Terdzo-DZI-077: Difference between revisions

From Rinchen Terdzö
No edit summary
No edit summary
 
(2 intermediate revisions by one other user not shown)
Line 5: Line 5:
|fulltitletib=བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་
|fulltitletib=བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་
|fulltitle=bram ze phur bu'i lugs kyi dbyangs can ma dkar mo'i sgrub thabs rjes gnang las tshogs dang bcas pa'i skor rnams
|fulltitle=bram ze phur bu'i lugs kyi dbyangs can ma dkar mo'i sgrub thabs rjes gnang las tshogs dang bcas pa'i skor rnams
|citation=[[bram ze phur bu]]. bram ze phur bu'i lugs kyi dbyangs can ma dkar mo'i sgrub thabs rjes gnang las tshogs dang bcas pa'i skor rnams. In Rin chen gter mdzod chen mo pod zhe dgu pa (The Great Treasury of Rediscovered Teachings Volume 49) by 'jam mgon kong sprul, 959-1001. New Delhi: Shechen Publications, 2007-2016.
|citation=[[bram ze phur bu]]. bram ze phur bu'i lugs kyi dbyangs can ma dkar mo'i sgrub thabs rjes gnang las tshogs dang bcas pa'i skor rnams. In Rin chen gter mdzod chen mo pod zhe dgu pa (The Great Treasury of Rediscovered Teachings Volume 49) by 'jam mgon kong sprul, 959-1001. New Delhi: Shechen Publications, 2007-2018.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
Line 29: Line 29:
|volnumtib=༤༩
|volnumtib=༤༩
|volyigtib=ཛི
|volyigtib=ཛི
|totalvolumes=70
|totalvolumes=71
|textnuminvol=79
|textnuminvol=78
|pagenumbers=959-1001
|pagenumbers=959-1001
|totalpages=43
|totalpages=43

Latest revision as of 12:10, 14 August 2020

བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་

bram ze phur bu'i lugs kyi dbyangs can ma dkar mo'i sgrub thabs rjes gnang las tshogs dang bcas pa'i skor rnams

by  བྲམ་ཟེ་ཕུར་བུ་ (Bramze Purbu)
in cycle  བྲམ་ཟེ་ཕུར་བུའི་ལུགས་ (Bram ze phur bu'i lugs)
Volume 49 (ཛི) / Pages 959-1001 / Folios 1a1 to 22a6

Last Text in Volume
[edit]

༄༅། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ། ། རྒྱ་གར་སྐད་དུ། ཝཱ་ཀ་པྲ་བྷཱ། བོད་སྐད་དུ། ངག་གི་འོད་ཟེར། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་སྲོག་ཡིག་འོད་ཟེར་གྱིས། །དབྱངས་ཅན་མ་ཡི་འཁོར་ལོ་མདུན་དུ་དགུག །མེ་ཏོག་བདུག་པ་མར་མེ་བྱུགས་པས་མཆོད། །འཇུག་པའི་རླུང་གིས་སྲོག་གི་སྙིང་ལ་ཞུགས། །དབུས་སུ་ཧྲཱིཾཿགིས་རྣམ་བརྒྱན་ལྟེ་བར་ཟླ་བས་མཛེས། །མཆོག་ཏུ་དཀར་ཞིང་འོད་གསལ་སྒྲོན་མ་ལྟ་བུའི་བཅུ་དྲུག་ཆ། །ཉི་མའི་འོད་ཟེར་ཟེའུ་འབྲུའི་མཚམས་ནས་ཤིན་ཏུ་རྒྱས་པ་ཡི། །དྲི་མེད་འཇམ་ཞིང་དཀར་བའི་པད་འདབ་རེ་རེར་གཉིས་གཉིས་གནས། །འོད་ཟེར་དཀར་པོ་རྣམ་འཕྲོས་པས། །སྙིང་གི་མུན་པ་སེལ་བ་པོ། །སྔོན་དུ་རིག་པ་འབུམ་ཕྲག་གཅིག།་་་སྔོན་དུ་རིག་པ་འབྲུ་གཅིག་པ། །ཟེར་བའང་འདུག །ཉི་ཁྲི་ལྔ་སྟོང་བསྙེན་པར་བྱ། །གཞན་དང་རྩོད་པ་སྨྲ་བ་ན། །འཁོར་ལོ་ལྕེ་ལ་གསལ་བར་བཀོད། །བསྒྲུབ་བྱའི་དཔྲལ་བར་འཁོར་ལོ་མཆོག །བཀོད་ན་དབང་དུ་བྱེད་པར་འགྱུར། །ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ངག་གི་འོད་ཟེར་ཞེས་བྱ་བ། བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ། །པཎྜི་ཏ་ཇོ་བོ་རྒྱ་མཚོ་ཆེན་པོ་དང་། སུམ་པ་ལོ་ཙཱ་བས་ལེགས་པར་བསྒྱུར་བའོ།། །། ༄༅། །ལས་སྦྱོར་གྱི་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ་བཞུགས་སོ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལྕེ་བདེ་མགྲིན་པ་བདེ་བ་དང་། །དབྱངས་སྙན་དྲན་པ་གསལ་བ་ལ། །ཨ་རུ་སྐྱུ་རུ་པི་པི་ལིང་། །ཤིང་མངར་དུག་ཉུང་སྒྲོན་ཤིང་དང་། །གོ་སྙོད་ལ་སོགས་རྩི་བཞིན་བཏགས། །དར་གྱི་ཚགས་མ་ལ་བཙགས་ཏེ། །ཀ་ར་སྦྲང་རྩིས་རིལ་བུ་བྱ། །ཚ་གོང་མུར་བར་བྱ་བ་ནི། །ཞག་བདུན་ཟོས་པས་དིག་པ་འདག །རྨུགས་ཤིང་གླེན་པ་རྣམས་ཀྱང་འཚོ། །བཅུ་གཅིག་སྐད་གདངས་ཁྱུང་བཞིན་འགྱུར། །བཅུ་གཉིས་མི་བརྗེད་གཟུངས་ཐོབ་ཅིང་། །བློ་ནི་མེ་དང་འདྲ་བར་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །ཤ་རུས་རྡོ་ལྟར་མཁྲེགས་པར་འགྱུར། །རྒས་པ་མེད་ཅིང་ལོ་བརྒྱ་ཐུབ། །སྨན་འདི་སྦྱར་བའི་དུས་ཚོད་ནི། །དྲང་སྲོང་ཕུར་བུ་དག་ལ་སྦྱར། །མགྲིན་པ་བདེ་ཞིང་བློ་རྣོ་འགྱུར། །དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ་རྫོགས་སོ།། །། ༄༅། །དབྱངས་ཅན་མའི་བསྟོད་པ་བྲམ་ཟེ་ཕུར་བུས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། བྲཧྨ་པུ་ཏྲཱི་སྭ་ར་སྭ་ཏྱཻ་སྟོཏྲེ་ཎ་སིདྡྷི་ཝཱ་ཀ་པྲ་བྷཱ་ནཱ་མ། བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཐུགས་རྗེའི་རྣམ་འཕྲུལ་མཐའ་ཡས་ཕ་རོལ་རྗེས་སུ་གཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་རྣམ་པར་གསལ་བའི་རྣམ་འགྱུར་ཅན། །བིཥྞུའི་གཟུགས་ཅན་ཏམྦུ་རུཿལ་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོགས་ལྦུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་བུ་མོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །གང་གི་ཡིད་ལ་དྲན་བྱེད་དེ་ལ་ངག་གི་དབང་ཕྱུག་སྩོལ། ཁོ་བོས་ཁྱོད་དྲན་བ་སྤུ་ཤས་ཆེར་གཡོ་བའི་ལག་པ་གཉིས། །ཐལ་སྦྱར་མེ་ཏོག་གཞོན་ནུ་ཁ་འབུས་ལྟ་བུ་སྤྱི་བོའི་སྟེང་། །རབ་བཞག་སྙིང་ནས་རབ་ཏུ་གུས་པ་ལྷུར་བྱེད་ཁྱོད་ཀྱི་ཡོན་ཏན་ནི། །མཐའ་དག་རྟོགས་མིན་ཅུང་ཟད་རྙེད་འདི་སྡེབ་ལེགས་ཕྲེང་བས་མཆོད། ཁྱོད་སྐུ་འོ་མའི་མཚོ་འདྲ་ཀུནྡ་ཀུ་མུད་ཟླ་ཚེས་མཚུངས། །རབ་དཀར་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའི་གཟི་བརྗིད་ཀྱིས། །ལྷ་དབང་ཡིད་ཕྲོགས་དགའ་བའི་ང་རོས་རྟག་ཏུ་ཁྱོད་ལ་བསྟོད་བྱེད་ན། །བློ་གྲོས་དོན་གསལ་དོན་གཉེར་ལྷ་ལ་གུས་པ་སྨྲོས་ཅི་དགོས། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་གནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེང་ཙོག་པུའི་ཚུལ་བཞུགས་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་སྒྲེང་བའི་སྒྲ་དབྱངས་དང་། །རྗེས་མཐུན་གསུང་གིས་ས་གསུམ་སྐྱེ་དགུའི་བསམ་པ་ཚིམ་མཛད་མ། །འཇམ་མཉེན་འཁྲིལ་ཞིང་རིང་བ་བུང་བ་ལྟ་བུར་གནག་པའི་སྐྲ །གཡས་གཡོན་རྒྱབ་ཏུ་འཕྱང་ཞིང་ཅུང་ཟད་ལི་བའི་ཐོར་ཅོག་ལ། །མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་སྤྱི་གཙུག་ཟླ་བས་སྤུད། །གསེར་གྱི་རྣ་ཆ་འཕྱང་ཞིང་མཁུར་ཚོས་མཛེས་པ་འཛུམ་པའི་ཞལ། །ཀཱ་ཙ་ལིནྡའི་སྨད་གཡོགས་ཚོམ་བུས་སྤྲས་པ་སྒེག་པའི་ཉམས། །པུནྡ་རཱི་ཀའི་ཕྲེང་བ་ཆུན་འཕྱངས་མགུལ་རྒྱན་དོ་ཤལ་ཅན། །ཕྱག་ཞབས་རིན་ཆེན་ཕྲེང་བ་སིལ་སིལ་སྒྲ་ལྡན་བརྒྱུས་པ་ཡིས། ཁྱེད་སྐུ་ལྷ་དང་རིག་འཛིན་བུ་མོའི་ཚོགས་ཀུན་ངོ་མཚར་གྱུར། །ལྷ་མོ་གཞོན་སྒེག་ལང་ཚོ་ལྡན་པ་སྐྱེ་དགུའི་ཡིད་འཕྲོག་མ། །ཡིད་འོང་འཛུམ་པའི་བཞིན་ཅན་མིག་དཀྱུས་རིང་པོའི་ཟུར་གྱིས་ནི། །སྨིན་མ་གཡོ་བའི་གར་ཅན་ཁྱོད་སྐུ་རྟག་ཏུ་དྲན་བྱེད་ན། །རབ་ཏུ་དགྱེས་པའི་ཉམས་ཀྱིས་གཟིགས་ཤིང་ཁོ་བོ་རྗེས་སུ་ཟུངས། །མཛད་སྤྱོད་བགས་ཀྱིས་དལ་ཞིང་གསོང་པོར་སྨྲ་བའི་ངང་ཚུལ་ཅན། །མཱ་ལི་གསར་པའི་དྲི་ལྡན་ནུ་ཞོ་ནུ་བར་འདོད་པ་ལ། །རེག་པས་དགའ་བའི་ནུ་ཞོ་སྟོབ་བྱེད་ཁྱོད་ལ་རྟག་ཏུ་བསྟོད་པའི་བུ། །སྙིང་ནས་ཡུས་ཆེ་ཤས་ཆེར་ངུ་བའི་གདུང་བ་ཚིམ་མཛད་མ། །དེ་དྲན་ཡིད་ལ་བསྟོད་པའི་ཟོལ་ཚིག་ཅ་ཅོར་མ་ངེས་པ་ཡི་སྒྲ། །སྨྲ་བའི་ག་ཞས་འདི་སྤེལ་ཉིད་ཀྱི་ཐུགས་ལ་བས་གྱུར་མོད། །འོན་ཀྱང་ཁོ་བོའི་བློ་ནི་འདིར་ཟད་བུ་ཡི་ཉེས་པ་རྣམས། །མ་ཡིས་བཟོད་མཛོད་བརྩེ་བས་སླར་ཡང་བུ་ནི་རབ་ཏུ་སྐྱོངས། །སྙིང་གའི་ཆུ་སྐྱེས་འདབ་བརྒྱད་དཀར་པོ་ཟེའུ་འབྲུའི་ཕྲེང་བ་ཅན། །དམར་སེར་མཛེས་པའི་མཚམས་ནས་འོད་ཀྱི་དྲྭ་བ་རབ་ཏུ་དགྱེ། །གེ་སར་འཇམ་པོའི་རྩེ་མོར་བསིལ་ཟེར་ཅན་ནི་རབ་གནས་པའི། །དབུས་སུ་ཆུ་ཤེལ་མདོག་འཛིན་ཧྲཱིཾཿགི་ཕྲེང་བས་སྒྲིབ་གཉིས་འཇོམས། །འདབ་མ་རེ་རེར་གཉིས་གཉིས་བཞུགས་པའི་ཨ་ཨཱ་ལ་སོགས་དབྱངས་ཡིག་རྣམས། །གཡས་སུ་བསྐོར་བའི་རིམ་པས་མར་མེའི་ཕྲེང་བ་འབར་བ་ལྟར། །ཀུན་ནས་འོད་ཟེར་འཕྲོ་བའི་རྒྱན་ལྡན་རྩེ་མོའི་རང་བཞིན་གྱིས། །ཡིད་ཀྱི་དྲི་མའི་མུན་ནག་རྣམས་བསལ་བློ་གྲོས་མཆོག་སྩོལ་མཛོད། །སྲོག་གི་འོད་ཟེར་སྐྲ་ཡི་ཁྱོན་ཙམ་ཕྲ་བའི་ཆ་ཤས་ཀྱིས། །རྩོལ་བའི་སྒོ་ནས་མྱུར་བར་ལྷ་མོའི་ཐུགས་ལ་རེག་གྱུར་པས། །འཁོར་ལོ་གཉིས་པ་བསྐོར་བས་རྣམ་པ་བདུན་པའི་མཆོད་སྤྲིན་ཅན། །འཇུག་པའི་རླུང་ཞོན་རང་སེམས་ཡེ་ཤེས་རྒྱས་མཛད་དེ་ལ་འདུད། །དེ་རྗེས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་དོ་ཤལ་མགལ་མེ་ཡི། །འཁོར་ལོའི་ཚུལ་དུ་འཁོར་བ་ཞལ་གྱི་སྒོ་ནས་ཐོན་གྱུར་ཅིང་། །ལྟེ་བའི་དཀྱིལ་འཁོར་ནས་ཞུགས་སླར་ཡང་ས་བོན་ཚ་ཟེར་རྩེར། །འབར་བའི་མོད་ལ་དབྱངས་ཅན་ངག་སྟེར་ཁྱོད་ཞབས་སྤྱི་བོས་བླངས། །ལྷ་མོ་གཙང་སྦྲ་ལ་དགའ་རྫུན་སྤངས་འབྱུང་པོའི་ཟས་དོར་ཞིང་། །ཚངས་སྤྱོད་བརྟུལ་ཞུགས་ཅན་གྱིས་ཉིན་རེ་དྲན་བྱས་ཡུམ་བོས་ན། །སླར་ཡང་ངག་གི་དབང་ཕྱུག་ཅི་བཞེད་གསུང་བའི་གད་མོ་ཡིས། །དཀར་གསུམ་ཟས་ཀྱི་དགའ་སྟོན་ཚུལ་གྱིས་དངོས་གྲུབ་སྩོལ་ལ་འདུད། །དེ་ལྟར་ཁྱོད་བསྟོད་ལྷུར་ལེན་གང་ཡིན་དེ་ནི་ཡོན་ཏན་གྱིས། །དབུལ་གྱུར་སྣ་ཚོགས་རིག་པའི་གཞུང་ལུགས་རྣམས་ལ་ངེས་པའི་དོན། །མྱུར་རྟོགས་ས་གསུམ་སྐྱེ་བོའི་གཞུང་སྒྲོན་གཏི་མུག་མུན་པ་རྣམས། །རབ་བསལ་རྒྱལ་བའི་དབང་པོ་འོད་དཔག་མེད་འདྲ་ཐོབ་པར་ཤོག །འདི་ནི་འཕགས་དང་མཁས་པའི་སྐྱེ་བོ་ཕུལ་བྱུང་ཚོགས་རྣམས་སྟོན། །བདག་འདྲ་འཁུམ་ཞིང་མུ་ཅོར་སྒྲོག་པ་ངང་ཚུལ་མི་ཤེས་མོད། ཁྱོད་ཀྱི་རྗེས་ཞུགས་ལན་གཅིག་མ་ཡིན་ཚིག་དོན་གོམས་བྱའི་ཕྱིར། །སྡེབ་སྦྱོར་གཙོར་བྱས་བྲག་ཅའི་སྒྲ་མཚུངས་འདིས་ནི་བསྟོད་པར་རིགས། །ཚིག་འདི་གང་གིས་མཐོང་ངམ་ཐོས་སམ་རྟག་ཏུ་དྲན་བྱེད་དམ། །ཀློག་དང་ཁ་ཏོན་བྱེད་དམ་བསམ་དོན་ཆུབ་བྱེད་པ། །ཡི་གེར་བྲི་འམ་གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཡང་རུང་། །དེ་ཡི་སེམས་དང་ངག་ལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མྱུར་འཇུག་ཤོག །ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། ལྷ་མོ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། །། ༄༅། །སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཀུན་མཁྱེན་དྲི་མེད་པས་མཛད་པ་བཞུགས་སོ། །ཨོཾ་སྭསྟི། འཕགས་མ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་ཡོད་མེད་སྣ་ཚོགས་རྐྱེན་བྲལ་ཐུགས་རྗེའི་ནམ་མཁའ་ཡངས་པ་ལ། །བློ་གྲོས་སྒྲིབ་བྲལ་ཉིན་མོར་བྱེད་ཀུན་ཕྲིན་ལས་འོད་ཟེར་དྲྭ་བ་ཅན། །སྐལ་བཟང་འགྲོ་བློའི་མཚོ་སྐྱེས་འཛུམ་མཛད་དབྱངས་ཅན་ཞབས་རྡུལ་གུས་མཆོད་དེ། །ཤེས་རབ་དོན་གཉེར་སྐྱེ་བོའི་དོན་སླད་དེ་མཉེས་བགྱིད་པའི་རིམ་པ་བཤད། །སྡོམ་ནི། རྗེས་གནང་སྒྲུབ་ཐབས་གེགས་སེལ་དང་། །ལས་ལ་སྦྱར་དང་རྣམ་པ་བཞིའི། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །དེ་ལ་བློ་གྲོས་ཀྱི་མཆོག་སྟེར་འཕགས་མ་དབྱངས་ཅན་གྱི་རྗེས་སུ་གནང་བའི་ཆོ་ག་ནི། གནས་དབེན་པར་མཎྜལ་ལེགས་པར་བྲིས་ཏེ་མཆོད་པ་བཤམས་ལ། སློབ་དཔོན་ལྷ་མོའི་སྐུར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ལྷོ་ཕྱོགས་རྒྱ་མཚོའི་ནང་ནས་དབྱངས་ཅན་མའི་འཁོར་ལོ་སྤྱན་དྲངས་ལ། མདུན་གྱི་འཁོར་ལོ་ལ་བསྟིམས་ཏེ་མཆོད་ནས་སློབ་མའི་གྲངས་དང་མཉམ་པའི་མར་མེ་འཁོར་ལོའི་སྟེང་དུ་བཀོད་པའི་འོག་ཏུ་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད། བགེགས་བསྐྲད། ལྷ་མོ་འཁོར་དང་བཅས་པ་བསྒོམ་དུ་བཅུག་ཏེ། མདུན་གྱི་མར་མེ་དབྱངས་ཅན་མའི་འཁོར་ལོར་བསམ་ལ། དབྱངས་ཡིག་བརྗོད་ཅིང་ཟར་བཅུག་པས་ངག་གི་དངོས་གྲུབ་ཐོབ་པར་བསམ། དེ་ནས་རྡུལ་ཚོན་རྣམས་གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་ཡི་གེ་དེ་ཡི་མིང་ནས་བརྗོད་ཅིང་། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་བྱུགས་པས། ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་ཞིང་། དབྱངས་ཅན་མར་དངོས་སུ་བསམ་ལ་གསལ་བཏབ་པས་ཡེ་ཤེས་ཕེབས་པར་འགྱུར་རོ། །གལ་ཏེ་ཡེ་ཤེས་མ་ཕེབ་ན་སྙིང་གའི་འཁོར་ལོའི་ཡི་གེ་རྣམས་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་མི་ཕེབ་མི་སྲིད་དོ། །ཡེ་ཤེས་ཕེབས་པའི་རྟགས་གསུམ་ལས། ལུས་བདེ་ཞིང་འཕར་བ་ལ་སོགས་པ་དང་། ངག་དགོད་ཅིང་སྨྲ་བ་ལ་སོགས་དང་། ཡིད་གསལ་ཞིང་དྭངས་པ་ལ་སོགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ནོ། །རྗེས་གནང་གི་ལེའུ་སྟེ་དང་པོ་འོ།། ༈ །།དེ་ནས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། དེ་ལྟར་རྗེས་སུ་གནང་བ་ཐོབ་པའི་རྣལ་འབྱོར་པས། གནས་དབེན་ཞིང་ཉམས་དགའ་བ། ཕྱི་ནང་གི་གནོད་པ་མེད་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྟོང་པར་བསམ་པའི་ངང་ལས། པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་ཆེན་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། ཕྱག་གཉིས་ཀྱིས་པི་ཝང་སྒྲེང་ཞིང་ཞལ་འཛུམ་པ་དང་བཅས་པ། སྐུ་སྨད་ལ་ལྷའི་གོས་ཀཱ་ཙ་ལིནྡ་གསོལ་ཞིང་། སྐུ་སྟོད་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་ཤིང་། དབུ་སྐྲ་ལི་བ་གཡས་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་མགོ་ཐུར་དུ་འཕྱང་བ་བློས་གྱེན་དུ་བསླངས་པའི་ནང་ན་ཟླ་བའི་སྟེང་དུ། ཨོཾ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་ཕྱིར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་ནང་རིན་པོ་ཆེའི་ཁང་བཟང་ན་རང་གིས་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་གྱི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་འཁོར་ལོར་རེག་པས་འཁོར་ལོ་ཤངས་བུག་གཡས་ནས་ཕྱིར་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་ནམ་མཁའ་ལ་བྱོན་པ་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་ཤུབ་བུར་བརྗོད་པས་འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་དུ་ཞུགས། ཐུགས་ཀའི་ཨོཾ་དང་འདྲེས། སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བའི་སྟེང་དུ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཞེས་པ་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་མི་ཤེས་པའི་སྙིང་གི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཡེ་ཤེས་ཀྱི་བདུད་རྩི་དཀར་པོས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཕྲིལ་གྱིས་ཁྱབ་པར་བསམ་པ་ཡུན་རིང་དུ་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། ཧྲཱིཾ་ལས་ཧྲཱིཾཿམར་མེ་ལས་མར་མེ་མཆེད་པ་ལྟར་ཁ་ནས་ལྟེ་བར་ཧྲཱིཾཿགི་ཕྲེང་བ་འཁོར་བའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། པཎྜི་ཏ་དང་ཉི་ཟླ་རྩི་ཤིང་ནགས་ཚལ། ཚངས་པ་དང་བརྒྱ་བྱིན། ས་དང་ནམ་མཁའ། མདོར་ན་སེམས་ཅན་ཆེན་པོ་དང་། ཆུང་ངུ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ་པ་དེ་ཉིད་ཧྲཱིཾཿལ་ཐིམ་པས་བདག་ཉིད་ནུས་པ་དེ་ལྟ་བུ་དང་ལྡན་པར་བསམ་ཞིང་། ཁྱད་པར་དུ་འཆད་རྩོད་རྩོམ་པ་འཛིན་པ་ལ་སོགས་གང་འདོད་པའི་ཤེས་རབ་དེ་ཉིད་བསྡུས་ཏེ། སྙིང་གའི་ཧྲཱིཾཿལ་ཐིམ་པས་བདག་ཉིད་གང་འདོད་པའི་ཤེས་རབ་དེས་ལུས་ངག་ཡིད་གསུམ་ཁེངས་པར་བསམ་པ་ནི་གནད་དོ། །དེ་ལྟར་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་སེལ་བར་བསམ་ཞིང་ཧྲཱིཾཿཞེས་འབུམ་ལྔ་ཉི་ཁྲི་ལྔ་སྟོང་བཟླ་ཞིང་། ཐུན་འཇོག་ཁར་སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ་ཞིང་ཧྲཱིཾཿགི་འོད་ཀྱིས་སྔ་མ་ལྟར་བསམ་ཞིང་གང་འདོད་པའི་ཤེས་རབ་དེ་ཉིད་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པ་ལ་དམིགས་པ་གཏད། སྐད་ཅིག་གིས་འཇམ་དབྱངས་སམ་མི་གཡོ་བར་ཀྲོང་གིས་བསྐྱེད་ལ་བསྔོ་བ་བྱའོ། །དེ་ནས་དངོས་སུ་སྔར་བས་དྲན་པ་གསལ་བ་ལོག་པོས་བློ་རྣོ་བ་འོང་ཞིང་། རྨི་ལམ་དུ་བུ་མོ་གཞོན་ནུ་མས་བཟའ་བཏུང་སྦྱིན་པ་དང་། ཤེལ་དང་མེ་ཏོག་གི་ཕྲེང་བ་རྙེད་པ་དང་། ནམ་ལངས་པ་དང་། ཉི་མ་ཤར་བ་དང་། ཆུ་གཙང་མའི་རྒྱུན་ལ་འཐུང་ཞིང་ཁྲུས་བྱེད་པ་དང་། མེ་ཏོག་གི་ཚལ་ན་མེ་ཏོག་ལ་རྩེ་བ་དང་། ནམ་མཁའ་འོད་ཁྱིམ་གྱིས་གནམ་ས་ཟ་འོག་གི་གུར་ཁྱིམ་ལྟར་ཁེབས་པ་དང་། བྱ་དང་རི་དྭགས་སྔོན་མ་མཐོང་བ་རྨིས་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཞིང་རྨོ་བ་དང་། སྣག་ཚྭ་འཐུང་བ་དང་། རི་མཐོན་པོའི་རྩེ་ལ་ཕྱིན་པ་དང་། མཚོན་ཆ་དང་། པི་ཝང་དང་། མེ་ལོང་རྙེད་པ་དང་། མཐོང་བ་ལ་སོགས་རྨིའོ། །དེ་ཡང་སྒྲུབ་པ་ལ་བརྩོན་པ་ན་འདི་རྣམས་རྨིས་པ་ནི་སྤྲོ་བ་བསྐྱེད་པ་དང་། བསྒྲུབས་ནས་ཞག་བདུན་ནམ་བཅུ་གཅིག་ནས་བྱུང་ན་རྗེས་སུ་བཟུང་བ་དང་། ཞག་བཅུ་བཞི་འམ་བཅོ་ལྔའི་དུས་སུ་བྱུང་ན་གྲུབ་པའི་མཚན་མ་སྟེ་མཚན་མ་གསུམ་འབྱུང་ངོ་། །དེ་ལྟར་སྒྲུབ་པའི་ཚེ་ཐུན་མཚམས་སུ། ཁྲོ་བོ་གང་རུང་གི་བསྙེན་པ་དང་། གཏོར་མ་ལ་བརྩོན་པར་བྱའོ། །དེ་ཡང་གཏོར་མ་ལེགས་པར་བཤམས་ལ། དབྱངས་ཅན་མ་མདུན་དུ་དམིགས་ཏེ་ཧྲཱིཾཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ་ལ་བསྟོད་དེ་སླར་རང་ལ་བསྡུའོ། །འདིར་རང་ཉིད་ཐ་མལ་དུ་གནས་པའི་སྙིང་ནང་དུ་འཁོར་ལོ་བསྒོམ་པ་དང་། ལྷ་གཞན་མར་བསྒོམས་པའི་སྙིང་གར་འཁོར་ལོ་བསྒོམ་པ་དང་། དབྱངས་ཅན་མར་བསྒོམས་པའི་ཐུགས་ཀར་འཁོར་ལོ་བསྒོམ་པ་གསུམ་ལས་གང་མོས་སུ་བྱ་བར་གསུངས་ཀྱང་། རང་ཐ་མལ་དུ་བསྒོམ་པ་ཆགས་པའི་སྐྱོན་དུ་འགྱུར་ཞིང་། ལྷ་གཞན་དུ་བསྒོམས་པའི་སྙིང་གར་འཁོར་ལོ་བསྒོམས་པས་སྙིང་རླུང་དུ་འགྱུར་རོ། །འདིས་ནོར་འགྲིབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་གེགས་སེལ་གནད་ཀྱི་ཟླ་འོད་ལས། རང་ཉིད་ཡི་དམ་ལྷ་མོར་ལེགས་བསྒོམས་པས། །ཕྱི་རོལ་བུད་མེད་ཡུལ་ལ་ཆགས་མི་འགྱུར། །ཆགས་སྐྱེས་རྒྱུད་རྩུབ་དབུལ་པོར་མི་འགྱུར་ཞེས། །བྲམ་ཟེ་ཕུར་བུས་གཏུམ་པོའི་སྡེ་ལ་བཤད། །ཅེས་སོ། །འོན་ཀྱང་ནོར་འགྲིབ་དོགས་ན་འོག་ཏུ་འཆད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ལྟར་རྟགས་རྣམ་པ་གཉིས་པོ་གང་རུང་བྱུང་ནས་སྒྲུབ་པ་བྱ་བའི་གནས་དེ་ཉིད་དུ་སྦྱིན་སྲེག་བྱ་སྟེ། མཎྜལ་བ་ཡི་རྣམ་ལྔ་བྱུག་པ་ལ་དབྱངས་ཅན་མའི་འཁོར་ལོ་བྲིས་ལ། ཤིང་འབྲས་བུ་ཅན་ནམ་སྐམ་པོ་ལ་སོགས་པ་གང་རུང་གིས་གྲུ་བཞིར་བརྩེགས་ཏེ་མེ་སྦར་ལ། མེ་ནང་དུ་ལྷ་མོ་དབྱངས་ཅན་མ་བསྐྱེད་ལ། རང་གི་སྙིང་གའི་འོད་ཟེར་གྱིས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་སྤྱན་དྲངས་ཏེ་ཐབ་ཀྱི་ལྷ་མོ་ལ་བསྟིམས་ལ། དེ་ལ་བསྲེག་རྫས་རིམ་པར་བཤམས་པ་རྣམས་འབུལ་ཏེ། ཡམ་ཤིང་སོར་བརྒྱད། མེ་ཏོག་དཀར་སེར། མར་ཁུ། ཞོ་ཟན། དཱུརྦཱ། ཀུ་ཤའི་མྱུ་གུ་རྣམས་རིམ་པར་འབུལ་ཞིང་། ཧྲཱིཾཿམེ་པྲ་ཛྙཱ་བརྡྷ་མཱ་ནཱ་ཡ་ཨོཾ། ལྷ་མོ་བདག་གི་མཆོད་པ་འདི་བཞེས་ལ་བདག་གི་ཤེས་རབ་སྤེལ་བར་མཛད་དུ་གསོལ། ཞེས་པས་རེ་རེ་བཞིན་དབུལ་ལོ། །དེ་ལྟར་ལན་གཅིག་ཚར་བ་ལ་སྦྱིན་སྲེག་ཚར་གཅིག་ཏུ་བྱས་པའི་ཉི་ཁྲི་ལྔ་སྟོང་བྱའོ། །དེ་ནས་ཐབ་ཀྱི་ལྷ་མོར་བསྟོད་དེ་མཆོད་ནས་རང་ལ་ཐིམ་པར་བསམ་ལ། སོལ་བ་ཆུས་བྲན་ཏེ་དམ་ཚིག་པའི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་ནས་སྣ་བུག་ཏུ་བཏུད་དེ་བྲིས་པའི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་ཏུ་སྙིང་གར་ཐིམ་པར་བསམ་ལ་ལས་ཀྱི་རྗེས་མི་མངོན་པར་བྱ་སྟེ། ཐལ་བ་རི་རྩེའམ་ཆུ་ཆེན་པོ་ལ་བསྐྱལ་བས་གྲགས་པ་ཆེན་པོར་འགྱུར་རོ། །དེ་བསྒོམས་པས་ནི་ཤེས་རབ་བརྟན་ཞིང་སྒྲུབ་པའི་བོགས་དངོས་སུ་འབྱིན་པ་ཡིན་ནོ། །སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ལྟར་སྒྲུབ་པ་བྱེད་པ་ན་གེགས་སེལ་བ་ཤེས་དགོས་པས་ན། དེ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྤྱིར་གྲགས་པ་འདི་སྐད་ཐོས་སོ། །སྙིང་རླུང་གི་གེགས་བསལ་བ་དང་། ཆགས་པའི་གེགས་བསལ་བ་དང་། ནོར་འགྲིབ་པའི་གེགས་བསལ་བའོ། །དང་པོ་ནི། དེ་ལྟར་བསྒོམས་པས་ཤེས་པ་འཕྲོ་ཞིང་རྒོད་པ་དང་། ས་གཅིག་ཏུ་མི་ཚུགས་པ་སོགས་བྱུང་ན། སྙིང་གའི་པདྨ་ཅུང་ཟད་ཟུམ་པ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་མ་སེལ་ན་པདྨ་ཟུམ་པའི་ནང་ན་འཁོར་ལོ་ཡོད་པའི་ཕྱི་ནས་ཁྲོ་བོ་གང་རུང་གི་སྔགས་ཀྱིས་དཀྲིས་ཏེ་བུམ་སྐུ་བསྡུས་པ་ལྟ་བུ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་ཀྱང་མ་སེལ་ན་འཁོར་ལོ་མི་བསྒོམ་པར་སྙིང་མགོ་བོ་ཐུར་དུ་ལྟ་བ་ལ་དམིགས་ཏེ། སྙིང་ནང་དུ་བདུད་རྩིས་ཁེངས་པ་ལ་ཤེས་པ་གཏད་པར་བྱའོ། །དེས་ནི་ཞི་ངེས་སོ། །དེ་ནས་སྔ་མ་བཞིན་དུ་བསྒོམ་མོ། །གཉིས་པ་ཆགས་པའི་གེགས་བསལ་བ་ནི། དེ་ལྟར་བསྒོམས་པས་ཆགས་པའི་གེགས་བྱུང་ན། མེ་ཏོག་ལུག་རུ་དམར་པོའམ་སེར་པོ་བུད་མེད་ཀྱིས་མ་རེག་པ་གྲིབ་སྐམ་བྱས་པ་ལྔའམ་བདུན་དགུ་ཚུན་ཆད་ཆུ་གྲང་དུ་བཅུག་པའི་ཁུ་བ་ལྟོ་སྟོང་ལ་ལན་གསུམ་མམ་ལྔའམ་བདུན་བཏང་བས་སེལ་ལོ། །དེས་མ་སེལ་ན་བདུད་རྩི་གྲང་མོ་འཁོར་ལོ་ལས་བབས་པས་ལུས་ཁེངས་པར་བསམས་པས་ངེས་པར་སེལ་ལོ། །གསུམ་པ་ནོར་འགྲིབ་པའི་གེགས་བསལ་བ་ནི། དེའི་ཚེ་ནོར་འགྲིབ་པའམ་འགྲིབ་རྟགས་བྱུང་ན། ཐུན་མཚམས་སུ་ནོར་རྒྱུན་མ་སེར་མོ་བུམ་པ་བསྣོལ་མའི་སྟེང་ན་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཕྱག་གཡས་པས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་ཞིང་། གཡོན་པས་བུམ་པ་རིན་པོ་ཆེས་གང་བ་པུས་མོའི་སྟེང་དུ་བརྐྱང་པས་འཛིན་པར་བསམས་ཏེ། གཏོར་མ་བཤམས་པ། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བདུད་རྩིར་བསམ་ལ། ཨོཾ་བཱ་སུ་དྷཱ་རི་བཾ་སྭཱ་ཧཱ། ཞེས་སྔགས་ལྔའམ་བདུན་གྱིས་ཕུལ་བས་མཉེས་པར་བསམ་ཞིང་ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག །ཅེས་བརྗོད་པས་བར་ཆད་སེལ་ལོ། །དེས་མ་སེལ་ན་རང་ཉིད་ནོར་རྒྱུན་མར་བསམ་པའི་སྙིང་གར་དབྱངས་ཅན་མའི་འཁོར་ལོ་བསྒོམ། དེས་ཀྱང་མ་ཞི་ན་འཁོར་ལོ་ཡང་མི་སྒོམ་པར་སྙིང་གར། བཾ་ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱས་བསྐོར་བ་ལ་དམིགས་པ་གཏད་པས་སེལ་ལོ། །གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་ནི། བླ་མའི་མན་ངག་བརྒྱུད་པ་ལས་འོངས་ཏེ། དེ་ཡང་དང་པོ་ཉིད་ནས་སྒྲུབ་པའི་ཚེ། ཉི་མ་དྲོས་པ་ནས་ནམ་ལངས་པ་དང་ཐོ་རངས་ཀྱི་བར་དུ་ཞི་བའི་དུས་ཏེ་སྙིང་གའི་འཁོར་ལོ་ལས་བདུད་རྩི་དཀར་པོ་དངུལ་ཆུའི་རང་བཞིན་དུ་བབས་པས་སྒྲིབ་པའི་དངོས་པོ་ཀུན་བསལ་བ་ལ་དམིགས་པ་གཏད་དེ་བསྒོམས་པས་གཏི་མུག་གི་སྐྱོན་དང་པོ་ཉིད་ནས་ཞི་བར་བྱ་བ་ཉིད་དོ། །འདི་ལྟར་སྒོམ་པ་མེད་ན་ཇི་ཙམ་བསྒྲུབས་ཀྱང་ཤེས་རབ་ཆེར་མི་འཕེལ་བར་སྔར་གྱི་ཤེས་རབ་ཅུང་ཟད་ཡོད་པའང་འགྲིབ་པ་འབྱུང་སྟེ། གེགས་འདི་བསལ་བ་ལ་མན་ངག་འདི་མཆོག་ཏུ་བཤད་དོ། །ཉི་མ་དྲོས་ཆེན་ནས་གུང་སྨད་ཀྱི་བར་རྒྱས་པའི་དུས་ཏེ་དུས་དེར་རང་གི་འཁོར་ལོ་ལས་འོད་ཟེར་སེར་པོ་འཕྲོས་འཇིག་རྟེན་གྱི་ཟས་ནོར་བསྡུས་པས། རང་གི་སྒྲུབ་ཁང་ཁེངས་པའི་གཟི་བརྗིད་ཀྱིས་ལུས་ཀྱི་ནང་ཁེངས་པ་ལ་སེམས་བཟུང་བས་ནོར་འགྲིབ་པའི་སྐྱོན་གཏན་ནས་མི་འབྱུང་ངོ་། །ཉི་མ་གུང་སྨད་ནས་ནུབ་ཀྱི་བར་དབང་གི་དུས་ཏེ། རང་གི་འཁོར་ལོའི་འོད་ཟེར་དམར་པོ་ལས་བདུད་རྩི་དམར་པོ་བབས་པས། རང་གི་ཉོན་མོངས་པ་ཐམས་ཅད་བསྲེགས་ཤིང་བཤལ་ཏེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བསམ་པ་ལ་སེམས་བཟུང་ངོ་། །ཉི་མ་ནུབ་ནས་ནམ་གུང་གི་བར་དྲག་པོའི་དུས་ཏེ་རང་གི་འཁོར་ལོ་ལས་བདུད་རྩི་སྔོན་པོ་བབས་པས་ལུས་ཁེངས་སྙིང་རླུང་ལ་སོགས་པའི་སྐྱོན་བསལ་ཞིང་། སྙིང་ནང་བདུད་རྩིས་ཁེངས་པས་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པའི་ཤེས་རབ་ཀྱིས་ལུས་ངག་ཡིད་གསུམ་རྒྱས་པར་བསམ་པས་སྐྱོན་གང་ཡང་མི་འབྱུང་བ་ཉིད་དོ། །མན་ངག་འདི་ནི་བླ་མ་ལས་བརྒྱུད་པ་མ་ཉམས་ཤིང་། རང་གིས་ཉམས་སུ་མྱོང་བའི་སྟོབས་ཀྱིས་ཤིན་ཏུ་བརྗོད་པར་ཕངས་ན་ཡང་། བློ་དམན་པ་དག་ལ་ཕན་ཕྱིར་གབ་པ་རྣམས་མངོན་དུ་ཕྱུང་ནས་ཕྱིན་ཅི་མ་ལོག་པར་བཀོད་པ་ཡིན་ནོ། །གཞན་མ་སྣོད་མིན་དག་ལ་སྦས་ཏེ་བསྟན་པའི་གནས་མེད་པས་སྙིང་གི་གཏེར་དུ་སྦོས་ཤིག །ས་མ་ཡ། ཞེས་གདམས་པའོ། །གེགས་བསལ་བའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལྟར་གེགས་སྤངས་ཏེ་བསྒྲུབས་པས་གྲུབ་པའི་རྣལ་འབྱོར་པ་དག་གིས། གྲུབ་པའི་རྟགས་རྣམས་མངོན་དུ་བསྟན་པའི་ཕྱིར་ལས་སྦྱོར་གྱི་རིམ་པ་བཤད་པར་བྱའོ། །དེའང་རྣམ་པ་བཞི་སྟེ། དུག་གཞིལ་བ་དང་ཕྲན་ཚེགས་བསྟན། །དབང་དུ་བྱ་དང་རྩོད་པ་ཟློག །དེ་ལྟར་རྣམ་བཞིའི་རིམ་པ་བཞིན། །ཞི་རྒྱས་དབང་དང་དྲག་པོར་བཤད། །ཅེས་པས། དེའང་ཞི་བའི་ཆོ་གས་དུག་ལ་སོགས་པ་ཞི་བར་བྱ་བ་ནི། ནད་པ་དེའི་དཔྲལ་བའི་དཀྱིལ་དུ་པདྨ་འདབ་བརྒྱད་མཆོག་ཏུ་དཀར་བའི་ལྟེ་བར་ཧྲཱིཾཿལས་བདུད་རྩི་དཀར་པོ་བབས་པས་ནད་ཐམས་ཅད་དང་གདོན་རིགས་ཐམས་ཅད་བཤལ་ཏེ་ནད་གདོན་ལས་ཐར་བར་བསམ་ཞིང་། ཧྲཱིཾཿཞེས་འབུམ་ཉི་ཁྲི་ལྔ་སྟོང་བཟླས་པས་ནད་ཐམས་ཅད་དང་ཁྱད་པར་དུ་དུག་ནད་རབ་ཏུ་ཞི་བར་བྱེད་པའོ། །གཉིས་པ་རྒྱས་པའི་ཆོ་གའི་ལས་ཕྲན་ཚེགས་བསྟན་པ་ནི། བྱིས་པ་བཙས་མ་ཐག་པའི་ལྕེ་ལ་ཙནྡན་ག་པུར་གུར་གུམ་གི་ཝང་བཞི་སྦྱར་བས་ཧྲཱིཾཿབྲིས་པ་ལ་དབྱངས་ཅན་མའི་འཁོར་ལོ་དགུག་གཞུག་བྱས་པས་བློ་རྣོ་བ་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །ཡང་འཆད་པ་ན་ལྕེ་ལ་འཁོར་ལོ་གསལ་བཏབ་ནས་བཤད་ན་ཉན་པོའི་རྣ་བར་སྙན་ཞིང་ཆོས་ཀྱི་ཚུལ་སྔོན་མི་ཤེས་པའི་ལེགས་བཤད་འཆད་ནུས་པའོ། །ཡང་འབེལ་གཏམ་དང་གླེང་སློང་ལ་སོགས་ཆོས་ཀྱི་ཚིག་དོན་འབྱེད་པ་ན་དབྱངས་ཅན་མའི་འཁོར་ལོ་གསལ་བཏབ་ནས་བཤད་ན་སྤོབས་པ་ཐོགས་པ་མེད་ཅིང་ཀུན་གྱི་རྣ་བར་སྙན་པར་འགྱུར་རོ། །དེ་དག་གི་འཁོར་ལོ་ཁ་དོག་སེར་པོ་འོད་དང་བཅས་པ་བསམ་པར་བྱའོ། །གསུམ་པ་དབང་གི་ཆོ་གས་འགུག་པའི་ལས་བརྩམ་པ་ནི། གང་ལ་བྱ་བའི་བསྒྲུབ་བྱ་དེ་ཡི་རྣམ་ཤེས་ཀྱི་ངོ་བོ་ཨཿཐུང་ཚེག་དྲག་ཅན་དོང་རྩེ་བརྩེགས་པ་ལྟ་བུའི་སྣ་དང་དཔྲལ་བའི་དཀྱིལ་ན་བུག་པ་གྲུ་གསུམ་པདྨ་འདབ་མ་བཞི་པའི་ལྟེ་བར་གཏད་པའི་ཧྲཱིཾཿདམར་པོ་ཚེག་དྲག་ཅན་བསམས་ལ། རང་གི་སྙིང་གའི་འཁོར་ལོའི་ཧྲཱིཾཿདམར་པོ་བསམ་པའི་འོད་ཟེར་གྱིས་ཧྲཱིཾཿདང་ཨཿཐུང་ལ་ཕོག་པས་ཚུར་གཅིག་ལ་གཅིག་མཐུད་དེ་རང་གི་སྙིང་གའི་ཧྲཱིཾཿལ་ཐིམ་པར་བསམ་ལ་ཧྲཱིཾཿཆེ་གེ་མོ་ཨཱ་ཀར་ཥ་ཡ་ཧྲཱིཾཿཛཿ ཞེས་བཟླས་ཏེ་བསམ་པས་ཕོ་མོ་གང་ཡང་ཞག་བདུན་གྱིས་འགུགས་པར་ནུས་པ་ཉིད་དོ། །བཞི་པ་དྲག་པོའི་ཆོ་གས་རྩོད་པ་སྨྲ་བ་ཚར་གཅད་པ་ནི། རང་གི་ལྕེ་འཁོར་ལོ་མཐིང་གར་གསལ་བཏབ་ནས། ཕ་རོལ་པའི་ཡ་རྐན་ལ་ཟངས། མ་རྐན་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། ལྕེ་སྟེང་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེ། དེ་གསུམ་གྱི་ལྟེ་བར་ཧྲཱིཾཿནག་པོ་གཅིག་གིས་མི་འགྱུར་བར་བསྡམས་པར་བསམ་པའི་གྲེ་བར་ཁྲོ་ཆུའི་མཆོད་རྟེན་ནག་པོ་གདུགས་ཆོས་འཁོར་དང་བཅས་པ་མགོ་མཇུག་ལོག་པས་བཀབ་པར་བསམ་སྟེ། ཆེ་གེ་མོའི་ངག་སཏྭཾ་བྷ་ཡ་ནན། ཞེས་བརྒྱ་ལ་སོགས་པ་བཟླས་ནས། རྩོད་དུས་དམིགས་པ་གསལ་བཏབ་ན་རྩོད་པ་རྒྱལ་ངེས་སོ། །དེ་ནི་ཤིན་ཏུ་རྒྱས་པའི་དབང་དུ་བྱས་པའོ། །རྩོད་པ་ཕལ་པ་དང་ཤག་འདྲེན་པ་ལ། རང་གི་ལྕེ་ལ་འཁོར་ལོ་གསལ་བཏབ་པས་རྒྱལ་ངེས་སོ། །ལས་ལ་སྦྱར་བའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་མཐའ་རྟེན་གྱི་དམ་ཚིག་གི་རིམ་པ་ནི། རྟག་ཏུ་གཙང་སྦྲ་ལ་གནས་ཤིང་རྫུན་མི་སྨྲ། ཤ་ཆང་སྒོག་ཙོང་སྤང་། ཤེས་རབ་ཀྱི་རློམ་པས་གཞན་ལ་མི་སྨད། བླ་མ་དང་ཆོས་དང་ཕྱག་མཚན་ལ་སོགས་པ་མཆོད་པར་འོས་པ་རྣམས་ལ་མི་སྨད། རྟག་པར་འཕགས་མའི་བསྙེན་སྒྲུབ་ཀྱི་དམ་བཅའ་སྔགས་བརྒྱ་རྩ་རེ་མ་ཆག་པར་ཞག་རེ་བཞིན་བཟླ་བར་བྱའོ། །དེ་ལྟར་བྱས་པས་མཚུངས་པ་མེད་པ་སྙན་ངག་དང་། རྩོད་པ་དང་། འཆད་པ་དང་། འཛིན་པ་ལ་སོགས་པ་གང་འདོད་པའི་ཤེས་རབ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་ལྟར་གྲགས་པས་འཇིག་རྟེན་ཀུན་ཏུ་མཛེས་ཤིང་ནད་དང་གནོད་པ་མ་ལུས་པ་ཞི་ནས། གནས་སྐབས་དང་མཐར་ཐུག་གི་སྨྲ་བའི་དབང་ཕྱུག་གི་གོ་འཕང་ཐོབ་སྟེ། རྣམ་པ་ཀུན་མཁྱེན་པའི་ཤེས་རབ་ཐོབ་པར་འགྱུར་རོ། །དེ་ལྟར་དོན་གཉེར་སྐྱེ་བོའི་ཚོགས་ཀུན་གྱི། །བློ་གྲོས་པདྨོ་རྒྱས་བྱེད་མཆོག་གི་ལམ། །འོད་ཀྱི་དྲྭ་བ་བཤད་ལས་གང་ཐོབ་པའི། །དགེ་དེས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག །ཚུལ་འདི་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན། །བསམ་ཡས་པ་ཡིས་དཔལ་ལྡན་གསང་ཕུའི་གནས། །བློ་གསལ་དགའ་བ་སྐྱེད་པའི་བསྟི་གནས་སུ། །ལེགས་བཤད་སྙིང་པོའི་བཅུད་རྣམས་བསྡུས་ཏེ་བསྟན། །འཕགས་མ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཞེས་བྱ་བ། ལུང་དང་རིག་པ་དང་མན་ངག་གི་དོན་ལ་བློའི་པདྨོ་ཁ་འཛུམ་ཞིང་། སྙན་ངག་དང་སྡེབ་སྦྱོར་དང་མངོན་བརྗོད་ལ་སོགས་པའི་ཚུལ་མང་དུ་ཐོས་པའི་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། དཔལ་གསང་ཕུའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ཤུ་བྷཾ། མངྒ་ལཾ།། །། ༄༅། །འཕགས་མ་ངག་གི་དབང་ཕྱུག་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ་བཞུགས་སོ། །སྙན་ངག་གི་ལྷ་མོ་ལ་ཕྱག་འཚལ་ལོ། །མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་གངས་རི་ཞུ་བ་ལས། །གསར་དུ་འཁྲུངས་པའི་ལྷ་མོ་ནི། །སྙན་དངགས་ཆུ་ཀླུང་དལ་གྱིས་འབབ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བཅོ་ལྔའི་ཟླ་བ་ལྟར་མཛེས་ཤིང་། །བཅུ་དྲུག་ལོ་ལོན་འཛུམ་པའི་ཞལ། །སིལ་ཁྲོལ་རྒྱན་གྱི་ཕྲེང་བས་བཀླུབས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །པད་ཟླའི་སྟེང་ན་པདྨ་བཞིན། །རབ་དཀར་གངས་རིའི་ལྷུན་པོ་བཞིན། །སྟོན་ཀའི་སྤྲིན་དཀར་ཕུང་པོ་བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཟླ་བའི་འོད་ཅན་དཀར་བའི་ཞལ། །ཟླ་བ་རྒྱས་པའི་གདན་སྟེང་ན། །ཟླ་བའི་རྒྱབ་ཡོལ་མཛད་པ་མོ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གླང་པོ་ཟླ་བ་མཚོ་སྐྱེས་ཀྱི། །སྟོབས་དང་འོད་ཟེར་མདངས་འཕྲོག་ཅིང་། །ཀུན་ཏུ་ཉི་མ་ལྟ་བུར་མཛེས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གངས་རི་འདིར་ནི་པདྨོ་ཡི། །སྤྱན་དང་ལྡན་ན་ཁྱོད་ཞལ་མཚུངས། ཁྱོད་སྐུ་གངས་རིའི་རྩེ་མོ་བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཡང་ཡང་ཁྱོད་སྐུ་དྲན་བྱེད་ཅིང་། །ཨ་ཨཱའི་དབྱངས་ཡིག་ལ་དམིགས་ནས། །ཧྲཱིཾཿཧྲཱིཾཿབཟླས་པས་མུན་སེལ་བའི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་དཔལ་མོ་རྣལ་འབྱོར་མཛེས། །དེ་རིང་མཁའ་ལ་འཇའ་ཚོན་བཞིན། །སྣང་དང་མི་སྣང་གཟུགས་བརྙན་བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། ཁྱོད་སྐུ་འོད་ཀྱི་ཕུང་པོའི་ནང་། །དཀར་སེར་དམར་དང་ལྗང་གུ་སྟེ། །འདྲེས་དང་མ་འདྲེས་འོད་ཟེར་འཁྲུགས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་སྤྲིན་གྱི་བླ་བྲེའི་ནང་། །ལུས་ཕྱེད་དཀར་ལ་དམར་གསལ་མཐིང་། །བརྩེ་དང་མཆོག་དང་ཞི་སྐུར་སྣང་། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་ཉི་འོད་པད་ཟླའི་ནང་། །འོད་ལྔའི་ཕུང་པོ་འོད་འབར་ཞིང་། །རྔ་ཡབ་པི་ཝང་གླིང་བུ་སྒྲོག །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་ཟླ་འོད་སྐར་མའི་ནང་། །སྐད་ཅིག་སྐད་ཅིག་རྣམ་སྤྲུལ་ཏེ། །སྣང་དང་མི་སྣང་ཆོ་འཕྲུལ་འགྱེད། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་འོད་ཀྱི་གུར་ཁྱིམ་ནང་། །འཛུམ་མཛེས་འོད་ཟེར་སྣ་ཚོགས་སྟོན། །སྤྲུལ་དང་ཡོངས་སུ་སྤྲུལ་པ་ཡི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་ལྷ་མོ་སྐལ་བཟང་མ། །ཡུན་རིང་སྨོན་པས་དེ་རིང་འགྲུབ། །སླར་ཡང་མཐོང་ཐོས་འདྲི་བར་འདོད། །དེ་ཚེ་ཁྱོད་སྐུ་སྣང་བར་མཛོད། །གང་ཞིག་ཁྱོད་དང་ཁྱོད་ཀྱི་སྲས། །ཀུན་ལ་དད་པ་དེ་དག་ལ། ཁྱོད་ཐུགས་མཁྱེན་རབ་ཟླ་བ་ནི། །མཆོག་ཏུ་དཀར་བས་དགོངས་སུ་གསོལ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་སྟེ། །བློ་གྲོས་ཐོགས་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །སྐྱེ་བ་པདྨའི་ནགས་ཚལ་དུ། །རིགས་གཟུགས་ཡོན་ཏན་སྦྲང་རྩི་ཅན། །གྲགས་པའི་འདབ་བརྒྱ་མངའ་བ་ཡིས། །རྟག་པར་བདག་ནི་སྐྱོང་བར་ཤོག །ཁྱོད་དང་ཁྱོད་ཀྱི་སྲས་ཀུན་གྱིས། །རྟག་ཏུ་བདག་རྗེས་འཛིན་པ་དང་། །གྲགས་དང་དཔལ་ཆེན་མཐའ་ཡས་ཀྱིས། །རྟག་པར་བདག་ནི་སྐྱོང་བར་ཤོག །གཞོན་ནུ་རབ་དགའི་རོལ་དབྱངས་མཆོག །གང་གིས་མཐོང་ཐོས་ཁ་ཏོན་བྱེད། །ཀུན་ཀྱང་དབྱངས་ཅན་ཞལ་མཐོང་ཞིང་། ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །དེ་ལྟར་བསྟོད་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་བློ་གྲོས་ཕུན་ཚོགས་ཤིང་། །དབྱངས་ཅན་གོ་འཕང་མཆོག་ཐོབ་ནས། །འགྲོ་བའི་དོན་ཀུན་འབྱུང་བར་ཤོག །ཚུལ་ཁྲིམས་པད་རྫིང་བཟང་པོ་ནས། །བློ་གྲོས་ངུར་པ་སྒྲ་འབྱིན་ཞིང་། །བསླབ་གསུམ་གཤོག་ཡངས་དཀར་བ་ཡིས། །བློ་གསལ་འགྲོ་ཀུན་དགའ་སྐྱེད་ཤོག །འདི་ནི་སྔོན་གོམས་རྒྱ་མཚོའི་ཁྱོན། །དཔལ་མོའི་དངོས་གྲུབ་ཆེར་རྩེན་པའི། །བས༵མ་ཡ༵ས་བློ་གྲོས་དང་ལྡན་པ༵། །སྙན་དངགས་འབྱུང་གནས་བདག་གིས་སྦྱར། །ས་སྐྱོང་སྲིད་པ་གསུམ་གྱི་མཐར། །བདེ་ལེགས་བཀྲ་ཤིས་བྱེད་པར་ཤོག །འཕགས་མ་ངག་གི་དབང་ཕྱུག་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ། མང་དུ་ཐོས་པའི་སྙན་དངགས་མཁན་བསམ་ཡས་པས་ལྷུན་གྱིས་གྲུབ་པའི་རི་རིན་ཆེན་འབྱུང་བའི་གནས་སུ་སྦྱར་བའོ། །སརྦ་མངྒ་ལཾ།། །། ༄༅། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།་་་འདོད་བུམ་ནས་འབྱུང་བ་དེ་ཀའོ།མཆན། ཨོཾ་སྭསྟི། འཇིག་རྟེན་མགོན་པོའི་ཐུགས་མཚོ་ལས། །རབ་འཁྲུངས་དབྱངས་ཅན་ཟླ་བ་ནི། །འགྲོ་བའི་རྨོངས་མུན་བསལ་མཛད་དེར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དུས་ཚེས་བཟང་པོ་ལ་སྟེགས་བུ་གྲུ་བཞི་ཁྲུ་དོ་པ་བ་བྱུང་ལྔས་བྱུགས། གུར་གུམ། གླ་རྩི། གི་ཝང་། ཙནྡན་བཞི་མཉམ་པར་སྦྱར་བས་གཏོར། དེའི་སྟེང་དུ་མཎྜལ་ལྟ་བུའི་གཞི་ལ་བ་དཀར་དམར་གང་རུང་གི་དཀར་གསུམ་དང་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་པདྨ་འདབ་མ་བརྒྱད་པ་དབུས་སུ་ཧྲཱིཾཿདང་འདབ་མ་བརྒྱད་ལ་དབྱངས་ཡིག་བཅུ་དྲུག་བཀོད་པ་བྲིས། འབྲས་དཀར་གྱི་ཕྱེ་མས་རི་མོའི་སྟེང་ནས་མནན་ཏེ་འཁོར་ལོའི་རྣམ་པ་གསལ་པོར་འོང་བར་བྱ། དཀར་གསུམ་མངར་གསུམ་བཞི་མཉམ་སྦྱར་བའི་ཟན་གྱི་ཏིང་ལོ་བ་མར་སྦྲང་རྩི་དང་སྦྱར་བས་བཀང་བ་སྡོང་བུ་དང་བཅས་པ་དགུ་འམ་སློབ་མའི་གྲངས་མཉམ་དབུས་དང་འདབ་མ་བརྒྱད་ལ་བཀོད། མདུན་དུ་དཀར་གཏོར་ཆེ་ཆུང་གཉིས་དང་ཆངས་བུའི་གཏོར་མ་ཡང་བཤམ། མཆོད་པ་གཙང་ཞིང་བཟང་བ་རྒྱ་ཆེར་བཤམ་མོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལ། གཙང་སྦྲ་ལ་གནས་ཤིང་ཁྲུས་བྱས་ནས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་དང་ཚད་མེད་བཞི་རྣམས་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བརྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས། འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པཾ་ལས་པདྨ་དཀར་པོའི་སྡོང་པོ་འདབ་མ་རྒྱས་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿདཀར་པོ་ལས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞི་འཛུམ་མཛེས་པའི་ཉམས་ཅན་བཅུ་དྲུག་ལོན་པའི་ལང་ཚོས་སྒེག་པ། ནུ་འབུར་མཐོ་ཞིང་རྐེད་སྐབས་ཕྲ་བ་ཙོག་པུའི་འདུག་སྟངས་ཅན། ཕྱག་གཡོན་པས་བཻ་ཌཱུརྻའི་རྒྱུད་མངས་འཛིན་ཅིང་། གཡས་པའི་ཕྱག་སོར་གྱིས་བསྐུལ་བས་སྒྲ་དབྱངས་རྒྱ་མཚོ་སྒྲུབ་པ། གནག་སྣུམ་ལི་བའི་དབུ་སྐྲ་ཕྱེད་ལྟག་པར་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ། ཟླ་ཚེས་ཀྱིས་གཙུག་ན་མཛེས་ཤིང་པད་དཀར་ཕྲེང་བའི་ཐོད་བཅིངས་དང་རིན་པོ་ཆེ་སྣ་ཚོགས་པས་སྐྲའི་ཟར་བུ་མཛེས་པ། དར་དཀར་པོའི་སྟོད་གཡོགས་དང་དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཕྲེང་དང་གཡེར་ཁའི་དྲྭ་བ་ལ་སོགས་པས་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པའི་སྐུར་གྱུར། རང་གི་སྙིང་ཆུ་ཤིང་གི་མེ་ཏོག་ལྟར་མགོ་ཐུར་དུ་འཕྱང་བ་དེ་ཉིད་གྱེན་དུ་ལངས་པ་ཨུཏྤལ་དམར་པོ་ཁ་འབུས་པའི་རྣམ་པ་ཅན་དུ་གྱུར་པའི་ནང་དུ་ཟླ་བ་ལ་ཨོཾ་དཀར་པོ། རླུང་ཅུང་ཟད་ཕྱིར་བསལ། ཨོཾ་གྱི་ནཱ་ད་ལས་འོད་ཟེར་དཀར་པོ་འཕྲོས་སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་བསྒོམས་པ་དང་འདྲ་བའི་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་མཆོད་པར་བསམ་ལ། ཨོཾ་པྲཱི་ཏཱི་དེ་བཱི་དི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་བས། དྷཱུ་པེ། གནྡྷེ། ནཻ་བིདྱཱ། ཨཱ་ལོ་ཀེ །བི་ལེ་པཱ་ནི། ཞེས་པས་མཆོད། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿཞེས་ཤུབ་བུར་བརྗོད་ནས་དབུགས་ནང་དུ་རྔུབས། འཁོར་ལོ་འོད་དུ་གྱུར་པ་སྣ་བུག་གཡོན་ནས་ཞུགས་སྙིང་གའི་ཨོཾ་ལ་ཐིམ། ཨོཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོད་པ་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། མི་ཤེས་པའི་མུན་པ་བསལ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཅེས་བརྗོད་ཅིང་ཡུན་རིང་དུ་བསྒོམ། བཟླས་པ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿམཆེད་ཞལ་ནས་ཐོན། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཧྲཱིཾཿལ་འདྲེས། ལྟེ་བ་ནས་ཞུགས་ཏེ་འཁོར་ལོའི་དབུས་ཀྱི་ཧྲཱིཾཿལ་ཐིམ་པས་བདག་ཉིད་གང་འདོད་པའི་ཡུལ་དེས་ལུས་གང་བར་བསམ་ཞིང་སྔགས་ཕྲེང་མགལ་མེ་ལྟར་འཁོར་བ་ལ་དམིགས་ཏེ་ཧྲཱིཾཿགི་བཟླས་པ་རྩེ་གཅིག་ཏུ་བྱ་ཞིང་། ཐུན་འཇོག་ཁར། སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ་ཧྲཱིཾཿགི་འོད་ཀྱིས་གང་འདོད་པའི་ཤེས་རབ་དེ་ཉིད་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པར་དམིགས། ཐུན་མཚམས་སུ་འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་སོགས་རྗེས་ཀྱི་བྱ་བ་རྣམས་བྱས་ལ་ཐུན་མཚམས་ལ་འཇུག །ཐུན་མཚམས་སུ་ཡི་དམ་ཁྲོ་བོ་འཇམ་དཔལ་དང་མི་གཡོ་བ་ལྟ་བུའི་བསྙེན་པ་དང་། ཛཾ་བྷ་ལའི་ཆུ་སྦྱིན་ཡང་མ་ཆག་པར་བྱ། དེ་ལྟར་ཐུན་བཞིར་བརྩོན་པ་ཆེན་པོས་མི་ཚིག་གིས་བར་མ་ཆོད་པར་བཟླས་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བར་བཤད་པ་ད་ལྟ་བཞི་འགྱུར་དུ་བྱེད་དགོས་པས་འབུམ་ཕྲག་ལྔའོ། །དེ་ཉིད་ལན་གསུམ་དུ་བསྐྱར་པས་གྲངས་བསྙེན་རྫོགས་པ་ཡིན་ནོ། །དེ་ལས་གྲུབ་པའི་མཚན་མ་རྣམས་ཀྱང་རིམ་བཞིན་མཐོང་བར་འགྱུར་རོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། ཐོག་མར་བགེགས་བསྐྲད། བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔར་བཞིན་བྱས་ནས། མདུན་གྱི་དཀྱིལ་འཁོར། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཨོཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་ཞེས་པ་ནས། མར་མེའི་ཕྲེང་བ་ལྟར་འབར་བའོ། །ཞེས་པའི་བར་ཚིག་ཟུར་བསྒྱུར་བས་བསྒོམས་ལ་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ཞེས་པ་ནས། བི་ལེ་པཱ་ནི་ཧཱུྃ་གི་བར་གོང་བཞིན། ཛཿཧཱུྃ་བཾ་ཧོཿ འཁོར་ལོ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་པྲཱི་ཏཱི་དེ་བཱི་ཧྲཱིཾཿ ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་བརྒྱ་རྩ་བརྒྱད་བཟླ། འཁོར་ལོ་དེ་ཉིད་གཞལ་ཡས་ཁང་དང་བཅས་པའི་ལྷ་མོའི་སྐུར་གྱུར། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏཱི་དེ་བཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད་ཅིང་། སྤྲོ་ན་རིན་ཆེན་བདུན་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པས་ཀྱང་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། ཞེས་སོགས་བྲམ་ཟེ་ཕུར་བུས་བསྟོད་པ་དང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་དང་། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང་། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང་། །སྒྲ་དབྱངས་རྒྱ་མཚོའི་པི་ཝང་གསུང་སྙན་གྱིས། ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། །གཏོར་མ་བསང་སྦྱང་འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་དང་། ཁ་འབར་མའི་སྔགས་ལན་བདུན་གྱིས་ལྷ་མོ་དབྱངས་ཅན་མ་ལ་ཕུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྔར་བཞིན་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་དང་། འཕགས་མ་དབྱངས་ཅན་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་དང་བློ་གྲོས་སྤོབས་པ་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། གཏོར་མ་གཉིས་པ་ཡང་སྔར་བཞིན་བྱིན་གྱིས་བརླབས་ཏེ། ནོར་རྒྱུན་མ་འཁོར་བཅས་སྤྱན་དྲངས། ཨོཾ་བཱ་སུ་དྷཱ་རི་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་བདུན་གྱིས་ཕུལ། བདག་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབ། ཁ་འབར་མའི་སྔགས་བདུན་གྱིས་འབྱུང་པོ་ཐམས་ཅད་ལ་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་གསུམ་འབྱུང་པོའི་ཚོགས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྒྲུབ་པ་ལ་བར་གཅོད་མ་མཛད་ཅིག །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བར་ཆད་བསྲུང་ཞིང་དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག་ཅེས་འདོད་དོན་གསོལ། དེ་ནས་སློབ་མ་རྣམས་ཁྲུས་བྱས། སྟན་གཙང་མ་ལ་ཙོག་པུར་འདུག་ཏུ་བཅུག་ལ། བགེགས་བསྐྲད་པ་རྣམས་བྱས། མཚམས་སྦྱོར་གྱི་ཁྱད་པར། འདིར་འཕགས་མ་ངག་གི་དབང་ཕྱུག་དབྱངས་ཅན་མ་ཞེས་བྱ་བ་འདི་ཉིད་ནང་གསང་བ་སྔགས་ཀྱི་ཚུལ་དང་སྦྱར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་བའི་ཡུམ་སྟེ། གཤིན་རྗེ་གཤེད་སྐོར་གྱི་གཞུང་དུ་མར། རྡོ་རྗེ་དབྱངས་ཅན་མ་ཡིས་འཁྱུད། །ཅེས་སོགས་གསུངས་ཤིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འཇམ་དཔལ་དབྱངས་དང་འཕགས་མ་ཞལ་སྦྱོར་གྱི་སྒྲུབ་ཐབས་བློ་གྲོས་འཕེལ་བ་ཞེས་བྱ་བ་མཛད་པ་སོགས་རྒྱུ་མཚན་མང་དུ་སྣང་ཞིང་། ཕྱི་ལྟར་ན་ཕྱི་རོལ་མུ་སྟེགས་ཀྱི་ལྷར་གྲགས་པ་ཡང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་གཟིགས་ནས། ལྷ་སརྦ་ཛྙཱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཕགས་པའི་སྐུའི་ཆ་ཤས་ལས་འཇིག་རྟེན་གྱི་ལྷ་ཆེན་པོ་གསུམ་དང་ཉི་ཟླ་ལ་སོགས་པ་རྣམས་སྤྲུལ་ཅིང་ཁྱད་པར་མཆེ་བའི་རྩེ་ནས་ལྷ་མོ་འདི་བྱུང་ངོ་། །ཞེས་ཟ་མ་ཏོག་བཀོད་པའི་མདོ་ལས་འབྱུང་ཞིང་། ལྷ་མོ་འདིས་རྗེས་སུ་བཟུང་བའི་གྲུབ་ཆེན་བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་ལས་ཀྱང་། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་སོགས་གསལ་བར་འབྱུང་བས། རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཆ་ཤས་ཡིན་ཅིང་། ཕྱི་རོལ་པ་རྣམས་ཚངས་པའི་བུ་མོར་འདོད་པ་སོགས་ནི་གང་ལ་གང་འདུལ་གྱི་སྤྲུལ་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་བྱོན། དེས་དབུ་སྦྱིན་པ་བཏང་བའི་འོག་ཏུ། རྒྱ་གར་གྱི་ཡུལ་དབུས་སུ་རྒྱལ་པོ་ཉི་མ་རྣམ་པར་གནོན་པ་ཞེས་བྱ་བ་ཐམས་ཅད་ལ་དབང་བྱེད་པ་ཞིག་བྱུང་། དེ་ཉིད་རྒྱལ་པོར་དབང་བསྐུར་བ་པོ་བྲམ་ཟེ་མདུན་ན་འདོན་ནི་བྲམ་ཟེ་ཤཾ་ཀུ་ཡིན་ལ། སློབ་དཔོན་འདི་ཕྱི་རོལ་གྱི་རིག་བྱེད་ཀྱི་མཐའ་གསང་བ་སྨྲ་བའི་གྲུབ་མཐའ་འཛིན་པ་ཡིན་སྐད། དེ་རྒྱལ་པོའི་མཆོད་གནས་མཛད་ཅིང་ལྷན་ཅིག་ཏུ་གནས་སོ། །སྐབས་དེར་ལོ་བཅུ་གཉིས་ཆར་མ་བབ་པས་མུ་གེས་ཉེན་པ་ན། དེ་དང་མི་རིང་བའི་ས་ཞིག་ན་སོ་ན་རི་ཞེས་བྱ་བའི་མཚོ་མེ་ཏོག་སྣ་ཚོགས་བཀྲ་བ་ཀླུ་ནོར་རྒྱས་ཀྱི་བུ་གནས་པ་ཞིག་ཡོད་པ་ལས། མི་རྣམས་ཀྱིས་མཚོ་དེའི་པདྨའི་རྩ་བ་བླངས་ནས་ཟོས་པས་མུ་གེ་ཐུབ་བོ། །དེའི་ཚེ་རྒྱལ་པོ་འཁོར་བཅས་ཀྱིས་མཚོ་དེ་བལྟ་བར་བྱོན་ནས་རྒྱལ་པོས་སློབ་དཔོན་ལ་མཚོ་ལ་གནས་པའི་ཀླུ་དེ་སྟོན་པར་བསྐུལ་བ་ལས། སློབ་དཔོན་གྱིས་དེ་མཐོང་བའི་དུག་ཅན་ཡིན་པས་བསྟན་པ་མི་ལེགས་ཞེས་གསུངས་ཀྱང་ནན་གྱིས་བསྐུལ་ལོ། །དེར་སློབ་དཔོན་གྱིས་ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་བཀུག་པས་མཚོ་ནང་ནས་རིན་པོ་ཆེའི་གདུགས་ཀྱིས་མཚོན་པའི་ནོར་རྒྱས་ཀྱི་བུ་མངོན་དུ་སྣང་བར་གྱུར་པ་ལས། ཀླུའི་གཟི་བརྗིད་དང་མཐོང་བའི་དུག་གིས་མི་དང་དུད་འགྲོ་རྣམས་བརྒྱལ་ཞིང་མྱོས། རྒྱལ་པོ་ཡང་སྐྲགས་ཏེ་ཀླུ་གཏོང་བར་ཞུས་པས། སློབ་དཔོན་གྱིས་སྐྲོད་པའི་སྔགས་དང་ཕྱག་རྒྱ་བསྟན་པས་སླར་རང་གི་གནས་སུ་སོང་ངོ་། །དེ་ནས་དུག་གཞིལ་བའི་ཆོ་ག་མཛད་པས་སེམས་ཅན་བརྒྱལ་ཅིང་མྱོས་པ་ཐམས་ཅད་སྔར་བཞིན་སོས་སོ། །དེ་ལྟ་བུའི་ནུས་པ་ཕུན་སུམ་ཚོགས་པའི་སློབ་དཔོན་དེས་བྱང་ཕྱོགས་ཀྱི་རྒྱུད་དང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་བརྩམས་པའི་བསྟན་བཅོས་གཉིས་ཡོད་པ་ལས། འདིའི་སྒྲུབ་སྐོར་ནི་སྔ་མ་ལ་དོན་དང་ཕྱི་མ་ན་ཚིག་དོན་གཉིས་ཀ་གནས་པར་གྲགས་སོ། །དེ་ལྟ་བུའི་བྲམ་ཟེ་ཕུར་བུ་ནི་འཕགས་མ་ཉིད་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་ངག་གི་དབང་ཕྱུག་གྲུབ་པ་ཡིན་ལ། དེ་ནས་སློབ་དཔོན་གཏུམ་པོའི་སྡེ། མཆོད་སྡོང་སེང་གེ་སོགས་རིམ་བཞིན་བརྒྱུད་པ་ལས་༧ཀུན་མཁྱེན་ཆེན་པོ་ངག་གི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ལ་བཀའ་བབ་པ་སོགས་རིང་བརྒྱུད་རྣམ་པར་དག་པ་མང་དུ་འདུས་ཤིང་། ཉེ་བརྒྱུད་ནི་འཕགས་མ་ཉིད་ནས་ཀུན་མཁྱེན་ཆེན་པོ་ཉིད་ལ་བརྒྱུད་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པའི་འཕགས་མ་དབྱངས་ཅན་མའི་རྗེས་གནང་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་སོགས་སྦྲེལ་ལ། མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་སུ་གནང་བ་བདག་ལ་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ། སློབ་དཔོན་དང་སྒྲ་དབྱངས་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས། སློབ་མའི་ལུས་ཡོངས་སུ་གང་། སྡིག་སྒྲིབ་ཐམས་ཅད་དག །སྭ་བྷཱ་ཝ་ནས། ཟླ་བ་ལ་ཨོཾ་དཀར་པོ། ཞེས་པའི་བར་བདག་བསྐྱེད་བཞིན་སྤོད་སྒོམ་དུ་བྱས་ཏེ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་བཞུགས་པའི་འཕགས་མའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་བྱོན་ཏེ་སློབ་མའི་ལུས་ལ་ཐིམ་པར་བསམ་ཞིང་། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོ་བྱ། སྐུའི་རྗེས་གནང་ངོ་། །མགྲིན་པར་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་ཧྲཱིཾཿདཀར་པོ། རྩིབས་རྣམས་ལ་ཨཱ་ལི་བཅུ་དྲུག །དེ་ལས་དེ་འདྲ་བ་རང་སྒྲ་སྒྲོག་པ་ཞིག་མཆེད། འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་གང་། འཁོར་ལོ་མགྲིན་པར་ཐིམ་པར་བསམ་ཞིང་། ཧྲཱིཾཿ ཉེར་གཅིག་དང་དབྱངས་ཡིག་གི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་སྟེ། གསུང་གི་རྗེས་གནང་ངོ་། །མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་བ་ལ་ཡིད་གཏོད་དུ་བཅུག །མར་མེ་ལྷ་མོའི་རྣམ་པར་བྱོན་ནས་སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། དབྱངས་ཡིག་བརྗོད་ཅིང་ཏིང་ལོ་སྦར་བ་མིད་དུ་གཞུག །ཐུགས་ཀྱི་རྗེས་གནང་ངོ་། །མདུན་གྱི་མཎྜལ་བླངས་ལ། གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་དབྱངས་ཀྱི་ཡི་གེ་བརྗོད་བཞིན་དུ་བླངས་ནས། སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་བྱུག་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །དབྱངས་ཅན་མ་དངོས་སུ་གྱུར་ཅིང་ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམ་མོ། །ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ངོ་། །གལ་ཏེ་ཡེ་ཤེས་མ་ཕེབ་ན་རླུང་བཟུང་སྟེ་སྙིང་གའི་འཁོར་ལོའི་ཡི་གེ་རྣམས་མགོ་ཞབས་ལྡོག་པའམ་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་ཕེབ་པར་འགྱུར་རོ། །རྟགས་ནི་ལུས་བདེ་ཞིང་འཕར་གཡོ། ངག་སྨྲ་དགོད། སེམས་གསལ་ཞིང་དྭངས་པ་སོགས་འབྱུང་། རྗེས་དམ་ཚིག་ཁས་བླངས་མཎྜལ་ཡོན་འབུལ་རྣམས་དང་། རྗེས་མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ལ་ཕུལ། བསྟོད་པ་བཟོད་གསོལ་རྣམས་བྱས་ལ། ལྷ་མོ་འོད་དུ་ཞུ་འཁོར་ལོར་གྱུར། སླར་ཡང་མཆོད་ནས་བྲིས་སྐུ་སོགས་ལ་བརྟན་བཞུགས་དང་། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿས་མགྲོན་རྣམས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་རིགས་པ་བྱའོ། །ཆོ་ག་བསྡུས་པ་ལ་དགའ་ན། གསོལ་བཏབ་རྒྱུན་བཤགས་ཙམ་སྔོན་དུ་བཏང་ནས། མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་བ་ལ་སེམས་གཏོད་དུ་འཇུག་པ་མན་ཆད། ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ཞེས་སྨྲོས་པ་གཉིས་པོ་ཙམ་ལོགས་སུ་ཕྱུངས་ཏེ་བྱས་པས་ཀྱང་འཐུས་སོ། །ཚུལ་འདིའི་མན་ངག་ནི། རྗེས་གནང་སྒྲུབ་དང་གེགས་སེལ་དང་། །ལས་ལ་སྦྱར་དང་རྣམ་པ་བཞིས། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པ་ལས་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་རྩ་བ་ཡིག་རྙིང་གཞིར་བཞག་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བར་བརྒྱན་ཏེ་བཀོད་ཅིང་། གེགས་སེལ་དང་ལས་སྦྱོར་སོགས་ནི་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ། །རྣམ་འགྱུ༵ར་ཡིད་འོང་ལྷ་མོའི་ཚུལ། །ཐོགས་མེ༵ད་བློ་གཏེར་མཁྱེན་བརྩེའི་བདག །རྡོ༵་རྗེ༵འི་ལྷ་མོ་དབྱངས་ཅན་མའི། །སྒྲུབ་ཐབས་འཇུག་བདེ་རབ་དགའི་ཕུལ། །འཕགས་མ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ།་་་སྨིན་གླིང་གཏེར་ཆེན་གསུང་ངོ་།མཆན། ཤུ་བྷཾ།། །། ༄༅། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭསྟི། ཚངས་སྲས་ལྷ་མོ་ངག་གི་དབང་། །བློ་སྟེར་དེ་ལ་གུས་བཏུད་ནས། །གང་དེ་མཉེས་བྱེད་ཕྲིན་ལས་ཀྱི། །མྱུར་ལམ་སྦྱིན་སྲེག་ཆོ་ག་བཤད། །དེ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས་དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་གཏང་། ཐབ་ཀྱི་གཞིར་སྟེགས་བུ་ཁྲུ་དོ་གྲུ་བཞི་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུགས། དེར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པ་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་རྣམས་ལ་དབུས་སུ་དབྱངས་ཅན་གྱི་འཁོར་ལོ་དང་། ཁ་ཁྱེར་ལ་པད་འདབ་བཅུ་དྲུག་མུ་རན་རྡོ་རྗེའི་ཕྲེང་བར་བྱས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་བཀང་ཞིང་དམར་པོའི་གཅད་ཀྱིས་དབྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དྲི་ཞིམ་པའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ་མེ་ཚང་ཏིང་ལོ་དང་བཅས་པ་བྱ། གཡས་སུ་བ་བྱུང་གི་མཎྜལ་གྱི་ཁར་བསྲེག་རྫས་ཙནྡན་དཀར་དམར་སོགས་སྤོས་སྣ་ཚོགས་དང་། མེ་ཏོག་དཀར་པོ་དང་སེར་པོ། ཏིང་ལོ་གྲངས་ལྡན། ཙནྡན་དཀར་པོ་གླ་རྩི་གུརྒུམ་གི་ཝཾ་བཞི་སྦྱར་བའི།་་་བཞི་མཉམ་སོགས་ལྡེ་གུ་དང་ཕྱེ་མ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྦགས་པའི་ཀུ་ཤ །ནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང་། བ་དམར་སེར་གྱི་མར་ཁུ་དང་། ཤིང་ཐོག་སྣ་ཚོགས་རྣམས་བཞག །གཡོན་དུ་བསྙེན་པའི་སྐབས་བཞིན་མཆོད་པ་ལྔ་དང་གཏོར་མ་རྣམས་བཤམས་ལ། གཞན་ཡང་བསང་ཆུ་དང་། མེ་ལྷའི་མཆོད་པ་བྱེད་ན་དེའི་མཆོད་རྫས་དང་བསྲེག་རྫས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་ནས་བརྩམ་སྟེ་བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀཏ་བརྒྱའམ་ཉེར་གཅིག་གིས་བསྔགས། དེས་བསངས་ནས། མཆོད་རྫས་རྣམས་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབ། ཐབ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབ་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དྭངས་གསལ་ཐོགས་མེད་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམ་ནས། དགེ་འདུན་གྱི་ཚང་མང་ངམ་རྒྱལ་པོའི་ཕོ་བྲང་གི་མེས། ཨོཾ་ཨགྣི་ཛྭ་ལ་རཾ། ཞེས་སྦར། དེར་རཾ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་མེ་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས།་་་དབྱུག་གུ་རྩེ་གསུམ་པའི་རྒྱ་རྣ་བར་གཡོབ། ཛཿཧཱུྃ་བཾ་ཧོཿ འབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བ་ཧྣ་ཡ་སྭཱ་ཧཱ། ཞེས་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་དགང་བླུག་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་ཕུལ། དེ་ནས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་པས་མཆོད། ཐབ་ཀྱི་བྲིས་པའི་འཁོར་ལོ་ལ་གཉིས་སུ་མེད་པར་ཐིམ་པ་ལས་ལྷ་མོའི་སྐུར་གྱུར་པར་མོས་ལ། ཨོཾ་པྲཱི་ཏཱི་དེ་བཱི་ཧྲཱིཾཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་ལན་བདུན་དུ་བཟླས། མཚན་སྔགས་ཀྱི་མཐར། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཅེས་སོགས་ཅི་ཤེས་པས་བསྟོད་ནས། ཨོཾ་པྲཱི་ཏཱི་དེ་བཱི་ཧྲཱིཾཿདི་བྱ་དྷཱུ་པེ་ཧཱུྃ་མེ་པྲ་ཛྙཱ་བརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་བདུག་སྤོས་དང་། ཨོཾ་པྲཱི་ཏཱི་དེ་བཱི་ཧྲཱིཾཿདི་བྱ་པུཥྤེ་ཧཱུྃ་མེ་པྲ་ཛྙཱ་བརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་མེ་ཏོག་དང་། དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བ་ལས། དཱི་པེ་ཞེས་ཏིང་ལོ་དང་། བི་ལེ་པཱ་ནི་ཞེས་པས་ལྡེ་གུ་དང་། ནཻ་བིདྱཱས་ཟས་མཆོག་དང་། ཨགྣ་ཡེས་མར་ཁུ་དང་། ཨ་པྲ་ཏི་ཧ་ཏ་ཞེས་པས་ཀུ་ཤ་དང་། བི་ཛ་ཡས་འབྲུ་སྣ་ཚོགས། ཤྲཱི་ཕ་ལ་ཡས་ཤིང་ཐོག་སྣ་ཚོགས་རྣམས་འབུལ་བ་ལས། ཟས་མཆོག་ལ་གྲངས་འཛིན་ཞིང་ཐུན་རེར་བརྒྱ་རྩ་སོགས་འབུལ་ལོ། །སླར་གཏོར་མ་གཏོར་ཆོག་བཞིན་ཕུལ་ནས། མགྲོན་རྣམས། བཛྲ་མུཿ ཞེས་གཤེགས། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་བཟླས་ནས་ཐབ་ནང་གི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་སྣ་བུག་གཡོན་ནས་སྙིང་གའི་འཁོར་ལོ་ལ་ཐིམ་པར་བསམ། སླར་ཡང་མེ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ་ཨགྣེའི་སྔགས་ཀྱིས་ཕུལ་ལ། ཨགྣེ་གཙྪ། ཞེས་དབྱུག་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོ་འོ། ཁ་ཁྱེར་མུ་རན་སྟེགས་བུ་རྣམས་མི་འབྲི་བ་དང་། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲ་ཛྙཱ་བརྡྷ་མཱ་ནཱ་ཡ་ཨོཾ་ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང་། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་རྣམས་འབུལ་བའོ། །གཞན་ནི་སྔར་ལྟར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཞིང་སྡིག་སྒྲིབ་སྦྱོང་བ། བར་ཆད་ཞི་བ། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཕྱིར་སྒྲུབ་ཐབས་འདི་ལ་བརྟེན་ཏེ་ཤེས་རབ་མཆོག་ཏུ་སྐྱེད་པའི་མྱུར་ལམ་ཁྱད་པར་ཅན་ཡིན་ནོ། །འཕགས་མ་དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་བ་འདི་ནི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཅན་ངག་དབང་འཇིགས་མེད་ཀྱིས་གསུང་ངོར་འགྱུར་མེད་རྡོ་རྗེས་བརྗོད་པའོ། །མངྒ་ལཾ།། །། ༄༅། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ལམ་སྲོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ངག་གི་དཔལ་མོ་དབྱངས་ཅན་མ། །དེ་དང་གཉིས་མིན་བླ་མའི་ཞབས། །སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །སྒྲུབ་ཐབས་སྙིང་པོ་ཉུང་གསལ་སྤེལ། །འདི་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་བསྒྲུབ་པར་འདོད་པ་དག་གིས་ངག་གི་དཔལ་མོ་དབྱངས་ཅན་མའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱ་སྟེ། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བརྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས་སུ་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པཾ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་བཻ་ཌཱུརྻའི་པི་ཝང་རྒྱུད་སྟོང་དང་ལྡན་པ་སྒྲེང་ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། སྐུ་སྨད་ལ་ལྷའི་གོས་ཁ་དོག་སྣ་ཚོགས་པ་གསོལ་ཞིང་། སྐུ་སྟོད་ལ་དར་དཀར་པོའི་ན་བཟའ་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་པ། དབུ་སྐྲ་སིལ་བུ་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱལ་ཡོལ་ལ་བརྟེན་ནས་ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྙིང་མགོ་ཐུར་དུ་འཕྱང་བ་བློས་གྱེན་དུ་བསླངས་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་ཨོཾ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་རླུང་ཕྱིར་ལྡང་བ་དང་ལྷན་ཅིག་ཏུ་ཐོན། ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོའི་རིན་པོ་ཆེའི་ཁང་བཟང་ན་རང་གིས་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་འཁོར་ལོ་ལ་རེག་པས་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་གྱུར་པ་ལ། ཨོཾ་པྲཱི་ཏཱི་དེ་བཱི་དི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། གནྡྷེ། ནཻ་བིདྱཱ། ཨཱ་ལོ་ཀེ །བི་ལེ་པཱ་ནི། རྣམས་སྦྱར་བས་མཆོད། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་ཤུབ་བུར་བརྗོད་ཅིང་སྣ་བུག་གི་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་ཏུ། འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ཨོཾ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ པད་འདབ་བརྒྱད་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པའི་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་མི་ཤེས་པའི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་འཁོར་ལོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཁྱབ་པར་བསམ་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེས་སྐྱོ་ན་བཟླས་པ་བྱ་བ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿཡིག་གི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ལྟེ་བ་ནས་ཞུགས་ཏེ་ཧྲཱིཾཿལ་ཐིམ། སླར་ཡང་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་བསལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། མཁས་པ་པཎྜི་ཏ། ཉི་མ། ཟླ་བ། སྨན་དང་ནགས་ཚལ། ཚངས་པ་དང་བརྒྱ་བྱིན། འཁོར་ལོས་སྒྱུར་བ་སོགས་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་། ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་བྱུང་བའི་འོད་ཟེར་གྱིས་དྭངས་མ་ཧྲཱིཾཿཡིག་ལ་ཐིམ་པས། བདག་ཉིད་སྲིད་པ་དང་ཞི་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ཁྱད་པར་འཆད་རྩོད་རྩོམ་གསུམ་དང་གཟུངས་དང་སྤོབས་པ་སོགས་ཡིད་ལ་ཇི་ལྟར་འདོད་པའི་ཤེས་རབ་དེ་ཉིད་བསྡུས་ཏེ་སྙིང་གའི་ཧྲཱིཾཿལ་ཐིམ་པས་གང་འདོད་པའི་ཤེས་རབ་ཀྱི་མཐུ་ཕུལ་དུ་བྱུང་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ཡོངས་སུ་གང་བར་བསམ་ལ། ཧྲཱིཾཿཞེས་པའི་རིག་པ་འབྲུ་གཅིག་པ་ཉིད་བཟླས་པའི་སྐྱོན་རྣམས་སྤངས་ཏེ་རྩེ་གཅིག་ཏུ་བཟླ་འོ། །ཐུན་འཇོག་པ་ན། སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ་པས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་གང་འདོད་པའི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས། ལུས་ཀྱི་ནང་ཐམས་ཅད་གང་། མི་ཤེས་པའི་མུན་པ་བསལ། ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་གསལ་ཞིང་བརྟན་པར་བསམ་པ་དམིགས་པ་གསལ་ངེས་པ་ལན་གསུམ་དུ་བསྒོམ། དེ་ནས་གོང་ལྟར་མཆོད་ཅིང་། བསྟོད་པ་རྒྱས་པའམ། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་ནས། །བློ་གྲོས་ཐོགས་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །ཅེས་བསྟོད་ཅིང་གསོལ་བ་གདབ། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤལར་གནས་པའི་ཤེར་ཕྱིན་གྱི་པུསྟི་འཛིན་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་ཞིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ། ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་དང་། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་ཅི་རིགས་པ་བཟླ། གང་ལྟར་ཡང་། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་སྟེ་ཆོས་དང་མཐུན་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །ཡང་བསྙེན་པ་སོགས་ཀྱི་ཚེ་ལྟས་འཚུབ་པར་བྱུང་ན། གོང་གི་འཇམ་དབྱངས་བསྒོམ་པའི་ཚབ་ཏུ་སྐད་ཅིག་གིས་མི་གཡོ་བར་གསལ་བཏབ་ལ། བཟླས་པ་ཇི་ལྟར་རིགས་པ་བྱ་བ་ཉིད་དོ། །སྒྲ་དབྱངས་ལྷ་མོ་སྒྲུབ་པའི་ཐབས། །ཀུན་མཁྱེན་དགྱེས་པའི་ལམ་གྱི་སྲོལ། །གསལ་བར་ཕྱེས་འདིས་ས་གསུམ་ན། །ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་འཕགས་མ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་དཔལ་བསམ་ཡས་པ་༧ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ཇི་ལྟ་བ་ལས། ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་གསལ་བྱེད་ཀྱི་མཚམས་སྦྱོར་ཅུང་ཟད་དང་བཅས་བྲིས་པ་ཡིན་ལ། བསྙེན་སྒྲུབ་ལས་སྦྱོར་སོགས་ནི་རྩ་བའི་ཡི་གེ་ལས་རྟོགས་པར་བྱ་བ་ཁོ་ནའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).