དང་། བར་ཆད་བསལ་བའི་རྡོ་རྗེ་མཚམས་པ་དང་། གུང་གཉིས་ལ་ཁྲུས་ཀྱི་ཆོ་ག་དང་། ཐུན་དྲུག་གམ་ནང་ནུབ་ཏུ་དངོས་གྲུབ་བསྐུལ་བ་དང་། ཁྱད་པར་ཉམས་ཆག་སྐོང་བའི་ཆོ་ག་ནི་ཀུན་ལ་གཅེས་པས་སྐོང་ཆོག་མཛད་པ་པོ་རྣམས་ཀྱིས་སོ་སོའི་ཆོ་ག་ལ་བརྩོན་པར་བྱ་ཞིང་། དེ་དག་ཟུར་དུ་མི་འཛོམ་ན་དཀྱུས་སུ་བསྟན་པ་འདི་ཙམ་ལ་གཞུང་གི་དོན་ཚང་ཞིང། བར་ཆད་མི་འབྱུང་བར་དངོས་གྲུབ་འགྲུབ་པའི་རྒྱུའི་གཙོ་བོ་སྒྲུབ་པ་པོ་རྣམས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། རྡོ་རྗེ་སློབ་དཔོན་ཏིང་ངེ་འཛིན་གསལ་བ། ཐམས་ཅད་དད་མོས་དག་སྣང་རྩེ་གཅིག་པ་གལ་ཆེ་བ་དང་། དམ་ཚིག་གི་གནད་ནི་ཤིན་ཏུ་ཕྲ་བས་མ་ཚོར་བར་ཉམས་ཆག་འབྱུང་བའི་ཕྱིར་རྟག་ཏུ་ཡི་གེ་བརྒྱ་པའི་བཟླས་བསྒོམ་ལ་འབད་པ་ཅི་ནས་གལ་ཆེའོ། །ལྔ་པ་སྒྲུབ་པའི་རྗེས་བསྐྱང་མཐའ་རྒྱས་ལས་ཀྱི་རིམ་པ་ནི། བདག་དོན་གཞན་དོན་ཚེ་འགུགས་ཤིང་། །གཏེར་སྦེད་རྗེས་རིམ་རྒྱུན་སྤྱོད་དང་། །ཕྱི་མཚམས་བཀྲོལ་ཞིང་དཀྱིལ་འཁོར་བསྡུ། །བཟོད་གསོལ་སྨོན་ལམ་བཀྲ་ཤིས་བརྗོད། །རྡུལ་ཚོན་ཆུར་གཤེགས་གནས་སྲུང་ངོ་། །ཞེས་པའི་དང་པོ་བདག་དོན་དུ་དུས་ཀྱི་དངོས་གྲུབ་བླང་བ་ནི། ལྟས་བཟང་གཏན་ལ་ཕེབ་པའམ། ཞག་དང་དུས་གྲངས་ཀྱི་ངེས་པ་ཅན་གང་ཡིན་ནའང་རུང་སྟེ། སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་གཞི་དཀར་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ། རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་དང་ཞོ་མར་འོ་མས་སྦྲུས་པའི་ནོར་བུ་འབར་བའི་གཟུགས་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་མངར་གསུམ་ཐུད་དང་བསྲེས་པའི་རིལ་བུ་དང་། གཡོན་དུ་བྷཉྫ་བཟང་པོར་འབྲུ་བཅུད་བདུད་རྩི་ལ་ཨ་མྲྀཏ་བཏབ་པའང་བཤམ། ནུབ་ཐ་མའི་ཐོར་ཐུན་ལ་བབ་པ་ན་ལས་གཞུང་བཟླས་པའི་བར་དང། གཏོར་བསྔོ། ཚོགས་མཆོད་སོགས་རྒྱས་པར་བྱེད། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིངྒ་མེར་བསྲེག །སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་པ་ཕྱི་རོལ་དུ་གཏང་། ཆོས་སྐྱོང་གི་གཏོར་འབུལ་སྐབས་སྲུང་མའི་གཏོར་མ་རྣམས་འབུལ་ཞིང་རྗེས་ཆོག་བྱ། ལས་བྱང་གི་ཆད་ཐོ། བརྟན་མ། བྲོ་རྡུང་བཅས་སོང་མཚམས། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བགེགས་བསྐྲད། ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ནི་ཀཱ་ཡ༔ སརྦ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨཿཨཱ༔ ཞེས་བྱིན་དབབ། ཨོཾ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་དཀོན་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་ལ་ངན་སྨྲས་ཤིང༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྒོམ་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲང༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྒོ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་བསྲན་ཆུང་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུང་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས༔ ཞེས་ནོངས་པ་བཤགས། དངོས་གྲུབ་བསྡུ་བའི་དམིགས་པ་ནི། རྩ་བའི་དཀྱིལ་འཁོར་ལྷ་རྣམས་མཉམ་སྦྱོར་བའི། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ལ་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་ཚུར་བསྡུས་བདག་དང་སྒྲུབ་རྫས་ལ། །ཐིམ་པས་འཆི་མེད་བདུད་རྩིའི་དྭངས་མ་ཆེ། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཨཱཿ ཞེས་ཅི་ནུས་བཟླའོ། །དེ་ནས་སྐྱ་རེངས་འཆར་བ་དང་མཉམ་དུ་རྣམ་རྒྱལ་བུམ་པ། ཐོད་པ། མེ་ལོང་། སྐྱེ་བདུན་བུམ་རིལ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་དང་བཅས་པ། ཚེ་རིལ། ཚེ་ཆང་སོགས་ལག་ཏུ་ཐོགས་ལ། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ གཟུགས་སྐུ་རྣམ་བཞི་འཇའ་ཚོན་ལྟ་བུར་གསལ༔ སྒྲུབ་པའི་ལྷ་མཆོག་ཐུགས་རྗེའི་སྐུ་གསུང་ཐུགས༔ གསང་བ་ཡེ་ཤེས་སངས་རྒྱས་ཀུན་གྱི་ཡུམ༔ ནོར་འཛིན་གསང་སྔགས་འཛིན་མ་སྲས་དང་བཅས༔ རྒྱལ་བ་རིགས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག༔ དུས་གསུམ་སངས་རྒྱས་སྟོང་རྩ་ཐུགས་རྗེའི་བདག༔ སྒོ་སྐྱོང་བདུད་འདུལ་ཡེ་ཤེས་ཁྲོ་བོ་བཞི༔ བླ་མ་ལྷ་མཆེད་རིག་འཛིན་ཆོས་སྐྱོང་ཚོགས༔ ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་འགྱུར་བ་མེད༔ འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་གཞིའི་དྲོད་ལྟར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་དོན་མཐར་ཕྱིན་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ བླ་མེད་ཐར་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་ཅན་མཁའ་འགྲོས་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་བསྒྲུབས་ནས་དེང་གི་ཞག་གྲངས་ཐེམས༔ དུས་ལས་མི་འདའ་ཐུགས་རྗེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་དངོས་གྲུབ་བསྐུལ་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྐྱེ་བདུན་བུམ་རིལ་གནས་གསུམ་དུ་བཞག་ཅིང་། རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀཏ་དང་སྦྱར་ལ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་མེར་གྱིས་འཁྱིལ་བར་བསམ་ལ། སྤྱི་མགྲིན་སྙིང་གར་ཐིག་ལེ་བྱ། སརྦ་སིདྡྷི་ཕ་ལ་ཧོཿས་ལྕེ་ཐོག་ཏུ་མྱངས་པས་ལུས་ཕྱི་གཞལ་ཡས་ཁང་ནང་རྩ་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་བསམ་ལ་དངོས་གྲུབ་བླང་ངོ་། །དེ་ནས་དངོས་གྲུབ་ཀྱི་རྫས་ལྷག་མ་རྣམས་ཀྱང་འདུས་པ་ཐམས་ཅད་ལ་འགྱེད་ཅིང་དབང་བསྐུར་རྒྱས་པར་མི་བྱེད་ན་སྐབས་འདིར་ཛཔ྄་དབྱངས་དང་བཅས་ཏེ་འདུས་པ་རྣམས་ལ་བུམ་རིལ་གྱི་དབང་ཡང་བསྐུར་བར་བྱའོ། །གཉིས་པ་གཞན་དོན་དབང་སྐུར་བའི་ཚུལ་ནི་དབང་གི་ཆོ་ག་ལས་འབྱུང་བ་ལྟར་རྒྱས་བསྡུས་སྐབས་ཕྱེད་པར་བྱའོ། །གསུམ་པ་ཚེ་འགུགས་ནི་སྐབས་འདིར་ཚེ་འགུགས་བསྟིམ་ཙམ་གྱིས་ཆོག་ཀྱང་། སྤྲོས་པ་ལ་དགའ་ཞིང་སྤྲོ་ན་ཚེ་བུམ་དང་ཚེ་རིལ་ཚེ་ཆང་ཡང་འདུ་བྱས་ལ་ཚེ་དཔག་མེད་རིགས་ལྔ་ཡུམ་ལྔ་མགྱོགས་མ་སྒོ་མ་དང་བཅས་པ་གསལ་བའི་འོད་ཟེར་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་གྱི་ཏིང་ངེ་འཛིན་དང་ལྡན་པས། ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ སྭཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་བཟླ། མདའ་དར་གཡབ་ཅིང་། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་འཚེར་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་འཛིན༔ གཡོན་པས་ཚེ་ཡི་བུམ་པ་བསྣམས༔ ཡང་གསང་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿསྩོལ༔ མགོན་པོའི་ཚེ་བཞག་གནས་འདི་ཡིན༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ གསང་བ་བཞི་ཡིས་རྒྱས་ཐོབས་ཤིག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛཿ ཨཱ་ཡུ་ཤེ་ཛྙཱ་ན་ཛཿཛཿ ཞེས་སྔགས་ལན་གསུམ་བརྗོད་ལ་ཚེ་འགུགས། དེ་ནས་ཚེ་བརྟན་པར་བྱ་བ་ནི། ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ བདུན་ནམ་ཉེར་གཅིག་བཟླས་ལ། ཧཱུྃ༔ སྙིང་པོ་བསྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་ལྡན༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་ཚེ་དབང་སྐུར་བར་སྤྲོ་ན་བུམ་པ་མགོའི་གནས་ལྔར་བཞག་སྟེ། ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྭཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ༔ ཨཱཾཿཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཨཱཾ༔ ཧཱ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་པའི་རྗེས་འབྲེལ་དུ་ཚེའི་སྙིང་པོ་བརྗོད་བཞིན་དུ་ཚེ་རིལ་ཆང་ཡང་བཀྱེ། དེ་ནས་མེ་ཏོག་འཐོར་ལ། ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྒྱུན་དུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོ༔ ཞེས་ཚེ་བརྟན་པའི་བཀྲ་ཤིས་བརྗོད། བཞི་པ་གཏེར་སྦེད་པའང་བསྡུས་པའི་སྐབས་ཕྱག་ལེན་མི་མཛད་པས་འདིར་མ་བྲིས་ལ་སྤྲོ་ན་ཐུགས་གསང་སྒྲུབ་ཁོག་ལྟར་རོ། །ལྔ་པ་དཀྱིལ་འཁོར་གྱི་རྗེས་རིམ་ནི། དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་བཅས་བྱ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་སོགས་ཀྱིས་དམ་ཚིག་གི་འཁོར་ལོ་བསྡུས་ནས་མི་དམིགས་པའི་ངང་མཉམ་པར་བཞག་ལ། སླར་ཡང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡི་གེ་བདུན་པས་ཐུན་མཚམས་ཀྱི་ལྷར་ལྡང་ངོ་། །དྲུག་པ་རྒྱུན་སྤྱོད་ནི་ལས་བྱང་གི་དཀྱུས་སུ་གསལ་བ་ལྟར་རོ། །བདུན་པ་ཕྱི་མཚམས་བཀྲོལ་བ་ནི། སེར་སྦྲེང་དང་བཅས་ཏེ་ཕྱི་རོལ་གྱི་ཤར་ལ་སོགས་པར་རིམ་བཞིན་སོང་ལ་རྒྱལ་ཐོ་བཞིའི་མདུན་མཆོད་གཏོར་བཤམས་ནས་བྱིན་བརླབ་མཆོད་བསྟོད་རྣམས་སྔར་ལྟར་ལས། ཕྲིན་བཅོལ་མཇུག་གི །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་པའི་ཚབ་ཏུ། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྒྱུར་ཞིང་། སྐུ་རྟེན་ལ་བརྟན་བཞུགས་བྱ། སྒོ་བྱང་གཉིས་ལའང་སྔར་ལྟར་ལས། ཧཱུྃ། གསང་ཆེན་ལྷུན་གྲུབ་ཅེས་སོགས་ཀྱི་ཚབ་ཏུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་སྐུ་རྟེན་ལ་བརྟན་བཞུགས་བྱའོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། ནང་དུ་ཕྱིན་ལ་སློབ་དཔོན་གྱིས་ཧཱུྃ་མཛད་རྒྱ་དང་བཅས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལི་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ས་ཕུར་རྩེ་རྣམས་འོ་མས་བཀྲུ །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པར་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ། དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ལ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་དབྱིའོ། །དགུ་པ་བཟོད་གསོལ་ལ་དང་པོ་མཆེད་ལྕམ་རྣམས་ཕན་ཚུན་དུ་ཕྱག་བྱས་ལ་ནོངས་པ་བཤགས་པ་ནི། ཧོ༔ ཐམས་ཅད་རྡོ་རྗེ་མཆེད་དང་ལྕམ་དྲལ་ཏེ༔ བདེ་བར་གཤེགས་པའི་སློབ་མར་དམ་མནོས་ནས༔ ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ༔ མཉམ་ཉིད་ངང་ལས་ལེགས་ཉེས་དབྱེར་མེད་ཀྱང༔ ལུས་ངག་རྣམ་པར་དག་པའི་ཚུལ་ཙམ་དུ༔ གཞུང་ལས་ཉམས་ཤིང་ཐུགས་དང་འགལ་བ་རྣམས༔ རྣམ་དག་བསམ་པས་མི་གནས་ཚིག་འདིས་བཤགས༔ འཛིན་མེད་ངང་དུ་བཟོད་པར་བཞེས་མཛོད་ལ༔ རང་བཞིན་དག་པའི་ཚངས་པ་བསྩལ་དུ་གསོལ༔ ཨ་ཨ་ཨ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི་ཐམས་ཅད་ཀྱིས་ཕྱག་བྱ། ལུས་ལོངས་སྤྱོད་འབུལ་བའི་བློས། ཧོ༔ རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་མཆོག་ལྡན༔ གསུང་རབ་རྒྱ་མཚོ་ལྷ་མིའི་འདྲེན་པའི་དཔལ༔ ཡང་དག་དོན་སྟོན་འཁོར་བའི་སྡུག་བསྔལ་སྐྱོབ༔ འཇིག་རྟེན་འདི་ན་ཕ་མའི་ཚུལ་དུ་གནས༔ བཀའ་དྲིན་བཟང་ཡང་བསྙེན་བསྐུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་པར་གསོལ་གྱིས་ཚངས་པར་མཛོད༔ ཅེས་ཞབས་སྤྱི་བོར་བླངས་ཤིང་བླ་མ་སྤྱི་གཙུག་ཏུ་འབྲལ་མེད་བཟུང་ངོ་། །བཅུ་པ་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་བཟུང་ཞིང་། རྡོ་རྗེ་རྒྱལ་ཐེབས་ཀྱིས་རྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གིས་དབུ་བཟུང་ནས༔ རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་མཆོག་ཏུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་དང༔ མ་རིག་མུན་པའི་དབང་དུ་མི་གཏང་ཞིང༔ གཅོང་རོང་ཟབ་མོའི་གནས་སུ་མི་སྐྱེ་དང༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་དང༔ མཚོན་རྣོན་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ དབང་གིས་འབྲེལ་པའི་མཚན་ལྡན་གཟུངས་མ་རྣམས༔ ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོག་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྟུང་སྲིད་ན༔ སྣང་གསལ་མར་མེས་འཁོར་བའི་སྡུག་བསྔལ་སེལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་སྙིལ༔ འདོད་ཆགས་དབང་གིས་ཀླ་ཀློ་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་ལ་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་སྐྱེས་ན༔ སྣང་གསལ་མར་མེས་གདུག་པའི་སྡུག་བསྔལ་ཆོམས༔ གཏི་མུག་དབང་གིས་བྱོལ་སོང་གནས་བསྒྲིབས་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་ཐེགས༔ སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེ་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་གདུང་བ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡོངས་བགྲོད་དེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་བགྲོད་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་སྤྱན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་ལ་སོགས༔ དེ་བ་ཀོ་ས་ཀུན་བཟང་དབྱེར་མེད་སར༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་ས༔ བླ་མེད་ས་དང་སྲིད་གསུམ་ངང་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་ལ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་ཏེ་སྨོན་ལམ་རྩེ་གཅིག་ཏུ་གདབ། གཞན་ཡང་ལས་བྱང་གི་དཀྱུས་སུ་བསྟན་པ་ཉིད་དང་། ཧོ༔ དགེ་བ་དྲི་མེད་རྒྱ་ཆེན་འདིས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ སྒྲིབ་པ་ཀུན་བྲལ་ཚོགས་རྫོགས་ཏེ༔ ས་ལམ་མ་ལུས་ཡོངས་རྫོགས་ཏེ༔ སྐུ་གསུམ་དབྱེར་མེད་ལྷུན་གྲུབ་སྟེ༔ བྱང་ཆུབ་མྱ་ངན་འདས་པའི་ས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག༔ ཨོཾ་སྭསྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་པའང་བརྗོད་དོ། །བཅུ་གཅིག་པ་ཤིས་བརྗོད་ནི། འདུས་པ་ཐམས་ཅད་ཀྱིས་ཞྭ་གསོལ་ཞིང་ཡེ་དྷར་སྔོན་དུ་འགྲོ་བས་དྲིལ་གསིལ་དང་མེ་ཏོག་འཐོར་བཞིན་ལས་བྱང་དུ་བཤད་པ་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱའོ། །བཅུ་གཉིས་པ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ། རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་ཆུ་ཀླུང་ཆེན་པོའམ། རྒྱུན་མི་ཆད་པའི་ཆུ་བོ་ལྟ་བུའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་འབྲུ་ཚོམ་བཀོད། སྟེགས་མཐོ་བར་རྡུལ་ཚོན་བཞུགས་སུ་གསོལ། མཐར་ཉེར་སྤྱོད་དཀར་གཏོར་བཤམ། པདྨཱནྟ་ཀྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ ཞེས་སོགས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། རྟེན་པདྨཱནྟ་ཀྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། མཎྜལ་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་སྦྲུལ་མགོའི་གདེངས་ཀ་ཅན་ཐལ་མོ་སྦྱར་བ་སྨད་སྦྲུལ་མཇུག་ཏུ་འཁྱིལ་པ་དར་དང་རིན་པོ་ཆེས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་འབུལ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རྡུལ་ཚོན་གཏད་དེ་ཆུར་སྦྱང་། དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་བཀྲ་ཤིས་བརྗོད། སླར་ཡང་། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪས་ཀླུ་རྣམས་གཤེགས། ཛཿཧཱུྃ་བཾ་ཧོཿརྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམ་ལ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ། ཨོཾ་རུ་རུ་སྥུ་རུ་སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་ཁང་པ་སོགས་ལ་འཐོར། བཅུ་གསུམ་པ་གནས་སྲུང་བ་ནི། གྲུབ་ནས་ཉིན་གསུམ་ལ་སོགས་པར་ལས་བྱང་གི་གཞུང་བསྲང་ཞིང་ཚོགས་གཏོར་འབུལ་བ། ཟབ་མོའི་རྒྱུད་བཀླག་ཅིང་དམ་ཆོས་བཤད་ཉན་གྱིས་མཚོན་པའི་དགའ་སྟོན་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་པ་དང་འགྲོ་བ་ཡོངས་ལ་འཕྲལ་དང་ཡུན་དུ་བདེ་ལེགས་ཀྱི་སྣང་བ་ཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །གསང་བ་ཡོངས་རྫོགས་ཀྱི་སྒྲུབ་འབུམ་ཆེན་མོ་ལས། སྤྱིར་གསང་སྔགས་སྒྲུབ་ཆེན་འདི་ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི་སྤྱི་ཁོག་སྐྱེད་བྱེད་མ་ལྟ་བུ་ཡིན་ཕྱིར༔ སྔོན་རྗེས་ཆོག་ཁྲིགས་འདི་བཞིན་ལ༔ འདོད་ལྷའི་མཚན་དང་རྫས་བཅས་གར་དགོས་སུ་བཅུག་སྟེ༔ བར་འདིར་རང་རང་གི་སྒྲུབ་གཞུང་ཞི་ཁྲོ༔ ཡང་དག༔ ཕུར་པ༔ བདུད་རྩི༔ མ་མོ༔ པདྨ༔ ཐུགས་རྗེ་ཆེན་པོ༔ ཕྱག་རྡོར་གང་བྱེད་འདིའི་སྒོ་ནས་བཏོན་པས་ཁྱད་པར་མཆོག་ཏུ་འགྱུར་རོ༔ ཞེས་གསུངས་པ་ལྟར་ཡོངས་རྫོགས་ཉིད་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཐམས་ཅད་ཀྱི་སྤྱིའི་ཆིངས་ཆེན་པོ་ཡིན་པས་རྩ་བའི་ས་ཁོངས་དང་འདོན་བྱ་ཡང་འདུས་རང་གཞུང་དུ་མི་གསལ་བ་རྣམས་དེ་ཉིད་ནས་བླངས། མཁན་ཆེན་ཨཽ་ཌཱི་ཡ་ནའི་ཡིག་ཆ་ལས་ལེགས་པའི་བཅུད་བསྡུས་ཏེ་འདུས་གསལ་དུ་བཀོད་པའོ། །ཡང་རས་བྲིས་ཀྱི་ཕྱོགས་ལྟ་བུར་ཤིན་ཏུ་ཟོར་ཡང་བ་བྱེད་ན། བདག་བསྐྱེད་སྔོན་དུ་འགྲོ་བའི་ས་ལྷ་ལ་གཏོར་འབུལ། ལས་བྱང་གི་མཚམས་གཅོད་ཙམ་གྱིས་ས་བཟུང་། ལྷ་དང་བུམ་པ་སྟ་གོན། རྒྱན་བཀོད་ཙམ་བྱས་པས་སྔོན་འགྲོའི་དོན་ཚང་། མངའ་གསོལ་སོགས་མི་དགོས། དེ་ནས་ཕྱི་ནང་བར་གྱི་མཚམས་གཅོད་འདིར་བསྟན་རྫོགས་པར་བྱས་ཏེ་དངོས་གཞི་ལ་འཇུག་ཅིང་། རྗེས་ཀྱི་སྐབས་སུའང་ཚེ་འགུགས་སློབ་དཔོན་དང་མཆེད་ཀྱི་ནོངས་བཤགས་རྡུལ་ཚོན་ཆུར་གཤེགས་གནས་སྲུང་གི་ས་བཅད་རྣམས་དོར་བས་ཀྱང་ལེགས་པར་འགྲུབ་བོ། །གྲོལ་བ་བཞི་ལྡན་ཐབས་མཆོག་ཉེ་བའི་ལམ། །གསང་སྔགས་སྔ་འགྱུར་བ་ཡི་ཁྱད་ཆོས་གང་། །དེང་དུས་འགྲོ་བློར་ལྷག་པར་འཚམ་པའི་ཕྱིར། །འདི་ལྟར་བཤད་པའང་དོན་དང་ལྡན་པ་ཉིད། །ཡང་འདུས་སྒྲུབ་པའི་ཚོམ་བུས་ས་གཞིའི་ཁོངས། ཁྱབ་ཅིང་དེར་འབྲེལ་འཇིག་རྟེན་དབང་ཕྱུག་གི །གོ་འཕང་ཐོབ་ནས་སྲིད་པའི་ཁམས་འདི་ཉིད། །རྣམ་དག་བདེ་ལྡན་ཞིང་ཁམས་དངོས་འགྱུར་ཤོག །བཟླས་པས་གྲོལ་བ་བོད་ཀྱི་ཆོས་གཅིག་མ། །ཐེག་རྩེའི་རྣལ་འབྱོར་གསུམ་གྱིས་ཟློ་བའི་ཐབས། །སྤྲོས་བཅས་འདི་ཡི་གོང་ན་གཞན་མེད་པས། །ས་གསུམ་རྡོ་རྗེའི་རང་སྒྲས་འགེངས་གྱུར་ཅིག །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐྱེ་བདུན་མྱང་གྲོལ་ཆེན་མོའི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཁོག་དབུབ་འདི་ལྟར། སྤྱན་རས་གཟིགས་དངོས་ཆོས་དབང་རིན་པོ་ཆེ་བདག་ཅག་གི་འདྲེན་པར་སྣང་བ་༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བཀའ་བསྩལ་ཡང་ཡང་ཕེབ་པ་རྗེས་སུ་སྒྲུབ་པའི་གུས་འདུན་གྱི་བློས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་པོར་གྲུབ་པར་སྦྱར་བའི་དགེ་བས་དཔལ་ལྡན་བླ་མའི་ཞབས་པད་ཡུན་རིང་དུ་བརྟན་ཞིང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་འདུས་གསལ་དུ་བཀོད་པ་འབྲེལ་ཚད་གཏན་བདེའི་ས་བོན་ (Volume 22, Text 9)

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་འདུས་གསལ་དུ་བཀོད་པ་འབྲེལ་ཚད་གཏན་བདེའི་ས་བོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འགྲོ་ལ་བུ་ལྟར་བརྩེ་བའི་རྒྱལ་རྣམས་ཀྱི། །ཐུགས་རྗེའི་འོད་ཟེར་གཅིག་བསྡུས་ཉིན་མོའི་མགོན། །སྲིད་པའི་མུན་སེལ་ཀུན་སྙོམས་ཕྲིན་ལས་ཅན། །བླ་མ་འཇིག་རྟེན་དབང་ཕྱུག་ཞབས་ལ་འདུད། །གང་གི་སྒྲུབ་ཐབས་བྱེ་བ་བརྒྱའི། །ཐོག་མའི་ལམ་འདྲེན་ཡང་འདུས་ཞེས། །ཕྲིན་ལས་མཁའ་ལྟར་ཁྱབ་དེ་ཡི། །བསྙེན་སྒྲུབ་གསལ་བྱེད་ཉུང་བསྡུས་དགོད། །སྤང་སྟོན་སྤྱན་རས་གཟིགས་དངོས་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་དམ་ཆོས་འདུས་པ་སྐོར་དགུའི་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ། སྤྱིར་བསྙེན་པ་ནི་རང་གི་ལུས་ངག་ཡིད་གསུམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བསྙེན་པ་དང་། སྒྲུབ་པ་ནི་རང་དང་གཞན་གྱི་གནས་སྐབས་མཐར་ཐུག་གི་དོན་འབྲས་མཐར་ཕྱིན་པར་སྒྲུབ་པར་བྱེད་པའི་དོན་ཡིན་པས། ཐོག་མར་ཐུགས་རྗེ་ཆེན་པོ་ཞལ་མཐོང་རྩ་བའི་སྒྲུབ་པ་ལྟར་གཙོ་བོ་ཡབ་ཡུམ་སྒོམ་ཞིང་སྙིང་པོ་ཡི་གེ་བདུན་པ་ཁོ་ན་བཟླས་པས་གྲུབ་པའི་རྟགས་མཐོང་བ་ན། སྒྲུབ་པ་ནི་འབྱོར་པ་དང་བརྩོན་འགྲུས་ལྡན་ན་སྒྲུབ་ཁོག་ལྟར་ས་ཆོག་ནས་བརྩམ། ཕྱི་ནང་མཚམས་གཅད་ནས། རྟེན་དང་རྒྱན་བཀོད་དེ་ལས་བྱང་དུས་བཞིར་གཏང་། མཐར་དངོས་གྲུབ་བླངས་ནས་རྗེས་ཀྱི་ལས་རིམ་ཚང་བར་བྱ་བ་ཡིན་ལ། འབྱོར་བརྩོན་དམན་པས་ལས་བྱང་ཙམ་ལ་བརྟེན་ཏེ་སྒྲུབ་པ་བྱས་ཀྱང་གོ་ཆོད་པར་འགྱུར་རོ། །དེ་ལ་འདིར་བཀའ་བབས་བརྒྱུད་པའི་བླ་མ་ཆོས་རྗེ་ཀཿཐོག་པ་ཡབ་སྲས་རྣམས་ཀྱིས། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ་དང་ཕྲིན་ལས་ཀྱི་དོན་བསྡེབས་ནས་བསྙེན་སྒྲུབ་ཆབས་ཅིག་ཏུ་གཏང་བའི་ཕྱག་སྲོལ་ལྟར་ན། ད་ལྟའི་ལས་བྱང་ཁྲིགས་མའི་ནང་དུ་གཙུག་ནོར་གྱི་དོན་འདུས་པས་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་ལག་ཏུ་ལེན་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ཡོད་པ་ལས། དང་པོ་སྦྱོར་བ་ནི། ཐོག་མར་མཚན་ཉིད་དང་ལྡན་པའི་བླ་མ་ལས་འདི་ཉིད་ཀྱི་དབང་བསྐུར་ཚུལ་བཞིན་ནོས་པས་རྒྱུད་སྨིན་ཅིང་ལམ་སྒོམ་པའི་སྣོད་རུང་དུ་བྱས་ལ་དམ་ཚིག་རྣམ་པར་དག་པ་དང་ལྡན་པའི་སྒྲུབ་པ་པོས། གནས་གོང་མས་བྱིན་གྱིས་བརླབས་པའམ་དབེན་ཞིང་ཡིད་དང་མཐུན་པར་ཚེས་བརྒྱད་ལ་སོགས་པའི་དུས་བཟང་པོར་དབུ་བརྩམ་སྟེ། བསྙེན་སྒྲུབ་གཅིག་དྲིལ་སྐབས་མདུན་རྟེན་བཤམས་པའང་སྔ་འགྱུར་བའི་ཕྱག་ལེན་ཡིན་པས། འདི་ཉིད་ཀྱི་བྲིས་སྐུའི་མཚོན་རྟེན་ཡོད་ན་བཀྲམ་པའི་མདུན་དུ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད། དེ་སྟེང་ཞི་གཏོར་ཟླུམ་པོ་པད་འདབ་བཞི་དང་རིལ་བུས་བརྒྱན་ཅིང་སྨུག་རྩིས་བྱུགས་པའི་རྩེར་སྐུ་རྟེན་ཙཀླི་བཙུགས་པ་ལ་དར་དམར་གྱི་གདུགས་ཕུབ་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། མཎྜལ་མ་འཛོམ་ན་གཏོར་མ་ཁོ་ན་ལ་བརྟེན་ཀྱང་རུང་། ཆོས་སྐྱོང་གཏེར་སྲུང་གི་གཏོར་འབུལ་རྒྱུན་བཞག་ཁ་གསོ་རྒྱུའམ་ཉིན་རེ་བཞིན་འབུལ་རྒྱུ་གང་བདེ། ཉིན་དང་པོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན་རྣམས་དང་། རང་གི་མདུན་དུ་ཌཱ་དྲིལ་ནང་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། ཐོ་འཛུག་སྤྱི་སྲོལ་ལྟར་དང་མཚམས་ཀྱི་སྤང་བླང་རྣམས་སྤྱི་ལྟར་ཤེས་པ་གལ་ཆེ། དེ་ནས་ཕྱི་ཐུན་ཞིག་ལ་དབུ་བཙུགས་ཏེ། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། གཞི་གནས་བདག་པོ་ལ་དཀར་གཏོར་སྤྱི་འགྲོ་གཏང་། སྒྲུབ་པ་ལ་བར་གཅོད་མི་གཏང་བར་སྡོངས་གྲོགས་གྱིས་ཤིག་པའི་ཕྲིན་ལས་བཅོལ། ལས་བྱང་ལྟར་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་ལ་མཚམས་བཅད། སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ། བྱིན་འབེབ། མཆོད་རྫས་དང་སྣོད་བཅུད་བྱིན་རླབས་རྣམས་ཀྱིས་སྦྱོར་བ་སྔོན་འགྲོའི་རིམ་པ་གྲུབ། སྒྲུབ་རྫས་སྐབས་འདིར་བཤམ་མེད་པས་བྱིན་རླབས་མི་འོས་སོ། །གཉིས་པ་དངོས་གཞི་ནི། ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་ལ་རྒྱས་གདབ་ཅིང་དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བཞུགས་སུ་གསོལ་ལ་ཕྱག་འཚལ། མཆོད་པ་རྣམས་དང་བསྟོད་པའི་བར་གཏང་། བསྙེན་སྒྲུབ་ཕྱི་ཞི་བར་སྒྲུབ་པ་ཅི་འགྲུབ་དང་ཐུན་མཐར་ནང་གསང་བཟླས་པ་བདུན་གསུམ་ཉེར་གཅིག་ཙམ་བྱ། ཡེ་ཤེས་རིག་པ་གསལ་གདབ། ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། སྟོང་ཚིགས་ཕུལ་བས་དངོས་གཞིའི་ལས་རིམ་གྲུབ། སྐབས་འདིར་ཆོས་སྲུང་གཏེར་སྲུང་གི་གཏོར་ཆོག་གཏང་། དེའང་ཆོས་འདིའི་སྒེར་སྲུང་བྲག་ལྷ་མགོན་པོ། གཏེར་སྲུང་མཁའ་རི་དང་སྨྱོ་ཁ་རྣམས་ཡིན་ཡང་སོ་སོར་མི་ཤེས་པའམ་མི་ལྕོགས་ན་སྤྱི་གཏོར་ཙམ་གྱི་ནང་དུ་འཐུས། གསུམ་པ་རྗེས་ལ། ཚོགས་ཕྲིན་གདབ་པ་ནི་སྒྲུབ་ཆེན་སྐབས་སོགས་ལས་དཀྱུས་འདིར་མི་དགོས་པས། ཚོགས་བྱིན་རླབས་ནས་བརྩམ། སྤྱན་འདྲེན། མཆོད་བཤགས་བསྒྲལ་བསྟབ། ཚོགས་ལ་རོལ་ཅིང་སྨོན་ལམ་གདབ། ཡར་གནས་མར་གནས་ཀྱི་ལྷག་མ་གཏང་། ཆད་མདོ། བརྟན་སྐྱོང་། རྟ་བྲོ་བརྡུང་། དངོས་གྲུབ་ལེན་ཆོག་མཚམས་གྲོལ་ཉིན་བར་མི་དགོས་པས་བཞག །ཁ་སྐོང་ནོངས་བཤགས། ཚོགས་མགྲོན་རྟེན་བཞུགས་བྱ། དཀྱིལ་འཁོར་བསྡུ་བའང་མི་དགོས་པས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་གྱི་བར་གཏང་བས་འགྲུབ། དགོང་ཐུན་ལ་སྲུང་འཁོར་གསལ་གདབ། སྐྱབས་སེམས་མན་ཆད་སྔར་ལྟར་བསྐྱར་བ་ལ། ཕྱག་འཚལ་སྐབས་སྣང་བ་ཡབ་ལ་སོགས་ཤྭ་ལོ་ཀ་གཅིག་གིས་ཆོག །མཆོད་པའི་སྐབས་བདུད་རྩིའི་བརྒྱུད་མཆོད་དང་དངོས་གྲུབ་བླང་བ་མི་དགོས་པས་བཞག་པའམ་བསྡུ་ན་ཧྲཱི༔ ཀུན་འབྱུང་ནམ་མཁའ་ཁོ་ན་ལ་ཕྱི་ནང་གསང་དེའི་སྔགས་སྦྱར་བ་ཁོ་ནས་ཀྱང་འཐུས། རྗེས་སྟོང་ཚིགས་གྲུབ་པ་དང་བདག་བསྐྱེད་བསྡུ་ལྡང་ལ་འཇུག བསྔོ་སྨོན་དང་ཤིས་བརྗོད་ཀྱང་གཞུང་ལྟར་མི་ལྕོགས་ན་སྤྱི་འགྲོ་མདོར་བསྡུས་བྱས་པས་ཆོག །སྲོད་ལ་ཉལ་བའི་རྣལ་འབྱོར་དང་། ཕྱིར་ནངས་ཐོ་རང་ལ་ལྡང་བའི་རྣལ་འབྱོར་དང་ངག་བྱིན་རླབས་འགྱུར་སྔགས་སོགས་གྲུབ་ནས། ཚིག་བདུན་དང་བརྒྱུད་འདེབས་གཏང་། བགེགས་གཏོར་ཉིན་དང་པོ་དེ་ལས་རྒྱུན་དུ་མི་དགོས། སྲུང་འཁོར་གསལ་འདེབས་པ་མཚམས་གཅོད་བརྗོད་ཀྱང་ལེགས། སྐྱབས་སེམས་ཕྱིན་ཆད་དགོང་ཐུན་ལྟར་ཐུན་བཞི་ཀར་བསྐྱར་བ་ལས་འཕྲི་བསྣན་མི་དགོས། ཕྱི་དྲོའི་ཐུན་ནམ་སྲོད་ཐུན་གྱི་རྗེས་སུ་ཆོས་གཏེར་སྲུང་མའི་གཏོར་ཆོག་རེ་མ་ཆག་པ་དང་། ཚེས་བརྒྱད་དང་བཅོ་ལྔ་སོགས་དུས་བཟང་རྣམས་སུ་ཚོགས་མཆོད་རེ་གྲུབ་ན་ལེགས་པས་འདོན་བྱ་སོགས་ཉིན་དང་པོ་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་བདུན་གསུམ་ཟླ་དྲུག་ལོ་སྒྲུབ་སོགས་ཇི་ཙམ་ནུས་པ་བྱའོ། །དེ་དག་གི་དམིགས་རིམ་གོ་དོན། སྦྱང་གཞི་སྦྱང་བྱེད་སྦྱོངས་འབྲས། རྟེན་བརྟེན་པའི་བསྐྱེད་ཚུལ་རྒྱས་པ་ནི་བསྐྱེད་རིམ་སྤྱིའི་རྣམ་པ་ཞལ་ཤེས་བཞིན་གལ་ཆེ་བ་ལས་སྨོས་ཀྱིས་མ་ལོངས། སྒོམ་དོན་རྩ་བ་ཙམ་ནི་ལས་བྱང་ཉིད་དུ་གསལ། གནད་གལ་ཆེ་བ་ཅུང་ཟད་སྨོས་ན། མཚམས་གཅོད་སྐབས་མཚན་བཅས་ཀྱི་སྲུང་འཁོར་ནི། རང་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་སྐུའི་འོད་ཟེར་ལས་མཚོན་ཆ་ལྔའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་ནི། ནང་དུ་པདྨ་དམར་པོའི་གུར་ཁང་། དེ་རྒྱབ་རིམ་པ་བཞིན་འཁོར་ལོ་དཀར་པོ། རྡོ་རྗེ་སྔོན་པོ། རིན་པོ་ཆེ་སེར་པོ། རྒྱ་གྲམ་ལྗང་གུའི་གུར་ཁང་རྣམས་ཀྱིས་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཁྲིགས་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཕུང་ཁ་དོག་སྣ་ལྔ་པ་འབར་བས་བགེགས་དང་ལོག་འདྲེན་གང་གིས་ཀྱང་ཉེ་མི་ནུས་པར་བསམ། མཚན་མེད་སྲུང་འཁོར་ནི། གནས་ལུགས་རང་ངོ་མ་ཤེས་པས་གཟུང་འཛིན་འཁྲུལ་པའི་དབང་དུ་སོང་སྟེ་ལྷ་དང་འདྲེ་ཞེས་བཟང་ངན་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་ནི་རང་གི་སེམས། སེམས་གདོད་ནས་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཡིན་པས་བར་དུ་གཅད་བྱ་གཅོད་བྱེད་མ་གྲུབ་པར་ལྟ་བ་ནི། ཀུན་རྫོབ་ལ་དོན་དམ་པའི་ལྟ་བས་རྒྱས་འདེབས་པ་གལ་པོ་ཆེ་སྟེ་འདིར་མ་ཟད་འོག་གི་སྐྱབས་སེམས་ཚོགས་གསག་རྣམས་ལའང་རིག་འགྲེ་སྦྱོར་དགོས། མཆོད་པ་བྱིན་རླབས་ཐོག་མར་རང་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་གསུམ་འཕྲོས། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས། ཡཾ་ལས་སྟོང་ཉིད་ཀྱི་རླུང་བྱུང་བས་བསྲེག་པའི་ཐལ་བ་གཏོར། ཁཾ་ལས་ཆོས་ཉིད་ཀྱི་ཆུ་རྒྱུན་གྱིས་བཀྲུས་པས་གཙང་ཞིང་དག་པར་བསམ། སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ་ཡིག་མང་པོ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་དཀར་སྔོ་སེར་སྔོ་དམར་ལྗང་མཐིང་ག་ཁྲ་བོ་རྣམས་སྤྲོས་པ་ལས་མཆོད་ཡོན་ལ་སོགས་པ་རྣམས་དང་གཟུགས་སྒྲ་དྲི་རོ་རེག་བྱ། རྡོ་རྗེའི་ལྷ་མོ་བཅུ་དྲུག་སོགས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་གྱུར་པར་མོས་ལ་སྔགས་དང་ཕྱག་རྒྱས་བྱིན་བརླབ། དམ་ཚིག་གི་རྫས་ཐམས་ཅད་མཚན་བཅས་དེ་དང་དེར་འཛིན་པའི་རྟོག་པ་དང་བྲལ་ནས། ཨ་ལས་བྱུང་བའི་རྔའམ་ཌཱ་མ་རུ་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བླ་མེད་ཆོས་ཀྱི་སྒྲས་ཁམས་གསུམ་ཁྱབ་པར་བསམ་ལ། ཧྲཱིཿདྷརྨཱ་སོགས། ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དུ་བསམ་ལ། ཧཱུྃ་བཛྲ་སོགས། མཱུཾ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་དུ་བསམ་ལ། ཧྲཱིཿམུ་ཀུ་སོགས། ཧྲཱིཿལས་བྱུང་བའི་ཚོགས་ཀྱི་ཡོ་བྱད་བདུད་རྩིའི་རྒྱ་མཚོ་ལས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་བསམ་ལ། ཧྲཱིཿསརྦ་སོགས་བརྗོད་པས་སོ་སོར་བྱིན་བརླབ། སྣོད་བཅུད་བྱིན་རླབས་སྐབས། སྣོད་ཐམས་ཅད་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་རང་བཞིན་དུ་བསམ་ལ། ཧྲཱིཿཨེ་ཡཾ་སོགས། བཅུད་རིགས་ལྔ་ཡབ་ཡུམ་འབའ་ཞིག་པར་བསམ་ལ། ཨོཾ་ཨཱཿསོགས། དེ་ཐམས་ཅད་ཀྱང་རིགས་འདུས་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་བསམ་ལ། ཨོཾ་མ་ཎི་སོགས་བརྗོད་པའོ། །དངོས་གཞིའི་གཙོ་བོ་བསྐྱེད་བཟླས་གཉིས་ལས། བསྐྱེད་རིམ་གྱི་ཐོག་མར་རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ངང་ལ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་བཞིན་ཉིད་མ་རྟོགས་ཏེ་འཁྲུལ་སྣང་གིས་འཁོར་བར་འཁྱམས་པའི་སེམས་ཅན་མཐའ་དག་ལ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྤྲིན་ཡོངས་སུ་ཁྱབ་པར་བལྟས་པ་ཀུན་ཏུ་སྣང་བའི་ཏིང་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རིག་པའི་ངོ་བོ་ཧྲཱིཿདཀར་པོ་ནམ་མཁའི་དབྱིངས་སུ་འོད་ལྷག་གིས་ཤར་བར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ནས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་དང་པོ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། རྒྱུའི་ཡི་གེ་ཧྲཱིཿདཀར་པོ་ལས་ཡི་གེ་བྷྲཱུྃ་འོད་ཟེར་ཁ་དོག་ལྔ་ལྡན་ཀུན་ཏུ་ཁྱབ་པ་འཕྲོས་པ་ལས་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། བྷྲཱུྃ་འོད་དུ་ཞུ་བ་ལས་ཡེ་ཤེས་ལྔའི་རང་འོད་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། སྟེང་ཕྱུར་བུ་པདྨ་རཱ་གའི་ཏོག་དང་རྒྱན་གྱི་བཀོད་པ་དཔག་ཏུ་མེད་པས་སྤྲས་པ། ཕྱི་རོལ་འདོད་སྣམས་བར་ཁྱམས་ཁོར་ཡུག་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ། ཀུན་ཏུ་མ་འདྲེས་པར་མཉམ་པར་བརྡལ་ཞིང་རྒྱ་ཁྱོན་ཤིན་ཏུ་ཡངས་པའི་དབུས་སུ་པདྨ་འདབ་བཞི་དཀར་དམར་གྱི་མདངས་ལྡན་ལྟེ་བ་ཟེའུ་འབྲུ་མང་པོས་མཛེས་པ། དེ་རྒྱབ་པདྨ་འདབ་དྲུག་དཀར་མཐིང་སེར་ལྗང་དམར་ནག་པའི་མདོག དེ་རྒྱབ་པད་འཁོར་དཀར་པོ་བཞི་སྟེ་ནང་མ་ལ་བརྒྱ་དང་གཉིས། དེ་རྒྱབ་ཉིས་བརྒྱ། དེ་རྒྱབ་སུམ་བརྒྱ། དེའི་ཕྱི་མར་བཞི་བརྒྱས་བསྐོར་བ། དབུས་སུ་ཉི་ཟླ་བརྩེགས་པའི་གདན། ལྷ་གཞན་རྣམས་ལ་ཟླ་གདན་སྒོ་བཞིར་བདུད་བཞིའི་གདན་བཅས་བསྒོམ་པ་ནི་སྣོད་ཐ་མལ་དུ་འཛིན་པའི་ཞེན་པ་སྦྱོང་ཞིང་སངས་རྒྱས་ཀྱི་ཞིང་མཆོག་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའོ། །དེ་ནས་བརྟེན་པ་དམ་ཚིག་པ་བསྐྱེད་པ་ནི། ཧྲཱིཿཡིག་དཀྱིལ་འཁོར་དབུས་ཀྱི་གདན་སྟེང་དུ་བབས་འོད་ཟེར་འབར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སྦྱངས་ནས། ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་ལ་དམར་བ་པདྨའི་མདངས་མཛེས་ཤིང་འཛུམ་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པདྨ་རཱ་གའི་ཕྲེང་བ་བརྒྱ་རྩ་བརྒྱད་ཐུགས་ཀར་འདྲེན་པ། གཡོན་པས་པདྨའི་སྡོང་པོ་བདུད་རྩིའི་བུམ་པས་མཚན་པ་བསྣམས་པ། རིན་པོ་ཆེ་སྣ་ལྔའི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུབ་བུ། སྐ་རགས་རྣམས་ཀྱིས་སྤྲས་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་གྱི་ཤམ་ཐབས་གསོལ་བ། ཡུམ་ཡི་གེ་དྲུག་མ་སྐུ་མདོག་ཆ་ལུགས་ཡབ་དང་མཐུན་པ་ལ་དབུ་སྐྲའི་གཙུག་ཏོར་མ་བཅིངས་པར་གྲོལ་བ། ཕྱག་གཡས་གྲི་གུག་དང་། གཡོན་ཐོད་པ་བསྣམས་ནས་འཁྲིལ་བ། རང་འོད་འཇའ་ཚོན་གྱི་རྒྱབ་ཡོལ་ཅན་དུ་བསྒོམ། སྤྱི་བོར་རིགས་བདག་ཚེ་མཐའ་ཡས་པ་དམར་པོ་ལོངས་སྤྲུལ་གྱི་ཆ་ལུགས་གང་ཡིན་གཏེར་གཞུང་དུ་མི་གསལ་ཡང་རཏྣའི་གསང་འདུས་སྐབས་ཀྱི་གསུང་རྒྱུན་དུ་སྤྲུལ་སྐུའི་ཆས་ཅན་མཛད་སྲོལ་འདུག །ཙིཏྟའི་ཟླ་གམ་སྒོ་གཅིག་པར་གྱུར་པའི་སྒོ་ཁྱུད་ནང་དུ་རྟ་མགྲིན་དམར་པོ། དེ་དག་གི་མངོན་རྟོགས་གཞུང་གསལ་ལྟར་ལ་དབང་སྡུད་ཕྱག་རྒྱ་ནི་གུང་སྲིན་གཉིས་མཐེ་བོས་མནན། གཞན་གཉིས་ཅུང་ཟད་གུག་པར་སྒྲེང་བའོ། །འདིའང་ཆགས་མེད་ཀྱིས་ཙིཏྟ་རྩེ་མོ་གྱེན་བསྟན་གུར་ཕུབ་པ་ལྟ་བུའི་འོག་གི་རྩ་སྦུབས་སུ་སྒོམ་པ་བཤད། གཙོ་བོའི་གཡས་སུ་པད་ཟླའི་གདན་ལ་སྲས་ནོར་བུ་འཛིན་པ་དཀར་སེར་ནོར་བུ་བསྣམས་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་དཀར་མོ་ཤེལ་ཕྲེང་ཐོགས་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ། །དེ་རྒྱབ་པད་འདབ་དྲུག་ལ་མདུན་ནས་རིམ་བཞིན་གཡས་སྐོར་དུ་སྤྲུལ་སྐུ་ཐུབ་པ་དྲུག་ནི། བརྒྱ་སྦྱིན་དཀར་པོ་པི་ཝཾ། ཐགས་བཟང་རིས་སྔོན་པོ་གོ་ཆ། ཤཱཀྱ་ཐུབ་སེར་པོ་གསེག་པར། སེང་རབ་སེར་ནག་པོ་ཏི། ནམ་མཁའ་མཛོད་དམར་པོ་སྒྲོམ་བུ། ཆོས་རྒྱལ་ནག་པོ་མེ་ཆུ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་བཞེངས་སྟབས་སུ་གནས་པ། ལྷའི་ཐུབ་པའི་ཐུགས་ཀར་ཨོཾ་དཀར་པོ་སོགས་ཡིག་འབྲུ་སོ་སོས་མཚན་པར་བསྒོམ། ལས་བྱང་ཚིག་སྣ་བསྡུས་པའི་དབང་གིས་འབྲུ་དྲུག་བསྒོམ་པ་འདྲ་ཞིག་འབྱུང་ཡང་འདིར་ནི་རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ་ལས་བསྟན་པ་ལྟར་ལ་ཀཿཐོག་པས་ཀྱང་དེ་བཞིན་བཤད་དོ། །དེ་རྒྱབ་པད་འཁོར་རིམ་བཞིར་སངས་རྒྱས་སྟོང་རྩ་གཉིས་སྤྲུལ་སྐུའི་ཆ་ལུགས་ཁ་དོག་སྣ་ཚོགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་རོལ་པར་བསྒོམ། སྒོ་བཞིར་རིགས་བཞིའི་ཧེ་རུ་ཀ་ལས་བྱང་ལྟར་རམ་རྩ་སྒྲུབ་ལས་རྟ་མགྲིན་རིགས་བཞི་གཡས་ཐོད་དབྱུག་གཡོན་ཞགས་པ་བསྣམས་པ་བསྐྱེད་པར་གསུངས། སྟེང་ཕྱོགས་བླ་མ་རིག་འཛིན། བར་ཕྱོགས་ཡི་དམ་ལྷ་ཚོགས། ཕྱི་ཁྱམས་ཁོར་ཡུག་ཏུ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་མོས་བསྐྱེད་ཙམ་བྱ། གཙོ་བོ་ཡབ་ཡུམ་འཁྲིལ་སྦྱོར་མཛད་པ་འདོད་ཆགས་འཇོམས་པ། དེ་བཞིན་དུ་རྟ་མགྲིན་སོགས་ཁྲོ་བོ་འཇིགས་སུ་རུང་བས་ཞེ་སྡང་ཚུལ་གྱིས་ཞེ་སྡང་། གཙོ་འཁོར་དུ་སྣང་ཡང་ཡེ་ཤེས་ཀྱི་རང་སྣང་ལ་བཟང་ངན་མི་མངའ་བས་གཏི་མུག་ཚུལ་གྱིས་གཏི་མུག །སྐུ་དང་ཡེ་ཤེས་ཀྱི་དགོངས་པ་གཡོ་བ་མེད་པས་ང་རྒྱལ་ཚུལ་གྱིས་ང་རྒྱལ། སངས་རྒྱས་གཙོ་འཁོར་མ་གཏོགས་གཞན་གང་ཡང་མེད་པས་ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་པ་སྟེ་དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས་པའི་དོན་ནོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གདོད་གནས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བསམ་ལ་བྱིན་རླབས། གཙོ་བོ་གསུམ། སྲས་པོ་སྲས་མོ་གཉིས་ཏེ་ལྔའི་དབུ་གཙུག་ཏུ་ཨཱཿལས་སྣང་བ་མཐའ་ཡས། དཔྲལ་བར་ཨོཾ་ལས་རྣམ་པར་སྣང་མཛད། རྣ་ལྟག་གཡས་པར་སྭཱ་ལས་རིན་འབྱུང་། ལྟག་པར་ཧཱུྃ་ལས་མི་བསྐྱོད་པ། གཡོན་པར་ཧཱ་ལས་དོན་གྲུབ། མཚོག་མར་ཧྲཱིཿལས་རིགས་འདུས་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་ཅིང་དབུར་བརྒྱན། འཁོར་གཞན་རྣམས་ལ་བསྡུ་ན་འབྲུ་ལྔ་ཁོ་ནས་དབུ་བརྒྱན་པར་བསམ་པས་ཆོག་པར་བཤད། དེ་རྣམས་ཀྱིས་རང་ལུས་དང་བཅུད་ཀྱི་སེམས་ཅན་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག་ཅིང། ལུས་སྒྲིབ་སྦྱོང་། སྐུའི་དངོས་གྲུབ་འཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་ལྷ་རྟེན་དང་བརྟེན་པར་བཅས་པ། སོ་སོའི་རྣམ་པ་ཤིན་ཏུ་གསལ་བ། དོན་དམ་གྱི་རྣམ་པར་དག་པ་དྲན་པ། རྟག་ཏུ་ང་རྒྱལ་བརྟན་པོ་ལས་མ་གཡོས་པར་ཅི་གནས་སུ་མཉམ་པར་བཞག་པ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་དངོས་གཞི་ཡིན་ནོ། །དེ་ཉིད་རྫོགས་བྱེད་ཀྱི་ཡན་ལག་ཏུ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ནི། རང་གི་སྙིང་གའི་ས་བོན་ཧྲཱིཿལས་འོད་ཟེར་མཁའ་དབྱིངས་ཁྱབ་པར་འཕྲོས་པས་སངས་རྒྱས་སྲས་དང་བཅས་པ་ཆོས་སྐུ་སྤྲོས་བྲལ་དབྱིངས་ལས་མ་གཡོས་བཞིན་དུ། གཟུགས་སྐུ་གང་ལ་གང་འདུལ་གྱི་རོལ་པ་ཅིར་ཡང་འཆར་བ་ལས་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་ནམ་མཁའ་གང་བ་ཙམ་དུ་བྱོན་པར་བསམ་ལ་སྤྱན་འདྲེན་བརྗོད། ཡེ་ཤེས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་མོས་ལ་བཞུགས་གསོལ་དང་། རང་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས་ལྷ་དང་བདག་ཉིད་དབྱེར་མེད་དུ་རྟོགས་པའི་ཚུལ་གྱིས་ཕྱག་བྱ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་སོ་སོར་ཐོགས་ཏེ་ལྷ་རྣམས་ཀྱི་དབང་པོ་དྲུག་ལ་མཆོད་ཅིང་ཐིམ། སྨན་རྩ་བརྒྱད་སྟོང་སྦྱར་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དམ་ཡེ་དབྱེར་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ནས་མཐེབ་སྲིན་ཉི་ཟླའི་གྭའུས་བཅུས་ཏེ་འབུལ་བས་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་མཉེས། སྐྱེས་ལན་གྱི་ཚུལ་དུ་གསང་བ་གསུམ་གྱི་དངོས་གྲུབ་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་སྨན་ཐོད་དུ་འཁྱིལ་བ་མཐེབ་སྲིན་གྱིས་བླངས་ཏེ་ལྕེ་རྡོ་རྗེ་རྩེ་གསུམ་པ་ནས་བརྒྱུད། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་དམིགས། གཏོར་མ་འདོད་ཡོན་ལྔ་ལྡན་གྱི་ལྷ་མོ་སྤྲིན་ཕུང་ལྟར་གཏིབས་པས་མཆོད། རཀྟ་རྒྱུད་དྲུག་འཁོར་བ་རྩད་ནས་བསྒྲལ་བའི་དམར་ཆེན་གྱི་རྒྱ་མཚོ་ལས་ལྷ་མོ་ཐོད་ཞལ་ཐོགས་པ་རྣམས་ཀྱིས་འབུལ་བར་བསམ། སྦྱོར་སྒྲོལ་དང་དོན་ལ་མཆོད་པ་རྣམས་ཀྱང་ཚིག་རྗེས་སུ་དོན་དྲན་བཞིན་པས་མཆོད། རང་ལས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་དང་ཕྱི་ཁྱམས་མཁའ་འགྲོ་ལ་སོགས་པས་དབྱངས་སྙན་གྱི་འགྱུར་བས་གཙོ་བོ་གསུམ་ལ་བརྡ་དོན་རྟགས་ཀྱི་སྒོ་ནས་བསྟོད་ཅིང་འཁོར་རྣམས་ལ་སྤྱིར་དྲིལ་བས་བསྟོད། མཐར་ལྷ་མོ་རྣམས་རང་ལ་ཐིམ་པར་དམིགས། དེ་དག་ནི་སྐུ་བསྐྱེད་པའི་ཏིང་ངེ་འཛིན་རྗེས་འབྲེལ་དང་བཅས་པའོ། །དེ་ནས་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཕྱི་སྲོག་སྦས་ཞི་བ་གསག་སྦྱོང་དབང་སྡུད་ཀྱི་ཚུལ་དུ་བཟླ་བ་ལ་ཛཔ྄་ཀྱི་དགོངས་པ་ཏིང་ངེ་འཛིན་ནི། གཙོ་བོ་དང་ཚེ་དཔག་མེད་རྟ་མགྲིན་ཏེ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཡི་གེ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་འོད་ཟེར་མར་མེ་ལྟར་འབར་བའི་མཐའ་སྐོར་དུ་ཡིག་དྲུག་གཡས་སུ་བསྐོར་བར་བསྒོམ་ལ་བཟླས་པ་བྱ། དེ་ཉིད་ལེགས་པར་གསལ་ཐེབས་ནས་བདག་ཐུགས་རྗེ་ཆེན་པོའི་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་ལ་ཕོག །མཆོད་པས་མཉེས། སྐུའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བྱོན་ནས་རང་ལ་ཐིམ་པས་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ལུས་དབང་དུ་འདུས། སྐུའི་གདུལ་བྱར་གྱུར་པར་བསམ་ལ་བཟླ། སྤྱི་གཙུག་ཚེ་དཔག་མེད་ཀྱི་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གསུང་ལ་ཕོག །མཆོད་པས་མཉེས། གསུང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་ཚུར་བྱོན་ནས་རང་དང་རིགས་བདག་ལ་ཐིམ་པས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ངག་དབང་དུ་འདུས། གསུང་གི་གདུལ་བྱར་གྱུར་པར་བསམ་ལ་བཟླ། ཙིཏྟའི་སྒོ་སྲུང་རྟ་མགྲིན་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཐིང་ཁ་བཻཌཱུརྱ་ཞུན་མའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ལ་ཕོག །མཆོད་པས་མཉེས། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་མཐིང་གའི་རྣམ་པས་ཚུར་བྱོན་པས་རང་དང་རྟ་མགྲིན་ལ་ཐིམ་པས་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ཡིད་དབང་དུ་འདུས། ཐུགས་ཀྱི་གདུལ་བྱར་གྱུར་པར་བསམ་ལ་ཡིག་དྲུག་བཟླའོ། །གཉིས་པ་ནང་ཟབ་མོ་སྐུ་གསུམ་རྫོགས་པ་དགྲ་བགེགས་ཚར་གཅོད་ཀྱི་བཟླས་པ་ནི། བདག་ཉིད་ལྷ་གསུམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ཁྲོ་ཆུང་དཀར་དམར་མཐིང་གསུམ་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སེར་དྲག་བབས་པ་ལྟ་བུ་འཕྲོས། ཞལ་ནས་ཕཊ་སྒྲ་དྲག་པོ་སྒྲོག་ཅིང་ཚ་ཚ་སྐར་མ་ལྟར་འཁྲུགས་པས་སྟོང་གསུམ་བཀང་། ཞི་བས་མི་འདུལ་བའི་བདུད་དང་འབྱུང་པོ་ལོག་འདྲེན་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དྲག་ཏུ་རྡུང་ཞིང་ཚར་བཅད། དེ་ཐམས་ཅད་ཀྱིས་བཀའ་སྡོད་དང་བྲན་ཁོལ་བྱེད་པར་བསམ་ལ་ཡི་གེ་བཅུ་གཅིག་པ་བཟླའོ། །གསུམ་པ་གསང་བ་ཡང་སྙིང་སྲོག་མཐའ་ཅན་ཉམས་རྟོགས་སྤར་བའི་བཟླས་པ་ནི། གཙོ་དང་འཁོར་དུ་བཅས་པའི་ལྷ་ཚོགས་ཐམས་ཅད་ཀྱང་བདག་ཉིད་ཐུགས་རྗེ་ཆེན་པོ་གཅིག་གི་རྣམ་འཕྲུལ་ཡིན་པས་གཅིག་ཏུ་འདུ་སྟེ། རྣམ་པ་སོ་སོར་སྣང་ཡང་ངོ་བོ་གཅིག་ལས་མེད་པས་བདག་གཉིས་མེད་དོན་གྱི་ལྷར་ཤེས་པའི་ངང་རླུང་རང་བབས་དང་སྦྱར་བའི་ཡི་གེ་བདུན་པ་ཡིད་བཟླས་བྱ་སྟེ། དེའང་རྔུབས་པའི་རླུང་ལ་ཨོཾ་དང་མ། གནས་པའི་རླུང་ལ་ཎི་དང་པད། འབྱིན་པའི་རླུང་ལ་མེ་ཧཱུྃ་ཧྲཱིཿརྣམས་སུ་དྲན་པར་བྱས་ལ་ངོས་བཟུང་ཞིང་བཟླས་པས་ཉམས་རྟོགས་ཡེ་ཤེས་སུ་འབར་བར་འགྱུར་རོ། །སྔོན་གྱི་རིག་འཛིན་རྣམས་ཀྱི་བཟླས་པ་སྟོང་ཕྲག་རེའི་མཚམས་སུ་སྟོང་ཚིགས་རེ་ངེས་པར་འབུལ། ཁ་སྐོང་དབྱངས་གསལ་སོགས་རྗེས་སྡུད་སྐབས་སུ་ལན་གཅིག་མཛད་སྲོལ་ལྟར་གྲུབ་ན་ངེས་པར་ལེགས། མི་འགྲུབ་ན་དེང་སང་བྱ་སླའི་ལུགས་ལྟར་ཛཔ྄་ཐམས་ཅད་ཀྱི་རྗེས་སུ་ཁ་སྐོང་དང་མཆོད་བསྟོད་ལྷན་ཅིག་བྱ། དེ་ལྟར་བཟླས་པས་ངག་ཐ་མལ་གྱི་ཞེན་པ་ཟློག །ངག་གི་སྒྲིབ་པ་སྦྱང་། གསུང་གི་དངོས་གྲུབ་ཐོབ་ཅིང་སྨྲ་བའི་སེང་གེར་འགྱུར་རོ། །མཐར་ཆོས་ཉིད་དོན་གྱི་དགོངས་པས་ཡེ་ཤེས་རིག་པ་རང་གསལ་གདབ་པའི་ཚིག་བརྗོད་ཅིང་ཤེས་ན་བར་མཚམས་རྣམས་སུ་ཛཔ྄་དབྱངས་བྱ། དེ་ནས་ཐུགས་རྫོགས་པའི་རིམ་པ་ནི། དེ་ལྟར་བསྐྱེད་ཅིང་སྣང་བའི་ལྷ་ཚོགས་ཐམས་ཅད་རང་གི་སེམས་ལས་གུད་ན་མ་གྲུབ། བསྒྲུབ་བྱའི་ལྷ་སྒྲུབ་བྱེད་ཀྱི་རྟོག་པ་ཐམས་ཅད་ཀྱང་རང་གི་སེམས། ལྷ་དང་ཐ་མལ་དུ་འཛིན་པ་གཉིས་ཀའང་རང་སེམས་ཁོ་ན་ཡིན་ལ། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་ཐམས་ཅད་གང་དུའང་མ་གྲུབ་པས་གདོད་ནས་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་བས་སྣང་སྟོང་གཉིས་སུ་མེད་ཅིང་རང་བབས་ཀྱིས་ཟུང་དུ་འཇུག་པས་མཚན་མར་འཛིན་པའི་བློ་ལས་འདས་པ། སྟོང་གསལ་ཆོས་ཀྱི་སྐུ་བདེ་ཆེན་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་ངང་དུ་བློ་མ་བཅོས་པར་རང་ལུགས་སུ་བཞག་པར་བྱའོ། །དེས་ཡིད་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག ཡིད་ཀྱི་སྒྲིབ་པ་སྦྱོང་། ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་རྟོགས་པའི་ཡེ་ཤེས་མངོན་དུ་འགྱུར་རོ། །འདི་ནི་སྐབས་དང་སྐབས་སུ་བསྒོམ་ཞིང་སྤྱིར་བསྐྱེད་བཟླས་ཐམས་ཅད་ལ་རྒྱས་འདེབས་བྱེད་གལ་པོ་ཆེ་ཡིན་ནོ། །ཐུན་རེ་རེ་བཞིན་གྱི་མཐར་རྗེས་གཞིག་གིས་འོད་གསལ་དུ་བསྡུ་ཞིང་མཉམ་པར་བཞག་སྟེ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། དེའང་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེའང་གྱེན་རྫོགས་སུ་ཡལ་ནས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་བཟུང་། དེའང་ཡལ་ནས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ །སླར་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་མདངས་ཟུང་འཇུག་སྒྱུ་མ་ལྟ་བུའི་གཙོ་བོའི་སྐུར་ལྡངས། གཟུགས་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོ། སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་པ། དྲན་རྟོག་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་ལས་མ་གཡོས་པའི་དྲན་ཤེས་འབྲལ་མེད་དུ་བརྟེན་ལ་སྤྱོད་ཡུལ་ཐམས་ཅད་ལམ་དུ་ཁྱེར། ཚོགས་མཆོད་རྗེས་འབྲེལ་དང་བཅས་པའི་དམིགས་རིམ་ནི་འབྲི་བར་མ་ལོངས་པས་སྤྱི་ལྟར་ཤེས་པར་བྱ། བསྙེན་སྒྲུབ་སྒྲུབ་པའི་སྐབས་དངོས་གྲུབ་བླང་བ་ལ་རྫས་བཤམ་པ་ནི། ཕྱེ་མར་མངར་གསུམ་སྤོད་སྨན་སྦྱར་བ་ཆང་གིས་སྦྲུས་པའི་འབྲང་རྒྱས་དང་། །ཤ་མར་ཐུད་ཕྲུམ་ཁུར་བ་ཤིང་ཏོག ཛ་གད་ཆོས་སྨན་བཏབ་པ་སོགས་བཟའ་བཅའ་བཏུང་བའི་རིགས་དང་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་རྒྱས་པར་བསགས། ཐོ་རངས་སམ་སྔ་དྲོའི་ཆར་ལས་བྱང་གཞུང་བསྲང་། བཟླས་པ་མདོར་བསྡུས་ཀྱི་རྗེས་སུ། ཐུགས་ཀའི་འོད་ཟེར་དམར་པོ་ཤས་ཆེ་བ་འཕྲོས་པས་འཁོར་འདས་བརྟན་གཡོའི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ་ཐུན་མོང་དང་། མཆོག་གི་དངོས་གྲུབ་ཐམས་ཅད་བདུད་རྩི་འཇའ་འོད་ཟེར་ཐིག་གི་རྣམ་པར་བསྡུས་ནས་སྒྲུབ་རྟེན་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ་ཡིག་བདུན་ཤམ་བུར། སརྦ་སིདྡྷི་ཧཱུྃཿཨཱཿབཏགས་པ་ཅི་འགྲུབ་བཟླ། བཀའ་སྲུང་གཏོར་འབུལ་དང་། ཚོགས་འཁོར་རྒྱས་པ་གཏང་། ཆད་མདོ་བརྟན་མ་གཏོར་མནན་བཅས་གྲུབ་པ་དང་ལས་བྱང་ལྟར་དངོས་གྲུབ་བསྐུལ་ཚིག་དབྱངས་སུ་བརྗོད། རྟེན་གཏོར་ལྷར་གསལ་བ་ལས་དབང་བཞི་ལེན་པའི་དམིགས་པ་བྱས་ཏེ་རང་གི་གནས་བཞིར་གཏུགས། ཐུན་མོང་ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། མཆོག་བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ལ་གཏོར་མའི་ལྷ་ཡེ་ཤེས་པ་མདུན་དཀྱིལ་དང་དབྱེར་མེད་དུ་བཞུགས། དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ་གཏོར་མའི་ཆ་ཤས་དང་དངོས་གྲུབ་ཀྱི་རྫས་རྣམས་རོལ། དེ་ནས་གཏང་རག་མཆོད་བསྟོད་དང་ནོངས་བཤགས་རྒྱས་པར་བྱ། མདུན་བསྐྱེད་ཟུར་དུ་བྱས་པའམ་ཚོགས་མགྲོན་རྣམས་རྟེན་དང་དཀྱིལ་འཁོར་རས་བྲིས་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་ལས་བྱང་ཉིད་མཐའ་རྒྱས་སུ་བྱས་པས་འགྲུབ་བོ། །བསྙེན་སྒྲུབ་ཀྱི་ཁ་སྐོང་སྦྱིན་སྲེག་ནི། རྣལ་འབྱོར་ཉེར་གཅིག་གི་ནང་ནས་སྦྱིན་སྲེག་ཕྱི་ནང་གསང་བ་གསུམ་དུ་གསུངས་པ་ཉིད་ཐུན་མཚམས་རྣམས་སུ་རྒྱུན་དུ་གྲུབ་ན་དེ་ཀས་འཐུས་ཀྱང། མི་གྲུབ་ན་སྐབས་འདིར་ཕྱིའི་སྲེག་བླུགས་ཞི་བའི་སྦྱིན་སྲེག་སྤྱི་འགྲོ་ཞིག་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་བཅུ་ཆའི་གྲངས་གསོག་ཏིལ་ལ་བྱས་པ་ཉིད་ལེགས་སོ། །ཀཿཐོག་པས་ལས་བཞིའི་སྦྱིན་སྲེག་བྱ་བར་གསུངས་མོད་ལས་དེ་དང་དེ་དག་སྒྲུབ་པའི་ཆེད་ཡིན་ན་དེ་ལྟར་བྱ་བ་ལས་ཁ་སྐོང་ལ་གོང་དུ་བཤད་པ་ཉིད་ཁུངས་ལྡན་རྣམས་ཀྱི་ཕྱག་ལེན་དུ་སྣང་ངོ་། །ལུགས་འདིར་སྒྲུབ་རྟེན་བཤམས་ཀྱང་བདག་མདུན་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་རྫོགས་པའི་ངེས་ཤེས་བརྟན་པོ་བྱུང་ན་མདུན་བསྐྱེད་ལོགས་སུ་མི་དགོས། རྒྱུན་བསྙེན་ལ་ནི་བདག་བསྐྱེད་ཁོ་ནས་ཆོག དམིགས་པ་མང་པོ་གསལ་མི་ཐེབས་པ་དང་བསྙེན་གྲངས་ཅི་འགྲོ་དགོས་པའི་སྐབས་སུ་ནི་རྗེ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་རྒྱུན་ཁྱེར་ལ་བརྟེན་ན་ལེགས་པར་སྣང་། སྒྲུབ་པའི་སྐབས་སོགས་བདག་མདུན་དབྱེར་མེད་བློས་མི་འཆུན་ན་ཛཔ྄་ཁང་དབྱེ་བའམ་བརྗོད་ཚིག་གཅིག་གིས་བདག་མདུན་དཀྱིལ་འཁོར་གཉིས་མེ་རི་འདབས་འབྲེལ་ཙམ་དུ་བསྒོམས་ལ་འོད་ཟེར་སྤྲོ་བསྡུ་སོ་སོར་བྱ། བཟླས་པའི་སྐབས་ཡིག་དྲུག་བསྙེན་པ། ཡི་གེ་བཅུ་གཅིག་སྒྲུབ་པ། ཡིག་བདུན་མཆོག་གི་ལས་སྦྱོར་དུ་གསུངས་ཀྱང་། བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་སུ་བཟླས་པའི་དངོས་གཞི་ཡིག་བདུན་དང་ཏིང་ངེ་འཛིན་ཕྱི་སྒྲུབ་ལྟར་སྦྱོར། ཐུན་མཇུག་བར་ཆད་སེལ་བྱེད་ཡི་གེ་བཅུ་གཅིག་པ་བརྒྱ་རྩ་ཙམ་བཟླ་བར་མཛད་དེ་རཏྣའི་གསང་འདུས་དང་མཚུངས་པར་སྣང་ངོ་། །དེ་ལྟ་བུའི་སྒོམ་བཟླས་བྱས་པའི་ཕན་ཡོན་ནི་ཚད་མེད་དེ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་ལས་སྐུ་སྒོམ་པ་དང་མཚན་དྲན་པ་ཙམ་ལའང་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཚད་མེད་པར་གསུངས་ཏེ། རྩ་རྒྱུད་པདྨ་དྲྭ་བ་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམ་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་པ་འདག་པར་བྱེད། །ཅེས་གསུངས་པས་མཚོན་ནོ། །ངག་ཏུ་བཟླ་བྱའི་སྔགས་ལའང་ཡིག་དྲུག་ལས་ཕན་ཡོན་ཆེ་བ་མེད་ཅིང་དེའི་ཕན་ཡོན་གཞིར་བཞག །དེ་སྟེང་ཐུགས་སྲོག་ཧྲཱིཿབསྣན་པ་ཡི་གེ་བདུན་པའི་ཕན་ཡོན་ནི། ཡང་འདུས་རྒྱུད་ལས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་ཅིག་བརྗོད་པ་ཡི༔ བསོད་ནམས་བགྲང་བར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་ཉིད་ཡིན་ཕྱིར༔ བར་ཆད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་དང༔ སྒོམ་བཟླས་འབྲི་འཆང་བཏོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་དང་། གསང་འདུས་རྒྱུད་ལས་ཀྱང་། དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་འཛད༔ ཡིག་བདུན་ཡོན་ཏན་ཟད་མི་ཤེས༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་། བཟླས་དམིགས་འདིའང་རྒྱུད་ལས། རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད༔ སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་འཆད༔ བདག་ལ་དངོས་གྲུབ་རྒྱུན་མི་འཆད༔ རྒྱུན་ཆད་མེད་པ་སུམ་ལྡན་གྱི༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་འདིར༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཞེས་གསུངས་པ་ལྟར་དགོས་པ་དང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་པས། ཐར་འདོད་རྣམས་ཀྱིས་དལ་འབྱོར་ཐོབ་ཅིང་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དོན་གོ་འདི་ཙམ་ལ་གཡར་དམ་དུ་བྱས་ན་གཏན་བདེའི་གོ་འཕང་བླ་ན་མེད་པ་བདེ་བླག་ཏུ་འགྲུབ་པར་ངེས་སོ། །ལྷ་གཅིག་བསྒྲུབས་པས་རྒྱལ་ཀུན་འགྲུབ་འགྱུར་ལ། །སྔགས་གཅིག་བཟླས་པས་གསང་རིག་གཟུངས་སྔགས་ཀྱི། །འབྲས་ཀུན་འབྱིན་པའི་དཔག་བསམ་གྲིབ་བསིལ་འདིར། །ཡུན་རིང་སྲིད་ལམ་དུབ་རྣམས་ངལ་གསོས་ཤིག །ཐུགས་རྗེ་དུས་མཐའི་ཉིན་བྱེད་རབ་འབར་བས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ་པ་དང་། །སྐྱེ་དགུ་ཐར་པའི་གྲོང་དུ་དབུགས་འབྱིན་པའི། །ཕྱག་ན་པད་མོའི་ཕྲིན་ལས་བདག་འགྲུབ་ཤོག །ཅེས་པ་འདིའང་དམིགས་པ་མེད་པའི་ཐུགས་རྗེའི་མངའ་བདག་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བཀའ་ཕེབས་པ་དང་རྗེ་དབོན་མཛོད་པས་ནན་དུ་བསྐུལ་ཀྱང་རིམ་ལུས་སུ་གྱུར་པ། སླད་ནས་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱིས་འདི་ཉིད་ཉམས་ལེན་མཁན་ལ་མཐུན་རྐྱེན་སྦྱོར་ཞིང་ཆེད་དུ་བསྐུལ་བར་མཛད་པ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། །དགེ་འོ། །དགེ་འོ། །དགེ་འོ།། །།

བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་ (Volume 22, Text 10)

༁ྃ༔ བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་བཞུགས་སོ༔ ྈྈྈྈྈྈ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་དང༔ དབྱེར་མེད་བླ་མ་ཨོ་རྒྱན་རིན་པོ་ཆེས༔ རྗེས་བཟུང་བུད་མེད་མཚོ་རྒྱལ་བློ་དམན་ཡང༔ གུ་རུས་བྱིན་བརླབས་བཀའ་ཡི་བསྡུ་བར་གནང༔ མི་བརྗེད་གཟུངས་ཐོབ་མ་འོངས་ཕྱི་མའི་དོན༔ བཀའ་གཙང་ཟོལ་མེད་བརྡ་ཡི་ཡི་གེར་བཏབ༔ དེ་དག་ནང་ནས་ཟབ་པ་ཁྱད་པར་ཆོས༔ པདྨའི་སྙིང་ཏིག་རྫོགས་ཆེན་མ་བུའི་སྐོར༔ བདག་ཅག་རྗེ་འབངས་འདུས་པ་ཕྱི་མ་དང༔ ཁྱད་པར་ལྷ་ཡི་སྲས་པོ་ལྕམ་དྲལ་རྣམས༔ སྐྱེ་བ་བརྒྱུད་པའི་དོན་དུ་བཀའ་རྒྱས་གདམས༔ དེ་ཡི་སྙིང་པོ་ཐུགས་རྗེའི་མན་ངག་འདི༔ བླ་མའི་གསུང་བཞིན་ཡི་གེའི་རིས་སུ་བྲིས༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ ན་མོ་གུ་རུ༔ རྫོགས་ཆེན་སྙིང་པོའི་དོན་སྒོམ་པ་རྣམས་ཀྱིས་བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཀུན་འདྲིལ་ཡིད་བཞིན་ནོར་བུ་འདི་ལ་བྱ་སྟེ༔ གནས་དབེན་པར་ཕྱི་ནང་གི་འབྲེལ་བ་བཅད༔ བདེ་བའི་གདན་ལ་འཁོད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ བྱང་ཆུབ་ཏུ་སེམས་བསྐྱེད༔ ཚད་མེད་བཞི་བསྒོམ༔ དེ་ནས་ལྷའི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ རང་རིག་སྟོང་གསལ་ཆེན་པོའི་ངང་ལས་ངག་ཏུ་ཧྲཱིཿཧྲཱིཿཞེས་བརྗོད་པས་སྣོད་བཅུད་པདྨ་དབང་གི་ཞིང་ཁམས་དང་རྡོ་རྗེ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་དབུས་སུ༔ པདྨ་དང་ཉི་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སྐུ་མདོག་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པར་ཉི་འོད་ཁྱབ་པ་ལྟ་བུ༔ ཞལ་གཅིག་ཕྱག་བཞི་པ༔ འཛུམ་ཞིང་ཆགས་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་བསྣམས་པ༔ ཡུམ་ཡི་གེ་དྲུག་མ་གསང་བ་ཡེ་ཤེས་དམར་མོ་ཌཱ་མ་རུ་དང་ཐོད་ཆང་བསྣམས་པས་འཁྲིལ་བ༔ གཉིས་ཀའང་དར་དང་རིན་ཆེན་རུས་པ་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ་བའི་ཀློང་ན་བཞུགས་པ༔ འཁོར་ལོ་ལྔའི་དབུས་སུ་རིགས་ལྔ་ཡབ་ཡུམ་དང༔ དབང་པོ་བཞིའི་གཡས་གཡོན་དུ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱོར་ཞིང༔ དཔུང་པ་གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་མ༔ སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་ཁྲོ་ཆེན་བཞི༔ བ་སྤུའི་བུ་ག་ཐམས་ཅད་དུ་བསྐལ་བཟང་གི་སེམས་དཔའ་སྟོང་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་ཤིགས་སེར་བཞུགས་པ༔ སྤྱི་བོའི་གཙུག་ཏུ་པདྨ་དང་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་པདྨ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདེ་བའི་དབང་ཕྱུག་མ་དམར་སྐྱ་པདྨ་དྲིལ་བུ་འཛིན་པ་འཁྲིལ་བ༔ གཉིས་ཀའང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེ་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་ཀློང་ན་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་སྤྱན་དྲངས་པར་བསམ་ལ༔ གདུང་བའི་དབྱངས་དང་བཅས་ཏེ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རི་པོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ནས༔ རྩ་གསུམ་རྒྱ་མཚོ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ལོ་ཀེ་ཤྭ་ར་པདྨ་རཱ་ཛ་བཛྲ་ས་མ་ཡ་ཛཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཡང་ཡང་བརྗོད༔ བྱིན་ཕེབས་པའི་རྟགས་བྱུང་བ་ན་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ཞེས་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པར་བསམ༔ སླར་ཡང་དབང་གི་ལྷ་ནམ་མཁའ་གང་བར་བྱོན་ནས་བདུད་རྩིའི་དབང་བསྐུར་བས་བྱིན་གྱིས་བརླབས༔ ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་པས་དབུར་བརྒྱན༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱག་མཆོད་བསྟོད་པ་བྱེད་པར་བསམ་ལ༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ སྐུ་མདོག་དམར་པོ་རྗེས་ཆགས་ཡེ་ཤེས་འབར༔ ཉག་གཅིག་ཞལ་དང་ཚད་མེད་བཞི་ཡི་ཕྱག༔ ཆོས་སྐུའི་རང་བཞིན་འོད་གསལ་རྡོ་རྗེར་སྡོམ༔ ལོངས་སྤྱོད་ཡོངས་རྫོགས་རིན་ཆེན་ཕྲེང་བ་འདྲེན༔ སྤྲུལ་པའི་རྣམ་འཕྲུལ་པདྨ་རྒྱས་པ་འཆང༔ གསང་བ་ཡེ་ཤེས་བདེ་ཆེན་གཉིས་མེད་སྦྱོར༔ སྣང་སྟོང་མཚན་དཔེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ དྲི་ཞིམ་རོ་བཅུད་འཇམ་འཁྲིལ་རེག༔ ཟག་མེད་ཆོས་ཀུན་འབྱུང་བའི་གནས༔ ཡེ་ཤེས་དབྱིངས་སུ་མཆོད་པར་འབུལ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཨཱ་ལི་ཀཱ་ལི་རང་བྱུང་སྔགས་ཀྱི་སྒྲས༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་ཆེན་འབེབ༔ ཕྱི་ནང་ས་ཆུ་མེ་རླུང་འབྱུང་བ་བཞི༔ འགྲོ་བ་རིགས་དྲུག་སོ་སོའི་སྒྲ་སྐད་ཀུན༔ ཡི་གེ་དྲུག་པའི་སྔགས་ཀྱི་དབྱངས་སུ་བསྒྱུར༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛད་པའི༔ གྲགས་སྟོང་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཡིད་འཕྲོག་རྡོ་རྗེའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ནས༔ སྙོམས་འཇུག་དགའ་བཞིའི་སྒྱུ་རྩལ་མཆོག༔ ཟག་མེད་བདེ་ཆེན་རྒྱས་ཕྱིར་འབུལ༔ མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་དབྱིངས་སུ་སངས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས༔ འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ༔ སངས་རྒྱས་ཀུན་དང་དབྱེར་མེད་བཅོམ་ལྡན་འདས༔ ལྷུན་གྲུབ་རྩོལ་མེད་ཕྲིན་ལས་མཁའ་དང་མཉམ༔ གདོད་ནས་རྣམ་དག་རང་བྱུང་ཆོས་ཀྱི་སྐུ༔ རིག་སྟོང་འོད་གསལ་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཁྱད་པར་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་མཆོད༔ ཉོན་མོངས་བསྒྲལ་པའི་རཀྟས་མཆོད༔ བརྗིད་ལྡན་འདོད་ཡོན་གཏོར་མས་མཆོད༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ གར་གྱི་དབང་ཕྱུག་ཁྱབ་བདག་ཀུན་ཏུ་བཟང༔ གསང་བ་ཡེ་ཤེས་བཟང་མོ་གཉིས་མེད་སྦྱོར༔ རིགས་འདུས་བླ་མ་གཙུག་གི་རྒྱན་དུ་འཆང༔ ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཐམས་ཅད་ཀུན༔ ཞི་ཁྲོ་རབ་འབྱམས་རྩ་གསུམ་འཁོར་ལོར་རྫོགས༔ དྲན་པས་གདུང་སེལ་དངོས་གྲུབ་གཏེར་གྱི་མཛོད༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཉེས་བྱས་བཤགས་ཤིང་དངོས་གྲུབ་གསོལ་བ་ནི༔ ཧོ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་ཉོན་མོངས་འཁྲུལ་པའི་གཞན་དབང་གིས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཚོར་དང་མ་ཚོར་སྡིག་ལྟུང་ཉམས་ཆག་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལྟ་བུའི་ལུས༔ དད་དང་སྙིང་རྗེ་ཤེས་རབ་ཏིང་འཛིན་སྒོ༔ མངོན་ཤེས་རྗེས་དྲན་གཟུངས་དང་སྤོབས་པའི་གཏེར༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་རྣམ་པ་བཞི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ལྷ་སྔགས་ཡེ་ཤེས་དཀྱིལ་འཁོར་ལ་བརྟེན་ནས༔ ཐུགས་རྗེ་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་ནས་ཀྱང༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་ཅིང་ལྷ་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག་གོ༔ དེ་ནས་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ལ༔ དང་པོ་བསྙེན་པའི་རིམ་པ་ནི༔ སྤྱི་བོའི་བླ་མ་ལ་མོས་གུས་རྩེ་གཅིག་པས༔ ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ གུ་རུ་པདྨ་རྡོ་རྗེ་འཆང༔ བདག་ལ་རེ་ས་གཞན་ན་མེད༔ ཡེ་ཤེས་ཐུགས་རྗེས་དགོངས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་པས༔ གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་རིམ་དང་གཅིག་ཅར་དུ་བྱུང༔ རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་བཟླས་བརྗོད་འབུམ་ཕྲག་བཞི་བྱའོ༔ གཉིས་པ་སྒྲུབ་པ་ནི༔ རང་གི་སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་དུ་འཁོད་པ་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་འབུམ་ཕྲག་བདུན་བཟླའོ༔ གསུམ་པ་ལས་སྦྱོར་ནི༔ སླར་ཡང་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་ཁྱབ༔ མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་གསལ་བར་བྱས༔ བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བའི་འོད་ཀྱིས་རིགས་དྲུག་གི་སེམས་ཅན་ལ་ཕོག༔ དེ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས༔ སྣང་གྲགས་འགྱུ་གསུམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ གང་ལ་གང་འདུལ་བའི་མཆོག་དང་ཐུན་མོང་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤྱི་དྲིལ་གྱི་ལས་སྦྱོར་དང༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་པདྨ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སཾམྱཀ་སཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་པདྨ་ཤྭ་རི་རཱ་ཡ༔ པདྨ་ཨུཥྞཱི་ཥཱ་ཡ༔ པདྨ་ལོ་ཙ་ནཱ་ཡ༔ པདྨ་མུ་ཁཱ་ཡ༔ པདྨ་ཧསྟཱ་ཡ༔ པདྨ་བ་ད་ནཱ་ཡ༔ པདྨ་དྷ་ར་ཎཱ་ཡ༔ པདྨ་ཛྙཱ་ནཱ་ཡ༔ པདྨ་པཱ་དཱ་ཡ༔ པདྨ་ཨཾ་གུ་ཤཱ་ཡ༔ པདྨེ་ཤྭ་རཱ་ཡ༔ པདྨ་བཛྲ་གརྦྷཱ་ཡ༔ པདྨ་སཾ་གྲ་ཧཱ་ཡ༔ པདྨ་སུ་ཁཱ་ཡ༔ པདྨ་ཕུལླཱ་ཡ༔ པདྨ་པྲ་བྷཱ་ཡ༔ པདྨ་ཏེ་ཛཱ་ཡ༔ པདྨ་བི་ཤྲནྟཱ་ཡ༔ པདྨ་སིཾ་ཧ་ནཱ་དཱ་ཡ༔ པདྨ་ལོ་ཀེ་ཤྭ་རཱ་ཡ༔ པདྨ་ཁ་ཙརྻཱ་ཡ༔ པདྨ་ག་ག་ན་རཱ་ཛཱ་ཡ༔ པདྨ་ཀྲཱི་ཏི་གརྦྷཱ་ཡ༔ པདྨ་བཱི་བྷ་ཡཱ་ཡ༔ པདྨ་ཙིནྟ་ཙཀྱཱ་ཡ༔ པདྨ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ པདྨ་ཨ་མོ་གྷ་པཱ་ཤཱ་ཡ༔ པདྨ་ཙིནྟ་མ་ཎཱི་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ མ་མ་སརྦ་སཏྭཱ་པཱ་པཾ་ཀླེ་ཤ་ཤོ་དྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ༔ ཧ་ན་ཧ་ན༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ ད་ཧ་ན་ད་ཧ་ན༔ སིཉྩ་ཡ་སིཉྩ་ཡ༔ སརྦ་མ་ལ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ དེ་ལྟར་ལས་སྦྱོར་སྤྱི་དྲིལ་གཟུངས་སྔགས་དང་བཅས་པ་འདི་ཁྲི་ཕྲག་གཅིག་བཟླས་པས་ཚེ་རབས་འཁོར་བ་གྲངས་མེད་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང༔ འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་འབྱོར་པ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ལ་དབང་འབྱོར་བར་འགྱུར་རོ༔ ཐུན་མཚམས་སུ་ཅི་འབྱོར་བའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ༔ གཏོར་མགྲོན་སྤྱན་དྲང་བ་ནི༔ ཧྲཱི༔ བླ་མ་ཡི་དམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ བདག་ཅག་ཚོགས་གསག་མཆོད་པ་བཞེས་སླད་དུ༔ ཡེ་ཤེས་སྒྱུ་མའི་རོལ་པས་གནས་འདིར་གཤེགས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་རཱ་ཛ་ས་པ་རི་ཝ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཨཱ་ས་ན་ཏིཥྛཱནྟུ༔ ཞེས་པས་མདུན་གྱི་ནམ་མཁར་བཞུགས་པ་ལ་གཏོར་མ་འབུལ་བ་ནི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་པདྨཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ༔ ཞེས་ལན་བདུན་གྱིས་ཕུལ༔ མཆོད་ཅིང་བསྟོད་ལ་ཕྲིན་ལས་གསོལ་བ་ནི༔ ཧྲཱི༔ ཉེར་སྤྱོད་འདོད་ཡོན་བདེ་བ་ཆེ༔ སྨན་རག་གཏོར་ཚོགས་བསམ་མི་ཁྱབ༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་པདྨ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ མཁའ་ཁྱབ་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཀུན་ཏུ་སྟོན༔ བླ་མ་ཐུགས་རྗེའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་ལམ་གྱི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ནོངས་པ་བཤགས་ཤིང་ཡེ་ཤེས་ལྷ་ཚོགས་རང་ལ་བསྟིམ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ རང་ཉིད་གཞི་ལུས་ལྷ་དང་བཅས་པ་ལ་ཐིམ་ཞིང༔ དེའང་ཐུགས་སྲོག་ཧྲཱིཿའི་བར་དུ་འདུས་ནས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་གྱུར་པར་བསམ་ལ་མཉམ་པར་བཞག༔ སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་བླ་མ་རིགས་ཀྱི་བདག་པོར་བཞུགས་པའི་སྐུར་ལམ་སྟེ་གྱུར་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ་ཞེས་སྒོ་གསུམ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ༔ དགེ་བའི་རྩ་བ་འདི་ཡིས་བདག་གཞན་འགྲོ༔ སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས༔ ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ འགྲོ་འདུལ་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག༔ བྱིན་རླབས་སྤྲིན་ཕུང་བླ་མ་རྡོ་རྗེ་འཆང༔ དངོས་གྲུབ་ཆར་འབེབ་ཡི་དམ་ཐུགས་རྗེའི་གཏེར༔ འཁོར་བ་དོང་སྤྲུགས་བདེ་གཤེགས་སེམས་དཔའི་ཚོགས༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་བཀྲ་ཤིས་བྱ༔ ཐུན་མཚམས་ཐམས་ཅད་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གསག་སྦྱོང་ལ་བརྩོན་པར་བྱའོ༔ དེ་ལྟར་འབད་པས་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་བླ་མ་དང་ཡི་དམ་གྱི་ཞལ་མཐོང་བ༔ གསུང་ཐོས་པ༔ ཡེ་ཤེས་རྒྱུད་ལ་སྐྱེ་བ་སོགས་རྟགས་མཐོང་ཞིང༔ ཕྱིར་མི་ལྡོག་པའི་ས་ལ་རེག་པར་འགྱུར་རོ༔ བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་རོ༔ ས་མ་ཡ༔ དེ་ལྟ་བུའི་བླ་མ་དང་ཡི་དམ་གྱི་རྣལ་འབྱོར་བསྐྱེད་པའི་རིམ་པ་ལ་བསླབ་པ་ནི༔ གནས་དབེན་པར་མཚམས་དམ་དུ་བཅད༔ མ་རྡལ་དང་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་ཚོགས་དང་བཅས་པ་བཤམ༔ སྐྱབས་སེམས་དང་གསག་སྦྱོང་ནན་ཏན་དུ་བྱ༔ དངོས་གཞིར་དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ནས་ཡེ་ཤེས་པ་སྤྱན་དྲང་བ་སོགས་ལས་རིམ་གསལ་བར་བསྒོམ༔ དེ་ནས་ཐོག་མར་སྤྱི་བོའི་བླ་མའི་སྐུའི་གསལ་སྣང་ལ་སེམས་གཟུང༔ འོད་ཟེར་འཕྲོས་འདུས་དབང་བཞི་བླང༔ བླ་མ་རང་ལ་བསྟིམ༔ རླུང་རོ་བསལ༔ ལུས་གནད་བསྲང༔ རླུང་ནང་དུ་ཅུང་ཟད་འཛིན་པ་དང་བཅས་རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་བློ་བཞག༔ གསལ་སྣང་སྐྱེས་པ་ན་སེམས་དང་བསྲེས་ཏེ་དྭངས་གསལ་རྙོགས་མེད་ཀྱི་ངང་དུ་རྩེ་གཅིག་སེམས་བཟུང༔ སྐབས་སུ་ང་རྒྱལ་དྲག་ཏུ་བརྟན༔ མཐར་ཆོས་ཉིད་གཉུག་མའི་ཡེ་ཤེས་ཞི་བ་ཆོས་ཀྱི་སྐུའི་ཡོན་ཏན་གཟུགས་ཀྱི་སྐུར་ཤར་བའི་དག་དྲན་ལ་བསླབ༔ དེ་ལྟ་བུ་ཡང་ནས་ཡང་དུ་གོམས་པས་རྩ་བའི་ལྷ་སྐུ་ལ་གསལ་བརྟན་ཚད་དུ་ཕྱིན་པ་ན༔ ལུས་དཀྱིལ་གྱི་ལྷ་དང༔ མཐར་སྣང་སྲིད་དག་པ་རབ་འབྱམས་སུ་ལམ་དུ་ཁྱེར་བས་ཐ་མལ་གྱི་སྣང་བ་དང༔ དེར་ཞེན་པ་དང༔ དེ་དང་རྗེས་སུ་འབྲེལ་བའི་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སྒྱུ་མའི་ཚུལ་དུ་རང་ཤར་ན་བསྐྱེད་རིམ་གྱི་གྲུབ་མཐའ་སྙོགས་པ་ཡིན་ནོ༔ དེའི་ཡན་ལག་ཏུ་བཟླས་བརྗོད་ཀྱི་སྒོ་ནས་བསྙེན་ཅིང་སྒྲུབ་པ་ལ༔ བདག་བསྐྱེད་ལ་བརྟེན་ནས་བསྙེན་པ་དང༔ སྒྲུབ་པ་དང༔ ལས་ལ་སྦྱར་བ་ནི་གོང་དུ་བཤད་པ་ལྟར་གྲངས་དང་རྟགས་མཐར་ཕྱིན་པར་བྱའོ༔ དེ་ནི་བསྙེན་པ་ལས་ཕྱེ་བའི་བསྙེན་སྒྲུབ་ལས་གསུམ་མོ༔ དེ་ནས་མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་བྱ་བར་འདོད་ན༔ དབེན་པར་ཕྱི་ནང་གི་མཚམས་བཅད༔ བཀྲ་ཤིས་པའི་ས་དམར་པོ་བླངས་ལ་མ་རྡལ་ཟླུམ་པོ་མདའ་གང་ཁྲུ་བཞི་པ་ངོས་སྙོམས་པའི་དབུས་སུ་བདུད་རྩིས་ཆག་ཆག་གདབ༔ དཀྱིལ་འཁོར་སྒོ་རྫོགས་སམ་མེ་ཏོག་གི་ཚོམ་བུའི་སྟེང་དུ་ཁྲིའུའི་ཁར་ཟངས་ཀྱི་བུམ་པ་མྱོང་གྲོལ་རིལ་བུས་གང་བའི་ཁར་བདུད་རྩིའི་ཐོད་པ་དང་སིནྡྷུ་རའི་མེ་ལོང་རྩ་སྔགས་ཀྱིས་བརྒྱན་པའི་སྟེང་བླ་མའི་གཏོར་ཆེན་རྣམས་བཀོད༔ མཐར་ཕྱི་ཉེར་སྤྱོད༔ ནང་འདོད་ཡོན༔ གསང་བ་སྒེག་སོགས་རིག་མའི་གཟུགས་བརྙན༔ རྨད་དུ་བྱུང་བ་སྨན་རག་གཏོར་ཚོགས་རྣམས་ཕྱོགས་བཞིར་དགྲམ༔ སྤོས་དང་རོལ་མོར་བཅས་ཡེ་ཤེས་ཀྱི་གཟི་བྱིན་དབབ་པ་རྣམས་སྟ་གོན་དུ་བྱ་བའོ༔ དེ་ནས་དངོས་གཞིར་སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཚད་མེད་བཞི་བསྒོམ་པ༔ ཚོགས་གསག་པ༔ བགེགས་བསྐྲད་ཅིང་མཚམས་གཅད་པ༔ གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་རྣམས་སྤྱི་ལྟར་བྱས་ལ༔ བདག་གི་རྣལ་འབྱོར་བཟླས་བརྗོད་དང་བཅས་པ་སྔོན་དུ་འགྲོ་བས་མདུན་རྟེན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ངག་ཏུ་ཧྲཱིཿཧྲཱིཿཞེས་བརྗོད་པས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སྟེགས་བུ་ལ་གནས་པའི་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་གསལ་བརྟན་འོད་ཟེར་རབ་ཏུ་འབར་བ༔ དེའི་དབུས་སུ་བྷྲཱུྃ་ལས་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ༔ ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཕྱི་ནང་སྒྲིབ་མེད་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པའི་སྙིང་པོར་ཟླ་བའི་དཀྱིལ་འཁོར་ཧྲཱིཿཡིག་དམར་པོས་མཚན་པ༔ དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་དམར་པོ་རྩེ་ལྔ་པ་འོད་འབར་བ་ཧྲཱིཿཡིག་གིས་མཚན་པ་ལས་གཞལ་དུ་མེད་པའི་འོད་ཟེར་འཕྲོས༔ འཕགས་པ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བཀོད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སྐུ་མདོག་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པར་ཉི་འོད་ཁྱབ་པ་ལྟ་བུ༔ ཞལ་གཅིག་ཕྱག་བཞི་པ༔ འཛུམ་ཞིང་ཆགས་ལ་ཅུང་ཟད་ཁྲོ་བོའི་ཉམས་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་བསྣམས་པ༔ ཡུམ་ཡི་གེ་དྲུག་མ་གསང་བ་ཡེ་ཤེས་དམར་མོ་ཌཱ་མ་རུ་དང་ཐོད་ཆང་བསྣམས་པས་འཁྲིལ་བ༔ གཉིས་ཀའང་དར་དང་རིན་ཆེན་རུས་པ་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ་བའི་ཀློང་ན་བཞུགས་པ༔ དེའི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་པདྨ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདེ་བའི་དབང་ཕྱུག་མ་དམར་སྐྱ་པདྨ་དྲིལ་བུ་འཛིན་པ་འཁྲིལ་བ༔ གཉིས་ཀའང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེ་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་ཀློང་ན་རོལ་པ༔ གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་མ༔ གཉིས་ཀའང་སྐུ་མདོག་དམར་གསལ་གཞོན་ཞིང་འཛུམ་པའི་ཉམས་ཅན༔ ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་པདྨ་དམར་པོ་འཆང་བ༔ དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་ཞབས་སེམས་སྐྱིལ་གྱིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས་པ༔ པད་འདབ་བཞིའི་ལྟེ་བར་ཟླ་བའི་གདན་ལ་མདུན་དུ་རྣམ་པར་སྣང་མཛད༔ ཤར་དུ་རྡོ་རྗེ་སེམས་དཔའ༔ ལྷོར་རིན་ཆེན་འབྱུང་ལྡན༔ ནུབ་ཏུ་སྣང་བ་མཐའ་ཡས༔ བྱང་དུ་དོན་ཡོད་གྲུབ་པ་རྣམས་རང་རང་གི་རིགས་ཀྱི་ཡུམ་དང་མཉམ་པར་སྦྱོར་བ༔ དེའི་ཕྱི་རོལ་མུ་ཁྱུད་སྣ་ཚོགས་པདྨ་འདབ་མ་བརྒྱད་ལ་ཟླ་བའི་སྟེང་དུ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་འཁྲིལ་སྦྱོར་དུ་རོལ་བ༔ དེའི་ཕྱི་རོལ་དུ་མུ་ཁྱུད་རིམ་པ་བཞིར་པད་འདབ་སྟོང་དང་ཟླ་བའི་གདན་ལ་བསྐལ་བཟང་གི་སེམས་དཔའ་སྟོང༔ ཁྱམས་ཀྱི་ཕྱོགས་བཞི་སྟེང་འོག་རྣམས་སུ་སྤྲུལ་སྐུ་ཐུབ་པ་དྲུག༔ སྒོ་བཞིར་ཉི་མ་ལ་གནས་པའི་མཐར་བྱེད་སྒོ་བ་ཡབ་ཡུམ་བརྒྱད་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ་བའི་སྟེང་གི་ནམ་མཁར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ འཇིག་རྟེན་དབང་ཕྱུག་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཁའ་ཁྱབ་ཏུ་སྤྱན་དྲང་བར་བསམ་ལ༔ སྤྱན་འདྲེན་ནས་བསྟོད་བཤགས་ཀྱི་བར་གོང་ལྟར་བྱའོ༔ དེ་ནས་བསྙེན་པའི་དམིགས་བཟླས་ཅུང་ཟད་སྔོན་དུ་འགྲོ་བས༔ གཙོ་བོར་སྒྲུབ་པའི་དམིགས་བཟླས་ནི༔ རང་གི་སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་དུ་འཁོད་པ་ལས་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་བར་མ་ཆད་པར་བྱུང་བ་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་ལ་ཡི་གེ་བདུན་པ་འབུམ་ཕྲག་གསུམ་མམ༔ གཉིས་སམ༔ གཅིག་གིས་མཐའ་རྟེན་པ་བཟླའོ༔ ལས་སྦྱོར་ལ་ཐུན་མོང་དང༔ ཁྱད་པར་གཉིས་ལས༔ དང་པོ་ནི༔ སླར་ཡང་རང་གི་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ༔ གསལ་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བའི་འོད་ཀྱིས་རིགས་དྲུག་གི་སེམས་ཅན་ལ་ཕོག༔ དེ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས༔ སྣང་གྲགས་འགྱུ་གསུམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ གང་ལ་གང་འདུལ་བའི་མཆོག་དང་ཐུན་མོང་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་ལ་གཟུངས་སྔགས་ཁྲི་ཕྲག་གཅིག་བཟླའོ༔ གཉིས་པ་ཁྱད་པར་གྱི་ལས་སྦྱོར་ནི༔ དེ་ལྟ་བུའི་སྒྲུབ་པའི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པས་གཞན་དོན་ལས་སྦྱོར་དྲུག་བྱ་བ་སྟེ༔ དང་པོ་སྐུ་ཕྱག་རྒྱ་མཐོང་གྲོལ་ནི༔ ས་གའམ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཟུང༔ རས་འདུལ་ལེགས་པར་བྱས་པའི་གཞི་ལ་མྱང་གྲོལ་རྫས་ཀྱིས་བྱུགས༔ ལྷ་བཟོ་དམ་ཚིག་ལྡན་པས་གཙོ་བོ་རིགས་བདག་དང་བཅས་པའི་སྐུ་མཚན་ཉིད་དང་ལྡན་པར་བྲིས་པའི་གཤམ་དུ༔ བསྙེན་སྒྲུབ་ལས་སྦྱོར་གྱི་གཟུངས་སྨོན་ལམ་དང་བཅས་བྲི༔ ཚེས་བརྒྱད་ཀྱི་ཉི་མ་འཆར་ཁར་སྤྱན་དབྱེ་རབ་གནས་ལེགས་པར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་དགྲམ༔ མཆོད་ཚོགས་ཇི་ལྟར་འབྱོར་པ་བཤམ༔ བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བྲིས་སྐུ་བསང་སྦྱང༔ སྟོང་པའི་ངང་ལས་གཙོ་བོ་རིགས་བདག་ལུས་དཀྱིལ་དང་བཅས་པ་བདག་བསྐྱེད་ལྟར་གསལ་གདབ་ཅིང་བསྟོད་བཤགས་བར་བྱ༔ བཟླས་པའི་སྐབས་སུ་བབ་པ་ན༔ རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ མདུན་བསྐྱེད་གཙོ་བོ་རིགས་བདག་ལུས་དཀྱིལ་དང་བཅས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་སྐུ་དགྱེས་པའི་གཟི་བྱིན་བསྐྱེད༔ གསུང་སྔགས་ཀྱི་སྒྲ་ཆེན་པོ་བསྒྲགས༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས༔ འཕགས་པ་རྣམས་མཆོད༔ སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད༔ འོད་ཟེར་ཚུར་འདུས་པ་དང་ལྷན་ཅིག་ཏུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་ལྷ་སྔགས་འོད་ཟེར་གྱི་རྣམ་པས་མདུན་བསྐྱེད་ལ་ཐིམ༔ བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ་བའི་བདག་ཉིད་ཆེན་པོར་གྱུར་པར་བསམ་ལ་བསྙེན་སྒྲུབ་ཀྱི་སྔགས་ཅི་རིགས་དང༔ གཙོ་བོར་ལས་སྦྱོར་གྱི་གཟུངས་ཁོ་ན་བཟླ༔ ཐུན་མཚམས་མཆོད་བསྟོད་གཏོར་མ་འབུལ་བ་སོགས་བྱ༔ རྟེན་འདི་མཐོང་ཐོས་དྲན་རེག་ཀུན༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་ཁྱད་པར་གྱི་སྨོན་ལམ་མང་དུ་གདབ༔ དེ་ལྟ་བུའི་རིམ་པས་ཚེས་བཅོ་ལྔའི་བར་དུ་བསྒྲུབ༔ བྲིས་སྐུ་ལས་སྒྲ་དང་འོད་ཟེར་འཕྲོ་བ་བྱུང་ན་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དངོས་དང་དབྱེར་མེད་པར་འགྱུར་རོ༔ གང་ལྟར་ཡང་ཚེས་བཅོ་ལྔའི་ཉི་མ་འཆར་ཀའི་དུས་མཆོད་པ་རྒྱ་ཆེར་བྱས་ལ་གཙུག་ལག་གི་སྒོ་ཁང་ངམ༔ ལམ་སྲང་གི་གཞི་མདོ་ལྟ་བུ་ཀུན་གྱིས་མཐོང་བའི་སར་བརྟན་པར་བཞུགས་སུ་གསོལ༔ ཆོ་ག་དང་བརྟན་བཞུགས་རྒྱས་པར་བྱ༔ སྨོན་ལམ་བརྒྱ་རྩ་བརྒྱད་གདབ་ཅིང་བཀྲ་ཤིས་རྒྱ་ཆེར་བྱས་ལ་དགེ་འདུན་བསྙེན་བཀུར་གྱི་དགའ་སྟོན་དང༔ འདུས་པ་རྣམས་སྦྱིན་པས་ཚིམས་པར་བྱའོ༔ དེ་ལྟར་བྱས་པས་རྟེན་མཐོང་ཞིང་མོས་གུས་སྐྱེས་པ་ཙམ་གྱིས་ཐར་པའི་ས་བོན་རྒྱུད་ལ་བཞག༔ སྡིག་སྒྲིབ་ཞི༔ ལེགས་ཚོགས་རྒྱས༔ ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ༔ གཉིས་པ་གསུང་ཐོས་པས་གྲོལ་བ་ནི༔ ཚོང་དུས་སོགས་སྐྱེ་བོ་མང་དུ་ཚོགས་པའི་སར་རང་ཉིད་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་གནས་པས༔ བཟླས་པའི་སྐབས་སུ་བབ་པ་ན༔ རང་ཐུགས་རྗེ་ཆེན་པོ་རིགས་བདག་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས༔ སེམས་ཅན་ཐམས་ཅད་དང་ཁྱད་པར་ཡུལ་མངོན་དུ་གྱུར་པ་རྣམས་ཀྱི་རྣ་བའི་འདོམས་རྩ་ནས་ཞུགས༔ སྙིང་གི་དབུས་སུ་ཐིམ༔ འབྱུང་བའི་སྒྲ་ཐམས་ཅད་ཀྱང་སྔགས་ཀྱི་རང་སྒྲར་གྲགས་པ་གང་གིས་ཐོས་པ་ཙམ་གྱིས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས༔ ཐར་པའི་ས་བོན་རྒྱུད་ལ་ཐེབས༔ ཚེ་འཕོས་མ་ཐག་བདེ་བ་ཅན་དུ་སྐྱེ་བའི་སྐལ་པ་ཅན་དུ་གྱུར་པར་བསམ་ལ་བསྙེན་སྒྲུབ་སྔགས་ཀྱིས་ཐོག་དྲངས་ཏེ་ལས་སྦྱོར་གྱི་གཟུངས་གསལ་དག་སྙན་པས་སྐད་གསང་མཐོན་པོར་སྒྲོག༔ གཟུངས་སྔགས་ཐོས་པའི་ཡིད་ཅན་ཀུན༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི༔ ཞེས་སོགས་སྨོན་ལམ་གདབ༔ དེས་ཐར་པའི་ས་བོན་རྒྱུད་ལ་བཞག་པ་སོགས་ཕན་ཡོན་གོང་ལྟར་འཐོབ་པར་འགྱུར་རོ༔ གསུམ་པ་ཐུགས་དགོངས་པས་གྲོལ་བ་ནི༔ ཡང་སྐྱེ་བོ་མང་དུ་ཚོགས་པའི་སར་བདག་གི་རྣལ་འབྱོར་ལ་གནས་པས་དམིགས་བཟླས་ཅུང་ཟད་མཐར༔ ལུས་བསྲང༔ རླུང་བསལ༔ མིག་ཡུལ་རྣམས་ལ་ཆེ་རེ་བལྟ༔ ཡིད་ཀྱིས་རང་དང་ཡུལ་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་སྔགས་སྒྲར་གསལ་བཏབ་པའི་མཐར༔ སྣང་སེམས་རོ་གཅིག་ཏུ་བསྲེས་ལ་དགོངས་པ་མི་འགྱུར་བའི་ངང་དུ་ཡུན་རིང་དུ་མཉམ་པར་བཞག༔ སྣང་སེམས་རོ་གཅིག་ཡིད་ཅན་ཀུན༔ ཞེས་སོགས་སྨོན་ལམ་བཏབ་པས་ཕན་ཡོན་གོང་ལྟར་འཐོབ་པར་འགྱུར་རོ༔ བཞི་པ་ཡོན་ཏན་རེག་པས་གྲོལ་བ་ནི༔ གྲོ་གའམ་ཤོག་བུ་གཙང་མར་གུར་གུམ་གི་ཝཾ་རྒྱ་མཚལ་རྣམས་བསྲེས་པས་འཁོར་ལོ་མུ་ཁྱུད་ལྔ་ལྡན་དུ་བསྐོར་བའི་ལྟེ་བར་ཐུགས་རྗེ་ཆེན་པོའི་སྐུའམ་ས་བོན་ཧྲཱི༔ མུ་ཁྱུད་དང་པོ་ལ་བསྙེན་པའི་སྔགས་མཐར་བླ་མ་རྡོ་རྗེ་འཆང་ཆེན་པོས་རིག་པ་ཆེན་པོ་འདི་ཉིད་འཆང་བ་དང་རེག་པ་ཐམས་ཅད་རྣམ་པར་གྲོལ་བར་མཛད་དུ་གསོལ༔ གཉིས་པ་འདབ་མ་བརྒྱད་ལ་རེ་རེ་བཞིན་དུ༔ སྒྲུབ་སྔགས་ཀྱི་མཐར་ཡི་དམ་ཐུགས་རྗེ་ཆེན་པོས་སོགས་སྤེལ་ཚིག་སྦྱར༔ གསུམ་པར་ལས་སྦྱོར་གྱི་གཟུངས་དང༔ ཐུགས་རྗེ་ཆེན་པོ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་རིག་པ་སོགས་དང༔ རིག་པ་འདི་ཉིད་འཆང་བ་ཀུན༔སོགས་སྨོན་ལམ་སྤེལ༔ བཞི་པར་དབྱངས་གསལ་རྟེན་སྙིང་སྤེལ་ཚིག་སྨོན་ལམ་བཀྲ་ཤིས་ཀྱིས་བརྒྱན༔ ལྔ་པར་རྡོ་རྗེའི་ར་བ་དང་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར༔ མྱང་གྲོལ་རྫས་ཀྱིས་ཁྱབ་པར་བྱུག༔ དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་བདག་མདུན་སྒྲུབ་མཆོད་ཚུལ་བཞིན་དུ་བྱ་བ་སོགས་བྲིས་སྐུའི་སྐབས་ལྟར་ལ་མཇུག་ཏུ་བསྐྱེད་པའི་ལྷ་རྣམས་སྔགས་དང༔ གཞལ་ཡས་ཁང་མུ་ཁྱུད་ཀྱི་རྣམ་པར་ཞལ་བསྒྱུར་ཞིང་སྨོན་ལམ་བརྟན་བཞུགས་རྒྱས་པར་བྱའོ༔ དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པ་དར་སྣ་ལྔ་ཡིས་དྲིལ་ཏེ་གཙུག་གམ་མགུལ་དུ་བཅངས་པས་གོང་གི་ཕན་ཡོན་རྣམས་འབྱུང་ཞིང༔ འཆང་བ་པོ་དེས་རེག་པའི་འགྲོ་བའང་རྣམ་པར་གྲོལ་བའི་ས་བོན་ཐེབས་པར་འགྱུར་རོ༔ ལྔ་པ་ཕྲིན་ལས་ཚོར་བས་གྲོལ་བ་ནི༔ རྒྱ་ཤུག༔ ཙནྡན་དཀར་དམར༔ ཨ་ག་རུ༔ སིཧླ༔ སྤོས་དཀར༔ སྤང་སྤོས་སོགས་དྲིའི་རྫས་ཀྱི་ཕུར་མ་ཚུལ་བཞིན་བསྒྲུབས་པའི་གཟུངས་བུམ་གྱི་ཆུ་དང་སྐྱེ་བདུན་སྦྱར་བས་སྦོལ་ལ་མདུན་དུ་བཞག༔ བདག་མདུན་དཀྱིལ་འཁོར་སྒྲུབ་མཆོད་སྔོན་དུ་འགྲོ་བས༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཞལ་དང་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས༔ དྲིའི་རྫས་ལ་ཐིམ་པས་གང་གིས་དྲི་ཚོར་བ་ཙམ་གྱིས་རྣམ་པར་གྲོལ་བ་ལ་སོགས་པའི་ཡེ་ཤེས་དང་ཡོན་ཏན་རྒྱུད་ལ་སྐྱེ་བའི་ནུས་པ་དང་ལྡན་པར་བསམ་ལ༔ ལས་སྦྱོར་གྱི་གཟུངས་གཙོ་བོར་བཟླ༔ བཟླས་པ་ཁྲི་ལ་སོགས་པས་ནུས་ལྡན་དུ་བསྒྲུབ༔ སྣོད་བཟང་པོར་བཅང༔ མང་དུ་ཚོགས་པའམ་དབང་བསྐུར་སོགས་ཀྱི་ཚེ་བསང་ཤིང་གི་དུད་པ་དང་སྦྱར་ནས་བདུགས་པས་དྲི་ཚོར་བ་ཙམ་གྱིས་གོང་གི་ཕན་ཡོན་རྣམས་འབྱུང་བར་འགྱུར་རོ༔ དྲུག་པ་ཡོངས་རྫོགས་མྱང་བས་གྲོལ་བ་ནི༔ འཕགས་པ་གསུམ་གྱི་རིང་བསྲེལ་དང་གདུང༔ ཡུལ་དག་པའི་བདུད་རྩི་དང་ཤ༔ ཁྱད་པར་སྐྱེ་བདུན་གྱི་སྐུ་ཤ་རྣམས་རྩ་བ་དང་ཡན་ལག་གི་སྨན་ཇི་ལྟར་རྙེད་པ་འབྲུ་སྣའི་ཕྱེ་མ་དང་བཅས་གཟུངས་སྒྲུབ་ཀྱི་ཆུས་རིལ་བུ་སྲན་ཆུང་ཙམ་དུ་དྲིལ༔ རང་བྱུང་གི་ལི་ཁྲིས་ན་བཟའ་གསོལ༔ རིན་པོ་ཆེའམ་རྫའི་བུམ་པར་བསྩལ་ལ་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག༔ བདག་མདུན་སྒྲུབ་མཆོད་ཚུལ་བཞིན་བཟླས་པ་དང་བཅས་པ་ཅི་རིགས་པའི་མཐར༔ མྱོང་གྲོལ་གྱི་བུམ་པ་ལ་དམིགས་ཏེ༔ མྱང་གྲོལ་གྱི་སྣོད་རང་བྱུང་དབྱིངས་ཀྱི་གཞལ་མེད་ཁང་ཆེན་པོར༔ རིལ་བུ་རྣམས་རིག་པ་རང་སྣང་གི་ཡེ་ཤེས་བླ་མ་ཐུགས་རྗེ་ཆེན་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས༔ ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སྤྱན་དྲངས་པར་བསམ་ལ༔ སྤྱན་འདྲེན་ནས་བསྟོད་བཤགས་བར་བྱ༔ རང་གི་ཐུགས་ཀ་ནས་ལྷ་དང་སྔགས་ཀྱི་འོད་ཟེར་རྡོ་རྗེ་གཟུངས་ཀྱི་ཐག་པའི་ལམ་ལས་བརྒྱུད་དེ་རིལ་བུ་ལྷར་གསལ་བ་རྣམས་ཀྱི་ཐུགས་ཀར་ཕོག༔ ཡེ་ཤེས་ཀྱི་གཟི་བྱིན་བསྐྱེད༔ སྔགས་ཀྱི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་སྣང་བས་འཕགས་པ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད༔ འོད་ཟེར་སླར་འདུས་པ་དང་ལྷན་ཅིག་ཏུ་འགྲོ་འདུལ་བདེ་གཤེགས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ༔ སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ལྷ་སྔགས་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རིལ་བུའི་ལྷའི་ཐུགས་ཀར་ཐིམ༔ བྱིན་རླབས་ཀྱི་གཟི་འོད་ལྷག་པར་འབར༔ གྲགས་སྟོང་རྡོ་རྗེའི་ཛཔ྄་རྒྱུན་མི་ཆད་པ་ནམ་མཁའ་གང་བར་སྒྲོག་པར་བསམ་ལ༔ བསྙེན་སྒྲུབ་སྔགས་ཅི་རིགས་དང་ལས་སྦྱོར་གྱི་གཟུངས་གཙོ་བོར་བཟླ༔ ཁྱད་པར་གྱི་སྔགས་ཡི་གེ་བདུན་པའི་མཐར༔ སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་མྲྀཏ་རཱ་ས་ཡཱ་ན་ཧྲྀ་ད་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོཿཨཱ༔ ཞེས་བཟླས༔ འོད་དང་སྒྲ་སོགས་རྟགས་མཐོང་བའམ༔ ཁྱད་པར་གྱི་རིག་པ་ཁྲི་ཕྲག་ཏུ་བཟླའོ༔ ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་ཕུལ་ཞིང་ཚོགས་མཆོད་སོགས་བྱ༔ གྲུབ་ནས་དངོས་གྲུབ་བླང་བ་ནི༔ རིལ་བུ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད༔ ནོངས་པ་བཤགས༔ སྤྱི་བོར་སྤྱན་དྲངས་ལ༔ ཧྲཱི༔ བླ་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ རྩེ་གཅིག་བསྒྲུབ་པའི་དམ་བཅའ་ཐེམ་ལགས་ན༔ མྱོང་གྲོལ་རྫས་ཀྱི་ཡེ་ཤེས་ལ་བརྟེན་ནས༔ སྐུ་གསུང་ཐུགས་ཀྱི་སིདྡྷི་བསྩལ་དུ་གསོལ༔ སྔགས་མཐར་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿཞེས་བརྗོད་ལ་གནས་བཞིར་རེག༔ མཐར་རིལ་བུ་ལྷར་གསལ་བ་རང་གི་ཁ་སྒོ་ནས་ཞུགས༔ སྙིང་གའི་ཧྲཱིཿདང་དབྱེར་མེད་པར་བཞུགས་ནས་བྱང་ཆུབ་བར་དུ་མི་འབྲལ་བར་བྱིན་གྱིས་བརླབས༔ མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ་བའི་ནུས་པ་དང་ལྡན་པར་བསམ་མོ༔ གཞན་ལ་སྦྱིན་ན༔ རིལ་བུ་ལྷར་གསལ་བ་སྤྱི་བོར་བཞག་ཅིང༔ ཧྲཱི༔ རིན་ཆེན་བུམ་པ་འོད་ཀྱི་གཞལ་ཡས་དབུས༔ བླ་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་བསྐུར་བས༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་ཤོག༔ སྔགས་གོང་ལྟར་བརྗོད་ལ་གནས་བཞིར་རེག་ཅིང་སྦྱིན་ནོ༔ དེ་ལྟར་བགྱིས་པས་ཐར་པའི་ས་བོན་ཐེབས་པ་སོགས་ཇི་སྐད་སྨོས་པའི་ཕན་ཡོན་འཐོབ་པར་འགྱུར་རོ༔ ཁྱད་པར་གྱི་ལས་སྦྱོར་འདི་ལའང་བསྙེན་སྒྲུབ་ལས་གསུམ་ཚང་སྟེ༔ བྲིས་སྐུ་བཞེངས་པ་རབ་གནས་སོགས་སྟ་གོན་གྱི་བྱ་བ་ཐམས་ཅད་བསྙེན་པ༔ དངོས་གཞིའི་ཆོས་རྣམས་སྒྲུབ་པ༔ རྗེས་རང་གཞན་ལ་ཕན་གདགས་པ་ལས་སྦྱོར་གྱི་ཚུལ་ལོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་བསྐྱེད་རིམ་ཡན་ལག་དང་བཅས་པའི་རྣལ་འབྱོར་རོ༔ ས་མ་ཡ༔ དེ་ལྟར་བསྐྱེད་རིམ་ཡན་ལག་དང་བཅས་པའི་བསྙེན་སྒྲུབ་ཀྱི་སྦྱོར་བ་དང་རྗེས་ཀྱི་ཕྲིན་ལས་ལ༔ དང་པོ་སྦྱོར་བ་སྔོན་འགྲོའི་ཐོག་མར་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་མངོན་སུམ་དུ་བཞུགས་པར་མོས་ལ༔ ན་མོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ སྐྱབས་གནས་རྒྱ་མཚོའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ མར་གྱུར་འགྲོ་བ་ཀུན་དོན་དུ༔ བླ་མ་ཞི་ཁྲོ་བསྒྲུབས་ནས་ནི༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པས༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚད་མེད་བསྒོམ་པ་ནི༔ འགྲོ་ཀུན་བདེ་དང་ལྡན་པ་དང༔ སྡུག་བསྔལ་རྒྱུར་བཅས་ཀུན་དང་བྲལ༔ བདེ་ལས་རྟག་ཏུ་མི་ཉམས་ཤིང༔ བཏང་སྙོམས་མཆོག་ལ་འགོད་པར་བགྱི༔ ཞེས་བློ་སྦྱོང༔ བཞི་པ་ཚོགས་གསག་པ་ནི༔ ཧོ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་གནོང་འགྱོད་དྲག་པོས་བཤགས༔ དགེ་ཚོགས་ཀུན་ལ་ཡི་རང་ངོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས༔ ཆོས་འཁོར་བསྐོར་བཞིན་བཞུགས་པར་གསོལ༔ བསོད་ནམས་བྱང་ཆུབ་ཆེན་པོར་བསྔོ༔ ལྔ་པ་སྡོམ་པ་བཟུང་བ་ནི༔ ཧོ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་གིས་འགྲོ་བ་ཀུན་དོན་དུ༔ སོ་ཐར་བྱང་སེམས་རིག་འཛིན་གྱི༔ སྡོམ་པ་མ་ལུས་ཡོངས་སུ་བཟུང༔ བྱང་ཆུབ་བར་དུ་མི་གཏང་ན༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དམ་བཅའ༔ ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་ བསམ༔ དྲུག་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧྲཱིཿཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་གསང་བའི་བདག་ཉིད་དེ༔ བགེགས་ཀྱི་ཚོགས་ཀུན་ཕྱིར་དེངས་ཤིག༔ འདས་ན་བརླག་པར་གདོན་མི་ཟ༔ དྲག་སྔགས་བཅས་བསྐྲད༔ བདུན་པ་མཚམས་བཅད་པ་ནི༔ ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ སྟོང་ཉིད་ཡེ་ཤེས་རྡོ་རྗེའི་གུར༔ མི་ཕྱེད་འབར་བའི་འོད་ཟེར་འཁྲིགས༔ བར་ཆད་འབྱུང་པོ་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་ཛྭ་ལ་རཾ་ཏིཥྛ་བྷྲཱུྃ༔ བརྒྱད་པ་བྱིན་དབབ་པ་ནི༔ སྤོས་སྲེག་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ་ཧྲཱི༔ སྐུ་གསུམ་རབ་འབྱམས་ཞིང་ཁམས་ནས༔ བླ་མ་རིག་འཛིན་ཡི་དམ་ལྷ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ གནས་འདིར་ཡེ་ཤེས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་མཆོག་སྐུར༔ སྒྲུབ་པའི་རྫས་ཀྱི་གཟི་བྱིན་སྐྱེད༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྐུལ༔ དགུ་པ་ཡོ་བྱད་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ སྣོད་བཅུད་གཟུང་འཛིན་རྣམ་དག་ངང༔ པདྨ་དགྱེས་པའི་ཞིང་ཁམས་སུ༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་སྤྲིན་ཆེན་གཏིབས་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ༔ ཞེས་བྱིན་གྱིས་བརླབས་ལ་རྒྱ་ཆེར་སྤེལ༔ དེ་ནས་དངོས་གཞི་ལ༔ དམ་ཚིག་པ་བསྐྱེད་པ༔ ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ༔ དབང་བསྐུར་ཞིང་རྒྱས་གདབ་པ༔ ཕྱག་མཆོད་བསྟོད་པ་བྱ་བ༔ ནོངས་པ་བཤགས་ཤིང་དངོས་གྲུབ་བསྐུལ་བ༔ བསྙེན་པ༔ སྒྲུབ་པ༔ ལས་སྦྱོར་གྱི་བཟླས་པ༔ ཐུན་མཐར་གཏོར་མ་འབུལ་བའི་ལས་ཀྱི་རིམ་པ་རྣམས་ཚུལ་བཞིན་དུ་བྱའོ༔ རྗེས་ཀྱི་ཕྲིན་ལས་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཚོགས་རྫས་བདུད་རྩིས་བསང་ཞིང་སྦྱང༔ ཧཱུྃ༔ ཡེ་ཤེས་རིག་རྩལ་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ པདྨ་བྷཉྫའི་སྣོད་ཡངས་པར༔ འདོད་ཡོན་བདུད་རྩིའི་བཅུད་དུ་འཁྱིལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་གྱིས་བརླབ༔ ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧྲཱི༔ དམིགས་མེད་མཁའ་ལྟར་དག་པ་ལས༔ ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཚུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཕུད་དང་པོ་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོ་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི༔ ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མི་ཤེས་ཉོན་མོངས་བག་མེད་པས༔ སྡིག་ལྟུང་ཉམས་ཆག་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་བསྟབ་ནི༔ བདག་ཉིད་རྟ་མཆོག་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་སྤྲོས༔ དགྲ་བགེགས་འབྱུང་པོ་དགུག་ཅིང་བསྟིམ༔ མཚན་མའི་རྫས་དང་དབྱེར་མེད་གྱུར༔ ཨེ་ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཕུར་པ་དཔལ་ཆེན་ཀཱི་ལ་ཡ༔ རྣོ་དབལ་འབར་བའི་མཚོན་ཆ་ཡིས༔ གདུག་ཅིང་གཏུམ་པའི་ཚོགས་རྣམས་ཀུན༔ རྡུལ་དུ་བྱས་ནས་ཚོགས་ལ་འབུལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དབུལ་ལོ༔ དེ་ནས་དམ་ཚིག་གི་རྫས་ལོངས་སྤྱད་པས་ལུས་དཀྱིལ་གྱི་ལྷ་རྣམས་ཟག་པ་མེད་པའི་བདེ་བས་ཚིམ་པར་མོས་ལ་རོལ༔ ལྷག་མ་བསྡུས་ཏེ་བདུད་རྩིས་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔ མུ་རན་སྐྱོང་བའི་སྲུང་མ་ཀུན༔ ལྷག་མའི་དམ་ཚིག་འདི་བཞེས་ལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ཞིང་སྨོན་ལམ་གདབ༔ གཉིས་པ་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ འགྲོ་འདུལ་བླ་མ་ཡི་དམ་ལྷ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཚོགས༔ ཐུགས་རྗེའི་དབང་གིས་སྐུ་བཞེངས་ལ༔ ཐུགས་དམ་དབང་གིས་ཕྲིན་ལས་མཛོད༔ སྡིག་སྒྲིབ་ཉམས་ཆག་དབྱིངས་སུ་སྦྱོངས༔ ཡེ་ཤེས་རིག་པའི་རྩལ་ཆེན་སྤོར༔ གཟུང་འཛིན་རྟོག་ཚོགས་དབང་དུ་སྡུས༔ གཉིས་སྣང་འཁྲུལ་པའི་དགྲ་བགེགས་ཐུལ༔ ཁམས་གསུམ་འགྲོ་ཀུན་གྲོལ་བར་མཛོད༔ ཅེས་བསྐུལ་ལོ༔ གསུམ་པ་སྲུང་མ་ལ་ཐ་ཚིག་བསྒྲག་པ་ནི༔ ཧཱུྃ༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་གྱིས༔ ཐ་ཚིག་གཉེར་གཏད་ཆོས་སྲུང་ཚོགས༔ སྨན་རག་ཕུད་ཀྱི་ཨརྒྷཾ་དང༔ འདོད་འབྱུང་གཏོར་མའི་ལོངས་སྤྱོད་བཞེས༔ བདག་ཅག་བྱང་ཆུབ་སྒྲུབ་པ་ཡི༔ ལམ་གྱི་བར་ཆད་ཞི་བར་མཛོད༔ ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ༔ བསྟན་དང་དེ་འཛིན་བུ་བཞིན་སྐྱོངས༔ བཤད་སྒྲུབ་ཕྲིན་ལས་རྒྱས་པ་དང༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ མིང་ཙམ་མེད་པར་རྡུལ་དུ་རློག༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཧི༔ བཞི་པ་བཤལ་ཆུས་བརྟན་མ་མཆོད་པ་ནི༔ ཞིང་སྐྱེས་ལས་ཀྱི་ཕོ་ཉ་མོ༔ བདེ་གཤེགས་རྡོ་རྗེ་པདྨའི་ལྕམ༔ བདུད་དང་གནོད་སྦྱིན་སྨན་མོའི་རིགས༔ བརྟན་སྐྱོང་ཡ་མའི་ཚོགས་དང་བཅས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ དཔལ་གྱི་དམ་ཚིག་རྗེས་དགོངས་ལ༔ གངས་ཅན་མཐའ་དབུས་བདེ་བ་དང༔ བསྟན་པ་དར་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་རྟ་བྲོ་བྱ་བ་ནི༔ ཧྲཱིཿཧཱུྃ༔ ཐར་མེད་ལས་ཀྱི་ཨེ་དབྱིངས་སུ༔ བདུད་དང་དམ་སྲི་དཔུང་བཅས་མནན༔ རྟ་སྐད་རྔམ་བཞད་རྡོ་རྗེའི་བྲོས༔ བྱང་ཆུབ་བར་དུ་རྒྱས་གདབ་བོ༔ ཧྲཱིཿཧ་ཡ་གྲཱི་ཝ་སརྦ་དུཥྚཱན་སཏྭཾ་བྷ་ཡ་ལཾ༔ དྲུག་པ་དངོས་གྲུབ་བླང་བའི་ཕྱིར་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་སྒྲུབ་རྟེན་ལྷར་གསལ་བ་སྤྱི་བོར་བཏེག་ལ༔ ཨོཾ་ཨཱཿཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ ཡེ་ཤེས་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ མོས་ཤིང་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ འགྲོ་འདུལ་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ སྒྲུབ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་གནས་བཞིར་རེག་ཅིང་དམ་རྫས་དངོས་གྲུབ་ཀྱི་ཚུལ་དུ་རོལ༔ རྗེས་འབྲེལ་དུ་ནོངས་པ་བཤགས་པ་ནི༔ བདག་གིས་བསྙེན་སྒྲུབ་ཕྲིན་ལས་བགྱིས་པ་ལ༔ ལྷག་ཆད་འགལ་འཁྲུལ་ཉེས་བྱས་ཅི་མཆིས་ཀུན༔ ཚེ་རབས་བསགས་པའི་སྡིག་དང་ལྷན་ཅིག་ཏུ༔ འགྱོད་པས་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ༔ བདུན་པ་མཐའ་གཉིས་བསལ་བ་ནི༔ མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང༔ མེད་ན་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་ཐིམ་པར་བསམ༔ ཧཱུྃ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ ཐུགས་སྲོག་སྙིང་པོར་རོ་གཅིག་ཐིམ༔ དེ་ཡང་མི་དམིགས་སྟོང་གསལ་ངང༔ རྫོགས་པ་ཆེན་པོའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ཧྲཱི༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ དམིགས་མེད་སྟོང་ཉིད་སྙིང་རྗེའི་རྩལ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤར༔ རྗེས་ཐོབ་འགྲོ་བའི་དོན་ལ་སྤྱོད༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་ཧཾ༔ བརྒྱད་པ་བསྔོ་སྨོན་གྱིས་རྒྱས་གདབ་པ་ནི༔ ཧོ༔ བླ་མ་འཕགས་མཆོག་ཐུགས་རྗེའི་གཏེར༔ པདྨ་ཞི་ཁྲོར་རོལ་པའི་ལྷ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྟག་ཏུ་བྱིན་གྱིས་བརླབ་མཛད་གསོལ༔ བསྙེན་སྒྲུབ་ཟབ་མོ་འདིས་མཚོན་ཏེ༔ དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ འགྲོ་དོན་སངས་རྒྱས་མྱུར་ཐོབ་ཤོག༔ དགུ་པ་བཀྲ་ཤིས་གསོལ་བ་ནི༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཐུགས་རྗེའི་གཏེར་ཆེན་ཡི་དམ་པདྨའི་རྒྱལ༔ ཞི་ཁྲོ་རྣམ་པར་རོལ་པའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོང༔ ཕྱི་ནང་མཁའ་འགྲོ་ཆོས་སྲུང་བཀྲ་ཤིས་ཤོག༔ མཁའ་ཁྱབ་འགྲོ་ཀུན་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་འོད་གསལ་དབྱིངས་ཀྱི་ངང༔ ལམ་གྱི་བཀྲ་ཤིས་ཡེ་ཤེས་སྣང་བ་རྒྱས༔ འབྲས་བུའི་བཀྲ་ཤིས་ཟུང་འཇུག་མངོན་དུ་གྱུར༔ ཕྲིན་ལས་མཛད་པ་མཐའ་ཡས་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ༔ ཚོགས་མཆོད་ཀྱི་སྐབས་སུ་རྒྱས་པར་སྤྲོ་ན༔ ལུས་ངག་ཡིད་གསུམ་ཐུན་མོང་དང་བཅས་པའི་རྟོག་སྒྲིབ་བཤགས་པ༔ སྨན་རག་གཏོར་མ་མར་མེའི་སྐོང་བ་སྨོན་ལམ་བཅས་ཞི་ཁྲོ་བཀའ་བརྒྱད་སོགས་སྤྱི་ལྟར་བྱའོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་བསྐྱེད་རིམ་སྔོན་འགྲོ་དང་རྗེས་ཀྱི་ལས་རིམ་མོ༔ ས་མ་ཡ༔ དེ་ལྟར་རིམ་པ་དང་པོའི་རྣལ་འབྱོར་ཡན་ལག་དང་བཅས་པ་བསྟན་ནས༔ རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་ཁྲིད་ལ་སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་འགྲོ་ནི༔ གནས་དབེན་པར་ཕྱི་ནང་གི་བྱ་བ་ཐམས་ཅད་ལིང་གིས་བཏང་སྟེ༔ བདེ་བའི་སྟན་ལ་ལུས་བསྲང༔ རླུང་རོ་བསལ༔ བླ་མ་དང་དཀོན་མཆོག་ལ་གསོལ་བ་གདབ༔ དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ༔ ཕན་འདོགས་ཆེ༔ འཇིག་པར་སླ༔ ནམ་འཆི་བའི་ཚེ་ཅིས་ཀྱང་མི་སྟོངས༔ ལས་ཁོ་ནའི་རྗེས་སུ་འབྲངས་ཏེ་འཁོར་བ་གར་སྐྱེས་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་པས༔ འཁོར་བ་ལས་ཐར་བར་འདོད་པའི་ངེས་འབྱུང་དྲགས་པོས་རྒྱུད་བསྐུལ་ཏེ་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པས་མཚམས་སྦྱར་ཏེ༔ བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན་པར་བྱའོ༔ དེ་ལ་དང་པོ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླ་དང་བཅས་པའི་གདན་གྱི་སྟེང་དུ༔ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པས་ཡུམ་ལ་འཁྱུད་པ༔ ཡུམ་བདེ་བའི་དབང་ཕྱུག་མ་དམར་མོ་གྲི་གུག་དང་ཐོད་པ་བསྣམས་པ་འཁྲིལ་བ༔ ཡབ་ཡུམ་གཉིས་ཀའང་སྒེག་ཅིང་འཛུམ་ལ་ཆགས་པའི་ཉམས་ཅན༔ དར་དང་རིན་པོ་ཆེ་དང་རུས་པ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་སྣང་སྟོང་འོད་ལྔ་འཁྲུགས་པའི་ཀློང་ན་བཞུགས་པའི་ཡིད་ཆོས་རྣམ་པར་དག་པ་འཇིག་རྟེན་དབང་ཕྱུག་པདྨའི་རྒྱལ་པོ་ཡབ་ཡུམ་སྲས་བཅས༔ ཕུང་པོ་ལྔ་རིགས་ལྔ༔ ཁམས་ལྔ་ཡུམ་ལྔ༔ ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱད་སེམས་མ་བརྒྱད༔ སྐུའི་གནས་དྲུག་དང་ཡན་ལག་ཐུབ་དྲུག་སྒོ་སྐྱོང༔ དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་རྣམ་པར་དག་པ་བདེ་གཤེགས་སེམས་དཔའ་ཁྲག་འཐུང་ཁྲོ་བོ་རབ་འབྱམས་སོགས་རྩ་གསུམ་རྒྱ་མཚོའི་ངོ་བོ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམ༔ དེ་ནས་ཚོགས་གསག་པའི་སླད་དུ་ཕྱག་འཚལ་ཞིང་ཡན་ལག་བདུན་པ་བྱ༔ མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས༔ སྣོད་བཅུད་བཀོད་པ་ལྷུན་གྲུབ་འདོད་ཡོན་རྒྱན༔ ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་མཎྜ་ལ༔ ཆོས་དབྱིངས་དཀྱིལ་འཁོར་ཡེ་ཤེས་སྒྱུ་མའི་སྤྲིན༔ ནམ་མཁའ་ཁྱབ་པར་ཡིད་ཀྱིས་མངོན་སྤྲུལ་ཏེ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་ཀྱང༔ ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པཱུ་ཛ་ཧོ༔ སྡིག་སྒྲིབ་སྦྱང་བའི་ཕྱིར་སྔགས་བཟླ་བ་ནི༔ བདག་ནི་མི་ཤེས་གཏི་མུག་མཐུས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉེས་བྱས་རྣམས༔ མགོན་པོའི་སྤྱན་སྔར་གནོང་འགྱོད་ཀྱི༔ གདུང་བ་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་བསྡམ་པར་དམ་བཅའ་ན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ བྱང་ཞིང་དག་པར་བྱིན་བརླབ་གསོལ༔ ཞེས་གདུང་བ་དྲག་པོས་བཤགས་པས༔ བླ་མ་པདྨ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་དཀར་པོ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས༔ ཡབ་ཡུམ་གྱི་སྐུའི་ནང་གང༔ སྦྱོར་མཚམས་ནས་ཐོན༔ རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང༔ སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་བསམ་ལ༔ ཨོཾ་གུ་རུ་པདྨ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ གུ་རུ་པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་གུ་རུ་པདྨ་ཧྲྀ་ད་ཡ་མཱ་མེ་མུཉྩ༔ གུ་རུ་པདྨ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བླ་མའི་ཡི་གེ་བརྒྱ་པ་འབུམ་ཕྲག་སོགས་བཟླ༔ མཐར་བཤགས་བསྡམ་དྲག་ཏུ་བྱ༔ ཁྱད་པར་བྱིན་རླབས་བཙན་ཐབས་སུ་འབེབ་པའི་སླད་དུ་མོས་གུས་གདུང་ཤུགས་དྲག་པོས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང༔ སྐྱབས་གནས་ཀུན་འདུས་གུ་རུ་པདྨ་ལ༔ སྙིང་ནས་མོས་གདུང་དྲག་པོས་གསོལ་བ་འདེབས༔ དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་ཅི་ནུས་དང་གསོལ་འདེབས་ཀྱི་བསྙེན་པ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་མང་དུ་བཟླ༔ ཐུན་མཐར་དབང་བླང་ཞིང་མཉམ་པར་བཞག་པ་ནི༔ དཔལ་ལྡན་བླ་མ་རིན་པོ་ཆེས༔ བདག་ལ་དབང་བཞི་བསྐུར་དུ་གསོལ༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོངས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས༔ བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་དུ་ཐིམ་པས་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ མཐར་བླ་མ་ཉིད་འོད་དུ་ཞུ༔ རང་ལ་ཐིམ༔ ཐུགས་ཡིད་དབྱེར་མེད་དུ་འདྲེས༔ དབང་བཞི་པ་ཐོབ༔ དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་སེམས་མ་བཅོས་པའི་ངང་དུ་བཞག་གོ༔ གཉིས་པ་དངོས་གཞི་ལ༔ རྒྱུད་ལས༔ སེམས་བྱུང་རྙོག་མ་རབ་ཞི་ནས༔ སེམས་ཀྱི་ཆོས་ཉིད་གཏན་ལ་ཕབ༔ དབྱེར་མེད་གཉུག་མར་མཉམ་འཇོག་པ༔ ངེས་དོན་སྙིང་པོའི་གདམས་པ་འོ༔ ཞེས་པས་སེམས་བྱུང་གི་རྙོག་མ་གདུལ་བ༔ སེམས་ཀྱི་ཆོས་ཉིད་ལྟ་བ༔ དབྱེར་མེད་གཉུག་མར་འཇོག་པའོ༔ དང་པོ་ནི༔ སྔོན་འགྲོའི་ཉམས་མྱོང་ཚད་ལྡན་རྒྱུད་ལ་སྐྱེས་པ་ན༔ གནས་དབེན་པར་འདུ་འཛིན་དང་རྣམ་གཡེང་གི་འབྲེལ་ཐག་ཐམས་ཅད་རྦད་ཀྱིས་བཅད༔ ལིང་གིས་བོར༔ ལྟོས་མེད་དུ་འཇོག༔ རྟོགས་པ་ཁྱད་པར་ཅན་མ་སྐྱེས་བར་སྒྲུབ་པའི་ས་རྡེ་འཛུགས་པའི་དམ་བཅའ་བརྟན་པོས༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ དྲན་པ་མངོན་དུ་བཞག༔ སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་བར་རྩེ་གཅིག་ཏུ་ཉམས་སུ་བླང༔ བླ་མ་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་པའི་ངང་ཆད་པ་ངལ་བསོ་བ་བཞིན་དུས་གསུམ་གྱི་རྟོག་པ་ཅིའང་ཡིད་ལ་མི་བྱེད་པར་ལྷོད་ཀྱིས་ཀློད༔ དབང་པོ་རབ་ལ་དེ་ཁོ་ནས་རང་བཞིན་གྱིས་བསམ་གཏན་ལ་གནས་པར་འགྱུར་རོ༔ དབང་པོ་འབྲིང་དེས་ཏིང་ངེ་འཛིན་སྐྱེ་བར་མ་ནུས་ན༔ བསྐྱེད་བཟླས་ལ་སེམས་འཛིན་པར་བྱ་སྟེ༔ སྔོན་འགྲོ་ཇི་ལྟར་རིགས་པས་རྒྱུད་སྦྱངས་ནས༔ དངོས་གཞི་གསལ་འདེབས་པའི་ཚིག་བཤད་ནི༔ འདོན་སྒོམ་ཟུང་དུ་འཇུག་པས༔ ཧྲཱི༔ སེམས་ཉིད་མ་བཅོས་གཉུག་མའི་ངང༔ འགག་མེད་ཧྲཱིཿཡི་སྒྲ་གདངས་ཀྱིས༔ སྣང་སྲིད་དངོས་འཛིན་དབྱིངས་སུ་ཡལ༔ དེ་ལས་སྣོད་ཀྱི་འཇིག་རྟེན་ཀུན༔ པདྨ་དྲ་བའི་ཞིང་གི་གཞིར༔ རྡོ་རྗེ་སྲུང་བའི་འཁོར་ལོ་དང༔ རིན་ཆེན་གཞལ་མེད་ཁང་བཟང་དབུས༔ པད་ཉི་ཟླ་བའི་གདན་གྱི་སྟེང༔ བདག་ཉིད་བདེ་གཤེགས་ཀུན་གྱི་དངོས༔ འཇིག་རྟེན་དབང་ཕྱུག་པདྨའི་རྒྱལ༔ དམར་གསལ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ ཐལ་སྦྱར་རྡོ་རྗེ་རྩེ་ལྔ་བསྣམས༔ འོག་མ་ཕྲེང་བ་ཨུཏྤལ་འཆང༔ པང་དུ་གསང་བ་ཡེ་ཤེས་དམར༔ ཌཱ་རུ་ཐོད་ཆང་འཛིན་པས་འཁྲིལ༔ གཉིས་ཀ་མེ་ཏོག་ཕྲེང་བ་དང༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞི་ཆགས་ཅུང་ཟད་ཁྲོས་པའི་ཉམས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ ཐབས་དང་ཤེས་རབ་འགྲོ་འདུལ་སྲས༔ ཕུང་པོ་འབྱུང་བ་རིགས་ལྔ་ཡུམ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་དང༔ ཉོན་མོངས་རང་གྲོལ་ཐུབ་པ་དྲུག༔ ལྟ་བ་དུས་བཞི་སྒོ་སྐྱོང་ཚོགས༔ དུས་གསུམ་རྟོག་ཚོགས་རྣམ་དག་པ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ལྷ༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་ལྷུན་གྱིས་གྲུབ༔ སྤྱི་བོར་པད་ཉི་ཟླ་སྟེང་དུ༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ པདྨ་འབྱུང་གནས་སྐུ་མདོག་དམར༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ བརྒྱུད་གསུམ་བླ་མའི་སྤྲིན་ཕུང་འཕྲོ༔ ཀུན་ཀྱང་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མ་གྲུབ་པ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཅེས་གསལ་བཏབ་ལ་བཟླས་པའི་དམིགས་པ་ནི༔ ཐོག་མར་སྤྱི་བོའི་བླ་མ་ལ་མོས་གུས་རྩེ་གཅིག་པས་གསོལ་བ་གདབ༔ དབང་བཞི་ལེན་པའི་དམིགས་པ་དང་བཅས་བསྙེན་སྔགས་ཅུང་ཟད་བཟླས་མཐར༔ བླ་མ་ཨོ་རྒྱན་རྡོ་རྗེ་འཆང༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ བྱིན་བརླབས་ཐུགས་ཡིད་གཅིག་ཏུ་འདྲེས༔ ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར༔ ཅེས་བརྗོད་ཅིང་མཉམ་པར་བཞག༔ དེ་ནས་ཡི་དམ་གྱི་བཟླས་པ་ནི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཿཡིག་དམར་གསལ་སྔགས་ཀྱིས་བསྐོར༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ རབ་འབྱམས་བདེ་གཤེགས་དགྱེས་པ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱིག༔ ལྷ་སྔགས་ཕྱག་མཚན་རྣམ་པ་རུ༔ ཆར་ལྟར་བབས་ཏེ་བདག་ལ་ཐིམ༔ སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃྃ་ཧྲཱི༔ ཞེས་བཟླ༔ ལས་སྦྱོར་ནི༔ སླར་ཡང་བདག་ཉིད་ལུས་དཀྱིལ་གྱི༔ ལྷ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ འཕགས་པའི་སྐུ་གསུང་ཐུགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་སཏྭ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པའང་ཅི་རིགས་བཟླའོ༔ དེ་ལྟ་བུའི་བསྐྱེད་བཟླས་ཅུང་ཟད་སྔོན་དུ་འགྲོ་བས༔ དངོས་གཞི་ལུས་གནད་བསྲང༔ རླུང་རོ་བསལ་ལ་ནང་དུ་བར་རླུང་ཙམ་བསྟེན༔ ཡིད་ཀྱིས་ལྷ་སྐུའི་གསལ་ཆ་འདོན༔ གསལ་སྣང་ཐོན་པ་དང༔ རང་སེམས་དང་ལྷ་སྐུ་དབྱེར་མེད་དུ་བསྲེས་ལ་རྩེ་གཅིག་ཏུ་འཇོག༔ དེའི་ངང་ལ་རྣམ་རྟོག་གང་སྐྱེས་ཐོལ་སྐྱེས་རྦད་ཀྱིས་བཅད་ལ་སེམས་གཟུང༔ རེས་ཐུགས་ཀའི་སྔགས་ཕྲེང་གསལ་བཏབ་ལ་དེ་དང་སེམས་བསྲེས་ཏེ་འཇོག༔ མཐར་ཐུགས་སྲོག་ཧྲཱིཿཡིག་ཁོ་ན་ལ་རླུང་སེམས་བསྡུས་ཏེ་མཉམ་པར་འཇོག་པ་ནི་ཏིང་ངེ་འཛིན་གྱི་གཙོ་བོ་ཡིན་ནོ༔ ཐུན་འཇོག་པ་ན༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ ཧྲཱིཿཡིག་ལ་ཐིམ་འོད་གསལ་ངང༔ སླར་ཡང་མ་བཅོས་རྩ་བའི་ལྷ༔ མཁའ་ལས་འཇའ་ཚོན་བཞིན་དུ་ཤར༔ དགེ་བ་འདི་ཡིས་བདག་གཞན་ཀུན༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ནས༔ སྲིད་ན་འགའ་ཡང་མི་གནས་པར༔ ཐམས་ཅད་བྱང་ཆུབ་མྱུར་ཐོབ་ཤོག༔ ཅེས་བྱའོ༔ དེ་ལྟར་ཐུན་ཆུང་ལ་གྲངས་མང་བའི་ཚུལ་གྱིས་བསླབས་པས་ལྷ་སྐུ་བདེ་བ་ཆེན་པོའི་གསལ་སྣང་གི་ངང་དུ་སེམས་བྱུང་གི་རྙོག་པ་ཐམས་ཅད་ཞི་བའི་ཤིན་སྦྱངས་ཀྱི་ཡེ་ཤེས་བརྟན་པོ་ཐོབ་པར་འགྱུར་རོ༔ གལ་ཏེ་དབང་པོ་ཐ་མ་དེས་ཀྱང་ཏིང་ངེ་འཛིན་སྐྱེ་བར་མ་ནུས་ན༔ མཚན་མའི་རྟེན་ལ་སེམས་འཛིན་པར་བྱ་སྟེ༔ རང་གི་མདུན་ཉེ་རིང་འཚམ་པར༔ སྐུ་དང་ཡིག་འབྲུ་ཤིང་བུ་རྡེའུ་སོགས་ཇི་ལྟར་རིགས་པ་བརྟན་པར་བཞག༔ བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན༔ བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་ཅུང་ཟད་ངལ་བསོ༔ དེ་ནས་ལུས་གནད་བསྲང༔ རླུང་རོ་བསལ༔ མིག་ཟིམ་བུས་དམིགས་པའི་རྟེན་ལ་བལྟ་ཤེས་པ་ཙམ་བྱས་ཏེ་རླུང་ཕྱིར་འཛིན་དང་བཅས་ཡིད་མིག་རླུང་གསུམ་དང་དམིགས་རྟེན་དབྱེར་མེད་དུ་བསྲེས་ལ་འཇོག༔ དེའི་ངང་ལས་རྣམ་པར་རྟོག་པ་ལང་ལོང་དུ་གཡོ་བ་ངོས་ཟིན་པར་བྱས་ཏེ་ཐོལ་གྱིས་ཤར༔ ཧྲིག་གིས་རིག༔ རྦད་ཀྱིས་བཅད་ལ་མཉམ་པར་འཇོག་པ་ཁོ་ན་ལམ་དུ་བསླང་བར་བྱའོ༔ དེ་ལྟར་ཡང་ནས་ཡང་དུ་གོམས་པས་ཏིང་ངེ་འཛིན་མི་སྐྱེ་བ་མི་སྲིད་དོ༔ དེ་ཐམས་ཅད་ཀྱི་སྐབས་སུ་བསམ་གཏན་ལ་མངོན་པར་མི་སྤྲོ་བའི་ལེ་ལོའི་གཉེན་པོར༔ ངོ་བོ་རྩོལ་བ་དང༔ ཁྱད་པར་འདུན་པ་དང༔ རྒྱུ་དད་པ་དང༔ འབྲས་བུ་ཤིན་སྦྱངས་མཐར་ཕྱིན་པ་ལ་བསླབ༔ གདམས་ངག་བརྗེད་པའི་གཉེན་པོར་དམིགས་པ་མ་བརྗེད་པའི་དྲན་ཤེས་བསྟེན༔ ལྷག་པར་བྱིང་རྒོད་ཀྱི་གཉེན་པོར་བྱིང་ན་ལྟ་སྟངས་མཐོ་སར་གཏོད༔ རླུང་དྲག་ཏུ་བསལ༔ ཤེས་པ་ཧུར་ཕྱུང༔ སྤྱོད་ལམ་བསིལ་བར་བྱ༔ རྒོད་ན་ལྟ་སྟངས་སྨད༔ རླུང་དལ་བུར་འགྲོ་འོང་བྱ༔ ལུས་སེམས་ཁོང་ཀློད༔ སྤྱོད་ལམ་དྲོ་བར་བྱ༔ བྱིང་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པ་ལ་མངོན་པར་འདུ་བྱེད་པའི་དྲན་ཤེས་ཤུགས་དྲག་ཏུ་བསྟེན༔ འདུ་བྱེད་རྩོལ་སེམས་ཆེ་བས་རྣལ་དུ་མི་གནས་པའི་གཉེན་པོར་བཏང་སྙོམས་ཀྱིས་རྒྱས་གདབ༔ དེ་ལྟར་ཏིང་ངེ་འཛིན་གྱི་ཉེས་པ་བསལ་བའི་གཉེན་པོ་ཚུལ་བཞིན་དུ་བསྟེན་པས་སེམས་ནང་དུ་རྩེ་གཅིག་པར་འཇོག་པ་དང༔ རྣམ་རྟོག་གི་དབང་དུ་མི་བཏང་བར་རྒྱུན་དུ་འཇོག་པ་དང༔ དམིགས་པ་གཞན་དུ་བློ་འཕྲོ་ན་རྩ་བའི་དམིགས་པ་ལ་གླན་ཏེ་འཇོག་པ་དང༔ དེའི་ངང་དུ་དྲན་ཤེས་ཀྱིས་བསྒྲིམས་ཏེ་གནས་པ་བརྟན་པོ་ལ་ཉེ་བར་འཇོག་པ་དང༔ དེ་ལས་ཀྱང་འཕྲོ་ན་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་སྤྲོ་བས་སེམས་འདུལ་བ་དང༔ འདོད་པའི་ཉེས་དམིགས་ལ་བསམས་ཏེ་ཏིང་ངེ་འཛིན་གྱི་ངང་དུ་སེམས་ཞི་བར་བྱེད་པ་དང༔ དབང་མེད་དུ་བྱིང་རྒོད་སྐྱེས་ན་ཐབས་དུ་མས་ཉེ་བར་ཞི་བར་བྱེད་པ་དང༔ དམིགས་པ་ལ་སེམས་གཏོད་པ་ཙམ་གྱིས་ངང་གིས་བསམ་གཏན་ལ་འཇུག་པ་རྒྱུད་གཅིག་ཏུ་བྱེད་པ་དང༔ དེ་ལ་གོམས་པས་ཇི་ཙམ་འདོད་ཀྱི་བར་དུ་སེམས་བྱུང་གི་རྙོག་པ་ཞི་བའི་ངང་དུ་མཉམ་པར་འཇོག་པ་རྣམས་རིམ་མམ་ཐོད་བརྒལ་ལ་སོགས་པས་གྲུབ་ནས༔ ལུས་སེམས་ལ་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱབ༔ དེའི་ངང་དུ་སེམས་མི་གཡོ་བར་ཟིན༔ གང་འདོད་དུ་བཀོལ་བཏུབ༔ ཇི་ཙམ་འདོད་ཀྱི་བར་དུ་མཉམ་པར་འཇོག་ནུས༔ སེམས་ཟིན་པས་རླུང་ངང་གིས་ཟིན་ཏེ་དྲོད་དང༔ བདེ་བ་དང༔ མི་རྟོག་པའི་ཏིང་ངེ་འཛིན་རྩོལ་མེད་དུ་འཆར༔ སྤྱན་དང་མངོན་ཤེས་སོགས་ཀྱང་འགྲུབ་པར་འགྱུར་རོ༔ གཉིས་པ་སེམས་ཉིད་ཀྱི་རང་ཞལ་བལྟ་བ་ལ༔ དབང་པོ་རབ་བླ་མའི་རྣལ་འབྱོར་མོས་གུས་ཁོ་ན་ལ་རྩལ་དུ་བཏོན་པས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཐུགས་ཡིད་གཅིག་ཏུ་འདྲེས༔ མོས་གུས་ཀྱི་འུར་ལངས༔ ཤེས་པ་ཀླུངས་སུ་ཕེབ༔ སེམས་ཀྱི་དྭངས་སྙིགས་ཕྱེད༔ དུས་གསུམ་གྱི་སྤྲོས་པས་མ་བཅིངས༔ གཟུང་བས་མ་གོས༔ འཛིན་པས་མ་བསླད་པའི་ད་ལྟར་གྱི་རིག་པ་སྐད་ཅིག་མ་བློ་འདས་ཡིད་དཔྱོད་དང་བྲལ་བར་ཁོང་དུ་ཆུད༔ འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཀློང་ལས་མི་འདའ་བའི་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་འགྱུར་རོ༔ དབང་པོ་འབྲིང་དེ་ལྟར་མངོན་དུ་མ་གྱུར་ན༔ ཚོགས་གསག་སྒྲིབ་སྦྱོང་ལ་ནན་ཏན་དུ་བྱ༔ ཁྱད་པར་བླ་མ་ལ་མོས་གདུང་དྲག་པོས་མཚམས་སྦྱར་ནས་སྣང་བ་སེམས༔ སེམས་སྟོང་པ༔ སྟོང་པ་རིག་པ༔ རིག་པ་བློ་འདས་སྤྲོས་བྲལ་དུ་ངོ་འཕྲོད་པར་འགྱུར་ཏེ༔ དང་པོ་ནི༔ ཚོགས་དྲུག་གི་ཡུལ་དུ་གང་ཤར་བའི་སྣང་བ་ཐམས་ཅད་སེམས་ལ་བག་ཆགས་བཞག་པའི་དབང་གིས་མེད་བཞིན་དུ་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པའོ༔ གཉིས་པ་ནི༔ སེམས་དེའང་ལེགས་པར་བརྟགས་ན་ཕུང་པོ་དང་གཅིག་དང་དུ་མར་མི་གནས༔ དབྱིབས་དང་ཁ་དོག་གི་གཟུགས་སུ་མེད༔ གཟུང་འཛིན་གྱི་ཆོས་ཐམས་ཅད་ལས་འདས་པའི་སྟོང་པ་ཆེན་པོར་རྗེན་ཅེར་ཏེ་ངོ་འཕྲོད་པའོ༔ གསུམ་པ་ནི༔ སྟོང་པ་དེའང་བེམ་པོའི་སྟོང་པ་ལྟ་བུ་མཐའ་གཅིག་ཏུ་མེད་པའང་མ་ཡིན་པར་སོ་སོ་རང་རིག་པའི་བདག་ཉིད་ཅན་དུ་ཉམས་སུ་མྱོང་བའོ༔ བཞི་པ་ནི༔ དེ་ལྟ་བུའི་མྱོང་བ་དེའང་གཞོན་ནུའི་བདེ་བ་བཞིན་དུ་ཉམས་མྱོང་ཡོད་ཀྱང་སྨྲ་མི་བཏུབ་པ༔ བདེ་ལ་ཞེན་པ་མེད་པ༔ གསལ་ལ་མི་རྟོག་པ༔ སྟོང་མི་སྟོང་ལ་སོགས་བློའི་ཡུལ་ཐམས་ཅད་ལས་འདས་པ་རང་རིག་འོད་གསལ་གྱི་དགོངས་པ་མངོན་དུ་གྱུར་པས་གདིང་ཐོབ་པར་གྱུར་པའོ༔ དབང་པོ་ཐ་མ་བག་ཆགས་ཀྱི་རྟོག་པར་རགས་པས་དེ་ལྟར་མངོན་དུ་མ་གྱུར་ན་བདག་མེད་གཉིས་ཀྱི་ངེས་པས་བཙལ་བར་བྱ་སྟེ༔ དེའང་ཕུང་པོ་ལ་དམིགས་ནས་བདག་དང་བདག་གིར་ལྟ་བ་ནི་གང་ཟག་གི་བདག་ཡིན་ལ༔ དེ་བདེན་པར་གྲུབ་ན་ཕུང་པོ་དང་གཅིག་དང་དུ་མ་གང་ཡང་རུང་བའི་ཚུལ་དུ་གྲུབ་དགོས་ཀྱང༔ གཅིག་ཏུ་གྲུབ་ན་ཕུང་པོ་སྐྱེ་འཇིག་བྱེད་པ་བཞིན་བདག་ཀྱང་དེ་ལྟར་བྱེད་པར་འགྱུར་ལ༔ དུ་མར་གྲུབ་ན་ཕུང་པོ་ལས་གཞན་པའི་རྫས་སུ་ཡོད་དགོས་ཀྱང་མ་དམིགས་པའི་ཕྱིར་དང༔ གཞན་ཡང་རྟག་པར་མི་རུང་སྟེ་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་ཕྱིར་དང༔ གཅིག་པུར་མི་རུང་སྟེ་གདགས་གཞིའི་ཕུང་པོ་དུ་མར་སྣང་བའི་ཕྱིར་དང༔ རང་དབང་ཅན་དུ་མི་རུང་སྟེ་ཕུང་པོ་སོགས་བདག་ལ་རང་དབང་མེད་པར་འདོར་ཞིང་འཇིག་པའི་ཕྱིར༔ དེས་ན་ཕུང་པོ་ལྔ་སྒྱུ་མ་ལྟ་བུར་ཚོགས་པ་ཙམ་ལ་དམིགས་ནས་མ་རིག་པས་མངོན་པར་ཞེན་པས་བདག་དང་བདག་གི་ཞེས་བཏགས་པའི་འཁྲུལ་པ་ལས་དོན་དུ་རང་བཞིན་གྱིས་གྲུབ་པ་མེད་པར་ངེས་ཤེས་རྙེད་པར་བྱའོ༔ ཆོས་ནི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་དངོས་པོ་ཐམས་ཅད་དེ༔ དེ་ལ་བདེན་གྲུབ་ཏུ་ཡོད་པར་འཛིན་པ་ནི་ཆོས་ཀྱི་བདག་གོ༔ དེ་ཉིད་བདེན་པར་མ་དམིགས་པའི་ཚུལ་ནི༔ བེམ་པོའི་གཟུགས་སུ་སྣང་བ་རགས་པ་ཐམས་ཅད་རིམ་པར་བསིལ་ན་རྡུལ་ཕྲ་རབ་ཀྱི་བར་དུ་འགྱུར་ལ༔ དེའང་རྡུལ་ཕྲ་ཆ་མེད་དུ་ཐིམ་པས་ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཐག་བཅད༔ ཤེས་པ་གཟུགས་ཅན་མ་ཡིན་པའི་སེམས་དང་སེམས་བྱུང་ནི་འདས་པ་འགགས༔ མ་འོངས་པ་མ་སྐྱེས༔ ད་ལྟར་བའི་སྐད་ཅིག་མ་དེའང་ཁ་དོག་དང་དབྱིབས་སུ་མེད༔ ལུས་ཀྱི་ཕྱི་ནང་གང་དུའང་མི་དམིགས༔ དབང་པོ་དང་ཡུལ་གང་ལའང་མི་གནས༔ ཆུ་ནང་གི་ཟླ་གཟུགས་ལྟར་སྐྱེ་བ་དང༔ གནས་པ་དང༔ འགག་པ་ལྟར་སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་སྟོང་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུགས་བརྙན་ཙམ་དུ་ཤེས་པར་བྱ༔ དེ་ལྟར་ཡང་ནས་ཡང་དུ་གོམས་པ་དང༔ བླ་མའི་བྱིན་རླབས་ལ་བརྟེན་ནས་བདག་འཛིན་གྱི་ཁུངས་སྟོང༔ གཟུང་བའི་ཡུལ་གྱིས་མ་བསླད༔ འཛིན་པའི་སེམས་ཀྱིས་མ་བཅིངས༔ གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཀུན་བྱེད་རྒྱལ་པོ་སེམས་ཀྱི་གནས་ལུགས་ཆོས་སྐུ་བློ་འདས་ཀྱི་དགོངས་པ་རང་ངོ་འཕྲོད་པར་འགྱུར་རོ༔ གསུམ་པ་དབྱེར་མེད་གཉུག་མར་འཇོག་པ་ནི༔ རབ་ཀྱིས་དྲན་པས་ཟིན་ཙམ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་བསམ་གཏན་དང༔ རིག་པའི་ངོ་བོ་དབྱེར་མེད་པར་ལྷུམས་སུ་ཞུགས་ཏེ་རྟོག་ཚོགས་ཕན་མེད་གནོད་མེད་རང་གྲོལ་གཉུག་མའི་ངང་དུ་མཉམ་ཁད་དེ་གནས་པར་འགྱུར༔ འབྲིང་གིས་གནས་པ་ཤས་ཆེ་ན་གསལ་བའི་ངར་བསྐྱེད༔ གསལ་བ་ཤས་ཆེ་ན་གནས་པས་གཞི་བཟུང་སྟེ༔ དེ་གཉིས་དབྱེར་མེད་གཉུག་མའི་ངང་བསྐྱངས་པས་རྣམ་རྟོག་ཐམས་ཅད་ཆུ་ལ་རླབས་བཞིན་ཤར་གྲོལ་རྗེས་མེད་ཀྱི་ངང་དུ་གནས་ལུགས་ཀྱི་རང་ས་བཟུང༔ ཐ་མས་བདག་མེད་གཉིས་ལ་བརྟེན་ནས་སེམས་ཉིད་གཉུག་མར་གཏན་ལ་དབབ༔ ངོ་བོ་མཐོང་བ་ན་དེའི་ངང་དུ་རྩེ་གཅིག་མཉམ་པར་བཞག་པས་རྟོག་ཚོགས་ཐམས་ཅད་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སར་གྲོལ་ནས་གསལ་སྟོང་ཟུང་འཇུག་གི་དོན་ལ་བརྟན་པ་ཐོབ་པར་བྱའོ༔ དེ་ལྟ་བུའི་ཉམས་ལེན་འདི་ལ་རྡོ་རྗེ་ཐེག་པའི་དབང་བཞིའི་སྙིང་པོ་མཐར་ཐུག་པ་རྫོགས་པའི་ཚུལ་རྒྱུད་ལས༔ སྣང་སྟོང་ཟུང་འཇུག་བུམ་དབང་ལམ༔ རླུང་སེམས་རྩེ་གཅིག་གསང་དབང་ལམ༔ ཆོས་ཉིད་དོན་མཐོང་ཤེར་དབང་ལམ༔ དབྱེར་མེད་ངང་གནས་བཞི་པའི་ལམ༔ ཞེས་གསུངས་ཏེ༔ དེའང་ཟབ་མོ་ནང་གི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སེམས་ཟིན་པས་བུམ་དབང་གི་ལམ་རྫོགས༔ སེམས་གནས་པས་རླུང་ཟིན་ཏེ་དེས་དྲོད་དང་བདེ་བ་སོགས་སྐྱེ་ཞིང་རྩ་རླུང་རང་བཞིན་གྱིས་འབྱོངས་པས་གསང་དབང་གི་ལམ་རྫོགས༔ སེམས་ཉིད་གདོད་མ་ནས་རྣམ་པར་དག་པའི་ཟག་མེད་ཀྱི་བདེ་བས་ཤེས་རབ་རང་བྱུང་གི་ཡེ་ཤེས་མཚོན་པར་བྱས་པས་གསུམ་པའི་ལམ་རྫོགས༔ དབྱེར་མེད་ཟུང་འཇུག་གཉུག་མའི་ངང་བསྐྱངས་པས་དེ་ཁོ་ན་ཉིད་ངོ་ཤེས༔ རྩལ་རྫོགས༔ བརྟན་པ་ཐོབ་ནས་དབང་བཞི་པའི་ལམ་རྫོགས་པ་ཡིན་ནོ༔ གསུམ་པ་རྗེས་ཀྱི་ཁྲིད་ལ༔ དེ་ལྟ་བུའི་ཟབ་ལམ་སྒོམ་པ་ཐམས་ཅད་ཀྱི་ཐུན་གྱི་རྗེས་སུ་དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ༔ ཐུན་མཚམས་ཐམས་ཅད་དུ་མི་དགེ་བ་རྩད་ནས་སྤང༔ ལུང་མ་བསྟན་གྱི་ལས་ཟིལ་གྱིས་མནན༔ སྦྱིན་པ་ལ་སོགས་པའི་ཕར་ཕྱིན་བཅུ་དང༔ ཡི་གེ་འབྲི་མཆོད་སོགས་ཐུན་མོང་གི་ཆོས་སྤྱོད་བཅུ་དང༔ ཁྱད་པར་དུ་འཕགས་པའི་ཞལ་ནས༔ རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས༔ མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས༔ འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས༔ ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ༔ ཞེས་གསུངས་པའི་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་བཅུ་ལ་ཕྱི་ནང་གསང་བའི་ཚུལ་གྱིས་འབད་པར་བྱ་སྟེ༔ དེ་ལ་ཕྱིའི་རྟེན་གསུམ་བཞེངས་པ་ནི༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་ཡི་དམ་གྱི་ལྷ་ལ་སོགས་པའི་སྐུ་རིས་སུ་བྲི་བའམ༔ འབུར་དུ་བཏོད་པ༔ ལུགས་སུ་བླུག་པ༔ གསུང་རབ་ཀྱི་གླེགས་བམ་འབྲི་བ༔ མཆོད་རྟེན་བཞེངས་པའམ་སཱཙྪ་གདབ་པ་སོགས་བྱ༔ ནང་ལྟར་ན་སྣང་གྲགས་རྟོག་ཚོགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ལམ་དུ་ཁྱེར༔ གསང་བ་ལྟར་ན་སེམས་ཉིད་གཉུག་མ་མ་བཅོས་པའི་ངང་དུ་མཉམ་པར་བཞག་པས༔ གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ ཡིད་རིག་སྟོང་དོན་གྱི་རྡོ་རྗེ་གསུམ་རང་ཤར་དུ་འབྱུང་བ་ལ་བསླབ་བོ༔ སྲོག་འདོན་པ་ནི༔ ཕྱི་ལྟར་ན་མི་དང་དུད་འགྲོ་སོགས་ཀྱི་སྲོག་ལ་མི་འཇིགས་པའི་སྐྱབས་བྱ༔ ནང་ལྟར་ན་སྲོག་ཆགས་རྣམས་ཀྱི་སྤྱི་བོར་འཕགས་པ་ཚེ་དཔག་མེད་ཀྱི་རྣམ་པར་བསྐྱེད་ལ་བདུད་རྩིའི་རྒྱུན་བབ་པས་དུས་མིན་གྱི་འཆི་བ་ལས་ཐར་བར་བསམ༔ ཚེ་གཟུངས་བཟླ༔ ཚེ་རིང་བའི་སྨོན་ལམ་གདབ༔ གསང་བ་ལྟར་ན་སྣང་སེམས་རོ་གཅིག་ཏུ་བསྲེས་ལ་འཆི་མེད་གཉུག་མའི་རང་ཞལ་བསྐྱང༔ ཟམ་པ་འཛུགས་པ་ནི༔ ཕྱི་ལྟར་ན་བླ་མ་དགེ་འདུན་གཙོ་བོར་གྱུར་པའི་མི་དང་སྲོག་ཆགས་རྒྱུ་བའི་ཆུ་ཆེན་པོ་དང༔ ལམ་འཕྲང་སོགས་ལ་ཟམ་པ་བརྟན་པོར་བཙུག༔ སྨོན་ལམ་གདབ༔ ནང་ལྟར་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་རྣལ་འབྱོར་དང༔ གསང་བ་ལྟར་ན་སེམས་ཉིད་མ་བཅོས་གཉུག་མ་ངང་བཞག་གི་རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་ཟམ་མ་ཆད་པར་བསྐྱང༔ མཆོད་པ་ནི༔ ཕྱི་ལྟར་ན༔ དཀོན་མཆོག་གི་རྟེན་གསུམ་དང༔ བླ་མ་དགེ་བའི་བཤེས་གཉེན་འདུས་པའི་ཚོགས་ལ་མཆོད་པ་དང་བསྙེན་བཀུར་སྡིག་དང་མ་འདྲེས་པར་ཅི་ནུས་སུ་བྱ༔ ནང་ལྟར་ན་ཏིང་ངེ་འཛིན་གྱི་མཆོད་པ་མཁའ་ཁྱབ་ཏུ་སྤྲོ༔ གསང་བ་ལྟར་ན་འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག༔ སྦྱིན་པ་ནི༔ ཕྱི་ལྟར་ན༔ ཕ་མ་དང་དབུལ་ཕོངས་ནད་པ་དཀའ་ཐུབ་ཅན་སོགས་ལ་ལོག་པའི་འཚོ་བར་མི་འགྱུར་བའི་སྦྱིན་པ་སྙོམས་པར་གཏང༔ ནང་ལྟར་ན་སྟོང་ཉིད་སྙིང་རྗེའི་གདིང་བསྐྱེད་ལ་རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་གཟན་དུ་བསྐྱུར༔ ཤ་ཁྲག་གཅལ་དུ་བཀྲམ་ནས་བྲམ་ཟེས་སྟོན་མོ་འགྱེད་པ་ལྟར་རིགས་དྲུག་དང་གདོན་བགེགས་ལན་ཆགས་ཀུན་ལ་ལྟོས་མེད་དུ་སྦྱིན༔ གསང་བ་ལྟར་ན་སྦྱིན་པའི་ཡུལ་ཡུལ་ཅན་དངོས་པོ་ཐམས་ཅད་རང་གི་སེམས་ཉིད་གཅིག་པུའི་ཀློང་དུ་དགོངས་པའི་གདིངས་འཆའ༔ ཁྲུས་ནི༔ ཕྱི་ལྟར་ན་འཕགས་པའི་གཟུངས་སྒྲུབ་ཚུལ་བཞིན་དུ་བྱས་པའི་བུམ་ཆུས་རང་གཞན་ལ་དངོས་སུ་ཁྲུས་བྱ༔ ནང་ལྟར་ན་རང་འཕགས་པར་གསལ་བའི་སྐུ་དང་ལུས་དཀྱིལ་གྱི་ལྷ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པར་བསམ་ལ་དྲི་ཆུ་བར་པས་བཀྲུ༔ གསང་བ་ལྟར་ན་སེམས་ཉིད་རིག་པ་གཅེར་བུ་དྲི་མེད་གཉུག་མའི་ངང་བསྐྱང༔ བསྐོར་བ་ལ༔ ཕྱི་ལྟར་ན༔ ཉ་སྟོང་བརྒྱད་གསུམ་སོགས་ཀྱི་དུས་སུ་བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་རྟེན་ལ་ལུས་ཀྱིས་བསྐོར་བ་བྱ༔ ངག་ཏུ་གཟུངས་བཟླ༔ ཡིད་ཀྱིས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་སྙེད་ལ་རང་དང་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསམ༔ ནང་ལྟར་ན་འགྲོ་འདུག་ཐམས་ཅད་བསྐོར་བར་ཤེས་པའི་དྲན་པས་ཟིན་པར་བྱ༔ གསང་བ་ལྟར་ན་རང་བྱུང་སེམས་ཉིད་འགྲོ་འོང་དང་བྲལ་བའི་དབྱིངས་སུ་ལ་བཟླའོ༔ ཚུལ་ཁྲིམས་ནི༔ ཕྱི་ལྟར་ན་དུས་བཟང་པོ་སོགས་སུ་འཕགས་པའི་སྤྱན་སྔར་ཉིན་ཞག་གཅིག་པའི་གསོ་སྦྱོང་བླང་ཞིང༔ ཡན་ལག་བརྒྱད་པའི་སྡོམ་པ་དང་ཟས་སྐོམ་སྨྱུང་བར་གནས་པས་གཟུངས་སྔགས་བཟླ༔ ནང་ལྟར་ན་སྒོ་གསུམ་སྡོམ་པ་གསུམ་དང་ལྡན་པས་གཙང་བར་བྱ༔ གསང་བ་ལྟར་ན་ཟག་པ་མེད་པའི་ཡེ་ཤེས་རང་རིག་བྱང་ཆུབ་སེམས་ཀྱི་ངང་དུ་ཉོན་མོངས་དང་རྣམ་པར་རྟོག་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུའི་ངང་བསྐྱང་ངོ༔ དེ་རྣམས་ཀྱང་ལས་དང་པོ་བ་སྔོན་འགྲོ་གསག་སྦྱོང་དང་བསྐྱེད་བཟླས་ཀྱི་སྐབས་སུ་ཕྱི་ལྟར་གྱི་ཆོས་སྤྱོད་གཙོ་བོར་བྱ༔ སེམས་བྱུང་གདུལ་བ་དང་ཡེ་ཤེས་བསྐྱེད་པའི་སྐབས་སུ་ནང་གི་ཆོས་སྤྱོད་ཅི་རིགས་པ་ལམ་དུ་ཁྱེར༔ ཟུང་འཇུག་རྣལ་མའི་ཉམས་ལེན་མཉམ་གཞག་ལ་སེམས་བརྟན་པའི་སྐབས་སུ་གསང་བའི་ཆོས་སྤྱོད་ཁོ་ནའི་ངང་དུ་ལ་བཟླའོ༔ གཞན་ཡང་བཟའ་བཏུང་བདུད་རྩིར་བརླབས་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ལ་ཚོགས་སུ་ཕུལ་བའམ༔ ལྷ་ལ་ལྷ་ཐིམ་པའམ༔ ཆོས་ཉིད་གསལ་ཁྱབ་ཀྱི་ངང་དུ་རོལ༔ གོས་རྒྱན་སོགས་འདོད་ཡོན་ཐམས་ཅད་ཀྱང་བདེ་བའི་ཡོ་བྱད་རྣམ་པ་ཐམས་ཅད་པས་ལྷ་མཆོད་པའམ༔ ལྷ་ལ་ལྷ་ཐིམ་པའམ༔ སྒོ་ལྔ་རང་གྲོལ་ཆོས་ཉིད་གསལ་ཁྱབ་ཆེན་པོར་ལོངས་སྤྱོད༔ ཉལ་བའི་ཚེ་སྙིང་གའི་ཧྲཱིཿལ་སེམས་བཟུང་ནས་རྣམ་རྟོག་གི་རྙོག་མ་གདུལ་བའམ༔ དེའང་མི་དམིགས་པའི་ཟུང་འཇུག་རང་རིག་པ་སེམས་ཉིད་གཉུག་མའི་རང་ཞལ་བལྟས་ལ་ངང་བསྐྱངས་ཏེ་གཉིད་ཀྱི་འོད་གསལ་གཟུང༔ རྨི་ལམ་གྱི་རྩལ་སྦྱང༔ ལྡང་བའི་ཚེ་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཆུ་ལས་རླབས་བཞིན་དུ་ལྡང༔ ཚེ་འདིར་ཆོས་སྐུའི་དགོངས་པ་མངོན་དུ་མ་གྱུར་ན༔ འཆི་ཁར་འཚང་རྒྱ་བ་འཕོ་བའི་མཚམས་སྦྱོར་ནི༔ ནམ་འཆི་བའི་དུས་ལ་བབ་པ་ན་ལུས་ལོངས་སྤྱོད་མཛའ་བཤེས་སོགས་ལ་ཆགས་སྡང་གདུང་སེམས་ཀྱི་འཁྲི་བ་རྦད་ཀྱིས་བཅད༔ དག་པའི་ཞིང་དུ་འགྲོ་བ་ལ་སྤྲོ་བའི་ཡིད་ཀྱིས་དྲན་པ་མངོན་དུ་བཞག༔ ཙོག་པུའམ་སེང་གེའི་ཉལ་སྟབས་ཀྱིས་འཁོད་ལ༔ ཕྱི་ལྟར་ན་རང་ལུས་སྣང་སྟོང་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་ཚངས་པའི་བུ་གར་ཐ་ལེར་ཟུག་པ༔ མར་སྣ་ལྟེ་འོག་གཉེར་པོ་ཆེའི་ཐད་དུ་ཁ་ཟུམ་པ༔ སྙིང་གར་ཟླ་བའི་སྟེང་དུ་རླུང་སེམས་མི་འགྱུར་བའི་ངོ་བོ་ཧྲཱིཿདམར་པོ་མར་མེ་ལྟར་གསལ་ལམ་པ༔ འཕར་ལིང་ལིང་བྱེད་པར་བསམ༔ སྤྱི་བོར་རིགས་བདག་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གསལ་གདབ༔ འོད་དཔག་མེད་མགོན་བླ་མ་རྡོ་རྗེ་འཆང༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ རླུང་སེམས་མི་འགྱུར་དྭངས་མ་ཐིག་ལེའི་གཟུགས༔ བདེ་བ་ཅན་དུ་འཕོ་བར་བྱིན་གྱིས་རློབས༔ ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་འོག་རླུང་དྲངས་པའི་རྐྱེན་གྱིས་ཟླ་གདན་འདར་ཤིགས་སེར་སོང༔ ཧིཀ་ཅེས་བརྗོད་པས་ཧྲཱིཿཡིག་ཐིག་ལེ་དམར་པོའི་རྣམ་པས་སྐར་མདའ་རྒྱུག་པ་ལྟར་དབུ་མའི་ལམ་ནས་སོང༔ སྤྱི་བོའི་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས༔ ཐུགས་ཀར་ཐིམ་པར་བསམ༔ ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་བསྐྱངས་རྗེས་བར་དོ་མེད་པར་བདེ་བ་ཅན་སོགས་དག་པའི་ཞིང་དུ་སྐྱེ་བར་འགྱུར་རོ༔ དེའང་ད་ལྟ་ནས་རྟགས་ཐོན་པ་གཅེས་པས་ཐུན་མཚམས་རྣམས་སུ་དམིགས་པ་ཡང་ཡང་གསལ་གདབ༔ ཐུགས་ཡིད་འདྲེས་པའི་ངང་བསྐྱངས་རྗེས་ཐིག་ལེ་སྔར་བཞིན་བྱུང་བ་མར་དབབ༔ སྙིང་གར་ཧྲཱིཿཡིག་གི་རྣམ་པར་བསམ༔ དེ་ལྟ་བུ་ཡང་ཡང་སྦྱང༔ མཐར་བླ་མ་འཆི་མེད་བདུད་རྩིའི་རང་བཞིན་དུ་ཞུ་བ་ཚངས་བུག་བརྒྱུད༔ སྙིང་གའི་ཧྲཱིཿལ་ཐིམ༔ རྡོ་རྗེའི་སྲོག་གྲུབ༔ ཚངས་བུག་སྣ་ཚོགས་རྡོ་རྗེས་སྲ་ཞིང་འཐས་པར་བཀག་པར་བསམ་མོ༔ ནང་ལྟར་ན་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་ངང་དུ་རླུང་སེམས་བསྡུས་ཏེ་བཟུང་བས་བར་དོ་རྒྱལ་བ་ལོངས་སྐུ་རང་ཤར་དུ་འབྱུང༔ གསང་བ་ལྟར་ན་རང་བྱུང་སེམས་ཉིད་ཟུང་འཇུག་གཉུག་མའི་ངང་བསྐྱངས་ཏེ༔ རིག་པ་མིག་ལ་གཏད༔ མིག་བར་སྣང་ལ་གཏད༔ གང་ཡང་ཡིད་ལ་མི་བྱེད་པའི་དགོངས་པ་ཟང་ཐལ་གྱི་གདིང་བཟུང་བས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པར་འགྱུར་བ་ཡིན་ནོ༔ གཞན་ཡང་རྣམ་པ་ཀུན་ཏུ་མི་རྟག་དང་ངེས་འབྱུང་གི་ལྕག་གིས་བསྐུལ༔ བླ་མའི་མོས་གུས་ལམ་གྱི་སྲོག་ཏུ་བཟུང༔ སེམས་ཅན་ཐམས་ཅད་གནས་ལུགས་མ་རྟོགས་པས་རྨི་ལམ་ལྟར་འཁྲུལ་པ་ལ་ཕ་མ་དྲིན་ཅན་ཡིན་པའི་ངེས་པས་མཚམས་སྦྱར་ནས་རྨི་ལམ་དང་སྒྱུ་མ་ལྟ་བུས་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྐྱེད༔ རང་གི་བདེ་བ་དང་དགེ་བའི་རྩ་བ་ཐམས་ཅད་ལྟོས་མེད་དུ་བཏང༔ གཞན་གྱི་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་དོགས་པ་མེད་པར་བླང༔ རྗེས་སུ་ཡི་རང་བའི་དགའ་བ་ཁྱད་པར་ཅན་བསྐྱེད༔ དེ་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་ཀློང་ཆེན་དགོངས་པའི་ངང་ལས་མི་འདའ་བར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་གནད་ནས་བཟུང༔ ལམ་དུ་བསླང༔ རྒྱན་དུ་ཁྱེར་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་པ་ལས་རྟགས་དང༔ དྲོད་དང༔ ཡེ་ཤེས་རྒྱུད་ལ་འཆར་བའི་ཚུལ༔ བསྐྱེད་བཟླས་ཀྱི་བསྙེན་སྒྲུབ་ཚུལ་བཞིན་དུ་བརྩོན་པས༔ རབ་དངོས༔ འབྲིང་ཉམས༔ ཐ་མས་རྨི་ལམ་དུ་བླ་མ་ཡི་དམ་གྱི་ཞལ་མཐོང༔ སྔགས་ཀྱི་སྒྲ་ཐོས༔ ཏིང་འཛིན་དང་མངོན་ཤེས་འཆར༔ སྒྲུབ་ཁང་བག་དྲོ་ཟིལ་ཆེ༔ སྒྲུབ་རྫས་འཕེལ་ཞིང་འོད་འབར་བ་སོགས་འབྱུང༔ ཁྱད་པར་བདེ་རླུང་ལྷ་སྐུ་ལ་སེམས་ཟིན་པས་རྟོགས་པ་ཁྱད་པར་ཅན་འཆར་ཞིང་བློ་བཀོལ་དུ་བཏུབ༔ ཉམས་དགའ༔ བག་ཕེབས༔ འདོད་བློ་ཞིག་པ་ནི་མཆོག་གི་རྟགས་སོ༔ དེ་ནས་སེམས་བྱུང་གི་རྙོག་མ་གདུལ་བས༔ དང་པོ་རྟོག་པ་མང་བ་སྙམ་བྱེད༔ དེ་ནས་རེས་ཟིན༔ བར་དུ་སེམས་སེམས་བྱུང་མཉམ༔ མཐར་གནས་པ་ཤས་ཆེ༔ ཚད་ཕྱིན་པ་ན་གནས་པ་འབའ་ཞིག་གི་ངང་དུ་ལུས་དང་སེམས་ལ་ཤིན་སྦྱངས་ཀྱི་བདེ་བས་ཁྱབ༔ ལུས་ཡོད་དུ་མི་ཚོར༔ དབུགས་ཀྱི་འགྱུ་བ་དལ༔ གཞན་གྱི་སེམས་ཤེས་པ་སོགས་གསལ་སྣང་སྐྱེའོ༔ ལྷག་པར་སེམས་ཉིད་གཉུག་མ་རང་བྱུང་གི་ཡེ་ཤེས་ངོ་འཕྲོད་ནས་བསྐྱངས་པས་ཀ་དག་སྣང་བ་བཞིའི་རྩལ་རྫོགས་པའི་ཚུལ་རྒྱུད་ལས༔ སེམས་ཀྱི་ཆོས་ཉིད་མངོན་སུམ་མཐོང༔ ཟུང་འབྲེལ་ཉམས་མྱོང་གོང་དུ་འཕེལ༔ སྣང་ཤེས་རིག་པ་ཚད་ལ་ཕེབས༔ ཆོས་ཅན་འཁྲུལ་པ་དབྱིངས་སུ་ཟད༔ ཅེས་པས་སེམས་ཉིད་གཉུག་མ་རང་བྱུང་གི་ཡེ་ཤེས་ཚིག་དང་དཔེ་ལས་འདས་པའི་ཆོས་ཉིད་སོ་སོ་རང་རིག་པས་མངོན་སུམ་དུ་མཐོང་ཞིང་རང་ངོ་རང་གིས་ཤེས་པ་ནི་ཆོས་ཉིད་མངོན་སུམ༔ དེ་ལྟར་མཐོང་བའི་དོན་ཟུང་འཇུག་བློ་བྲལ་གྱི་ངང་བསྐྱངས་པས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་དེ་ཁོ་ནར་ཐག་ཆོད་ཅིང་མཉམ་རྗེས་དབྱེར་མེད་དུ་རྟོགས་པའི་རྩལ་རྫོགས་པ་ནི་ཉམས་གོང་འཕེལ༔ སྣང་ཤེས་རོ་གཅིག་ཏུ་འདྲེས་ཏེ་འགྱུར་མེད་ཀྱི་བརྟན་པ་ཐོབ་པ་ནི་རིག་པ་ཚད་ཕེབས༔ བསྒོམ་བྱ་སྒོམ་བྱེད་ལ་སོགས་པའི་གཉིས་སྣང་གི་ཆོས་ཅན་ཐམས་ཅད་ཆོས་ཉིད་གཉུག་མའི་དབྱིངས་སུ་ཟད་ནས་གནས་ལུགས་མཐར་ཕྱིན་པ་ནི་ཆོས་ཉིད་ཟད་པ་སྟེ༔ དེའི་ཚེ་ལུས་རྡུལ་ཕྲན་དུ་དེངས༔ སེམས་ཉིད་ཆོས་སྐུར་གྲོལ༔ ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་ཤར་བས་གཞན་དོན་རྒྱུན་མི་འཆད་པའི་མཐར་ཐུག་གི་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་ལག་ཁྲིད་གབ་པ་མངོན་དུ་ཕྱུང་བའི་རིམ་པའོ༔ ས་མ་ཡ༔ དེ་ལྟ་བུའི་ལམ་ཟབ་མོ་ཉམས་སུ་ལེན་པར་བྱེད་པ་ལ༔ སྔོན་དུ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་རྣམ་པར་དག་པས་གཞི་བཟུང་དགོས་པས་ན་དབང་བསྐུར་བའི་ཆོ་ག་བཤད་པར་བྱ་སྟེ༔ བསྙེན་སྒྲུབ་རྫོགས་ཤིང་སྔགས་ཀྱི་ལག་ལེན་ལ་དབང་འབྱོར་པའི་རྡོ་རྗེ་སློབ་དཔོན་གྱིས་ས་གཞི་ལས་སུ་རུང་བར་བྱ་བ་དང༔ ལྷག་པར་གནས་པས་གཞི་བཅའ་བ་དང༔ བསྙེན་ཅིང་བསྒྲུབས་པས་ནུས་ལྡན་དུ་བྱ་བ་དང༔ འཇུག་ཅིང་དབང་བསྐུར་བས་སྨིན་པར་བྱ་བའོ༔ དང་པོ་ནི༔ རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་ལེགས་པར་བརྟགས་པས་ས་ཕྱོགས་རུང་བར་ཤེས་ནས་སྣང་བ་ལ་རིན་གྱིས་བཅལ་ནས་ཉེ་འཁོན་མེད་པར་བྱ༔ མི་སྣང་བ་གནས་དང་གཞིའི་བདག་པོ་ལ་གཏོར་མ་སྦྱིན་ནས་ཕྲིན་ལས་བཅོལ༔ ཁྱད་པར་མཎྜལ་ཚོམ་བུ་མཆོད་པ་བཅས་བཤམས་ནས་བྱིན་གྱིས་བརླབ༔ རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས༔ དགྱེས་ཤིང་འཛུམ་པའི་མདངས་ཕྱུང་སྟེ་འཁོད་པར་བསམ་ལ༔ ཨོཾ་པྲྀ་ཐཱི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་འབུལ༔ ཉེར་སྤྱོད་ཀྱིས་མཆོད༔ འཇིག་རྟེན་ས་ལ་མངའ་མཛད་པ༔ བྱང་ཆུབ་སེམས་མ་རྫུ་འཕྲུལ་ཅན༔ ས་ཡི་ལྷ་མོ་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདེ་གཤེགས་རྣམས་ཀྱི་སྤྱོད་པ་ལྟར༔ བདག་ཀྱང་གནས་འདིར་བདུད་ཀྱི་སྡེ༔ བཅོམ་ཞིང་དཀྱིལ་འཁོར་བགྱིད་འཚལ་ན༔ ས་འདི་བདག་ལ་བསྩལ་བར་མཛོད༔ ཅེས་བརྗོད་པས་དགྱེས་བཞིན་དུ་གནང་བ་བྱིན་ནས༔ འོད་ཟེར་རིན་པོ་ཆེ་འབར་བའི་རྣམ་པས་སའི་གཞི་དེར་ཐིམ་པས་བཀྲ་ཤིས་པའི་གཟི་བྱིན་འབར་བར་བསམ༔ སླར་ཡང་རང་གི་ཐུགས་ཀ་ནས་ཧཱུྃ་འབར་བ་དང་བཅས་པའི་འོད་ཟེར་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ ས་གཞི་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ལ༔ ཧཱུྃ་གི་གླུ་བླངས་ཤིང༔ ཛྙཱ་ན་བཛྲ་བྷཱུ་ཁཾ་ཨ་ཨ༔ ཞེས་བརྗོད་ཅིང་མཉམ་པར་བཞག་གོ༔ དབང་མཆོག་གི་ཕུར་བུ་རྟ་མགྲིན་དུ་གསལ་བ་འོད་ཟེར་དམར་པོའི་དྲྭ་བས་ཕྱོགས་ཀུན་ཁྱབ་པས་ས་གཞི་དབང་དུ་བྱས་པར་བསམ་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ ཅེས་དབང་གི་དཀྱིལ་འཁོར་གྱི་གཞིའི་ནུབ་བྱང་དུ་གདབ༔ ནག་ཕྱོགས་ཀྱི་བགེགས་རིགས་ལ་གཏོར་མ་བྱིན་ནས་བསྐྲད༔ སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་མོ༔ གཉིས་པ་ལྷག་པར་གནས་པ་ལ་གཉིས༔ མཚམས་བཅད་པ་དང༔ ལྷག་གནས་དངོས་སོ༔ དང་པོ་ཐོག་མར་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ་བ་ནི༔ སྒྲུབ་པའི་ཁང་པ་ལས་ཕྱོགས་བཞིར་ཅུང་ཟད་དཔགས་པའི་སར་ཐོ་བརྟན་པོར་བཙུག༔ སྐུ་དང་སྔགས་བྱང་མཆོད་གཏོར་སོགས་བཤམས་ལ་བྱིན་གྱིས་བརླབ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་དང༔ སྔགས་མཐར་གཏོར་སྔགས་བཏགས་པས་གཏོར་མ་དང་ཉེར་སྤྱོད་ཕུལ༔ ཧཱུྃ༔ ཤར་ཕྱོགས་སྐྱོང་མཛད་ཡུལ་འཁོར་སྲུང༔ དྲི་ཟའི་དཔུང་དང་བཅས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྲུང་བ་མཚམས་ཀྱི་ལས་མཛོད་ཅིག༔ སྔགས་ཀྱི་མཐར་ཏིཥྛ་བཛྲ་ས་མ་ཡ་སཏྭཾ་ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་པར་བཞུགས༔ བཀྲ་ཤིས་བརྗོད༔ དེ་བཞིན་ཕྱོགས་སོ་སོར་ལྷ་སྔགས་ཁ་བསྒྱུར་ཏེ་བྱའོ༔ བར་མཚམས་ནི་བགེགས་ལ་ཕུར་བུས་གདབ་ཅིང་མནན་པའི་ཕྱིར༔ སྒོ་དྲུང་དུ་དོང་གྲུ་གསུམ་གཏིང་ཟབ་པར་དམ་སྲིའི་ལིངྒ་དུག་ཤོག་ལ་བྲིས་པ་དང་ཐོད་ངན་སོགས་འདུ་བྱས་ལ་གསེར་སྐྱེམས་གཏང༔ དགུག་གཞུག་དྲག་ཏུ་བྱ༔ ཐོད་ངན་དུ་ཐུན་རྫས་བཅས་རྒྱས་གདབ༔ རེ་ཚལ་གྱིས་དྲིལ་བ་མནན༔ མེ་ཆུ་རླུང་གི་རྒྱས་གདབ་ཅིང་རོ་གཡམ་ལ་གླིང་བཞི་དང་རྒྱ་གྲམ་བྲིས་པས་ཁ་བཅད་ལ༔ ཧཱུྃ༔ མ་རིག་གཏི་མུག་རྒྱུ་ལས་བྱུང༔ ཆགས་སྡང་ཉོན་མོངས་དྲག་པོའི་གཟུགས༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ སྔོན་ཡང་སྒྲུབ་ལ་བར་དུ་བཅད༔ ད་ཡང་གནོད་པ་རྩོམ་ལ་འདུན༔ དེ་ཕྱིར་སྙིང་རྗེ་ཁྲོས་པ་ཡི༔ ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུས་དགུག༔ ཐར་མེད་ཨེ་ཡི་དབྱིངས་སུ་མནན༔ མེ་ཆུ་རླུང་གི་ཕྱག་རྒྱས་བཏབ༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སཏྭཾ་བྷ་ཡ་ལཾ་ནན༔ ཞེས་དང་སུམ་བྷ་བརྗོད་ཅིང་བྲོ་བརྡུང༔ སྒོའི་ཡ་ཐེམ་དུ་རྟ་མགྲིན་ཕྱག་རྒྱ་གཅིག་པའི་སྐུ་གསོལ་བྱང་དང་བཅས་བྲིས་པ་གདགས༔ མཆོད་གཏོར་བཤམས་ཤིང་བརླབ༔ ཧྲཱི༔ དབང་ཆེན་རོལ་པའི་དུར་ཁྲོད་ནས༔ བཅོམ་ལྡན་ཁྲོ་རྒྱལ་རྟ་མཆོག་དཔལ༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ རྟེན་དང་དབྱེར་མེད་བརྟན་པར་བཞུགས༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཧི་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་དང་དབྱེར་མེད་དུ་བཞུགས་པ་ལ་གཏོར་མཆོད་ཕུལ༔ ཧཱུྃ༔ ཆོས་ཉིད་ཞི་བ་པདྨའི་རྒྱལ༔ གདུག་པ་འདུལ་ཕྱིར་རྔམས་པའི་གཟུགས༔ རྡོ་རྗེ་རྟ་ཡི་གདོང་པ་ཅན༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ རྟེན་དང་དབྱེར་མེད་བརྟན་པར་བཞུགས༔ གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་འདིར༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་བགེགས་ཚོགས་རྒྱུན་ཆོད་ཅིག༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཏིཥྛནྟུ༔ ཞེས་བརྗོད་པས་དགྱེས་བཞིན་དུ་རྟེན་ལ་བཞུགས་ནས་ནང་གི་མཚམས་བཅད་པར་བསམ༔ གསང་མཚམས་ཁྲོ་བཅུ་རོལ་པའི་ཕུར་གདབ་ནི༔ ཕུར་བུ་བཅུ་རྒྱན་དང་ལྡན་པ་འདུ་བྱས་ལ༔ རང་ཉིད་རྟ་མཆོག་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་བཅུའི་རང་བཞིན་ཧཱུྃ་འབར་བ་དང་བཅས་སྤྲོས༔ ཕུར་བུ་རྣམས་ལ་ཐིམ་པས་སྟོད་ཁྲོ་བོ་ལ་སྨད་ཕུར་བུའི་རྣམ་པ་ཅན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པར་བསམ་ལ་དཀྱིལ་འཁོར་གྱི་ཕྱོགས་བཅུར་གདབ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་བསྒྱུར་བའི༔ དབང་བཅུའི་བདག་ཉིད་ཁྲོ་བོ་བཅུ༔ དཀྱིལ་འཁོར་ཕྱོགས་བཅུར་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀྲོ་དྷ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་གར་ཕུར་པའི་དབལ་གྱིས་གཟིར་ཏེ་སྐུ་དང་འོད་ཟེར་སྤྲུལ་པའི་ཕོ་ཉས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ༔ གཉིས་པ་ལྷག་གནས་ལ༔ དང་པོ་ལྷ་ལ་སྙན་གསན་དབབ་པའི་ཕྱིར་སྟེགས་བུ་ཇི་ལྟར་རིགས་པ་བརྩིགས་པའི་ངོས་འཇམ་པར་བྱིན་གྱིས་བརླབས་པའི་ཐིག་གདབ་ཅིང་ལྷ་གནས་སུ་མེ་ཏོག་གི་ཚོམ་བུ་ཇི་ལྟར་རིགས་པ་དགོད༔ བདག་ཉིད་ལྷའི་སྙེམས་པ་དང་བཅས་མདུན་བསྐྱེད་ཇི་ལྟ་བར་བསྒྲུབ་ཅིང་བསྟོད་བཤགས་བར་བྱ༔ སྤོས་དང་མེ་ཏོག་ཐོགས་ཏེ༔ ཨོཾ༔ པདྨ་གསང་བ་དམ་པའི་བདག༔ བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ ཁྱེད་རྣམས་མཆོད་དང་སེམས་ཅན་ལ༔ སྙིང་རྗེ་ཆེན་པོས་ཕན་གདགས་ཕྱིར༔ འདིར་ནི་དཀྱིལ་འཁོར་བྲི་བར་བྱ༔ ཐུགས་རྗེའི་བརྩེ་བས་ཉེར་དགོངས་ནས༔ རྗེས་སུ་གནང་བ་བསྩལ་བ་དང༔ བདག་ཅག་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ་གསོལ་བས་གནང་བ་བྱིན་ཏེ་འོད་ཟེར་དམར་པོ་རྗེས་སུ་ཆགས་པའི་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་ས་གཞི་དང་བདག་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་འབར་བར་བསམ༔ བུམ་པ་ལྷག་གནས་ནི༔ མཚན་ཉིད་དང་ལྡན་པའི་སྒྲུབ་པ་དང་ལས་ཀྱི་བུམ་པ་ཆས་སུ་བཅུག༔ མེ་ཏོག་དང་ཀུ་ཤའི་གདན་ལ་བཞག་ཅིང་བསང་སྦྱང༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་སྒྲུབ་པ་དང་ལས་ཀྱི་བུམ་པ༔ ཕྱི་རིན་པོ་ཆེའི་ཀ་ལ་ཤ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བདུད་རྩིའི་བཅུད་ཀྱིས་གང་བའི་སྒྲུབ་པའི་བུམ་པར་ནང་གཞལ་ཡས་ཁང་དྭངས་གསལ་སྒྲིབ་པ་མེད་པ་ཡེ་ཤེས་ཀྱི་འོད་ཟེར་འབར་ཞིང་འཁྲུགས་པའི་ལྟེ་བར་གདན་དང་ཆོ་ག་གསུམ་ལས་ལྷ་བསྐྱེད་པ་ནས་བསྟོད་བཤགས་བར་མདུན་བསྐྱེད་ལྟར་བྱ༔ གཟུངས་ཐག་བླངས་ལ༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་འོད་ཀྱི་སྦུ་གུ་ཅན་ནས་བརྒྱུད༔ བུམ་པའི་ལྷའི་ཐུགས་ཀར་ཞུགས་པས་ཐུགས་རྒྱུད་བསྐུལ༔ བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བའི་སྦྱོར་མཚམས་དང་བ་སྤུའི་ཁུང་བུ་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཆར་བཞིན་དུ་སྤྲོས་པས་བུམ་པ་ཡོངས་སུ་གང་བར་བསམ་ལ༔ བསྙེན་སྒྲུབ་སྤྱི་དྲིལ་གྱི་ལས་སྦྱོར་དང་བཅས་པའི་སྔགས་མཐར༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཨཱ༔ ཞེས་དབང་གི་ཛཔ྄་བཏགས་པ་བརྒྱ་རྩ་བརྒྱད་བཟླས་མཐར་མཆོད༔ བདུད་རྩི་ཕུལ་ལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བསྐུལ་པས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བུམ་བཅུད་དང་དབྱེར་མེད་དུ་བསམ༔ ལས་ཀྱི་བུམ་པར་པད་ཉིའི་གདན་ལ་ཧྲཱིཿལས་དབང་ཆེན་ཧེ་རུ་ཀ་དམར་ནག་ཐོད་དབྱུག་དང་ཞགས་པ་འཛིན་པ༔ སྤྱི་བོར་རྟ་གདོང་རྔམ་ཞིང་འཚེར་བ༔ དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་འདོར་སྟབས་ཀྱིས་ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་དྲག་ཏུ་བབས་པས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བཟླས་མཐར༔ ཧཱུྃ༔ ཐུགས་རྗེ་ཞི་བའི་ངང་ཉིད་ལས༔ འབར་བ་ཆེན་པོའི་ཡལ་གམ་ཅན༔ པདྨ་མཐར་བྱེད་ཧེ་རུ་ཀས༔ བགེགས་ཀྱི་སྦྱོར་བ་ཚར་ཆོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་གསོལ་བས་འདོད་པའི་དོན་ལ་ཞལ་གྱིས་བཞེས་ཏེ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་བསམ༔ སློབ་མ་ལྷག་པར་གནས་པ་ནི༔ རྒྱུད་དག་པའི་སློབ་མའི་ཚོགས་ཁྲུས་ནས་དབྱུང༔ བགེགས་བསལ་ཞིང་མཚམས་བཅད༔ མཎྜལ་ཕུལ་ཞིང་ཐལ་མོ་སྦྱར་ཏེ༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ ཐུགས་རྗེའི་གཏེར་ཆེན་བདག་ལ་དགོངས༔ བདག་ཅག་ཡོངས་སུ་སྨིན་བྱའི་ཕྱིར༔ ལྷག་པར་གནས་པ་མཛད་དུ་གསོལ༔ ཞེས་ལན་གསུམ་དུ་གསོལ་བ་ལ༔ སློབ་དཔོན་གྱིས༔ ཁྱོད་ནི་སྔགས་ཀྱི་ཚུལ་ཆེན་པོ༔ རྡོ་རྗེ་ཐེག་པའི་རིགས་ཅན་ཏེ༔ བླ་ན་མེད་པའི་ལམ་འདི་ལས༔ དུས་གསུམ་གཤེགས་ཤིང་བཞུགས་པ་ཡི༔ འཕགས་རྣམས་བྱང་ཆུབ་མཆོག་བརྙེས་ཏེ༔ རང་གཞན་དོན་གཉིས་མཐར་ཕྱིན་མཛད༔ དེ་ཕྱིར་སྤྲོ་བས་རྗེས་སུ་ཞུགས༔ ཟབ་མོའི་བློ་གྲོས་མཆོག་ཏུ་ཟུངས༔ ཞེས་གདམས་ནས༔ སྐྱབས་སེམས་ཚོགས་གསག་སྡོམ་པ་བཟུང༔ སློབ་མ་སྐད་ཅིག་གིས་གསུང་རྡོ་རྗེ་པདྨའི་རིགས་ཀྱི་ཐུགས་རྗེ་ཆེན་པོ་པདྨ་དང་དྲིལ་བུ་འཛིན་ཅིང་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ༔ གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་པས༔ དེའི་དཔྲལ་བར་ཟླ་བ་ལ་ཨོཾ༔ མགྲིན་པར་པདྨ་ལ་ཨཱཿ སྙིང་གར་ཉི་མ་ལ་ཧཱུྃ་གིས་མཚན་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཤིང་ཐིམ་པས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པ་ལ་མེ་ཏོག་དང་དྲི་ལ་སོགས་པས་མཆོད༔ དེ་ནས་དངོས་གྲུབ་བརྟག་པའི་ཕྱིར་བྱིན་གྱིས་བརླབས་པའི་སོ་ཤིང་བྱིན་ལ༔ ཧྲཱི༔ བྱང་ཆུབ་ལྗོན་པའི་སོ་ཤིང་འདི༔ དངོས་གྲུབ་བརྟག་པའི་ནུས་པ་རྫོགས༔ དེང་འདིར་ཁྱོད་ལ་སྦྱིན་པར་བྱ༔ འདབ་བརྒྱད་དཀྱིལ་འཁོར་དབུས་སུ་དོར༔ ཨོཾ་བཛྲ་ཛི་ཧྭ་སཾ་ཤོ་དྷ་ན་སྭཱ་ཧཱ༔ ཞེས་བྱིན་པ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སརྦ་སིདྡྷི་ཨཱ་དརྴ་ཀུ་རུ་ཧོ༔ ཞེས་བརྗོད་ཅིང་སོ་ཤིང་ར་བར་དོར་ནས་ལྟས་བརྟག་པ་ནི༔ རྒྱུད་ལས༔ དངོས་གྲུབ་མཚན་མ་བརྟག་བྱ་སྟེ༔ སྟེང་དང་ཕྱོགས་བལྟ་རབ་དང་འབྲིང༔ འོག་ཏུ་ས་འོག་སྤྱོད་འགྱུར་ཞིང༔ མཚམས་བཞི་ཕྲ་མོར་ཤེས་པར་བྱ༔ ཞེས་སོ༔ རྨི་ལམ་གསལ་བའི་ཕྱིར་དྲིའི་ཁྱོར་ཆུས་འཐོར་འཐུང་ཁ་བཤལ་ལ༔ ཧྲཱི༔ རྣམ་པར་དག་པའི་སྔགས་ཀྱི་ཆུ༔ འཐོར་འཐུང་ཁྲུས་སུ་བགྱིས་པ་ཡིས༔ ངག་གི་དྲི་མ་བསལ་བ་དང༔ རྨི་ལམ་གཟུགས་བརྙན་གསལ་མཐོང་ཤོག༔ ཨོཾ་ཧྲཱིཿབི་ཤུདྡྷ་སྭཱ་ཧཱ༔ བར་ཆད་བསྲུང་ཕྱིར་སྔགས་མདུད་བཅིངས་ལ༔ ཧྲཱི༔ དབང་གི་སྲད་བུ་དམར་པོ་ཡི༔ རྡོ་རྗེའི་མདུད་པར་སྔགས་ཀྱིས་བཏབ༔ འཕོ་བའི་རྩ་ཁམས་བཅིངས་པ་ལས༔ བར་ཆད་ཐམས་ཅད་སྲུང་གྱུར་ཅིག༔ ཨོཾ་བཛྲ་རཀྵ་ཧཾ༔ སྔས་སྟན་གྱི་ཆེད་དུ་ཀུ་ཤའི་ཆུན་པོ་གཏད་ལ༔ ཧྲཱི༔ ཀུ་ཤ་འདི་ནི་གཙང་ཞིང་དགེ༔ སྔས་དང་སྟན་དུ་བྱིན་པ་ཡིས༔ རྡོ་རྗེའི་གདན་དུ་བྱིན་བརླབས་ཤིང༔ རྩ་རླུང་འཁྲུགས་པ་ཞི་བར་ཤོག༔ ཨོཾ་མངྒ་ལཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ སླར་ཡང་ཆོས་བཤད་པ་ནི༔ ཚེ་རབས་ཐོག་མ་མེད་པ་ནས༔ བསགས་པའི་སྡིག་ལྟུང་ཇི་སྙེད་ཀུན༔ དཀྱིལ་འཁོར་མཐོང་བས་ཟད་འགྱུར་ན༔ དམ་ཚིག་སྡོམ་པ་རྣམ་དག་པས༔ སྔགས་ཚུལ་སྤྱོད་ན་སྨོས་ཅི་དགོས༔ དེ་བས་སྐལ་བཟང་རིགས་ཅན་རྣམས༔ དྭངས་ཤིང་སྤྲོ་བའི་ཡིད་ཀྱིས་སུ༔ རྡོ་རྗེའི་ལམ་ལ་གནས་པར་གྱིས༔ ཞེས་དང༔ བུ་ཀྱེ་ཀུ་ཤའི་སྔས་གདན་ལ༔ གཙང་ཞིང་དགེ་བའི་ཡིད་ཀྱིས་ཉོལ༔ ནངས་པར་རྨི་ལམ་གང་བྱུང་བ༔ གསལ་བར་སྨྲོས་ཤིག་ལུང་སྟོན་འགྱུར༔ ཞེས་གདམས་ལ་སློབ་བུས་ཀྱང་ཚུལ་བཞིན་དུ་བརྟག༔ བཟང་ན་གཟེངས་བསྟོད༔ ངན་ན་མེ་དང༔ སྔགས་དང༔ ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་ཞི་བར་བྱའོ༔ ཡོ་བྱད་ལྷག་པར་གནས་པ་ནི༔ སྒྲུབ་པའི་སྟེགས་བུར་སླར་ཡང་བ་བྱུང་དང་བདུད་རྩིས་ཆག་ཆག་གདབ་ཅིང་ལས་སྦྱོར་སྤྱི་དྲིལ་གྱི་སྔགས་བཟླ༔ ཡེ་ཤེས་དང་ལས་ཐིག་ཞིབ་མོར་ཆ་དབྱེ་ལ་མདུན་བསྐྱེད་དང་མཐུན་པའི་དཀྱིལ་འཁོར་བྲི༔ ལྷ་གནས་རྣམས་སུ་སྐུའམ་ས་བོན་ནམ་ཐིག་ལེས་མཚན་པར་བྱ༔ དེ་ལྟ་བུ་མ་གྲུབ་ན་རས་བྲིས་ཚད་དང་ལྡན་པ་དགྲམ༔ དེའི་སྟེང་དུ་ལྡིང་ཁྲིའི་ཁར་སྒྲུབ་པའི་སྐབས་སུ་ཇི་སྐད་བཤད་པའི་རྟེན་རྫས་དང༔ ཅོད་པན་དང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སོགས་གོ་རིམ་མ་འཆོལ་བར་དགོད༔ ཕྱི་ནང་གསང་བ་རྨད་བྱུང་གི་མཆོད་པ༔ གདུགས་འཕན་རྒྱལ་མཚན་བླ་རེ་ཡོལ་བ་ཕུར་པ་མདའ་དར་ཚོན་སྐུད་ཀྱི་དྲྭ་བ་སོགས་བརྗིད་དང་ལྡན་པར་བཤམ༔ སྒྲུབ་པ་པོ་གཞན་ཡང་ཡོད་ན་གནས་སུ་འཁོད་ཅིང་ལྷའི་སྙེམས་པ་དང་བཅས་ལངས་ལ་སློབ་དཔོན་གྱིས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལངས་ཏེ༔ རང་སྐད་ཅིག་གིས་དཔལ་རྟ་མཆོག་ཧེ་རུ་ཀར་གསལ་བའི་མིག་འབྲས་གཉིས་སུ་མ་དང་ཨ་ལས་ཉི་ཟླ༔ རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ་བསམ་ལ༔ ཧཱུྃ༔ ང་ནི་བཅོམ་ལྡན་རྟ་མཆོག་དཔལ༔ བཀའ་ཡི་འཁོར་ལོ་རབ་སྦྱོར་བས༔ ཁམས་གསུམ་དབྱིངས་སུ་མཐར་བྱེད་ན༔ ལོག་འདྲེན་བགེགས་ལ་སྨོས་ཅི་དགོས༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་རྡུལ་དུ་བརླག་པར་འགྱུར༔ ཞེས་དང་ཧཱུྃ་གི་གླུ་བླང༔ ཐུན་གྱིས་བྲབ༔ གུ་གུལ་གྱིས་བདུག༔ རྡོ་རྗེའི་ལྟ་བ་དང་བཅས་རྡོ་རྗེའི་འགྲོས་ཀྱིས་ལན་གསུམ་དུ་བསྐོར་བས་སྒྲུབ་རྫས་ཀྱི་བར་ཆད་ཐམས་ཅད་བསལ༔ སླར་ཡང་ཤར་སྒོར་འཁོད་ནས་གནས་དང་ཡོ་བྱད་སྒྲུབ་པ་པོ་དང་བཅས་པ་ལ་བྱིན་ཕབ་པས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ་གྲལ་དུ་འཁོད་དོ༔ གསུམ་པ་སྒྲུབ་ཅིང་བཟླས་པས་ནུས་ལྡན་དུ་བྱ་བ་ནི༔ ཉིན་མཚན་ཐུན་དྲུག་ཏུ་བདག་མདུན་གྱི་ལས་གཞུང་བསྲངས་ལ་ཁོར་ཡུག་ཏུ་མཆོད་པའི་མདངས་མ་ཡལ༔ ཏིང་ངེ་འཛིན་རྒྱུན་མ་ཆད༔ སྔགས་ཀྱི་སྒྲ་མ་ཉམས་པར་རྩེ་གཅིག་ཏུ་ཉམས་སུ་བླང༔ དེའང་བསྙེན་པ་སྦྱོར་བ༔ སྒྲུབ་པ་དངོས་གཞི༔ ལས་སྦྱོར་མཇུག་གི་ཚུལ་དུ་བཟླ་བ་དང༔ མྱང་གྲོལ་གྱི་ལས་སྦྱོར་ཡང་བྱ༔ ཐུན་མཚམས་སུ་བར་ཆད་བསལ་བའི་ཕྱིར༔ དམ་སྲི་ཉམས་ལེན་འབྱུང་པོའི་རཱུ་པ་དུག་ཤོག་ལ་བྲིས་པ་འབྲུབ་ཁུང་དུ་དགོད༔ དགུག་གཞུག་དྲག་ཏུ་བྱ༔ ཕུར་པ་དབང་ཆེན་ཀཱི་ལ་ཡར་གསལ་བ་འདྲིལ་ཞིང༔ ཧྲཱིཿཧཱུྃ༔ དབང་གི་རྒྱལ་པོ་ཀཱི་ལ་ཡ༔ སྟོད་ནི་རྟ་གདོང་རྔམས་བཞད་འཚེར༔ སྲིད་པ་གསུམ་པོ་འདར་ཞིང་གཡོ༔ སྨད་ནི་ཕུར་བུ་འབར་བ་ཡིས༔ དམ་སྲི་འབྱུང་པོའི་སྙིང་ལ་གཟིར༔ སྒྲུབ་པའི་བར་ཆད་རྡུལ་དུ་རློག༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྐོར་ཞིང་གདབ༔ སྒྲུབ་པ་ཐོན་པའི་ཚེ་རཱུ་པ་དྲག་པོའི་མེས་སྦྱང་ངོ༔ ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་ཕྱིར༔ སྒྲུབ་པ་པོ་རྣམས་ཞྭ་གོས་རྒྱན་ཆས་བཀླུབས༔ སྦྱར་བའི་སྤོས་བསྲེག༔ སྨན་རཀ་གི་ཕུད་སྦྲེང༔ དར་གྱི་གཡབ་འདོར༔ དབྱངས་དང་རོལ་མོའི་འགྱུར་བ་དང་བཅས་ཡེ་ཤེས་དབབ་པའི་ཚིག་གྱེར་ཞིང་བརྟུལ་ཞུགས་བསྐྱེད་ལ་དཀྱིལ་འཁོར་བསྐོར༔ ཚོགས་ཀྱི་མཆོད་པ་དང་སྐོང་བཤགས་སོགས་རྒྱ་ཆེར་བྱའོ༔ དེ་ལྟ་བུའི་རིམ་པས་རྟགས་དང་དུས་ཀྱི་གྲངས་རྫོགས་ནས་ཐོག་མར་བདག་དོན་དུ་དངོས་གྲུབ་བླང་བའི་ཆོ་ག་བྱ་སྟེ༔ ནངས་པར་དངོས་གྲུབ་བླང་བའི་དོ་ནུབ་ནས་མཆོད་གཏོར་གསར་པ་དང་དངོས་གྲུབ་ཀྱི་རྫས་ཅི་རིགས་པ་བཤམ༔ ལས་སྦྱོར་གྱི་བཟླས་པའི་མཇུག་ཏུ༔ སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པས་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་ཡེ་ཤེས་མཆོག་གི་གཟི་བྱིན་འབར་བར་བསམ་ལ༔ ལས་སྦྱོར་སྤྱི་དྲིལ་གྱི་ཤམ་བུར་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཟླ༔ ནངས་པར་སྒྲུབ་པའི་གཞུང་བསྲངས་ལ་སྐྱ་རེངས་འཆར་ཀའི་ཚེ༔ གཏོར་ཚོགས་རྒྱས་པར་དབུལ༔ བགེགས་ལ་ཕུར་བུས་གདབ༔ ཡེ་ཤེས་ཀྱི་བྱིན་དབབ༔ དམ་ཚིག་ཉམས་ཆག་བཤགས༔ མཆོད་ཅིང་བསྟོད་པ་སྔོན་དུ་འགྲོ་བས་སྒྲུབ་རྟེན་སྤྱི་དང༔ ཁྱད་པར་མྱང་གྲོལ་ལས་དངོས་གྲུབ་བླང༔ དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ་པས་རྩ་ཁམས་བདུད་རྩིས་གང༔ ཡེ་ཤེས་ཀྱི་ཉམས་འབར༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་ཛཔ྄་དབྱངས་རྒྱ་ཆེར་བྱའོ༔ བཞི་པ་སློབ་མ་འཇུག་ཅིང་དབང་བསྐུར་བས་སྨིན་པར་བྱ་བ་ནི༔ སློབ་དཔོན་རང་ཉིད་ནུས་པ་དང་ལྡན་པའི་ཕྱིར་དབང་རྒྱས་བསྡུས་ཇི་ལྟར་རིགས་པ་བླང་བ་སྔོན་དུ་འགྲོ་བས༔ ལྷག་པར་གནས་པའི་སློབ་བུ་རྣམས་ཕྱི་རོལ་དུ་ལས་ཀྱི་སློབ་དཔོན་གྱིས་ཁྲུས་ནས་དབྱུང༔ ནང་དུ་འཇུག་པ་ན་ཕྱི་བཞིན་དུ་འབྲངས་པའི་བགེགས་བསྐྲད༔ གྲལ་ལ་འཁོད་པ་དང་སྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིང༔ མཎྜལ་ཕུལ༔ མིག་དར་དགབ༔ མེ་ཏོག་གི་ཕྲེང་བ་གཏད་ལ་ཐལ་མོ་སྦྱར་བས༔ ཁྱབ་བདག་གཙོ་བོ་ཁྱོད་ལ་འདུད༔ བྱང་ཆུབ་ཆེན་པོ་བདག་འདོད་དེ༔ བླ་མེད་གསང་བ་དམ་པ་ཡི༔ དཀྱིལ་འཁོར་མཆོག་ཏུ་འཇུག་མཛད་གསོལ༔ ཅེས་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས༔ བུ་ཁྱོད་གང་གི་རིགས་སུ་སྐྱེས༔ འདོད་པའི་འབྲས་བུ་ཅི་ཞིག་གཉེར༔ ཞེས་དྲིས་པ་ལ༔ བདག་ནི་སྐལ་བཟང་རྡོ་རྗེའི་རིགས༔ གཞན་དོན་དངོས་གྲུབ་མཆོག་འདོད་དོ༔ ཞེས་ལན་བཏབ་པ་ལ་སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་བླ་མ་དང༔ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་དུ༔ བདག་གིས་ཁྱོད་ཉིད་འཇུག་པར་བྱ༔ རྒྱུད་སྦྱོངས་དམ་ཚིག་ཚུལ་བཞིན་ཟུངས༔ ཞེས་གདམས་ནས་སྐྱབས་སེམས་ཚོགས་གསག་བྱ༔ སྡོམ་པ་དབོག༔ ཁྱད་པར་ནང་གི་སེམས་བསྐྱེད་པའི་སླད་དུ༔ བུ་རྣམས་སྙིང་གར་ཟླ་བ་ལ༔ གནས་པའི་རྡོ་རྗེ་རྩེ་ལྔ་བསྒོམ༔ བདེན་པ་གཉིས་པོ་དབྱེར་མེད་པར༔ ལྷག་པའི་བྱང་ཆུབ་སེམས་བསྐྱེད་ཅིག༔ ཅེས་གདམས་པ་ལ༔ སློབ་མ་རྣམས་ཀྱི་སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་ཧོ༔ ཞེས་སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྙིང་གར་བཞག་ལ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ་ཞེས་བརྗོད༔ དེ་ནི་ཕྱི་ལྟར་འཇུག་པའོ༔ ནང་ལྟར་འཇུག་པའི་སླད༔ སློབ་དཔོན་གྱིས་ཛྙཱ་ན་ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་དཀྱིལ་འཁོར་གྱི་སྒོ་ཕྱེ༔ སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་སྟེ་སྒོ་སོ་སོར་ཞུགས་ཤིང་ཕྱག་བྱ་སྟེ༔ ཐལ་མོ་གནས་གསུམ་དུ་སྦྱར་ལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མྱ་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་བྱས་པས་དཀྱིལ་འཁོར་པ་རྣམས་ཀྱི་གནས་བཞི་ནས་འོད་ཟེར་འཕྲོས༔ སློབ་མ་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་དབྱེར་མེད་པའི་ཡེ་ཤེས་ཀྱི་སྣོད་རུང་དུ་བསྒྲུབས་པར་བསམ༔ སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པ་ལ༔ དམ་ཚིག་གི་བདུད་རྩི་བྱིན་ལ༔ འདི་ནི་རྡོ་རྗེ་གསང་བ་ཡི༔ དམ་ཚིག་བདུད་རྩིའི་ཆུ་ནན་ཏེ༔ མ་བསྲུང་དམྱལ་མེ་བཟོད་དཀས་སྲེག༔ བསྲུངས་ན་དངོས་གྲུབ་མྱུར་དུ་འགྲུབ༔ དེ་ཕྱིར་རྩེ་གཅིག་ཡིད་བརྟན་པས༔ དམ་སྲུངས་རྡོ་རྗེའི་བྲོ་བོར་ཞིག༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ༔ ཞེས་བྱིན་པ༔ བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར་ནས་བཏུང༔ ཡེ་ཤེས་དབབ་པའི་ཕྱིར་སློབ་མ་རྣམས་ལུས་བསྲངས༔ རླུང་རོ་བསལ༔ བདུད་རྩི་ཁར་བཟུང༔ དྲན་པ་རྩེ་གཅིག་པས་དམིགས་པ་བསྒོམས་ཏེ༔ དེ་ལྟར་གྱི་སློབ་དཔོན་ལ་བླ་མ་ཡི་དམ་དབྱེར་མེད་པའི་མོས་གུས་དྲག་ཏུ་བྱས་པ་དང༔ ཧྲཱིཿཧྲཱིཿཞེས་རྡོ་རྗེའི་སྔགས་ཀྱི་སྒྲ་བསྒྲགས་པའི་རྐྱེན་གྱིས་སློབ་མའི་ལུས་སོགས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་གཞལ་མེད་ཁང་གཞི་ལུས་རིགས་བདག་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་མོས༔ སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ༔ གསང་བ་གསུམ་གྱི་ཡེ་ཤེས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སློབ་མ་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ༔ སྦྱར་བའི་སྤོས་བསྲེག༔ རོལ་མོ་དང་དབྱངས་ཀྱི་སྒྲས་བསྐུལ་ཏེ་སྔགས་ཚིག་དྲག་ཏུ་བརྗོད་པས་བྱིན་དབབ༔ ཧཱུྃ་གི་སྒྲས་བྱིན་བསྡུ༔ ཛཿཧཱུྃ་བཾ་ཧོཿས་བསྟིམ༔ ཏིཥྛ་བཛྲ་ས་མ་ཡ་སཏྭཾ་ཞེས་བརྟན་པར་བྱ༔ དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་ཐོགས་ལ༔ ཧོ༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལ༔ ཡེ་ཤེས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་འབྲེལ་བ་ལྷག་པའི་ལྷས༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ པུཥྤེ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་དོར་བས་རིགས་ངེས་པར་བྱས་ཏེ༔ སླར་ཡང་མེ་ཏོག་སྤྱི་བོར་བཅིངས་པ་དང་ལྷན་ཅིག་ཏུ་ལྷག་པའི་ལྷ་བསྟིམས་ལ༔ ཧོ༔ མེ་ཏོག་ཕྲེང་བ་ལྷག་པའི་ལྷ༔ དབྱེར་མེད་ཡེ་ཤེས་སྐུར་གསལ་བ༔ སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ༔ མི་འབྲལ་བྱིན་བརླབས་དབང་བསྐུར་རོ༔ པུཥྤེ་དེ་བ་ཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ ཞེས་དང༔ མེ་ཏོག་དབུས་སུ་བབས་ན་པདྨ་རྒྱལ་པོ་རྩལ༔ ཤར་དུ་རྡོ་རྗེ་བཞད་པ་རྩལ༔ ལྷོར་རིན་ཆེན་རོལ་པ་རྩལ༔ ནུབ་ཏུ་པདྨ་དགྱེས་པ་རྩལ༔ བྱང་དུ་ཀརྨ་དགའ་བ་རྩལ་ཞེས་སོགས་གསང་བའི་མིང་གིས་ཀྱང་དབང་བསྐུར་རོ༔ དེ་ནས་མིག་ཐུར་ཐོགས་ལ༔ ཧོ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ལིང་ཏོག་རབ་རིབ་བསལ་བ་ལྟར༔ རིག་པ་ཡེ་ཤེས་ཐུར་མ་ཡིས༔ མ་རིག་འཁྲུལ་པའི་རབ་རིབ་བསལ༔ བཛྲ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ཡེ་ཤེས་སྤྱན་ཐོབ་པས༔ སྙིང་པོའི་དཀྱིལ་འཁོར་འདི་ལ་ལྟོས༔ ཟབ་མོའི་ལམ་མཆོག་བརྩོན་པར་གྱིས༔ ཧེ་མཎྜ་ལ་པཱ་ཤྱ་ཧོ༔ ཞེས་བལྟ་བར་བསྐུལ་ནས་ལྷག་པ་གཟུགས་བརྙན་གྱིས་མཚོན་པའི་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་མདུན་བསྐྱེད་ལྟར་ངོ་སྤྲད༔ དེ་ཉིད་ནང་ལྟར་རང་རང་གི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང༔ གསང་བ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་མ་འགགས་ཅིར་ཡང་འཆར་བར་ངེས་ཤེས་བསྐྱེད་དོ༔ དེ་ནི་ནང་ལྟར་འཇུག་པའི་རིམ་པའོ༔ ཞུགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དངོས་ལ་མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོས༔ རང་གི་སྲས་རྣམས་སྨིན་མཛད་ལྟར༔ དཀྱིལ་འཁོར་གཙོ་བོ་སློབ་དཔོན་ཆེས༔ ཡེ་ཤེས་དབང་བསྐུར་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་དང་པོ་ཕན་པའི་དབང་ལྔ་བསྐུར་བའི་སླད་དུ༔ དབང་ལྷ་མཁའ་ཁྱབ་ཏུ་སྤྱན་དྲངས་པ་དང་སློབ་དཔོན་ལྷན་ཅིག་པས་སློབ་མ་མི་བསྐྱོད་པར་གསལ་བ་ལ་ཆུའི་དབང་བསྐུར་བ་ནི༔ རྣམ་རྒྱལ་བུམ་པ་ཐོགས་ལ༔ ཧཱུྃ༔ མི་བསྐྱོད་རྒྱལ་པོ་དེ་བཞིན་གཤེགས༔ བདུད་རྩི་ཆུ་ཡི་དབང་བསྐུར་བས༔ རྣམ་ཤེས་ཞེ་སྡང་རང་སར་གྲོལ༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་རིན་འབྱུང་དུ་གསལ་བ་ལ་དབུ་རྒྱན་བསྐོན་ཏེ༔ ཧཱུྃ༔ རིན་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ འདོད་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བ་ང་རྒྱལ་རང་སར་གྲོལ༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་སྣང་བ་མཐའ་ཡས་སུ་གསལ་བའི་ལག་གཡས་སུ་རྡོ་རྗེ་གཏད་དེ༔ ཧཱུྃ༔ པདྨ་རྒྱལ་པོ་དེ་བཞིན་གཤེགས༔ སྣང་སྟོང་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་འདོད་ཆགས་རང་སར་གྲོལ༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ སློབ་མ་དོན་གྲུབ་ཏུ་གསལ་བའི་ལག་གཡོན་དུ་དྲིལ་བུ་གཏད་དེ༔ ཧཱུྃ༔ དོན་ཡོད་རྒྱལ་པོ་དེ་བཞིན་གཤེགས༔ གྲགས་སྟོང་དྲིལ་བུས་དབང་བསྐུར་བས༔ འདུ་བྱེད་ཕྲག་དོག་རང་སར་གྲོལ༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ སློབ་མ་རྣམ་སྣང་དུ་གསལ་བའི་སྤྱི་བོར་རྡོར་དྲིལ་ལྷན་ཅིག་ཏུ་འཁྲོལ་ཞིང་མིང་གདགས་ཏེ༔ ཧཱུྃ༔ སྣང་མཛད་རྒྱལ་པོ་དེ་བཞིན་གཤེགས༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ གཟུགས་ཕུང་གཏི་མུག་རང་སར་གྲོལ༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ནམ་ཨ་བྷི་ཥིཉྩ་ཨོཾ༔ མཐར་མེ་ཏོག་འཐོར་ཞིང༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཕྱི་ཕན་པའི་དབང་ལྔ་བསྐུར་པས་ཕུང་པོ་ལྔ་གནས་གྱུར༔ ཉོན་མོངས་པ་ལྔ་རྣམ་པར་དག༔ ཡེ་ཤེས་ལྔ་མངོན་དུ་གྱུར༔ འཇིག་རྟེན་དབང་ཕྱུག་རིགས་ལྔའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ་བོ༔ གཉིས་པ་ནུས་པའི་དབང་བསྐུར་བ་ལ༔ ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ༔ སློབ་དཔོན་གྱི་སྐུ་དང་དཀྱིལ་འཁོར་པ་རྣམས་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང༔ སློབ་མའི་ལུས་ཀྱི་ལྷ་སོ་སོ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་ལ༔ ཧཱུྃ༔ དཀྱིལ་འཁོར་གཙོ་བོ་པདྨའི་རྒྱལ༔ རིགས་ཀྱི་ཡུམ་བཅས་དབང་བསྐུར་བས༔ ཡིད་ཆོས་རྟོག་པ་རང་གྲོལ་ནས༔ མི་གནས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གང་འདུལ་འགྲོ་བའི་དོན་མཛད་པ༔ ཐབས་ཤེས་སྲས་ཀྱི་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་རང་གྲོལ་ནས༔ སྣང་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་སཏྭ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་བདེ་གཤེགས་ལྔ༔ རིགས་ཀྱི་ཡུམ་བཅས་དབང་བསྐུར་བས༔ ཕུང་པོ་འབྱུང་བ་རང་གྲོལ་ནས༔ ལྔ་ལྡན་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པཉྩ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྒྱལ་བའི་གདུང་འཚོབ་སེམས་དཔའི་ཚུལ༔ བྱང་ཆུབ་ལྕམ་དྲལ་དབང་བསྐུར་བས༔ ཚོགས་ཡུལ་རྟོག་པ་རང་གྲོལ་ནས༔ འོད་གསལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་བོ་དྷི་སཏྭ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྟེང་འོག་ཕྱོགས་བཞིའི་འགྲོ་འདུལ་སྲས༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་རྟོག་པ་རང་གྲོལ་ནས༔ ཕྱིན་དྲུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྒོ་སྐྱོང་མཐར་བྱེད་ཁྲོ་བོ་ཡབ༔ རིགས་ཀྱི་ཡུམ་བཅས་དབང་བསྐུར་བས༔ ལྟ་བ་དུས་བཞི་རང་གྲོལ་ནས༔ ཚད་མེད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གནས་འགྱུར་རང་བཞིན་ཁྲོ་བོའི་ཚུལ༔ ཁྲག་འཐུང་རབ་འབྱམས་དབང་བསྐུར་བས༔ སྒྲིབ་གཉིས་རྟོག་ཚོགས་རང་གྲོལ་ནས༔ རིག་རྩལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༔ པདྨ་ཐོད་ཕྲེང་དབང་བསྐུར་བས༔ གཉིས་སྣང་རྟོག་ཚོགས་རང་གྲོལ་ནས༔ གཉིས་མེད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཐུགས་རྗེའི་དབྱིངས་ལས་རང་ཤར་བ༔ སངས་རྒྱས་སྟོང་གི་དབང་བསྐུར་བས༔ དུས་གསུམ་རྟོག་པ་རང་གྲོལ་ནས༔ མཁའ་ཁྱབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ དེ་ལྟ་བུའི་ལྷ་ཚོགས་རྣམས་ཀྱང་རང་རང་གི་སེམས་ཉིད་ཤིན་ཏུ་རྣམ་པར་དག་པའི་ངོ་བོར་གདོད་མ་ནས་རང་བཞིན་གྱིས་བཞུགས་པ་ཡིན་ཏེ༔ ཡིད་ཆོས་ཀྱི་རྟོག་པ་རྣམ་པར་དག་པ་གཙོ་བོ་ཐུགས་རྗེ་ཆེན་པོ་ཡབ་ཡུམ༔ གཟུང་འཛིན་རྣམ་པར་དག་པ་འགྲོ་འདུལ་ལྕམ་དྲལ༔ ཕུང་ཁམས་རྣམ་པར་དག་པ་རིགས་ལྔ་ཡབ་ཡུམ༔ ཚོགས་ཡུལ་རྣམ་པར་དག་པ་སེམས་དཔའ་སེམས་མ༔ ཉོན་མོངས་རྣམ་པར་དག་པ་ཐུབ་པ་དྲུག༔ ལྟ་བ་དང་དུས་བཞི་རྣམ་པར་དག་པ་སྒོ་བ་ཡབ་ཡུམ༔ རྟོག་ཚོགས་རྣམ་པར་དག་པ་ཁྲག་འཐུང་རབ་འབྱམས༔ གཉིས་སྣང་རྣམ་པར་དག་པ་བླ་མ་རྡོ་རྗེ་འཆང་ཡབ་ཡུམ༔ དུས་གསུམ་གྱི་རྟོག་པ་ཐམས་ཅད་རྣམ་པར་དག་པ་བདེ་བར་གཤེགས་པ་སྟོང་གི་བདག་ཉིད་དུ་ཤེས་པས་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ གསུང་བཟླས་པའི་དབང་བསྐུར་བ་ནི༔ སློབ་དཔོན་གྱི་ཐུགས་ཀའི་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་གཉིས་པ་འཕྲོས༔ སློབ་མའི་ཁ་སྒོ་ནས་ཞུགས༔ སྙིང་གར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུ་དང་བཅས་བསྙེན་སྒྲུབ་ལས་སྔགས་ཀྱི་རྗེས་ཟློས་བྱིན༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཨཱ༔ རང་བྱུང་རིག་པའི་ངོ་བོ་ཉིད༔ སྔགས་ཀྱི་ཕྲེང་བས་དབང་བསྐུར་བས༔ སྒྲར་སྣང་གཟུང་འཛིན་རང་གྲོལ་ནས༔ གྲགས་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜ་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་སྒྲར་གྲགས་ཐམས་ཅད་གསུང་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེང་ཕྱིན་ཆད་རང་གཞན་བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་ཤེས་པས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་དང་ཏིང་ངེ་འཛིན་ལམ་དུ་སློང་བར་གྱིས་ཤིག༔ ཐུགས་ངོ་སྤྲོད་ཀྱི་དབང་བསྐུར་བ་ནི༔ ལྷ་དང་སྔགས་སུ་སྣང་བ་སོགས་རྟོག་ཚོགས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པར་ཤེས་པས་བློ་འདས་ཀ་དག་གི་དབྱིངས་སུ་མཉམ་པར་འཇོག་ཏུ་བཅུག་ལ༔ མེ་ལོང་སྙིང་གར་བཞག༔ ཧཱུྃ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ གསལ་ལ་མི་རྟོག་དབང་བསྐུར་བས༔ ལྷ་སྔགས་གཟུང་འཛིན་རང་གྲོལ་ནས༔ རིག་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དགོངས་པ་ངོ་སྤྲོད་ཀྱི་དབང་བསྐུར་བས་རྟོག་ཚོགས་ཐམས་ཅད་ཆོས་སྐུར་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེང་ཕྱིན་ཆད་མཚན་མའི་རྟོག་པ་ཐམས་ཅད་རང་གྲོལ་རིག་པའི་ཡེ་ཤེས་སུ་ཤེས་པས་ཆོས་ཉིད་བསམ་གྱི་མི་ཁྱབ་པའི་དགོངས་པ་ལམ་དུ་སློང་བར་གྱིས་ཤིག༔ ཡོན་ཏན་མྱོང་གྲོལ་རྫས་ཀྱི་བུམ་པས་དབང་བསྐུར༔ རིལ་བུ་སྦྱིན༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཡོན་ཏན་ཡོངས་རྫོགས་མྱང་གྲོལ་རྫས་ཀྱིས་དབང་བསྐུར་པས་འགྲོ་འདུལ་འཕགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་སྨིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེང་ཕྱིན་ཆད་མྱང་གྲོལ་རྫས་ཀྱི་སྦྱོར་བ་ལ་བརྟེན་ནས་གྲོལ་བ་དྲུག་ལྡན་གྱི་ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ ཕྲིན་ལས་སྣ་ཚོགས་ཀྱི་དབང་བསྐུར་བ་ནི༔ རྡོ་རྗེ་རྒྱ་གྲམ་གཏད་ལ༔ ཧོ༔ གང་འདུལ་མཛད་པ་འབྱུང་བའི་རྒྱུ༔ ལས་ཀྱི་རྡོ་རྗེས་དབང་བསྐུར་བས༔ བྱེད་སྤྱོད་ཐམས་ཅད་རང་གྲོལ་ནས༔ འགྲོ་འདུལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜ་ལ་ཀརྨ་བི་ཤྭ་ཨ་བྷི་ཥིཉྩ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཕྲིན་ལས་སྣ་ཚོགས་རྡོ་རྗེས་དབང་བསྐུར་བས་མཆོག་དང་ཐུན་མོང་གི་ཕྲིན་ལས་རབ་འབྱམས་ལ་བརྟེན་ནས་འགྲོ་བ་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེང་ཕྱིན་ཆད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གང་འདུལ་གྱི་མཛད་པས་འཕགས་པའི་ཕྲིན་ལས་ཀྱི་ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ དེ་ལྟར་ནང་ནུས་པའི་དབང་ལྔ་བསྐུར་པས་དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མི་ཕྱེད་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ཐོབ་པ་དེ་ལ་དབང་ལྷ་བསྟིམ༔ རབ་ཏུ་གནས༔ མཆོད་པ་དང་བཀྲ་ཤིས་ཀྱིས་མངའ་དབུལ་བར་བྱའོ༔ དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕན་དང་ནུས་པའི་བདག་ཉིད་ཅན་གྱི་བུམ་པའི་དབང་ཐོབ༔ ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ ལམ་བསྐྱེད་རིམ་ལྷ་དང་བཟླས་བརྗོད་སྔགས་སོགས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་ལས༔ དང་པོ་གསང་དབང་ནི༔ བླ་མ་ཡབ་ཡུམ་པདྨ་རྒྱལ་པོའི་ལྷ་སྔགས་ཡེ་ཤེས་ཀྱིས་རོལ་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་སྦྱར་བ་ཧྲཱིཿའི་རྣམ་པར་སློབ་མའི་ལྕེ་ལ་བཞག་ཅིང༔ ཨཱ༔ ཞུ་བདེའི་རང་བཞིན་བྱང་ཆུབ་སེམས༔ ཧྲཱིཿཡིག་བཅུད་ཀྱིས་དབང་བསྐུར་བས༔ དུག་གསུམ་རྟོག་པ་རང་གྲོལ་ནས༔ གསལ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་བྱིན་པ་སྙིང་གའི་ཧྲཱིཿལ་ཐིམ་པས་རླུང་ཟིན༔ སེམས་བྱུང་གི་རྟོག་པ་དབྱིངས་སུ་འགགས༔ གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཉམས་སུ་མྱངས་པར་མོས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་གསང་བའི་དབང་བསྐུར་པས་སེམས་བྱུང་གི་རྟོག་ཚོགས་དབྱིངས་སུ་ཐིམ་ནས་ཤིན་སྦྱངས་བདེ་བའི་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་བྱེད་ནུས་པར་གྱུར་ཅིག༔ དེང་ཕྱིན་ཆད་རླུང་སེམས་རྟོག་པའི་རྙོག་མ་རང་སར་ཞི་བའི་བསམ་གཏན་ལམ་དུ་སློང་བར་གྱིས་ཤིག༔ དེས་ཞུ་བདེ་བྱང་ཆུབ་སེམས་ཀྱི་རྫས་ལ་བརྟེན་ནས་གསང་བའི་དབང་ཐོབ༔ རླུང་དང་རྟོག་པའི་དྲི་མ་དག༔ ལམ་རླུང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་བསྒོམ་པ་ལ་དབང༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ གཉིས་པ་ཤེར་དབང་ནི༔ སིནྡྷུ་རའི་མཎྜལ་རིགས་ཀྱི་ཡུམ་དང་དབྱེར་མེད་པ་ལག་ཏུ་གཏད༔ ཐིག་ལེ་སྙིང་གར་བཀོད་ལ༔ ཧཱུྃ༔ ལྷན་ཅིག་སྐྱེས་དགའ་མཚོན་པའི་ཡུམ༔ རྟགས་ཀྱི་ཐིག་ལེས་དབང་བསྐུར་བས༔ ཉམས་མྱོང་འཛིན་ཞེན་རང་གྲོལ་ནས༔ བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་བས་ཐབས་བྱས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མངོན་དུ་མཚོན་པར་མོས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་བདེ་བས་ཐབས་བྱས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མངོན་དུ་མཚོན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ དེང་ཕྱིན་ཆད་བྱུང་ཚོར་གནས་ཉམས་ཀྱི་སྤྲོས་པས་མ་བཅིངས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་རྣལ་མར་མཚོན་པའི་ཤེས་རབ་ལམ་དུ་སློང་བར་གྱིས་ཤིག༔ དེས་བདེ་བ་མཆོག་གི་ཐབས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྲེད་ལེན་ཉམས་ཀྱི་དྲི་མ་དག༔ ལམ་ལྷན་སྐྱེས་མཚོན་པའི་ཏིང་འཛིན་བསྒྲུབ་པ་ལ་དབང༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ གསུམ་པ་དབང་བཞི་པ་ལ༔ ཐོག་མར་བྱིན་རླབས་འཕོ་བའི་སྟོབས་ཀྱིས་དབང་བསྐུར་བ་ནི༔ བླ་མའི་གཏོར་ཆེན་སྤྱི་བོར་བཟུང་ལ༔ གཏོར་སྣོད་ཆོས་དབྱིངས་ཁྱབ་གདལ་འཇའ་ཟེར་ཐིག་ལེར་འཁྱིལ་པའི་ཀློང་དུ༔ སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་བླ་མའི་རྣལ་འབྱོར་ལྟར་གསལ་གདབ༔ དེ་ཉིད་ལ་མོས་གུས་དྲག་པོ་དུང་དུང་པ་བྱས་པའི་རྐྱེན་གྱིས་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སློབ་མའི་གནས་གསུམ་དུ་ཐིམ་པས་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་དོན་རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པའི་མོས་པ་དང་བཅས༔ ཚིག་བདུན་གསོལ་འདེབས་ཀྱིས་བྱིན་ཕབ་ལ༔ ཧཱུྃ་ཧྲཱི༔ མཁའ་ཁྱབ་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྤྱོད་རྫོགས་སྐུ་པདྨ་ཐོད་ཕྲེང་རྩལ༔ རྩ་བའི་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ ནམ་མཁའ་ཆུ་ལ་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་འོད་ཟེར་སློབ་མའི་གནས་གསུམ་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས༔ སྨིན་གྲོལ་ཟུང་འཇུག་དོན་གྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་རེག༔ སླར་སྤྱི་བོར་བཟུང་ལ་སྔགས་མཐར་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་བརྗོད་པས་བླ་མ་ཡབ་ཡུམ་དགྱེས་པ་ཆེན་པོས་བདེ་སྟོང་གི་ངོ་བོར་འོད་དུ་ཞུ༔ སློབ་མ་ལ་ཐིམ་པས་དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ ཉམས་མྱོང་བསྒོམ་པའི་སྟོབས་ཀྱིས་དབང་བསྐུར་བའི་སླད་དུ༔ དཔོན་སློབ་གཉིས་ཀ་སྒོ་གསུམ་རྣལ་དུ་དབབ༔ མིག་ནམ་མཁར་གཏད༔ སེམས་ཉིད་མ་བཅོས་སྤྲོ་བསྡུ་བྲལ་བའི་ངང་བསྐྱངས་པས་ཟུང་འཇུག་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ༔ སློབ་དཔོན་གྱིས་མཛུབ་མོ་ནམ་མཁར་གཏོད་ཅིང༔ ཨ༔ རྟོག་ཚོགས་རང་ཞི་ངོ་བོ་མཐོང༔ ཟུང་འཇུག་མཉམ་ཉིད་དབང་བསྐུར་བས༔ ཤེས་བྱའི་སྒྲིབ་པ་རང་གྲོལ་ནས༔ རིག་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ ཞེས་བརྗོད༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བཞི་པ་བསྐུར་པས་ཤེས་བྱའི་འཛིན་ཞེན་ཕྲ་མོ་ཐམས་ཅད་དབྱིངས་སུ་དག་སྟེ༔ ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེང་ཕྱིན་ཆད་ཡིད་དཔྱོད་མཚན་མའི་ཡུལ་ལས་འདས་པའི་སེམས་ཉིད་ཀ་དག་དོན་གྱི་ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ དེས་བྱིན་རླབས་འཕོ་བའི་ཐབས་ལ་བརྟེན་ནས་དོན་གྱི་དབང་བཞི་པ་ཐོབ༔ ཡིད་དཔྱོད་མཚན་མའི་དྲི་མ་དག༔ ལམ་རིག་སྟོང་ཟུང་འཇུག་ཀ་དག་གི་དགོངས་པ་ཉམས་སུ་ལེན་པ་ལ་དབང༔ འབྲས་བུ་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔  དེས་དབང་གི་དངོས་གཞི་གྲུབ་ནས་དབང་རྟེན་དམ་ཚིག་བསྒྲག་པ་ནི༔ དེ་རིང་ཕྱིན་ཆད་རིགས་ཀྱི་བུ༔ ཁྱེད་རྣམས་རྒྱལ་བའི་སྲས་སུ་གྱུར༔ དབང་གི་ཡེ་ཤེས་རྒྱུད་སྨིན་ནས༔ དམ་ཚིག་དག་པས་འཛིན་པར་བྱོས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ ཐུན་མོང་སྤྱི་ཡི་དམ་ཚིག་དང༔ རྩ་བ་ཡན་ལག་བཅས་པ་ཡི༔ ཁྱད་པར་ནང་གི་དམ་ཚིག་དང༔ གསང་བར་འོས་དང་གཉེར་གཏད་སོགས༔ སྒྲུབ་པ་མཆོག་གི་དམ་ཚིག་རྣམས༔ སྲོག་ལྟར་བཙའ་བས་བསྲུང་བར་བྱ༔ དེ་ཡིས་དངོས་གྲུབ་མཆོག་ཏུ་འགྱུར༔ ཅེས་གདམས་པ་ལ་སློབ་མ་རྣམས་ཀྱིས་ཀྱང་ཁས་བླང༔ གཏད་རག་འབུལ་བ་སོགས་བྱ༔ དབང་རྣོན་སྨིན་གྲོལ་ཆིག་རྫོགས་འོས་པ་ལ་གདམས་ངག་ཁྲིད་ཀྱི་རིམ་པའང་གདབ་བོ༔ དེ་རྣམས་དབང་རྒྱས་པར་བསྐུར་བ་ཡིན་ལ༔ དོན་གྱི་སྨིན་བྱེད་སྣོད་རུང་མདོར་བསྡུས་སུ་བྱེད་ན༔ མཎྜལ་དང་དབང་གི་ཆེད་དུ་གསོལ་འདེབས༔ རྒྱུད་སྦྱོང་སྡོམ་གཟུང༔ ཡེ་ཤེས་དབབ་བརྟན་སྔོན་དུ་འགྲོ་བས༔ རྣམ་བུམ་སྤྱི་བོར་བཞག་ལ༔ ཨོཾ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་ན༔ ཡེ་ཤེས་རིག་པའི་ལྷ་ཚོགས་བདུད་རྩིར་འཁྱིལ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩིའི་བྷནྡྷ་མགྲིན་པར་བཞག་ཅིང་བྱིན་ལ༔ ཨཱ༔ རྩ་རླུང་ཕུང་པོ་སྣོད་ཀྱི་བྷནྡྷ་རུ༔ ནུས་པ་སྔགས་ཀྱི་ཡེ་ཤེས་བཅུད་དུ་འཁྱིལ༔ གཉིས་མེད་བདེ་བ་ཆེན་པོས་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་མཆོག་ཐོབ་པར་ཤོག༔ བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་སྙིང་གར་བཞག་ཅིང་མིག་ལམ་དུ་བསྟན་ལ༔ ཧཱུྃ༔ མེ་ལོང་དྭངས་པ་རྟོག་ཚོགས་དབྱིངས་སུ་ཞི༔ གཟུགས་བརྙན་མ་འགགས་གསལ་སྟོང་ཉམས་སུ་མྱོང༔ གཉིས་མེད་བློ་ལས་འདས་པའི་དབང་བསྐུར་བས༔ རིག་སྟོང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བླ་མ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེང་ཕྱིན་ཆད་འདི་ལྟར་ཤར་བའི་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་ཤེས་པས་ཉམས་ལེན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག༔ ཅེས་གདམས༔ སྤྲོ་ན་མཐའ་རྟེན་མྱང་གྲོལ་རྫས་དང༔ བྱིན་རླབས་གཏོར་མའི་དབང་བསྐུར༔ དེས་སྐུ་གསུང་ཐུགས་བསྒོམ་ཞིང་བསྒྲུབ་པའི་སྣོད་དུ་འགྱུར་ཞིང་དོན་གྱི་དབང་རྫོགས་པ་ཡིན་ནོ༔ དེ་ནས་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱད་ཅིང་ལྷག་མ་གཏོང་བ་སོགས་ལས་ཀྱི་རིམ་པ་ཐུགས་དམ་བསྐུལ་ཞིང་གཏོར་མ་བསྐྱང༔ རྟ་བྲོ་བརྡུང༔ གཏང་རག་གི་མཆོད་བསྟོད་རྒྱས་པར་སྤྲོས་ཏེ་ནོངས་པ་བཤགས༔ མདུན་བསྐྱེད་ཀྱི་ཡེ་ཤེས་གཤེགས༔ དམ་ཚིག་པ་བདག་ལ་བསྟིམ༔ བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་ལ༔ ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བྱང་ཤར་ནས་བརྩམ་སྟེ་དབུས་སུ་དྲིལ༔ ཧཱུྃ་གི་སྒྲས་ཕུར་བུ་དབྱུང༔ ཕུར་ཁུང་དུ་འབྲུ་གསུམ་བརྗོད་པས་བདུད་རྩི་གཏོར་ལ་བགེགས་རྣམས་གསོས་ཏེ་རང་གནས་སུ་གཏང༔ ཕྱི་ནང་གི་མཚམས་དགྲོལ༔ ལས་ཀྱི་རྗེས་མི་མངོན་པར་བྱས་ལ༔ སྒྲུབ་རྫས་རྣམས་ཆ་གསུམ་དུ་བགོས་ཏེ༔ ཆ་གཅིག་མཎྜལ་གྱི་གཞི་སོགས་སུ་གཏེར་དུ་སྦ༔ ཆ་གཅིག་འདུས་པ་རྣམས་ཀྱི་དངོས་གྲུབ་ཀྱི་རྟེན་དུ་བཟུང༔ ཆ་གཅིག་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་གཤེགས༔ སྟེགས་བུའི་དབུས་སུ་རྡོ་རྗེ་རྒྱལ་པོ་འཁོད་པའི་མཐར་སྒྲུབ་གྲོགས་དང་སློབ་མའི་ཚོགས་ཀྱིས་བསྐོར༔ སྤོས་དང་སྣང་གསལ་ཐོགས་ལ་སྨོན་ལམ་གདབ་པ་ནི་འདུན་པ་རྩེ་གཅིག་པས༔ ཧོ༔ ཁྱབ་བདག་བླ་མ་འགྲོ་འདུལ་པདྨའི་རྒྱལ༔ ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་ཕྲིན་ལས་མཐར་ཕྱིན་དགེ་བའི་ཚོགས༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ དེང་ནས་བཟུང་སྟེ་རྣམ་གྲོལ་མཆོག་གི་བར༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ གསང་བ་ཆེན་པོའི་མྱུར་ལམ་ལ་བརྟེན་ནས༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༔ ས་བཅུ་ལམ་ལྔ་སྐད་ཅིག་ཉིད་ལ་བགྲོད༔ འགྲོ་འདུལ་འཕགས་པའི་གོ་འཕང་ཐོབ་པར་ཤོག༔ ཆོས་དབྱིངས་ཀོང་བུར་བསམ་གཏན་མར་ཁུས་གཏམས༔ སེམས་ཉིད་རང་བྱུང་གསལ་བའི་མེ་སྦར་བས༔ གཟུང་འཛིན་འཁྲུལ་པའི་མུན་པ་དབྱིངས་སུ་སངས༔ ཡེ་ཤེས་སྣང་བས་རྟག་ཏུ་ཁྱབ་པར་ཤོག༔ ནམ་ཞིག་འཆི་འཕོའི་རྟོག་པ་ཤར་བའི་ཚེ༔ རིགས་དྲུག་འཁོར་བའི་བག་ཆགས་དྲུང་ཕྱུང་སྟེ༔ འཆི་སྲིད་ཆོས་སྐུ་བར་དོ་ལོངས་སྤྱོད་རྫོགས༔ སྐྱེ་སྲིད་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཤོག༔ མཐར་ཐུག་ཀུན་ཏུ་འོད་ཀྱི་སྣང་བ་ཡིས༔ པདྨ་ཅན་གྱི་ས་ལ་ཤུལ་མཚོན་ཅིང༔ འཁོར་ལོའི་ཚོགས་ཆེན་འབྲས་བུར་དབུགས་ཕྱུང་སྟེ༔ ཕྱམ་གཅིག་གདོད་མའི་དབྱིངས་སུ་གྲོལ་བར་ཤོག༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང༔ རིག་འཛིན་འདུས་པའི་ཚོགས་རྣམས་ཞབས་བརྟན་ཅིང༔ ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་དང༔ བཤད་སྒྲུབ་ཕྲིན་ལས་ཕྱོགས་བཅུར་ཁྱབ་པར་ཤོག༔ རྒྱལ་བའི་བསྟན་པ་རིན་ཆེན་འཕེལ་ཞིང་རྒྱས༔ འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུགས་ཞི༔ སེམས་ཅན་ཐམས་ཅད་དགེ་བའི་ལས་ལ་སྤྱོད༔ རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་དང་གཞན་ཡང་བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ་ཅིང༔ བཀྲ་ཤིས་པའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་དགེ་ལེགས་སུ་བྱའོ༔ དེ་ལྟ་བུའི་སྒྲུབ་པ་དང་འབྲེལ་བའི་དབང་འདི་བསྐུར་བ་ཙམ་གྱིས༔ བརྩོན་འགྲུས་དང་དབང་པོའི་ཁྱད་པར་ལས་རབ་ཚེ་འདི༔ འབྲིང་འཆི་ཁ༔ ཐ་མ་བར་དོར་མཆོག་གི་དངོས་གྲུབ་མངོན་དུ་བྱེད༔ ཐུན་མོང་གི་དངོས་གྲུབ་རྩོལ་མེད་དུ་འབྱུང༔ ལམ་ལ་བརྩོན་པ་མེད་ཀྱང་དམ་ཚིག་མ་ཉམས་པ་ཁོ་ནས་སྐྱེ་བ་བདུན་ན་འབྲས་བུ་འགྲུབ་པའི་ཚུལ་རྒྱུད་ལས༔ ཨེ་མ་ངོ་མཚར་ཐབས་ཆེན་པོ༔ སྒྲུབ་པའི་དབང་འདིར་འབྲེལ་ཚད་ཀུན༔ འདི་འམ་འཆི་ཁ་བར་དོ་འམ༔ སྐྱེ་བ་བདུན་ནས་མངོན་འཚང་རྒྱ༔ ཞེས་དང༔ གཞན་ཡང༔ སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་འཛིན་པ༔ ཨོ་རྒྱན་ང་དང་ཐུགས་ཡིད་གཅིག་ཏུ་འདྲེས༔ ཚེ་རིང་ནད་མེད་བསམ་རྒུ་ཀུན་འགྲུབ་ཅིང༔ གཉིས་མེད་རྟོགས་པའི་ཡེ་ཤེས་མྱུར་དུ་འཆར༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ གལ་ཏེ་སྒྲུབ་པའི་དབང་རྒྱས་པར་མ་གྲུབ་ན༔ སའི་ཆོ་ག་དང་སྟ་གོན་གསུམ་སྔོན་དུ་འགྲོ་བས་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་ཡང་རུང་བ་ཡིན་ནོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་བསྐུར་གྱི་ལས་རིམ་མོ༔ ས་མ་ཡ༔ དེ་ལྟ་བུའི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ༔ བསྙེན་སྒྲུབ་ལས་སུ་རུང་བའི་རྣལ་འབྱོར་པས་རང་གཞན་ལ་འཕྲལ་དང་ཡུན་དུ་ཕན་གདགས་པའི་ཕྱིར་ལས་ཀྱི་ཚོགས་བསྒྲུབ་པར་བྱ་སྟེ༔ ཐུགས་རྗེ་ཆེན་པོའི་མཚན་ཉེར་བརྒྱད་ལ་བརྟེན་ནས་སོ་སོའི་ལས་སྒྲུབ་པ་དང༔ ཐུན་མོང་འགྲོ་བ་འདུལ་བའི་ལས་ཚོགས་ཉེར་གཅིག་དང༔ ལས་ཕྲན་བརྒྱ་རྩ་ལ་སོགས་པ་རྒྱ་ཆེར་གཞན་དུ་ཤེས་པར་བྱའོ༔ སྤྱིར་འབྱུང་བ་ས་ལ་བརྟེན་པའི་ལས་ཚོགས་ནི་སཱཙྪ་གདབ་པ་སྟེ༔ རྒྱུད་ལས༔ ས་འདི་རིན་ཆེན་འབྱུང་གནས་ཏེ༔ ཁམས་ལྔ་བཅུད་ཀྱི་སྙིང་པོ་ཡིས༔ སྐུ་གདུང་ཆེན་པོ་རྒྱུན་དུ་གདབ༔ གང་འདོད་ལས་ཀུན་འགྲུབ་པར་འགྱུར༔ ཅེས་པས་ཐོག་མར་ཞི་བའི་སྦྱོར་བས་ས་བླང་སྟེ༔ འཇམ་ཞིང་ཤིས་པའི་ས་ཕྱོགས་ནས་ཁམ་ས་ལེགས་པ་ཡོད་སར་གཏོར་མ་དང་གསེར་སྐྱེམས་གཏོང༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་སྤྱན་མའི་སྔགས་ཀྱིས་ཁ་ཤར་དུ་བལྟས་ནས་བརྐོ་ཞིང་བླང༔ ཤུལ་དུ་སྔགས་དེ་ཉིད་དང་འོ་ཆབ་ཀླུ་སྨན་དང་སྦྱར་བས་གཏོར་ཏེ་ཤིས་པར་བྱའོ༔ དྲག་པོའི་སྦྱོར་བས་བཏུལ་བ་ནི༔ གཏན་གཏུན་ཐབས་ཤེས་ཀྱི་རང་བཞིན་དུ་བསམ་ལ༔ གཟུང་འཛིན་གྱི་རྟོག་པ་བཏུལ་བའི་མོས་པས༔ ཨོཾ་བཛྲ་མུངྒ་ར་ཨཱ་ཀོཊྚཱ་ཡ་ཨ་ཀོཊྚཱ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་སའི་རོ་བསལ་ནས་བརྡུང་ངོ༔ རྒྱས་པའི་སྦྱོར་བས་སྙིང་པོ་བྱ་བ་ནི༔ རིན་པོ་ཆེ་སྣ་ཚོགས་བརྡར་ཞིང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀེ་ཏུ་རཱ་ཛཱ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ༔ རིག་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་ཆར་ཕབ་པས་བརླན་པར་བསམ་ལ་ཆུ་སྣ་སྦྲེང་ཞིང་བརྫིས་ཏེ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨུ་ད་ཀ་བཾ་མཱ་མ་ཀཱི་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརླབ༔ འཇིམ་པ་དུམ་བུར་བཅད་པར་བྱང་ཆུབ་མཆོག་གི་ཕྱག་རྒྱས་རེག་སྟེ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་འོག་མིན་ནས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་རྒྱུད་བསྐུལ༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང༔ འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབ༔ འབི་འབི་བཅོས་ཏེ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གརྦྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རྡོ་རྗེ་སྙིང་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་མོ༔ དབང་གི་སྦྱོར་བས་མངོན་དུ་བྱ་བ་ནི༔ བརྐོས་ཕོར་ལ་སྣུམ་གྱིས་བྱུགས་ཤིང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ར་ཛེ་བི་ར་ཛེ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་པས་ཐུགས་རྗེ་ཆེན་པོས་རྗེས་སུ་ཆགས་པར་བསམ༔ རྒྱར་གཞུག་ཅིང་བརྡུངས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤཱ་རི་རཾ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབ་པར་བསམ༔ བསྙེན་སྒྲུབ་ལས་ཀྱི་སྔགས་དང་རྟེན་འབྲེལ་སྙིང་པོ་སོགས་རིང་བསྲེལ་དང༔ ལས་གང་བྱེད་ཀྱི་རིག་པ་སྲོག་ཤིང་དང་བཅས་པ་བཅུག་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་གུ་ཧྱ་སཱ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་ཡེ་ཤེས་ཀྱི་སྲོག་དང་ལྡན་པར་བསམ༔ དེ་ནས་ཕྱིར་འདོན་ཞིང་མེ་ཏོག་སིལ་མའི་མཎྜ་ལར་བཞུགས་སུ་གསོལ་ཏེ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཎི་གརྦྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བརྗོད་པས་སྤྲུལ་པའི་སྣང་བརྙན་འགྲོ་བའི་དོན་དུ་བརྟན་པར་བཞུགས་པར་བསམ་ལ་བརྟན་བཞུགས་ཀྱི་མེ་ཏོག་ཀྱང་ཕུལ་བས་རབ་ཏུ་གནས་པར་འགྱུར་རོ༔ དེ་རྣམས་ནི་སྤྱིར་བྱ་བའི་རིམ་པ་སྟེ༔ དེ་ལྟ་བུའི་སྦྱོར་བས་སཱཙྪ་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པའི་ཕན་ཡོན་འཐོབ་པར་འགྱུར་རོ༔ དེ་ནས་ལས་སོ་སོར་བསྒྲུབ་པ་ནི༔ ཞི་བ་ལ་འཇིམ་པའི་རྒྱུར་འོ་མ་དང༔ སྨན་ལྔ༔ ཆུ་ཤེལ༔ ཙནྡན་དཀར་པོ༔ སྤོས་དཀར༔ རུ་རྟ༔ ཨ་རུ་ར༔ ཅོང་ཞི༔ བྲག་ཞུན༔ ཤུ་དག་དཀར་པོ་རྣམས་བསྲེ༔ ནང་དུ་སྤྱི་དྲིལ་ལས་སྦྱོར་གྱི་སྔགས་མཐར༔ ནད་ཞི་བར་འདོད་ན༔ སརྦ་རོ་གེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་བཞིན་དུ་གདོན་བགེགས་ཞི་བར་འདོད་ན༔ སརྦ་དུཥྚཱན་བྷྱཿསོགས་དང༔ དགྲ་ཞི་བར་འདོད་ན༔ སརྦ་ཤ་ཏྲཱུན་བྷྱ༔ འབྱུང་བ་བཞི་དང་སད་སེར་བཙའ་ཐན་སོགས་ཀྱི་ཉེར་འཚེ་ཞི་བར་འདོད་ན༔ སརྦ་ཨུ་པ་དྲ་བེ་བྷྱ༔ ཕ་རོལ་གྱི་དམག་ཚོགས་སོགས་ཀྱི་འཇིགས་པ་ཐམས་ཅད་ཞི་བར་འདོད་ན༔ སརྦ་བྷ་ཡེ་བྷྱ༔ སྡིག་སྒྲིབ་ཞི་བར་འདོད་ན༔ སརྦ་པཱ་པཾ་ཀླེ་ཤ་བྷྱ༔ ཞེས་སྤེལ་ཚིག་སོ་སོར་སྦྱར་བ་བརྒྱ་ཕྲག་རེ་བཅུག༔ མཆོད་རྟེན་ཁ་དོག་དཀར་པོར་བསྒྱུར༔ ཞི་བའི་ལས་དཀྱིལ་དཀར་ཟླུམ་གྱི་དབུས་སུ་མེ་ཏོག་དཀར་པོ་སིལ་མར་བཀྲམ་པ་ལ་བཞུགས་སུ་གསོལ༔ མཆོད་གཏོར་ཚུལ་བཞིན་བཤམ༔ ཕྲིན་ལས་ཀྱི་སྦྱོར་བ་དང་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས༔ མདུན་རྟེན་གྱི་བགེགས་སྦྱང༔ ཁྲུས་གསོལ༔ བསང་སྦྱང༔ སྟོང་པའི་ངང་ལས་ངག་ཏུ་ཧྲཱིཿཧྲཱིཿཞེས་བརྗོད་པས་འོག་གཞི་སྲུང་འཁོར་དང་བཅས་པ༔ དེའི་དབུས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཆེན་པོ་གཙོ་བོར་གྱུར་པའི་ཆོས་སྐུའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་དཀར་ཞིང་འོད་འཕྲོ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་སོགས་རྟེན་དང་བརྟེན་པར་བཅས་པ་མདུན་བསྐྱེད་ལྟར་གསལ་གདབ༔ གཙོ་འཁོར་ཐམས་ཅད་ཀྱང་ཞི་ཞིང་འཛུམ་པའི་ཉམས་ཅན་འོད་ཟེར་དཀར་པོ་ཟླ་བ་ཆུ་ཤེལ་གྱི་རེག་བྱ་ཅན་སྤྲོ་ཞིང་བསྡུ་བས་ཞི་བའི་ལས་རབ་འབྱམས་མཛད་པར་བསམ༔ གནས་གསུམ་བྱིན་རླབས་ནས་བསྟོད་བཤགས་བར་གཞུང་བསྲང༔ བཟླས་པའི་སྐབས་སུ་བབ་པ་ན༔ བསྙེན་སྒྲུབ་ཀྱི་ཛཔ྄་དགོངས་གསལ་བཏབ་ནས་སྔགས་ཅི་རིགས་བཟླས་མཐར༔ ལས་སྦྱོར་ནི༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཟླ་བ་ཆུ་ཤེལ་གྱི་མདོག་ཅན་དཔག་ཏུ་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ སྔགས་ཀྱི་རང་སྒྲ་དང་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས༔ བདག་དང་དམིགས་ཡུལ་རྣམས་ལ་ཐིམ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བསམ་ལ༔ ལས་སྔགས་སྤེལ་ཚིག་བཅས་གཙོ་བོར་བཟླ༔ མཇུག་ཏུ་གཟུངས་རིང་ལ་སྤེལ་ཚིག་བཏགས་པའང་བརྒྱ་རྩ་སོགས་བཟླས་མཐར༔ རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བསྐྱེད་པའི་རྟེན་དང་དབྱེར་མེད་བཞུགས་ནས་ཀྱང༔ བདག་དང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་ལན་མང་དུ་བསྐྱར༔ གཏོར་མ་ཕུལ༔ ཚོགས་མཆོད་སོགས་རྗེས་ཀྱི་ཕྲིན་ལས་རྣམས་ཚུལ་བཞིན་དང༔ ནོངས་བཤགས་ཀྱི་རྗེས་སུའང་བརྟན་བཞུགས་གོང་ལྟར་བྱའོ༔ དེ་བཞིན་དུ་རྒྱས་པའི་ལས་སྒྲུབ་པ་ལ༔ འཇིམ་པར་དྲི་སེར་པོའི་ཆུ་དང༔ རིན་པོ་ཆེ་ལྔ༔ འབྲུ་ལྔ༔ སྙིང་པོ་ལྔ༔ བདུད་རྩི་ལྔ༔ གི་ཝཾ༔ སྦུར་ལེན༔ དཱུརྺ༔ རྒྱ་སྤོས༔ ག་པུར་སོགས་བསྲེ༔ ལས་སྒྲུབ་སྔགས་ཀྱི་སྤེལ་ཚིག༔ ཚེ་རྒྱས་པར་འདོད་ན༔ ཨཱ་ཡུར་པུྴཏྲིཾ་ཀུ་རུ་ཨོཾ༔ བསོད་ནམས་རྒྱས་པར་འདོད་ན༔ པུཎྱེ༔ དཔལ་འབྱོར་རྒྱས་པར་འདོད་ན༔ ཤྲཱི་བྷཱུ་ཏི༔ སྙན་གྲགས་རྒྱས་པར་འདོད་ན༔ མ་ཧཱ་ཀཱིརྟི༔ འབྲུ་རྒྱས་པར་འདོད་ན༔ དྷཱ་ནཾ༔ ནོར་རྒྱས་པར་འདོད་ན༔ བཱ་སུ༔ ཆོས་རྒྱས་པར་འདོད་ན༔ དྷརྨཱ༔ ཤེས་རབ་རྒྱས་པར་འདོད་ན༔ པྲ་ཛྙཱ༔ ཡེ་ཤེས་རྒྱས་པར་འདོད་ན༔ ཛྙཱ་ན༔ དགེ་འདུན་རྒྱས་པར་འདོད་ན༔ སཾ་གྷ་སེ་ནཱ་སོགས་གང་འདོད་སྦྱར་བ་བརྒྱ་རྩ་བརྒྱད་རེ་བཅུག༔ ཁ་དོག་སེར་པོར་བསྒྱུར༔ ལས་དཀྱིལ་སེར་པོ་གྲུ་བཞི་མེ་ཏོག་སེར་པོ་སིལ་མར་བཀྲམ་པ་ལ་བཞུགས་སུ་གསོལ་བ་སོགས་སྦྱོར་བ་གོང་ལྟར་ལ༔ མདུན་བསྐྱེད་སྐབས༔ ཏྲཱཾ་ཡོངས་སུ་གྱུར་པ་ལས་རྣམ་པར་རྒྱལ་བ་གཙོ་བོར་གྱུར་པའི་ཆོས་སྐུའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་གསེར་མདོག་ཉི་མ་བྱེ་བའི་གཟི་འོད་ཅན་གྱི་བུམ་པར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་གདབ༔ གཙོ་འཁོར་ཐམས་ཅད་ཀྱང་སྒེག་ཅིང་རྒྱས་པའི་ཉམས་ཅན་འོད་ཟེར་སེར་པོ་ཉི་མ་བྱེ་བའི་གཟི་བརྗིད་ཅན་སྤྲོ་ཞིང་བསྡུ་བས་རྒྱས་པའི་ལས་རབ་འབྱམས་མཛད་པར་བསམ་པ་སོགས་གོང་ལྟར་ལ༔ ལས་སྦྱོར་ནི༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་སེར་པོ་ཉི་མ་བྱེ་བའི་གཟི་བརྗིད་ཅན་དཔག་ཏུ་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ སྔགས་ཀྱི་རང་སྒྲ་དང་ཡེ་ཤེས་ཀྱི་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས༔ བདག་དང་དམིགས་ཡུལ་རྣམས་ལ་ཐིམ་པས་འདོད་རྒུའི་ལེགས་ཚོགས་ཡིད་བཞིན་དུ་རྒྱས་པར་བསམ་ལ་ལས་སྔགས་བཟླས་མཐར༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བསྐྱེད་པའི་རྟེན་དང་དབྱེར་མེད་བཞུགས་ནས་ཀྱང༔ བདག་དང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ འདོད་རྒུའི་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ༔ ཅེས་སྔགས་དང་བཅས་བརྟན་བཞུགས་འདོད་གསོལ་བྱ༔ གཏོར་མ་འབུལ་བ་སོགས་མཐར་དབྱུང་ངོ༔ དབང་གི་ལས་སྒྲུབ་པ་ལ༔ འཇིམ་པར་རྒྱ་སྐྱེགས་ཆང་དང་སྦྱར་བའི་ཆུ༔ དྲི་ལྔ༔ པདྨ་རཱ་ག༔ རྡོ་ཁབ་ལེན༔ ཙནྡན་དམར་པོ༔ སིཧླ༔ གླ་རྩི༔ ལན་ཚྭ༔ བུ་རམ༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་སོགས་སྦྱར༔ ལས་སྒྲུབ་ཀྱི་སྔགས༔ རྒྱལ་པོ་དབང་དུ་བསྡུ་བར་འདོད་ན༔ མ་ཧཱ་རཱ་ཛ་ཝཱ་ཤཾ་ཀུ་རུ་ཧོ༔ དེ་བཞིན་དུ་བཙུན་མོར༔ མ་ཧཱ་སཏྲཱི༔ བློན་པོར༔ མ་ཧཱ་ཏཱ༔ སྐྱེ་འགྲོ་མང་པོར༔ སརྦ་ལོ་ཀ༔ ནོར་དང་འབྲུ་ལ༔ བཱ་སུ་དྷ་ནཾ༔ བཟའ་བཏུང་ལ༔ ན་ན་ཥི་དྷ༔ དགེ་འདུན་གྱི་སྡེ་དབང་དུ་བསྡུ་བར་འདོད་ན༔ སརྦ་སཾ་གྷ་སེ་ནཱ༔ ཞེས་སོགས་སྤེལ་བ་ལྔ་བཅུ་རེ་བཅུག༔ ཁ་དོག་དམར་པོར་བསྒྱུར༔ ལས་དཀྱིལ་ཟླ་གམ་དམར་པོ་མེ་ཏོག་དམར་པོ་སིལ་མར་བཀྲམ་པ་ལ་བཞུགས་སུ་གསོལ་བ་སོགས་བྱ༔ མདུན་བསྐྱེད་སྐབས༔ ཧྲཱིཿལས་ཆོས་འཁོར་ཆེན་པོ་གཙོ་བོར་གྱུར་པ་དང༔ དམར་གསལ་རྗེས་ཆགས་ཀྱི་འོད་ཟེར་པདྨ་རཱ་གའི་གཟི་བརྗིད་ཅན་ཕྱོགས་བཅུར་སྤྲོ་བ༔ གཙོ་འཁོར་ཐམས་ཅད་ཀྱང་ཆགས་ཤིང་ཞེན་པའི་ཉམས་ཅན་པདྨ་རཱ་གའི་མདངས་འོད་ཉི་མ་བྱེ་བའི་གཟི་བརྗིད་ཅན་ཕྱོགས་བཅུར་སྤྲོ་ཞིང་བསྡུ་བས་དབང་གི་ལས་རབ་འབྱམས་མཛད་པར་བསམ༔ ལས་སྦྱོར་ནི༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་རྗེས་ཆགས་བདེ་བ་ཆེན་པོའི་རང་བཞིན་དམར་གསལ་ཉི་མ་བྱེ་བའི་གཟི་བརྗིད་ཅན་དཔག་ཏུ་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ སྔགས་ཀྱི་རང་སྒྲ་དང་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས༔ གང་ལ་དམིགས་པའི་ཡུལ་དེར་རེག་པ་ཙམ་གྱིས་ཁབ་ལེན་གྱི་རྡོས་ལྕགས་ཕྱེ་བསྡུ་བ་ལྟར་རང་དབང་མེད་པར་དབང་དུ་འདུས་པར་བསམ་ལ་བཟླས་མཐར༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བསྐྱེད་པའི་རྟེན་དང་དབྱེར་མེད་བཞུགས་ནས་ཀྱང༔ བདག་གི་ཡིད་ལ་འདོད་པའི་ལེགས་ཚོགས་ཀུན༔ འབད་མེད་དབང་དུ་འདུ་བར་མཛད་དུ་གསོལ༔ ཅེས་སྔགས་དང་བཅས་བརྟན་བཞུགས་འདོད་གསོལ་སོགས་མཐར་དབྱུང་ངོ༔ དྲག་པོའི་ལས་སྒྲུབ་པ་ལ༔ འཇིམ་པར་ཤུ་དག་ནག་པོའི་དྲི་དང་སྦྱར་བའི་ཆང༔ ཐུན་རྫས་ལྔ༔་་་ལྕགས་ཕྱེ་ཟངས་ཕྱེ་ཀེ་ཤངས་ཡུངས་དཀར། སེང་ལྡེང༔ གུ་གུལ་ནག་པོ༔ མུ་ཟི་ནག་པོ་སོགས་སྦྱར༔ ལས་སྒྲུབ་སྔགས༔ དགྲ་ཚར་བཅད་པར་འདོད་ན༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ བགེགས་ལ༔ སརྦ་བིགྷྣཱན༔ བར་ཆད་ལ༔ སརྦ་མཱ་ར་སེ་ན༔ གནོད་པ་ཐམས་ཅད་ལ༔ སརྦ་ཨ་པ་ཀ་ར༔ སྡེ་བརྒྱད་སོ་སོར་གཟིར་ན་སོ་སོའི་སྲོག་སྔགས་ལ་མཱ་ར་ཡ་ཕཊ་བཏགས་པ་སོགས་སྤེལ་བ་དྲུག་ཅུ་རྩ་བཞི་རེ་བཅུག༔ ཁ་དོག་མཐིང་ནག་ཏུ་བསྒྱུར༔ དྲག་པོའི་ལས་དཀྱིལ་མཐིང་ནག་གྲུ་གསུམ་མེ་འབར་བ་བྲིས་པའི་དབུས་སུ་མེ་ཏོག་ནག་པོ་གཅལ་དུ་བཀྲམ་པར་བཞུགས༔ མདུན་བསྐྱེད་སྐབས༔ ཧཱ་ལས་ཆོ་འཕྲུལ་ཆེན་པོ་གཙོ་བོར་གྱུར་པ་དང༔ མཐིང་ནག་ཚ་ཞིང་རྩུབ་པའི་འོད་ཟེར་རབ་ཏུ་འབར་བ༔ གཙོ་འཁོར་ཐམས་ཅད་ཀྱང་རྔམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ་འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པ་རྡོ་རྗེ་མེའི་ཆར་དྲག་པོ་ཕྱོགས་བཅུར་སྤྲོ་བས་མི་མཐུན་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད་པའི་དྲག་པོའི་ལས་རབ་འབྱམས་མཛད་པར་བསམ༔ ལས་སྦྱོར་སྐབས༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཚ་ཞིང་རྩུབ་པའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ སྔགས་ཀྱི་སྒྲ་དང་འོད་ཟེར་མཐིང་ནག་འབར་བའི་མེ་དང་མཚོན་ཆ་ལ་སོགས་པའི་རྣམ་པ་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས༔ མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམ་ལ་བཟླས་མཐར༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བསྐྱེད་པའི་རྟེན་དང་དབྱེར་མེད་བཞུགས་ནས་ཀྱང༔ ཞི་བའི་ཐབས་ཀྱིས་མི་འདུལ་གདུག་པ་ཅན༔ ཚར་བཅད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་སྔགས་དང་བཅས་བརྟན་བཞུགས་འདོད་དོན་གསོལ་བ་སོགས་མཐར་དབྱུང་ངོ༔ དེ་ལྟར་ལས་གང་བསྒྲུབས་ཀྱང༔ རྟེན་ལས་འོད་དང༔ སྒྲ་སོགས་རྟགས་དངོས་སུ་བྱུང་ན་རབ༔ དེ་ལྟར་མིན་ཀྱང་རྨི་ལམ་གྱི་མཚན་མར་ལས་གྲུབ་པའི་རྟགས་བྱུང་བའམ༔ ལས་སྔགས་ཁྲི་སོགས་ཐེམ་པའི་ཚེ་གཏང་རག་གི་མཆོད་བསྟོད་རྒྱས་པ་དང༔ བརྟན་བཞུགས་གསོལ་གདབ་ནན་ཏན་དུ་བྱས་ཏེ༔ ཞི་བ་རྒྱལ་མཚན་གྱི་ཏོག་གམ༔ སྒོའི་ཡ་ཐེམས་སོགས་སུ་མི་འཇིག་པའི་སྣོད་དང་ཆས་བཅས་སྦ༔ བརྟན་བཞུགས་འདོད་གསོལ་བཀྲ་ཤིས་རྒྱས་པར་བརྗོད༔ དེ་བཞིན་དུ་རྒྱས་པ་ཁྱིམ་མམ་མཛོད་ཀྱི་ཕུག༔ དབང་གང་བསྡུ་བར་འདོད་པའི་ཕྱོགས༔ དྲག་པོ་ལ་གནོད་པའི་ཕྱོགས་སམ་ལྷོ་ཕྱོགས་ཀྱི་གྲོང་གི་ཟད་མཐར་སྦས་ན་ལས་འཕྲལ་དུ་འགྲུབ་ཅིང་གྲུབ་པ་བརྟན་པར་འགྱུར་རོ༔ ཆུ་ལ་བརྟེན་པའི་ལས་ནི་ཁྲུས་ཀྱི་ཆོ་ག་སྟེ༔ རྒྱུད་ལས༔ ཆུ་ནི་རྗེས་སུ་འཇུག་པ་སྟེ༔ སྔགས་ཅན་ཆུ་ཡིས་ཁྲུས་བྱས་པས༔ ལུས་ཅན་སྡིག་པ་འདག་པ་སོགས༔ ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད༔ ཅེས་གསུངས་པ་ལྟར༔ མདུན་རྟེན་ལས་དཀྱིལ་གྱི་དབུས་སུ་བུམ་པ་ལས་མཐུན་དར་གྱི་མགུལ་ཆིངས་སྤྲས་པ་སོགས་ཆས་སུ་བཅུག༔ ནང་དུ་གོང་གི་འཇིམ་ལ་སྦྱར་བའི་རྫས་ཇི་ལྟར་འབྱོར་པ་དང་བཅས་པའི་ཆུས་དགང༔ གཏོར་མཆོད་བཤམ༔ སྔོན་འགྲོའི་ལས་རིམ་དང་བདག་གི་རྣལ་འབྱོར་ཚུལ་བཞིན་འདུ་བྱ༔ སྒྲུབ་པའི་བུམ་པ་བསང་སྦྱང༔ ལྷག་གནས་ཀྱི་སྐབས་ལྟར་བསྐྱེད་ཅིང༔ ཁྱད་པར་ལས་སོ་སོར་སྐུའི་ཉམས་དང་འོད་ཟེར་སྤྲོ་བསྡུ་སོགས་གོང་ལྟར་གསལ༔ གནས་གསུམ་བྱིན་རླབས་ནས་བཟུང་བསྟོད་བཤགས་བར་ཕྲིན་ལས་ཀྱི་གཞུང་བསྲང༔ གཟུངས་ཐག་བླངས་ལ༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་འོད་ཀྱི་སྦུ་གུ་ཅན་ནས་བརྒྱུད༔ བུམ་པའི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་ནས༔ ཞི་བའི་དམིགས་བསལ༔ སྦྱོར་མཚམས་དང་བ་སྤུའི་ཁུང་བུ་ཀུན་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་ཟླ་བ་ཆུ་ཤེལ་གྱི་མདོག་ཅན་དཀར་ཞིང་བསིལ་བའི་རྣམ་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པ་དཔག་ཏུ་མེད་པ་ཆར་བཞིན་དུ་བབས་པས་བུམ་པ་ཡོངས་སུ་གང་བར་བསམ་ལ༔ བསྙེན་པ་དང༔ སྒྲུབ་པ་དང༔ ལས་སྦྱོར་སྤྱི་དྲིལ་གྱི་སྔགས་རྣམས་སྦྲེལ་བའི་མཇུག་ཏུ་ལས་གང་སྒྲུབ་པར་འདོད་པའི་སྔགས་ཤམ་གོང་ལྟར་བཏགས་པ་བཟླ༔ སྡིག་ལྟུང་ཞི་བ་གཙོ་བོར་བྱེད་ན་གཟུངས་རིང་ཁོ་ན་བཟླའོ༔ རྒྱས་པའི་དམིགས་བསལ༔ སྦྱོར་མཚམས་དང་བ་སྤུའི་ཁུང་བུ་ཀུན་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་གསེར་ཞུན་མའི་མདོག་ཅན་ཉི་མ་བྱེ་བའི་གཟི་འོད་འབར་བས་རྒྱས་པའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པ་དཔག་ཏུ་མེད་པ་དང༔ སྔགས་གང་འདོད་རྒྱས་པའི་སྤེལ་ཚིག་སྦྱར་བ༔ དབང་ལ༔ སྦྱོར་མཚམས་དང་བ་སྤུའི་ཁུང་བུ་ཀུན་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་པདྨ་རཱ་གའི་མདོག་ཅན་རྗེས་སུ་ཆགས་པའི་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་ཞིང་དབང་གི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པ་དང༔ སྔགས་གང་འདོད་དབང་གི་སྤེལ་ཚིག་སྦྱར་བ༔ དྲག་པོ་ལ༔ སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་མཐིང་ནག་ཚ་ཞིང་རྩུབ་པ་འབར་བའི་མེ་དང་མཚོན་ཆ་ལ་སོགས་པའི་རྣམ་པ་ཅན་དྲག་པོའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་ཅན་དང༔ སྔགས་མཐར་དྲག་པོའི་སྤེལ་ཚིག་སྦྱར་བ་བཟླ༔ ཐུན་མཐར་ཞི་བ་ལ༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ༔ རྒྱས་པ་ལ༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ མཐུན་རྐྱེན་ཡིད་བཞིན་རྒྱས་པར་མཛད་དུ་གསོལ༔ དབང་ལ༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གང་ལ་དམིགས་པའི་ཡུལ་རྣམས་ཐམས་ཅད་ཀུན༔ འབད་མེད་དབང་དུ་འདུ་བར་མཛད་དུ་གསོལ༔ ཞེས་དང༔ དྲག་པོ་ལ༔ ཨོཾ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ ཞི་བའི་ཐབས་ཀྱིས་མི་ཐུལ་གདུག་པ་ཅན༔ ཚར་བཅད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ༔ གཏོར་མ་དང་ཚོགས་ཀྱིས་མཆོད་པ་ནས་ནོངས་བཤགས་བར་བྱ༔ བདུད་རྩི་ཕུལ་ལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བསྐུལ་བས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བུམ་བཅུད་དང་དབྱེར་མེད་དུ་འཁྱིལ་པས་སོ་སོའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམ༔ བདག་བསྐྱེད་བསྡུ་ལྡང་སོགས་ཕྲིན་ལས་མཐར་དབྱུང༔ དེ་ལྟ་བུའི་རིམ་པས་རྟགས་མཐོང་བའམ༔ ལས་སྔགས་ཁྲི་ཕྲག་ལ་སོགས་པས་ནུས་ལྡན་དུ་བསྒྲུབས་པའི་བུམ་ཆུ་ཞི་བ་ལ་རང་གཞན་གྱི་སྡིག་ལྟུང་སྦྱང་བ་དང༔ ནད་གདོན་ཉེར་འཚེ་ཞི་བ་སོགས་ཀྱི་ཆེད་དུ་ཁྲུས་ཀྱི་ཆོ་ག་སྤྱི་ལྟར་ལས་ལ་སྦྱར་ཞིང༔ འཐོར་འཐུང་ཉེ་རེག་སོགས་བྱ༔ སེམས་ཅན་ཤི་བའི་རོའམ༔ རུས་པའམ༔ མཆད་པ་སོགས་ལ་གཏོར༔ དྲིའི་རྫས་དང་སྦྱར་ཏེ་བདུག༔ སྨན་གྱི་རིགས་དང་སྦྱར་ཏེ་བྱུགས་བདུག་ཁོང་དུ་གཏོང་བ་སོགས་བྱའོ༔ རྒྱས་པ་ལ་རང་ངམ་བསྒྲུབ་བྱས་འཐོར་འཐུང་ཉེ་རེག་བྱ༔ ཐབ་དང་བང་མཛོད་འབྲུ་ནོར་ཞིང་ས་ལྷས་མལ་སོགས་སུ་འཐོར༔ རྒྱས་པའི་རྫས་དང་སྦྱར་ལ་རིལ་བུར་དྲིལ་བས་རིན་པོ་ཆེའམ་རྫའི་བུམ་པ་བཀང་ལ་མཛོད་ཕུག་སོགས་སུ་སྦ༔ དབང་ལ་གང་བསྡུ་བར་འདོད་པ་ལ་འཐོར་འཐུང་ཉེ་རེག་བྱ་བའམ༔ ཆང་སོགས་དང་སྦྱར་ཏེ་ཁོང་དུ་གཏོང༔ དབང་དང་དྲིའི་རྫས་སྦྱར་བས་སྦོལ་ཏེ་དུད་པས་བདུག༔ དྲག་པོ་ལ་གནོད་པའི་ཕྱོགས་སུ་འཐོར༔ རཱུ་པ་ལ་གནོད་བྱེད་བཀུག་ཅིང་བསྟིམས་པར་བྲན་ལ་དྲག་པོའི་མེས་སྦྱང༔ ཐོག་དང་སེར་བ་དམག་དཔུང་སོགས་ལྷགས་ན་གདོང་དུ་འཐོར་བ་སོགས་བྱས་པས་ལས་རྒྱུན་དུ་འགྲུབ་ཅིང་ཚར་ཕྱིན་པར་འགྱུར་རོ༔ མེ་ལ་བརྟེན་པའི་ལས་ནི་སྦྱིན་སྲེག་བྱ་བ་སྟེ༔ རྒྱུད་ལས༔ མེ་ནི་ལྷ་ཡི་ཞལ་ཡིན་ཏེ༔ ལས་བཞིའི་མཆོད་པ་རབ་ཏུ་དབུལ༔ འབར་བས་ལྷ་རྣམས་ཚིམ་འགྱུར་ཏེ༔ ཚིམ་པས་ལས་ཀུན་མྱུར་དུ་བྱེད༔ ཅེས་གསུངས་པ་ལྟར་ལས་དང་རྗེས་སུ་མཐུན་པར་བྱ་བ་སྟེ༔ ཐབ་ནི་ཞི་བ་ལ༔ ཤིས་པའི་ས་དཀར་ཞིང་འཇམ་པ་ལས་སྟེགས་བུ་བྱ༔ ལྟེ་བ་ཁ་ཁྱེར་མུ་རན་དང་བཅས་པ་ཟླུམ་པོ་འཁོར་ལོས་མཚན་པ༔ དབུས་སུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒོ་རྫོགས་སམ་པདྨ་འདབ་བརྒྱད་ལ་མེ་ཏོག་གི་ཚོམ་བུས་མཚོན་པར་བྱ༔ ཁ་དོག་དཀར་པོ་འབའ་ཞིག་ཏུ་བསྒྱུར༔ རྒྱས་པ་ལ༔ རྒྱལ་པོའི་མཛོད་ཀྱི་འོག་དང་ཞིང་བཟང་པོའི་ས་སོགས་དཔལ་ཅན་གྱི་ས་ལས་སྟེགས་བུ་བྱ༔ ལྟེ་བ་སོགས་གྲུ་བཞི་སེར་པོ་རིན་པོ་ཆེས་མཚན་པ་དང་ལྷ་མཚན་སོགས་སེར་པོར་བསྒྱུར༔ དབང་ལ༔ སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གི་ས་སོགས་ལས་སྟེགས་བུ་བྱ༔ ལྟེ་བ་སོགས་ཟླ་གམ་དམར་པོ་པདྨའི་ལྕགས་ཀྱུས་མཚན་པ་དང་ལྷ་མཚན་སོགས་དམར་པོར་བསྒྱུར༔ དྲག་པོ་ལ༔ ཕུང་ཤུལ་ལམ་དུར་ཁྲོད་ཀྱི་ས་སོགས་ལས་སྟེགས་བུ་བྱ༔ ལྟེ་བ་སོགས་ཟུར་གསུམ་འབར་བ་མཚོན་ཆའི་ཕྲེང་བས་མཚན་པ་ལྷ་མཚན་སོགས་རོ་སོལ་གྱིས་ནག་པོར་བསྒྱུར༔ དེ་སྟེང་ཁ་ཁྱེར་དང་འཚམ་པར་བུད་ཤིང་གི་རྒྱུ་ལས་བསྲེག་ཁང་ལས་སོ་སོའི་དབྱིབས་ལྟར་བརྩིག་གོ༔ བུད་ཤིང་ནི༔ ཞི་བ་ལ་འོ་མ་ཅན༔ རྒྱས་པ་ལ་དྲི་དང་འབྲས་བུར་ལྡན་པ༔ དབང་ལ་རོ་སྐྱུར་ཞིང་མདོག་དམར་བ༔ དྲག་པོ་ལ་དུག་དང་ཚེར་མ་ཅན་གྱི་ཤིང་ལས་བྱ༔ ཡམ་ཤིང་ཡང་རྒྱུ་དེ་ལས་ཞི་བ་ལ་སོར་བརྒྱད༔ རྒྱས་པ་ལ་བཅུ་དྲུག༔ དབང་ལ་བཅུ༔ དྲག་པོ་ལ་བརྒྱད་དུ་གཏུབས༔ སྲེག་རྫས་ནི༔ མར་ཁུ་དང༔ ཡམ་ཤིང༔ བྱེ་བྲག་ཞི་བ་ལ༔ ཏིལ༔ ཀུ་ཤ༔ འབྲུ་སྨན་དར་ཟབ་རིན་པོ་ཆེ་དང་མེ་ཏོག་ཤིང་ཏོག་སོགས་ཁ་དོག་དཀར་ཞིང་འཇམ་པའི་རིགས༔ རྒྱས་པ་ལ༔ ཟས་མཆོག༔ དཱུརྺ༔ འབྲུ་སྨན་དར་ཟབ་རིན་པོ་ཆེ་དང་མེ་ཏོག་ཤིང་ཏོག་སོགས་སེར་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་རིགས༔ དབང་ལ༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་དང་ལན་ཚྭ༔ འབྲུ་སྨན་དར་ཟབ་རིན་པོ་ཆེ་དང་མེ་ཏོག་ཤིང་ཏོག་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་རིགས༔ དྲག་པོ་ལ༔ ཡུངས་དཀར༔ འབྲུ་སྨན་དར་ཟབ་རིན་པོ་ཆེ་དང་མེ་ཏོག་ཤིང་ཏོག་སོགས་ཁ་དོག་ནག་ཅིང་ཚ་ལ་རྩུབ་པ་དང་དུག་གི་རིགས་སོགས་གསག༔ དུས་ནི་ཞི་བ་ཐོ་རངས༔ རྒྱས་པ་ཉི་ཤར༔ དབང་དགོང་མོ༔ དྲག་པོ་སྲོད་ཀྱི་སྐབས་སུ་གཙོ་བོར་བྱ༔ ཁ་ཕྱོགས་ནི༔ ཞི་བ་ལ་ཤར༔ རྒྱས་པ་ལ་བྱང༔ དབང་ལ་ནུབ༔ དྲག་པོ་ལ་ལྷོར་བལྟ༔ རྒྱན་གོས་ནི༔ ཞི་བ་ལ་དར་དང་རིན་པོ་ཆེའི་རྒྱན་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ་དང་པདྨའི་ཕྲེང་བ༔ དྲག་པོ་ལ་སྔོ་ནག་དང་རུ་རཀྴའི་ཕྲེང་བ༔ འདུག་སྟངས་ནི༔ ཞི་བ་ལ་སེམས་སྐྱིལ༔ རྒྱས་པ་ལ་བཟང་པོའི་འདུག་སྟངས༔ དབང་ལ་པདྨའི་སྐྱིལ་ཀྲུང༔ དྲག་པོ་ལ་རུ་སྦལ་རྔམས་པའི་འདུག་སྟངས༔ སྟངས་སེམས་ནི༔ ཞི་བ་ལ་དྭངས་ཤིང་དུལ་བ༔ རྒྱས་པ་ལ་ངོམས་ཤིང་སྒེག་པ༔ དབང་ལ་ཆགས་ཤིང་འདུན་པ༔ དྲག་པོ་ལ་གདུག་ཅིང་གཏུམ་པའི་སེམས་དང་ལྡན་པས་བྱ༔ ཆས་གོས་སྤྱོད་ལམ་འདི་རྣམས་ལས་གང་བསྒྲུབ་ཀྱང་བྱུང་ན་ལེགས༔ ཁྱད་པར་སྟངས་ཀྱི་སེམས་ནི་མེད་དུ་མི་རུང་བའི་སྦྱོར་བའོ༔ དེ་ལྟ་བུའི་མཆོད་སྲེག་གི་རྫས་རྣམས་གཡས་གཡོན་དང༔ མདུན་དུ་ཐབ་ཁུང་རྡོ་རྗེ་དྲིལ་བུ་དགང་བླུགས་བསང་ཆུ་མེ་དར་སོགས་བཤམས་ལ༔ ཆོ་ག་ནི༔ སྤྱིར་ཕྲིན་ལས་ཀྱི་སྔོན་འགྲོ་ལས་དགུ་དང༔ དངོས་གཞི་བདག་གི་རྣལ་འབྱོར་ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་བརྗོད་དང་བཅས་ནུས་ལྡན་དུ་བྱས་ཏེ་དམ་ཚིག་གསུམ་བཟུང་བ་ནི༔ རྡོ་རྗེ་ཐུགས་ཀར་གཏོད་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ དྲིལ་བུ་འཁྲོལ་ཞིང་དཀུར་བསྟེན་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་གཎྜེ་ས་མ་ཡ་ཨཱ༔ རྡོར་དྲིལ་ཐུགས་ཀར་འཁྱུད་རྒྱ་བྱས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མུ་དྲ་ས་མ་ཡ་ཨོཾ༔ ཞེས་བརྗོད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསུང་སྐུའི་བདག་ཉིད་ལས་ཀྱི་འཁོར་ལོས་སྒྱུར་བའི་སྙེམས་པ་བཟུང༔ མཆོད་སྲེག་གི་རྫས་