Terdzo-ZA-040



Property "author" has been marked for restricted use.








Terdzo-ZA-040.pdf
Click the picture above to view the Shechen manuscript.

སངས་གླིང་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་མཆོག་དབང་གསུམ་ཁ་འཕང་དུ་བཀོད་པ་

sangs gling thugs rje chen po yang gsang bla med kyi mchog dbang gsum kha 'phang du bkod pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ (Thugs rje chen po nor bu skor gsum)
Volume 22 (ཟ) / Pages 983-1007 / Folios 1a1 to 13a4

Last Text in Volume

Tibetan Text

༄༅། །སངས་གླིང་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་མཆོག་དབང་གསུམ་ཁ་འཕང་དུ་བཀོད་པ་བཞུགས་སོ། ། བདེ་ཆེན་ཐིག་ལེར་འཁོར་འདས་ཀུན། །འགྱུར་བ་མེད་སྡོམ་གར་གྱི་དབང་། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །ཟབ་མོའི་དབང་གི་ལྷན་ཐབས་དགོད། །གཏེར་ཆེན་སངས་རྒྱས་གླིང་པའི་སྤྱན་རས་གཟིགས་ནོར་བུ་སྐོར་གསུམ་དུ་གྲགས་པའི་ནང་ཚན་མི་ཏྲ་ལུགས་ཡང་གསང་བླ་མེད་ཀྱི་དབང་བཞི་དཀྱུས་སུ་བཀོད་པས་ཡོངས་རྫོགས་སུ་འགྱུར་ཡང་། ཐུན་མོང་མིན་པའི་སློབ་མ་ལ་བཀའ་རྫོགས་དགོས་པ་སོགས་ཀྱི་སྐབས་སུ། བསྐྱེད་རྫོགས་ཆིག་དྲིལ་གྱི་གདམས་པ་གནད་ཀྱི་མཐར་ཐུག་དགོངས་དོན་དྲུག་པ་ལས་འབྱུང་བ་མཆོག་ཏུ་ཟབ་པའི་དབང་གོང་མ་གསུམ་སྦྱོར་བ་གལ་ཆེ་བས། དབང་གཞུང་གི་བུམ་དབང་སོགས་ཀྱི་དག་པ་མི་བརྗོད། རིག་པའི་དབང་ལྔ་དང་རྡོ་རྗེའི་བརྟུལ་ཞུགས་ཀྱི་འཕྲོས་སུ། གསུང་དབང་ཐོད་ཆང་། ཐུགས་དབང་མེ་ལོང་དཀྱིལ་འཁོར་དང་ངོ་སྤྲོད་བྱས་ལ། རྗེས་གནང་གསུམ་སྦྱིན་ལུང་བསྟན་ཡན་གྲུབ་པ་དང་། དེས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བླ་མ་སྤྲུལ་པའི་སྐུ་ལས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྤྲུལ་པའི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིག་པ་ཡིན་ནོ། །ཞེས་བརྗོད། དེ་ནས་ཟབ་མོའི་མཆོག་དབང་གསུམ་ལས། དང་པོ་གསང་དབང་ནི། དེ་ནས་གསང་དབང་གི་དོན་དུ་བླ་མ་ལ་མཚན་ལྡན་གྱི་རིག་མ་དང་རིན་ཆེན་གསེར་གྱི་མཎྜལ་ཕུལ་བའི་མོས་པས་མཎྜལ་ཕུལ་མཛོད། དེ་ནས་ཐལ་སྦྱར་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་ཁྱེད་དགོངས་ཤིག༔ འཁོར་བའི་གཅོང་རོང་ཟབ་མོ་ལས༔ ཟུང་འཇུག་ཀློང་དུ་གྲོལ་མཛད་པ༔ གསང་དབང་མཆོག་དེ་བདག་ལ་སྩོལ༔ ཁྱོད་ཞབས་པདྨོ་བཀའ་དྲིན་ཅན༔ བདེ་ཆེན་པདྨ་ཧེ་རུ་ཀ༔ རྒྱལ་བ་རྣམས་ཀྱི་བདེ་ཆེན་ཡབ༔ བདེ་བའི་དབང་ཕྱུག་བདེ་སྩོལ་མཛད༔ ཡང་དག་བྱང་སེམས་རྣམ་དག་མཆོག༔ དྲི་མེད་བདུད་རྩི་དམ་པ་ཡིས༔ བླ་མེད་དབང་མཆོག་བསྐུར་པ་ལྟར༔ དེ་བཞིན་རིགས་ཀྱི་བུ་དག་ལ༔ སྡུག་བསྔལ་དྲྭ་བས་བཅིངས་ལས་ཁྲོལ༔ ཡེ་ཤེས་བདུད་རྩིའི་ཚོགས་རྣམས་ཀྱིས༔ མ་རིག་རྨོངས་པའི་དྲི་མ་འཇོམས༔ ཐུགས་རྗེ་བྱང་ཆུབ་བདེ་ཆེན་ཉིད༔ དུས་འདིར་བདག་ལ་སྩོལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱིས་རིགས་དང་འདུན་པ་ངེས་པར་བྱ་བའི་ཕྱིར་འདི་སྐད་དྲིས་པའི་མོས་པ་མཛོད། ཀྱེ་ཁྱོད་སུ་ཡིན༔ ཅི་ལ་དགའ༔ ཞེས་དྲིས་པའི་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སེམས་མཆོག་བདེ་ཆེན་ལའོ༔ མཆོག་དབང་ཟུར་དུ་བསྐུར་ན་འདིར་སྔར་ལྟར་སྡོམ་བཟུང་གོང་འོག་རྣམས་བྱ། དཀྱུས་གཅིག་ཏུ་བྱེད་ཚེ་མི་དགོས། ཡེ་ཤེས་དབབ་པ་ནི། ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལངས་ཏེ་རྐང་པ་གཡས་པས་བོལ་གོང་གཡོན་པས་མནན་ཅིང་ལག་པ་གཉིས་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱས་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ༔ ཌཱ་མ་རུ་དང་ཐོད་པ་འཛིན་པར་བསྒོམས་པའི་ལྟེ་བར་ཆོས་འབྱུང་དམར་པོ་སུམ་བརྩེགས༔ གདེངས་ཀ་གྱེན་ལ་བསྟན་པ་ཞིག་གསལ་བའི་དབུས་སུ༔ ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་གསལ་ལ་འཚེར་བ་ཚོན་གང་བའི་སྙིང་གི་དཀྱིལ་དུ་དགའ་བ་འཁྱིལ་པ་དམར་པོ༔ ཁུག་པ་བཞི་ལ་ཧ་རི་ནི་ས༔ ལྟེ་བ་ལ་ཧྲཱིཿཡིས་མཚན་པ་ཞིག་སྒོམས༔ དགའ་བ་འཁྱིལ་པ་གཡས་སུ་སྒ་ར་ར་འཁོར་བས་ཡིག་འབྲུ་ཐམས་ཅད་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བའི་མོས་པ་མཛོད༔ སྤོས་རོལ་དང་བཅས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཞེས་རྩ་སྔགས་དང་། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཕེཾ༔ ཞེས་མང་དུ་བཟླས་པས་བྱིན་ཕབ་ནས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་མེ་ཏོག་དོར་བ་ནི། འདིའི་རྗེས་ཟློས། ཨེ་མ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ པུཥྤེ་པཱུ་ཛ་ཧོ༔ ཞེས་འབུལ། སླར་མེ་ཏོག་གི་ཕྲེང་བའི་དབང་བསྐུར་ལ། བླ་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་དོར་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ལ་རབ་ཏུ་བསྟིམས་ནས་ཀྱང༔ དངོས་གྲུབ་རྣམ་གསུམ་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཧཱུྃ༔ དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་ནི། འདིའི་རྗེས་ཟློས། ཀྱེ༔ བདག་ཅག་ལས་སྐལ་ལྡན་པ་རྣམས༔ མ་རིག་རྨོངས་པའི་ལིང་ཏོག་གིས༔ ཤིན་ཏུ་ལྡོངས་པར་གྱུར་ལགས་ན༔ ཉོན་མོངས་སྒྲིབ་པ་བསལ་དུ་གསོལ༔ མིག་དབྱེ་བ་ནི། ཉོན་མོངས་ཀྱིས་ལྡོངས་སེམས་ཅན་ནི༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ མ་རིག་མིག་གི་ལིང་ཐོག་རྣམས༔ བདེ་གཤེགས་དགོངས་པས་བསལ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་པས་མིག་དར་བསྡུ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དེ་ནས་ཁྱེད་རང་གསང་བ་ཡེ་ཤེས་སུ་གསལ་བ་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་དམར་པོ་ཕྲེང་བ་དང་པདྨ་འཛིན་པའི་སྐུར་གྱུར་པར་མོས་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་གཡས་སུ་མུ་ཏིག་གི་ཕྲེང་བ་དམར་པོ་དང་། གཡོན་པདྨ་དམར་པོ་འཛིན་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་བ། གཡོན་ཐོད་ཁྲག་འཛིན་པ། ཡབ་ཡུམ་ཀྱི་ཕུང་ཁམས་གཤེགས་པ་གཤེགས་མ་དང་། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་མོ་ཁྲོ་མོའི་རང་བཞིན་དུ་གྱུར། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་མཁའ་ཨཱཾཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། གཉིས་ཀར་ས་བོན་གྱིས་མཚན་པའོ། །གནས་གསུམ་འབྲུ་གསུམ་གསལ་བ་ལས་འཕྲོས་པའི་འོད་ཟེར་དང་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་གཟི་བརྗིད་རང་སྒྲས་བསྐུལ་ཏེ་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཀུག་ནས་བླ་མ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ། ཐམས་ཅད་ཀྱང་ཆགས་པ་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ནས་བབས། དཀར་དམར་འདྲེས་པའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེར་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ཐོགས་ཏེ། ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི༔ དུས་གསུམ་སངས་རྒྱས་ཀུན་གྱིས་ནི༔ བྱང་ཆུབ་སྲས་པོ་དམ་པ་ལ༔ ཇི་ལྟར་དབང་མཆོག་བསྐུར་པ་ལྟར༔ དེ་བཞིན་གསང་བའི་བྱང་སེམས་ཀྱིས༔ བུ་ཁྱོད་ལ་ཡང་དབང་བསྐུར་རོ༔ རིན་ཆེན་བཏུང་བ་བཅུད་དང་ལྡན༔ ཤེས་རབ་ཐབས་ཀྱི་ཁུ་བ་འདི༔ གཉིས་སུ་མེད་པར་རྣམ་གྲོལ་བ༔ རྟོག་མེད་བུ་ཡིས་བཏུང་བར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ བྷོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཧཱུྃ༔ ཞེས་བྱིན་པ་རེ་ཞིག་མི་འཐུང་བར་བསྒོ། དེ་ནས་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཨེ་མ་ཡབ་ཡུམ་བདེ་བ་ཆེན་པོའི་བཅུད༔ ངོ་མཚར་རྨད་བྱུང་གནང་བ་བཀའ་དྲིན་ཆེ༔ བརྩེ་བས་བུ་བཞིན་རྗེས་སུ་བཟུང་དུ་གསོལ༔ བདེ་གཤེགས་དགོངས་པ་རྒྱལ་བའི་བྱིན་རླབས་མཆོག༔ བྱིན་རླབས་དབང་གི་བཀའ་བབ་དབབ་པར་མཛོད༔ ཅེས་བརྗོད་ཅིང་བདུད་རྩི་གསོལ་བས་ལུས་ཐམས་ཅད་གང་བས་ཟག་པ་མེད་པའི་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྱི་བོ་ནས་གྱེན་དུ་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པའི་མོས་པ་མཛོད། དེས་བྷ་གའི་དཀྱིལ་འཁོར་དུ༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གསང་བའི་དབང་ཐོབ༔ ངག་གི་དྲི་མ་དག༔ རང་བྱིན་རླབས་བསྒོམ་པ་ལ་དབང༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིག་པ་ཡིན་ནོ༔ ཞེས་དག་པ་བརྗོད། དེ་ནས་གསང་དབང་གི་དམ་ཚིག་བསྒྲག་པ་འདི་ལ་གསན་པར་མཛོད། ཀྱེ་ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་བའི་དམ་ཚིག་ཆེན་པོ་ནི༔ ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ༔ དམར་ཆེན་ག་པུར་ཙནྡན་སྦྱར༔ རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེས༔ དུས་གསུམ་སངས་རྒྱས་ཀུན་མཆོད་མཚུངས༔ འདི་དང་འདོད་པའི་ཡོན་ཏན་ལྔ༔ ཀུན་ཏུ་སྤང་བར་མ་བྱེད་སྟེན༔ འདི་ནི་དམ་ཚིག་བླ་ན་མེད༔ མ་ཉམས་སྐལ་ལྡན་ཁྱོད་ཀྱིས་སྲུངས༔ ཞེས་བརྗོད། གཉིས་པ་ཤེར་དབང་ནི། དེ་ནས་གསང་དབང་ཐོབ་པའི་གཏང་རག་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་སླད་དུ་རིན་པོ་ཆེ་གསེར་གྱི་མཎྜལ་ཕུལ་བའི་མོས་པས་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས༔ རྡོ་རྗེ་རྣལ་འབྱོར་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་བྱུང་བ༔ བདག་ཉིད་ཆེན་པོ་ཀུན་བདག་ཉིད༔ མངའ་དབང་བདག་ལ་དེ་ཉིད་སྩོལ༔ ཉོན་མོངས་འཁོར་བའི་འདམ་དུ་ནི༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ སྤྱན་རས་གཟིགས་དབང་བདག་ལ་དགོངས༔ རྡོ་རྗེ་པདྨོ་སྦྱར་བྱུང་བའི༔ བདེ་ཆེན་ལམ་དེ་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ། ཆང་དང་བུ་རམ་བདུད་རྩི་སྦྱར་བ་བླུད་ལ། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་དམ་བཅའ་བ་དང་ཉེས་སྐྱོན་བཤགས་སྡོམ་གྱི་བློས་འདིའི་རྗེས་ཟློས་མཛོད། ཀྱེ༔ བདེ་བར་གཤེགས་པའི་སྤྱོད་ཡུལ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་གྱུར་ཅིག༔ མ་རིག་བདག་གིས་ནོངས་པ་ཅི་བགྱིས་པ༔ དུས་རིག་ཀུན་མཁྱེན་ཁྱེད་ལ་བཟོད་པར་གསོལ༔ ཞེས་བརྗོད། དེ་ནས་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ༔ གསང་བ་ཤེས་རབ་ཡེ་ཤེས་ཀྱི༔ དམ་ཚིག་བསྲུང་བྱ་སེམས་ལ་ཆོངས༔ བུད་མེད་མི་སྤང་དང་དུ་ལོངས༔ ཚངས་སྤྱོད་དོན་ལ་གནས་པར་བྱ༔ འདི་ལས་ཡོན་ཏན་ཐམས་ཅད་འབྱུང༔ འདི་སྤངས་བདེ་བའི་དངོས་གྲུབ་མེད༔ ཉམས་ན་ཌཱ་ཀིའི་ཆད་པ་ཡིས༔ ཚེ་འཕོས་དམྱལ་བ་དག་ཏུ་ལྟུང༔ དེས་ན་གསང་ཆེན་དམ་ཚིག་ནི༔ ལུས་དང་སྲོག་ལ་བབས་ཀྱང་སྲུངས༔ ཞེས་བརྗོད་པའི་ལན་དུ་དམ་ཚིག་སྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་བའི་བཀའ་ཆེན་དེ༔ ཤི་འམ་སྲོག་ལ་བབ་གྱུར་རམ༔ བྱ་དགའ་ཆེན་པོ་ཉིད་བྱུང་ཡང༔ དམ་ཚིག་བཀའ་ལས་འདའ་མི་བྱེད༔ ཨི་དན་ཏེ་ས་མ་ཡ་ན་ར་ཀན༔ ཞེས་ཁས་བླང་། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ གསང་བའི་ཡེ་ཤེས་བདེ་བའི་འཁོར་ལོ་བདག་ལ་དབབ་ཏུ་གསོལ༔ ལན་གསུམ། ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཕྲེང་བ་དང་གཡོན་པདྨ་འཛིན་པ༔ དེ་ལྟར་གསལ་བའི་ཐུགས་ཀར་ཡི་གེ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ༔ མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པའི་སྟེང་དུ༔ ཟླ་བ་ཉ་གང་བའི་སྟེང་དུ་ཡི་གེ་ཧ་དཀར་པོ༔ མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཡི་གེ་ཨཱཿདམར་པོ༔ རྐང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷཻཾ་ལས་ཉི་མའི་དཀྱིལ་འཁོར༔ སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་དམར་པོ་རཾ་གྱིས་མཚན་པ༔ སྤྱི་བོར་དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་པར་སྒོམས༔ དེ་ནས་རྐང་པའི་ཞབས་ཀྱི་རླུང་གིས་རྐང་མཐིལ་གྱི་མེ་སྦར༔ སུམ་མདོའི་མེ་དང་བསྡོངས་ཏེ༔ སྙིང་གའི་སའི་དཀྱིལ་འཁོར་བསྲེགས༔ མགྲིན་པའི་ཆུ་ཁོལ༔ སྤྱི་གཙུག་གི་དཀྱིལ་འཁོར་གྱི་ལྷ་རྣམས་ལུས་ལ་བསྟིམ༔ མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་རྣམ་པར་ཆར་བཞིན་དུ་བབ་པ་དང༔ སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཀྱིལ་འཁོར་ནས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་བཀུག་པ་ཆར་བཞིན་དུ་བབས་ཏེ༔ ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ སྤོས་རོལ་དང་བཅས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ༔ རཱ་རཱ་རཱ་རཱ༔ ཙཱ་ལ་ཡ་ཙཱ་ལ་ཡ༔ ཧཱུྃ་ཧ་ཨ་ཛྷཻཾ༔ ཞེས་མང་དུ་བཟླས་པས་བྱིན་དབབ་ནས། སླར་ཡང་། རྡོ་རྗེ་རྣལ་འབྱོར་བདེ་གཤེགས་ཡུམ༔ ཉུང་འབྲུ་ཙམ་དུ་གསལ་བ་ལ༔ བདེ་བས་མི་བཟོད་གར་བྱེད་པ༔ བ་སྤུའི་བུ་ག་ཀུན་ཏུ་གང༔ སྣང་སྲིད་བདེ་བའི་རོལ་པ་ནི༔ ཡང་ཡང་སྒོམས་ཤིག་རིགས་ཀྱི་བུ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླ་ཞིང་སྤོས་རོལ་དང་བཅས་པའི་མཐར། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱ། དེ་ནས་དཀྱིལ་འཁོར་པའི་ཐུགས་ཀ་ནས་སྤྲོས་པའི་གཟུངས་མ་གཟུགས་དང་ལང་ཚོས་བརྒྱན་པ། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་བྱེད་པ་ལ་མེ་ཏོག་དམར་པོའི་ཅོད་པན་ཕུལ་ནས་གསོལ་བ་གདབ་པའི་མོས་པས་མེ་ཏོག་འཐོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་བ་ཐམས་ཅད་སྟེར་བ་མོ༔ མཁའ་གསང་ཡེ་ཤེས་སྐྱེད་བྱེད་མ༔ བདེ་གཤེགས་ཡུམ་མཆོག་ཁྱོད་ཀྱིས་དབང༔ དེང་འདིར་བདག་ལ་གནང་དུ་གསོལ༔ ཞེས་ཞུས་པའི་ལན་དུ་ཡུམ་གྱིས་འདི་སྐད་དྲིས་པའི་མོས་པ་མཛོད། བདུད་རྩིའི་མཆོད་པ་བྱེད་པ་དང༔ བུད་མེད་རྣམས་ལ་གུས་པ་དང༔ བྷ་ག་ལ་ནི་འོ་བགྱིད་པར༔ སྤྲོ་བར་འགྱུར་རམ་བུ་ཡིས་སྨྲོས༔ ཞེས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། དྲི་ཆེན་དྲི་ཆུ་ལ་སོགས་པ༔ བདུད་རྩི་ལྔ་དང་ཤ་ལྔ་འཚལ༔ བུད་མེད་རྣམས་ལ་རྟག་གུས་བགྱིད༔ བྷ་ག་ལ་ཡང་འོ་བགྱིད་པར༔ བདག་ནི་སྤྲོ་བས་ཁྱོད་མཆོད་དོ༔ དེ་ནས་ཡུམ་གྱིས་མེ་ཏོག་དམར་པོ་སྤྱི་བོར་བཞག་སྟེ་འདི་སྐད་བརྗོད་པའི་མོས་པ་མཛོད། ང་ཡི་བྷ་ག་གསང་ཆེན་འདི༔ གང་ཞིག་མོས་པས་སུས་བསྟེན་པར༔ ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་མའི་སྲིན་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་གི་ལག་ཏུ་གཏད་དེ་འདི་སྐད་གསུངས་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྷ་མོ་བདེ་བའི་སྐུ༔ ཀུན་ཏུ་བདེ་བའི་གནས་འབྱིན་མ༔ དགའ་སྐྱེད་གཟུགས་མཛེས་ཡིད་འོང་མ༔ བདེ་བ་ཐམས་ཅད་སྐྱེད་པ་མོ༔ འདི་ཁྱེར་དཔའ་བོ་སེམས་དཔའ་ཆེ༔ རྟག་ཏུ་གུས་པར་མཆོད་པ་གྱིས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ཞེས་དང་། ཀྱེ་ཧོ་ལས་ལྡན་རིགས་ཀྱི་བུ༔ ཁྱོད་ནི་པདྨ་ཧེ་རུ་ཀ༔ སྤྱན་རས་གཟིགས་དབང་སྐུ་རུ་སྒོམས༔ ཡུམ་ནི་རིག་བྱེད་ལྷ་མོར་སྐྱེད༔ གཉིས་ཀའི་ཕུང་ཁམས་སྐྱེ་མཆེད་རྣམས༔ དཔའ་བོ་མཁའ་འགྲོར་གསལ་བཏབ་ནས༔ བདག་དང་ཡུམ་གྱི་མཁའ་གསང་ནི༔ རྡོ་རྗེ་པདྨར་བྱིན་གྱིས་རློབས༔ ཡུམ་གྱི་བྷ་གར་དལ་གྱིས་བསྣུན༔ འོ་བྱ་མཉེན་ལྕུག་བདེ་བར་འཁྲིལ༔ ལག་འཁྱུད་ལུས་སེམས་བདེ་བ་སྐྱེད༔ དེ་ལ་སེམས་བཟུང་དལ་བུས་སྲུབས༔ བྱང་སེམས་འཆོར་བ་སྙམ་བྱེད་ན༔ སྟོང་ཉིད་ཡེ་ཤེས་རྒྱ་ཡིས་གདབ༔ སྟོང་པར་ཡལ་དུས་བསྲུབ་པ་ཡིས༔ ཡང་ཡང་བདེ་བ་སྦར་བར་བྱ༔ གཉིས་མེད་བདེ་སྟོང་དོན་དེ་ལ༔ དེར་འཛིན་མ་བྱེད་ངོ་ལ་ལྟོས༔ གཉིས་ཤོར་གཉིས་མཉམ་དུས་ཉིད་དུ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར༔ དེ་ནི་མ་ཡེངས་ངོ་ཡིས་ཟུངས༔ ཞེས་བརྗོད། དེ་ནས་སློབ་མ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་ཀྱི་མུ་ཏིག་དམར་པོའི་ཕྲེང་བ་འདྲེན་ཅིང༔ གཡོན་པདྨ་དམར་པོ་བསྣམས་པ༔ གཅེར་བུ་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་བསྐྱེད་པའི་སྤྱི་བོར་རྡོ་རྗེ་དཔའ་བོ་མཐིང་ག༔ མགྲིན་པར་རིན་ཆེན་དཔའ་བོ་སེར་པོ༔ སྙིང་གར་པདྨ་དཔའ་བོ་དམར་པོ༔ ལྟེ་བར་ལས་ཀྱི་དཔའ་བོ་ལྗང་གུ༔ དེ་དག་རྣམས་ཀྱང་ཕྱག་གཡས་ཕྲེང་བ་དམར་པོ་དང༔ གཡོན་པདྨ་དམར་པོ་བསྣམས་པ༔ རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་གྱུར༔ མདུན་གྱི་ཕྱག་རྒྱ་མ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ༔ སྐུ་གཅེར་བུ་ཞལ་གཅིག་ཕྱག་གཉིས་རུས་པའི་རྒྱན་གསོལ་བ༔ ཕྱག་གཡས་པས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བ༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས་པ༔ ཡབ་ལ་འཁྲིལ་ཞིང་སྦྱོར་བ༔ ཞལ་སྤྲད་དེ་འཛུམ་མདངས་ཅན༔ མཛེས་ཤིང་ཡིད་དུ་འོང་བ༔ ལང་ཚོ་དང་ལྡན་པ༔ དེའི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་མཐིང་ག༔ མགྲིན་པར་རིན་ཆེན་མཁའ་འགྲོ་སེར་པོ༔ སྙིང་གར་པདྨ་མཁའ་འགྲོ་དམར་པོ༔ ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་གུ༔ དེ་དག་ཐམས་ཅད་ཀྱང་གཡས་ཌཱ་མ་རུ༔ གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང༔ སྐུ་གཅེར་བུ་རུས་པའི་རྒྱན་དུ་མས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ༔ དེ་ལྟར་གསལ་བའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག༔ རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཡུམ་ལ་འཁྱུད་པ༔ ཡུམ་མེ་ཏོག་མནྡཱ་ར་བ་རྡོ་རྗེ་ཕག་མོའི་ཆ་ལུགས་ཅན༔ གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ གཟི་བརྗིད་དང་ལྡན་པ༔ ཡབ་ཀྱི་བ་སྤུའི་བུ་ག་དང་རྩའི་དྲྭ་བ་ཐམས་ཅད་དུ་དཔའ་བོ༔ ཡུམ་གྱི་རྩ་དང་བ་སྤུ་ཐམས་ཅད་ཀྱང་དཔའ་མོར་དམིགས་པ་ཐམས་ཅད་ཀྱང་སྦྱོར་བ་ལ་དགྱེས་པར་གསལ་བ་སྤྲུལ་སྐུ་ལམ་དུ་བྱེད་པ་ལྷའི་འདུ་ཤེས༔ ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ་གནས་པའི་བུ་གར་ཕཊ་སེར་པོས་བཀག་པ༔ ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་རཀྟ་ཨྃ་དམར་པོ་གནས་པའི་གེ་སར་ཨཱཿཡིས་མཚན་པས་མཁའ་གསང་བྱིན་གྱིས་བརླབས་པ་ལོངས་སྐུ་ལམ་དུ་བྱེད་པ་སྔགས་ཀྱི་འདུ་ཤེས༔ ཐབས་འདི་ལ་བསྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེ་སྦྱོར་བ་འདུ་ཤེས་གསུམ་དང་མ་བྲལ་བར་བྱས་ལ༔ ཡབ་ཀྱིས། ས་མ་ཡ་ཧོ༔ ཞེས་བསྐུལ། ཡུམ་གྱིས། ས་མ་ཡ་སཏྭཾ༔ ཞེས་ལན་བྱིན། སླར་ཡང་ཡབ་ཀྱིས། ཨ་ནུ་རཱ་གོ་ཧཾ༔ ཡུམ་གྱིས། ཨ་ནུ་རཱ་ག་ཡཱ་མི༔ ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བཾ་ཧོ༔ ཞེས་སྒོ་མ་བཞིའི་ཕྱག་རྒྱས་འཁྱུད་སྡོམ་སྤྲད་དེ། ཧཱུྃ་ཧཱུྃ་ཧཱུྃ་ཞེས༔ གཉིས་སུ་མེད་པར་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱིས་རླུང་བསྐྱོད་གཏུམ་མོའི་མེ་འབར་ནས་སྤྱི་བོར་ཧཾ་ཞུ་བྱང་སེམས་རིམ་པར་བབས་པས་མགྲིན་པར་དགའ་བ༔ སྙིང་གར་མཆོག་དགའ༔ ལྟེ་བར་ཁྱད་པར་གྱི་དགའ་བ༔ ནོར་བུར་ཕྱིན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང༔ སླར་ཡང་ཧཱུྃ་ཞེས་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་རིམ་པས་མས་བརྟན་གྱི་དགའ་བ་བཞི་ཤར་ཏེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་བརྟན་པར་བྱས་ཤིང་སེམས་ཉིད་དོན་དམ་འོད་གསལ་ལྷན་སྐྱེས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པའི་མོས་པ་བརྟན་པོ་མཛོད་ལ་དེའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད༔ དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ཆོས་ཀྱི་སྐུ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༔ ཆོས་ཀྱི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཞེས་དག་པ་བརྗོད་དོ། །གསུམ་པ་དབང་བཞི་པ་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་གཏང་རག་དང་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་དུས་གསུམ་གུ་རུ་རྗེ༔ ཡང་དག་ཡེ་ཤེས་ངོ་བོ་ཉིད༔ རང་བྱུང་རིག་པའི་ངོ་བོ་ལ༔ བདག་ཉིད་ངེས་པའི་ཤེས་པ་སྐྱེས༔ སྣ་ཚོགས་རང་གྲོལ་ཀློང་ཡངས་མཆོག༔ གཉིས་མེད་ཡེ་ཤེས་ཆེན་པོ་འདི༔ འགྲོ་བ་གཞན་ལ་ཡོད་པ་མིན༔ དམ་ཆོས་བདུད་རྩི་མཆོག་ཆེན་པོ༔ སྙིང་པོའི་བཅུད་ཕྱུང་འདི་དེ་ཉིད༔ འཐུང་ཕྱིར་བདག་ཉིད་བླ་མ་ལ༔ ལུས་ངག་ཡིད་གུས་གསོལ་བ་འདེབས༔ ཁྱེད་ཐུགས་བརྩེ་བས་བཟུང་དུ་གསོལ༔ གལ་ཏེ་དོན་མཆོག་བདག་གིས་འཚལ༔ རྣམ་པ་ཀུན་ལྡན་མཆོག་གྱུར་པའི༔ བཞི་པའི་དབང་མཆོག་བདག་ལ་ནི༔ ཁྱོད་ཞབས་པདྨོས་བཀའ་དྲིན་སྩོལ༔ ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ། ཨེ་མ༔ བསྲུང་དུ་མེད་པའི་དམ་ཚིག་ནི༔ ཐམས་ཅད་རོ་མཉམ་ཆོས་ཉིད་ངང༔ འཁོར་འདས་སྤང་བླང་བྲལ་བ་ཡི༔ གང་ཤར་ཆོས་ཉིད་རོལ་པ་ལ༔ མ་རིག་འཛིན་པས་མ་བསླད་སྲུངས༔ གལ་ཏེ་དེ་ལས་འདའ་གྱུར་ན༔ འཁོར་བར་བསྲེག་གོ་ཤེས་པར་གྱིས༔ ཞེས་དམ་ཚིག་བསྒྲགས་པ་ཉིད་བསྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དོན་དམ་ངེས་པའི་སྐུ༔ ཁྱོད་ཞབས་པད་མོ་ལས་བྱུང་བའི༔ ཡང་དག་དམ་ཚིག་གནང་བ་གང༔ བསྲུང་བྱ་སྲུང་བྱེད་ལས་འདས་པ༔ ཡོངས་གྲུབ་ཆེན་པོར་བདག་གིས་བསྲུང༔ ཞེས་བརྗོད། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དོན་དམ་ངེས་པའི་སྐུ༔ ཁྱེད་ཀྱིས་བྱིན་རླབས་ཡེ་ཤེས་མཆོག༔ བུ་མཆོག་བདག་ལ་དུས་འདིར་སྩོལ༔ རིག་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ ལན་གསུམ། དེ་ནས་ཡེ་ཤེས་དབབ་པའི་ཕྱིར་དུ་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ༔ ངག་གནད་རླུང་རྒྱུ་བ་རང་སོར་ཀློད༔ ཡིད་ཀྱི་གནད་མ་ཡེངས་པར་ཁྱེད་རང་སྤྱན་རས་གཟིགས་དམར་པོ་ཕྲེང་བ་དང་པདྨ་འཛིན་པ་སྐྱིལ་ཀྲུང་དུ་བཞུགས་པ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན་གྱི་སྨིན་ཕྲག་མཚམས་སུ་དགའ་བ་འཁྱིལ་པ་དམར་པོ་འོད་ཟེར་དང་བཅས་པ་ཞིག་གཡོན་དུ་མྱུར་ལ་དྲག་པར་འཁོར་བ༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ཤིང་སྤོས་རོལ་དང་བཅས་པས་བྱིན་དབབ་ནས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱའོ། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམས་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང༔ བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་གནས་ལུགས་ཀྱི་ངོ་བོ་གཞི་ཐོག་ཏུ་ཆོས་སྐུར་ངོ་སྤྲད་པ་འདི་ལ་གསན་མཛོད། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་བྱུང་ཡེ་ཤེས་རིག་པའི་ཀློང༔ བཅས་བཅོས་མེད་པར་ཞོག་ཅིག་བུ༔ བདེ་གསལ་མི་རྟོག་སོ་མ་ལ༔ འབོལ་ལེ་ཤིག་གེ་ལྷན་ནེ་བ༔ སྤྲིན་བྲལ་ནམ་མཁའ་ལྟ་བུར་གྱུར༔ དེ་ཉིད་གཤིས་ཀྱི་གནས་ལུགས་སོ༔ ཞེས་བརྗོད། དེ་ནས་ཁྱེད་རང་ཐལ་མོ་སྦྱར་ཏེ་ལངས་ནས་ཁ་ཕྱོགས་བཞིར་འཁོར་ཏེ་སེམས་དང་ནམ་མཁའ་བསྲེ་ཞིང་མཉམ་པར་ཞོག་ལ་ཚིག་འདི་གསན་མཛོད། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ཤར་དུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ཤར་གྱི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་བསམ་ན་འགྲོ་མཁན་མེད༔ གང་དུ་འགྲོ་བར་ཕྱིན་པ་མེད༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་འདི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ལྷོ་རུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ལྷོ་ཡི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ནུབ་ཏུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ནུབ་ཀྱི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་བྱང་དུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ བྱང་གི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཞེས་དང། སླར་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི༔ སེམས་འདི་དང་པོ་གང་ནས་བྱུང༔ བར་དུ་གནས་པའི་ཡུལ་གར་འདུག༔ ཐ་མར་འགྲོ་བའི་ཁོང་འདུག་གམ༔ བྱུང་གནས་འགྲོ་འོང་རྩ་བ་གང༔ རྒྱུ་རྐྱེན་རྩ་བ་འབྲས་བུ་གང༔ ཞེས་དང་། ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ གནས་པ་མེད་ལས་ཐམས་ཅད་གནས༔ གནས་ཙམ་ཉིད་ནས་གནས་པ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ འགག་པ་མེད་ལས་ཐམས་ཅད་འགག༔ འགགས་ཙམ་ཉིད་ནས་འགག་པ་མེད༔ སྐྱེ་འགག་གནས་གསུམ་མཐའ་བྲལ་བའི༔ ལྷུན་གྲུབ་ཆོས་ཉིད་རིན་པོ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ ཞེས་པས་སྐྱེ་འགག་གནས་གསུམ་མཐའ་བྲལ་དུ་ངོ་སྤྲད། དེ་ནས་ཚོགས་དྲུག་བདེན་ཞེན་རྟག་ཆད་དང་བྲལ་བར་ངོ་སྤྲད་པ་ནི་ཚིག་འདི་ལ་གསན་མཛོད། མེ་ལོང་ལ་ལྷ་སྐུ་ཤར་བ་སོགས་བསྟན་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས༔ རྒྱན་དང་ཆ་ལུགས་དུ་མར་སྣང༔ སྣང་བར་འཛིན་པ་རང་གི་སེམས༔ དེ་ལ་ལྟོས་དང་གཞི་རྩ་བྲལ༔ དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས༔ ཡུལ་ཉིད་གསལ་མཁན་ངོ་བོས་སྟོང༔ དེ་ནི་གསལ་སྟོང་ཆོས་སྐུ་ཡིན༔ རོལ་མོའི་སྒྲ་སྣ་ཚོགས་བསྒྲགས། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྣ་ཚོགས་སྒྲ་དབྱངས་འདི་ལ་ཉོན༔ འུར་ཏིང་སེང་ངག་དར་དིར་ཚོགས༔ སྙན་དང་མི་སྙན་གང་ཡིན་པ༔ སྐྱོན་ཡོན་མཁན་པོ་གང་ན་འདུག༔ དེ་ཉིད་ངོ་བོ་བརྗོད་བྲལ་བ༔ གྲགས་པ་སྒྲ་རུ་གྱུར་ཚད་ཀུན༔ དེ་ནི་གྲགས་སྟོང་བྱ་བ་ཡིན༔ གསལ་བར་གྲགས་ཀྱང་ངོ་བོས་སྟོང༔ ཤེས་དུས་གཞི་མེད་རྩ་བྲལ་ཡིན༔ དེ་ནི་གྲགས་སྟོང་བརྗོད་བྲལ་ལོ༔ སྤོས་ལ་སོགས་པའི་དྲི་སྣ་ཚོགས་པ་སྣ་ལ་གཏུགས་ཤིང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྤོས་དང་སྨན་སོགས་དྲི་ཞིམ་དང༔ མི་སྡུག་དྲི་ལའང་སྣོམ་པར་གྱིས༔ དེ་ཉིད་དྲི་དོན་རྟོགས་པར་སྣོམས༔ དེ་ཡི་ངོ་བོ་སེམས་ལ་ལྟོས༔ ཆགས་དང་སྡང་བའི་ཞེན་པ་བསྡུར༔ དེ་ཡི་མཁན་པོ་རྩ་བ་ཆོད༔ དེས་ན་རྐྱེན་སྣང་ཤེས་པ་འདྲེས༔ གཉིས་འཛིན་ཤེས་པ་གློ་བུར་ཡིན༔ རྐྱེན་གྱི་སྣང་བ་ངོ་བོས་སྟོང༔ ཟས་ཀྱི་རོ་ཁ་མངར་སོགས་སྣ་ཚོགས་པ་མྱང་དུ་བཅུག་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྣ་ཚོགས་ཟས་ལ་སྲེད་པ་ལ༔ ཁ་མངར་སྐྱུར་དང་ཚྭ་རྩུབ་པ༔ འདི་རྣམས་རྩ་བ་གང་ལས་བྱུང༔ ཆགས་དང་སྡང་བ་འདུག་མི་འདུག༔ ཐམས་ཅད་དུ་མ་རོ་གཅིག་ཏུ༔ གཞི་རྩ་སེམས་ལ་ཆོད་པར་གྱིས༔ ཆགས་དང་སྡང་དང་ངོ་བོས་སྟོང༔ ཞེན་བྲལ་ཡུལ་སྣང་དེར་འཛིན་པ༔ རང་གྲོལ་སྟོང་པ་ཉིད་དུ་སྤྱོད༔ དར་དང་རེ་རྩུབ་ཀྱིས་འགྲམ་པ་གཡས་གཡོན་ཕྱིས་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ ལུས་འདི་གཅེར་བུར་ཕྱུང་ནས་ཀྱང༔ རེག་བྱ་འཇམ་རྩུབ་སྣ་ཚོགས་ལྟོས༔ དེ་ལ་ཆགས་སྡང་འདུག་མི་འདུག༔ ཆགས་སྡང་གཉིས་འཛིན་གང་སྐྱེས་ཀྱང༔ རྣམ་པ་གསལ་ལ་རང་བཞིན་སྟོང༔ སྣ་ཚོགས་འཆར་སྒོ་སེམས་ལས་བྱུང༔ རང་སེམས་སྨྲ་བསམ་བརྗོད་ཡུལ་བྲལ༔ ཡིད་ལ་དགག་སྒྲུབ་སྣ་ཚོགས་འཆར་དུ་བཅུག་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྐྱིད་སྡུག་ལེགས་ཉེས་མཐའ་དག་སྒོམས༔ དེ་ལ་དགའ་དང་མི་དགའ་ལྟོས༔ གང་ལྟར་བྱུང་ཡང་སེམས་ལས་བྱུང༔ བདེ་དང་སྡུག་བསྔལ་གང་བྱུང་ཡང༔ གསལ་དང་ངོ་བོ་རིག་སྟོང་ཉིད༔ དཔེར་ན་ཆུ་ཟླ་ཇི་བཞིན་ནོ༔ དེ་བཞིན་འདོད་ཆགས་ཞེ་སྡང་དང༔ གཏི་མུག་ང་རྒྱལ་ཕྲག་དོག་སོགས༔ ཉོན་མོངས་རྦ་རླབས་ཅི་ཤར་ཡང༔ ཕ་རོལ་ཡུལ་སྣང་རྐྱེན་ལས་བྱུང༔ ཡུལ་སྣང་རྐྱེན་ལ་ལྟོས་འཛིན་མེད༔ སེམས་ཉིད་ངོ་བོ་སྟོང་པ་ལ༔ སྟོང་པའི་གསལ་ཆ་རྟོག་པར་འཁྲུལ༔ འཁྲུལ་སྣང་རྩ་བ་རྩད་བཅད་པས༔ ཚོགས་དྲུག་རྐྱེན་ཡུལ་རྩ་བ་རྣམས༔ སྤྲོས་བྲལ་ཀ་དག་ཀློང་དུ་འོ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རོལ་པ་ཡེ་ཤེས་འུབ་ཆུབ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ༔ བསྒྲུབ་བྱ་སྒྲུབ་བྱེད་བློ་ལས་འདས༔ ལྟ་སྒོམ་སྤྱོད་འབྲས་རྫུན་ཁུང་རྡིབ༔ འདི་དོན་ཁྱོད་ཀྱིས་ཤེས་པར་གྱིས༔ ཞེས་བརྗོད། དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས༔ ཚིག་དབང་རིན་པོ་ཆེ་ཐོབ༔ སྒོ་གསུམ་གྱི་སྒྲིབ་པ་དག༔ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༔ ངོ་བོ་ཉིད་ཀྱི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཞེས་དག་པ་བརྗོད། དེ་ནས་བུམ་པ་གླེགས་བམ་རྡོར་དྲིལ་མཆོད་རྫས་སོགས་གཏད་ལ། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་འཁོར་དང་བཅས་པ་ཐམས་ཅད་ཀྱི་བཀའ་བུམ་པ་གང་བྱོས་ཀྱི་ཚུལ་དུ་བབས་ཏེ༔ ཆོས་དང་བཀའི་བདག་པོར་གྱུར་ནས༔ འགྲོ་བའི་བླ་མར་གྱུར་པའི་མོས་པ་མཛོད༔ ཅེས་བརྗོད་ལ་དབུགས་དབྱུང་བ་ནི། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེང་འདིར་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་ཁྱོད་ལ་འཆི་བ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་ཉིད། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །བུད་མེད་རིན་ཆེན་སྤང་མི་བྱ། །ཞེས་དང་། འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་བསད་པར་མི་བྱ་ཞིང། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །དེའི་རྗེས་ལ་དྲིལ་བུ་གསིལ་ཞིང་། ཀྱེ་ཧོ༔ འཁོར་བའི་སྐྱོན་རྣམས་ཡོངས་བྲལ་བའི༔ ཉོན་མོངས་རྣམས་ནི་ཡེ་ཤེས་མཆོག༔ ལུས་ངག་ཡིད་གསུམ་འདི་དག་ནི༔ ཐོག་མ་མེད་ནས་འཕགས་པ་མཆོག༔ སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས༔ འཁོར་བ་ཡེ་སངས་རྒྱས་པ་ལ༔ སྒྲུབ་པའི་ཐབས་གཞན་ཡོད་མ་ཡིན༔ སྣང་གྲགས་ཕྱི་ནང་དངོས་པོ་ཀུན༔ ཆོས་ཉིད་རོལ་པའི་ཆོ་འཕྲུལ་བསྟན༔ སངས་རྒྱས་རང་གི་སེམས་ལས་ནི༔ མ་གཏོགས་གཞན་ནས་ཐོབ་མི་སྲིད༔ དེ་བས་འདིར་ནི་ངེས་པའི་དོན༔ ཁྱོད་ལ་དབུགས་དབྱུང་ཡང་དག་བསྟན༔ ཞེས་དབུགས་དབྱུང་ངོ་། །དེ་ལྟར་དབང་ཐོབ་པ་ལ་དགའ་སྤྲོ་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དེ་རིང་སངས་རྒྱས་ཐམས་ཅད་ཉིད༔ བདག་ལ་ཉེ་བར་དགོངས་སུ་གསོལ༔ འདི་ལྟར་ཁྱོད་ཀྱི་བཀའ་དྲིན་གྱིས༔ བདག་ནི་བྱང་ཆུབ་བསྒྲུབ་ཏུ་བསྩལ༔ དེར་བདག་སྐྱེ་བ་འབྲས་བུར་བཅས༔ དེ་རིང་སངས་རྒྱས་རིགས་སུ་སྐྱེས༔ སངས་རྒྱས་སྲས་སུ་ད་གྱུར་ཏོ༔ ད་ནས་བདག་གིས་ཅི་ནས་ཀྱང༔ རྙོགས་མེད་གསང་སྔགས་ལམ་འདི་ལ༔ བཀའ་བསྩལ་ལྟར་དུ་སྤྱོད་པར་བགྱིའོ༔ ཞེས་བརྗོད་པར་བྱའོ། །མཇུག་ཏུ་ཤིས་བརྗོད་དམ་ཚིག་ཁས་ལེན་མཎྜལ་ཡོན་འབུལ་རྣམས་སྤྱི་ལྟར་དང་སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ལས་བྱང་ལྟར་བྱའོ། །རྩོད་དུས་སྙིགས་མའི་དབང་བསྐུར་གཟུགས་བརྙན་ལ། །བླ་སློབ་མཚན་ལྡན་ཉིན་མོའི་སྐར་ལྟར་དཀོན། །འདི་འདྲ་ཡོད་མེད་དོན་ལ་མཚུངས་ན་ཡང་། །རྣམ་པའི་རྒྱུན་ཙམ་བསམས་ནས་སླར་ཡང་བཀོད། །ད་དུང་སྔོན་སྦྱངས་དབང་པོ་རབ། །འབྱུང་བའང་སྲིད་མཐའ་མ་བཀག་པས། །དེ་འདྲ་བདེ་མྱུར་གསང་ལམ་ནས། །མཆོག་དངོས་གྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་རྩ་བའི་ཡིག་ཆ་བྲིས་ནས་རིང་ཞིག་འདས་པའི་ཕྱི་མོ་རུ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཞུང་ལས་ལག་ལེན་ཁོ་ན་ཁོལ་ཕྱུང་དུ་བསྡེབས་པ་ལ་ནོངས་པ་བཤགས་པས་ཚངས་པར་གསོལ་ལོ། །དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).