Terdzo-'A-015

From Rinchen Terdzö
Revision as of 04:30, 29 June 2015 by PhilBot (talk | contribs) (Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
(diff) ← Older revision | Latest revision (diff) | Newer revision → (diff)
This page is under construction. Check back later for updated content.

ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་ལས་བྱང་སྐལ་བཟང་འདོད་འཇོ་

thugs rje chen po mun sel sgron me'i las byang skal bzang 'dod 'jo

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  པདྨ་གླིང་པ་ (Pema Lingpa)
in cycle  ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་ (Thugs rje chen po mun sel sgron me)
Volume 23 (འ) / Pages 365-388 / Folios 1a1 to 12b5


[edit]

༄༅། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་ལས་བྱང་སྐལ་བཟང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་ལྡན་ཞིང་མགོན་འོད་སྣང་མཐའ་ཡས་ཉིད། །ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་མཐའ་ཡས་པར། །རྣམ་རོལ་ཐུགས་རྗེ་ཆེན་པོ་ལྷག་པའི་ལྷ། །བླ་མ་མཆོག་དང་དབྱེར་མེད་དེར་བཏུད་ནས། །གང་གི་གོ་འཕང་བླ་ན་མེད་པའི་ས། །སྒྲུབ་བྱེད་མྱུར་ལམ་ཨོ་རྒྱན་ཐུགས་ཀྱི་བཅུད། །ཟབ་གཏེར་གདམས་པའི་དགོངས་དོན་འཇུག་བདེའི་ཁྲིགས། །སྐལ་བཟང་རྣམས་ཀྱི་འདོད་འཇོའི་དཔྱིད་དུ་སྤེལ། །དེ་ཡང་རྟེན་གྱི་གང་ཟག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་བླ་ན་མེད་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པ་དག་གིས་ཚུལ་འདི་ལ་འཇུག་པར་བྱ་བ་ཡིན་ནོ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལ་ཡོ་བྱད་ཀྱི་བཤམ་དང་། ཆོ་གའི་སྔོན་འགྲོ་གཉིས་ཀྱི་དང་པོ་ནི། ཡིད་དུ་འོང་བའི་གནས་ཁང་མཛེས་པར་བརྒྱན། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བའམ་སྐུ་གཟུགས་རྟེན་དགྲམ། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཕྱི་ཡི་མཆོད་པ་དང་། སྨན་གཏོར་རཀྟ་སོགས་ནང་། ཚོགས་ཀྱི་ཡོ་བྱད་རོལ་མོའི་ཁྱད་པར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ། བགེགས་བསྐྲད་སྐྱབས་སེམས་ཚད་མེད་བཞི། །ཚོགས་གསག་བྱིན་འབེབ་མཆོད་བྱིན་རླབས། །ཞེས་པ་ལྟར་བདུན་ལས་དང་པོ་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མཆོག་རོལ་པའི་སྐུར་བསམ་ནས་སྔོན་འགྲོ་གཏོར་མ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿམགྲོན་རྣམས་བཀུག །ཨོཾ་སརྦ་བིགྷྣཱན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་གསུམ་གྱིས་བསྔོས་ནས་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །རྟ་སྐད་རྔམ་སྒྲོག་བར་ཆད་སེལ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །མེ་རི་འབར་བས་ཕྱོགས་མཚམས་གཅོད། །མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །རྣམ་རྟོག་མ་རིག་བག་ཆགས་ཀྱིས། །ལྷ་དང་འདྲེ་བགེགས་གཉིས་སྣང་ཡང་། །རྣམ་པར་རྟོག་པ་བགེགས་ཡིན་ཕྱིར། །འདྲེ་བགེགས་རང་གི་སེམས་ལས་བྱུང་། །སེམས་ཉིད་ཡེ་ནས་ཆོས་སྐུ་ལ། །བགེགས་དང་བར་ཆད་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས། །འདི་ལ་སུ་ཡང་འདའ་མ་བྱེད། །ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ནས་གཅད་བྱ་གཅོད་བྱེད་ཐམས་ཅད་རང་བཞིན་མ་གྲུབ་པའི་གནས་ལུགས་ཤེས་པས་མཚམས་བཅད་དོ། །གཉིས་པ་སྐྱབས་འགྲོ་ནི། བླ་མ་རིག་འཛིན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པར་བྱས་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་དང་། བདག་དང་རིགས་དྲུག་ཕ་མ་རྣམས། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་གསུམ་གྱིས་སྐྱབས་སུ་འགྲོ །གསུམ་པ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་ཆོ་ག་ལ་འཇུག་པར་བྱའོ་སྙམ་དུ། བདག་གིས་འདི་བཟུང་འཁོར་བ་མ་སྟོངས་བར། །རིགས་དྲུག་ཕ་མའི་སྡུག་བསྔལ་སྐྱོབ་པའི་ཕྱིར། །སྨོན་འཇུག་གཉིས་ཀྱི་ལག་ལེན་གནད་སྦྱངས་ནས། །ཐེག་མཆོག་འདིར་ཞུགས་ཐུགས་རྗེ་ཆེན་པོ་བསྒྲུབ། །སྒྲ་དབྱངས་མ་ཎིས་སེམས་ཅན་སྐྱོབ་བྱེད་ཅིང་། །འགྲོ་ཀུན་ཐུགས་རྗེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སེམས་བསྐྱེད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་ངང་ལ་མཉམ་པར་བཞག །ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དམ་པ་མི་འབྲལ་ཞིང་། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །སྙམ་པས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་པ་བཞི་བསྒོམ། ལྔ་པ་ཚོགས་གསག་པ་ནི། སྐྱབས་ཡུལ་རྣམས་ཚོགས་ཞིང་དུ་བྱས་ཏེ། ཧོཿ བླ་མ་ཡི་དམ་མཁའ་འགྲོ་འདིར་གཤེགས་ཤིག །ཉི་ཟླ་པད་གདན་མཛེས་པའི་དབུས་སུ་བཞུགས། །དད་ཅིང་གུས་པས་ལུས་ངག་ཡིད་ཕྱག་འཚལ། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །སྡོམ་པ་གསུམ་གྱི་ཉམས་ཆག་འགལ་འཁྲུལ་བཤགས། །དགེ་འདུན་རྣམས་ཀྱི་དགེ་ལ་རྗེས་ཡི་རང་། །དུས་གསུམ་འགྲོ་ལ་གང་འདུལ་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་སེམས་ཅན་བསྐྱབ་ཏུ་གསོལ། །ཚོགས་གཉིས་ལས་བྱུང་དགེ་བ་བྱང་ཆུབ་བསྔོ། །བདག་གཞན་བླ་མེད་འབྲས་བུ་ཐོབ་པར་ཤོག །ཅེས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རང་ལ་བསྡུ། དྲུག་པ་བྱིན་འབེབ་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས། །ཆོས་ཀྱི་སྐུ་ལ་སྒྲིབ་རྐྱེན་མི་མངའ་ཡང་། །འགྲོ་བའི་ཚོགས་གསག་བསྙེན་སྒྲུབ་བྱ་སླད་དུ། །ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག །དབང་སྐུར་བྱིན་ཕོབ་མཐུ་རྩལ་ནུས་པ་སྐྱེད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ས་མ་ཡ་ཛཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། བདུན་པ་མཆོད་རྫས་བྱིན་རླབས་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཚང་བའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾྎ དེ་བཞིན་དུ། པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་བིདྱྎ ཤབྡ་ཨཱཿཧཱུྃ། ཞེས་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཉེར་གཅིག་བརྗོད་པས། ཨོཾ་གྱིས་བདུད་རྩི་ལྔ་འོད་དུ་ཞུ་བའི་བྱང་སེམས་སུ་དཀར་མེར་གྱིས་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་པཱུ་ཛ་ས་མ་ཡེ་ཧཱུྃ། ཞེས་བརྗོད། ཨཱཿཡིས་རཀྟ་འཁོར་བ་ཡོངས་གྲོལ་བྱང་སེམས་དམར་པོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་བརྗོད། ཧཱུྃ་ལས་གཏོར་མ་འདོད་ཡོན་ཕུང་པོ་སྣོད་བཅུད་དང་ལྡན་པར་གྱུར། ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ས་མ་ཡེ་ཧཱུྃ། ཞེས་བརྗོད། ཧྲཱིཿཡིས་དམ་རྫས་ཐམས་ཅད་མཚན་བཅས་དེར་འཛིན་གྱི་རྟོག་པ་དང་བྲལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿདྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ། ཞེས་བརྗོད། ཨོཾ་བཛྲ་ཏིཥྛ་ས་མ་ཡེ་ཧཱུྃ་ཧྲཱིཿཀུ་ལནྟ་ཧཱུྃ་ཧྲཱིཿསརྦ་ག་ཎ་པཱུ་ཛ་ས་མ་ཡེ་ཧཱུྃ། ཞེས་རོལ་མོའི་སྒྲ་དང་བཅས་པས་བྱིན་གྱིས་བརླབ། དེ་དག་ནི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་བྱིན་རླབས་སྤྱན་འདྲེན་ཕྱག །མཆོད་བསྟོད་འཛབ་བཟླ་རྫོགས་རིམ་མོ། །ཞེས་བདུན་ལས་དང་པོ་ལྷ་བསྐྱེད་ནི། ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་འགྲོ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་ཞིང་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རང་བཞིན་ཧྲཱིཿདཀར་པོའི་རྣམ་པར་བསྒོམ་སྟེ། ཨ། ཡེ་ནས་མ་སྐྱེས་སྟོང་གསལ་ངང་། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ། ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས། ཨོཾ་དྷརྨ་དྷཱ་ཏུ་བཛྲ་ས་མཱ་ཏི་ཨོཾ། ཧཱུྃ། རང་བྱུང་རིག་པ་ཧྲཱིཿདཀར་གསལ། ཧཱུྃ་བཛྲ་ཛྙཱ་ན་ཙིཏྟ་ཧྲཱིཿ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང་། །དལ་དབུས་པདྨའི་སྙིང་པོ་ཟླུམ། །འདབ་དྲུག་མུ་ཁྱུད་པད་སྡོང་མཛེས། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས། །མཉམ་ཡངས་འོད་ཀྱི་ཁང་པར་གསལ། །དེ་དབུས་རང་རིག་ཧྲཱིཿའོད་འབར། །རྣམ་སྨིན་ལུས་བསྲེགས་ཧྲཱིཿདེ་ཉིད། །ཉི་ཟླ་པད་སྟེང་ཐུགས་རྗེ་ཆེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན། །གཡོན་པ་པད་སྟེང་བདུད་རྩིའི་བུམ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། རང་འདྲའི་ཡུམ་ཆེན་གསང་ཡེ་མ། །ལུས་དང་གྲིབ་མའི་ཚུལ་དུ་འཁྲིལ། །འཇའ་རིས་འོད་ལྔའི་རྒྱབ་ཡོལ་མཛེས། །ཧྲཱིཿ སྤྱི་གཙུག་རིགས་བདག་འོད་དཔག་མེད། །མཐའ་ཡས་ཞལ་གཅིག་ཕྱག་གཉིས་པ། །མཉམ་གཞག་ཕྱག་རྒྱ་བུམ་པ་འཛིན། །སྐྱིལ་ཀྲུང་ཉི་ཟླ་པདྨར་བཞུགས། །མཚན་དང་དཔེ་བྱད་བཟང་པོས་སྤྲས། །ཧྲཱིཿ ཐུགས་ཀར་རྟ་མགྲིན་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་དབུ་གཙུག་ན། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཕྱག་གཡས་དབང་སྡུད་ཕྱག་རྒྱ་གདེངས། །ཕྱག་གཡོན་ཞགས་པས་ལོག་འདྲེན་འཆིང་། །དུར་ཁྲོད་ཆས་གསོལ་ཞབས་གཉིས་ནི། །མི་རོའི་སྟེང་ན་བརྐྱང་བསྐུམ་བཞུགས། །ཙིཏྟའི་སྒོ་སྲུང་བར་ཆད་སེལ། །ཧྲཱིཿ རིགས་འདུས་རང་ལས་སྤྲུལ་པའི་འཁོར། །ནོར་འཛིན་སྲས་མཆོག་གཡས་ནས་འདུད། །གསང་སྔགས་འཛིན་མ་གཡོན་ནས་འདུད། །ཀུན་གྱི་སྤྱི་གཙུག་རིགས་ལྔས་བརྒྱན། །ཧྲཱིཿ འདབ་དྲུག་པདྨའི་གདན་སྟེང་དུ། །ལྷ་ཡི་ཐུབ་པ་ཨོཾ་དཀར་གསལ། །ལྷ་མིན་ཐུབ་པ་མ་སྔོན་པོ། །མི་ཡི་ཐུབ་པ་ཎི་སེར་པོ། །བྱོལ་སོང་ཐུབ་པ་པད་སེར་ནག །ཡི་དྭགས་ཐུབ་པ་མེ་ལྗང་དམར། །དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག །ཀུན་ཀྱང་འགྲོ་འདུལ་འོད་ཟེར་འགྱེད། །ཧཱུྃ། ཕྱི་རོལ་པད་སྐོར་བཞི་ལྡན་ལ། །དུས་གསུམ་སངས་རྒྱས་སྟོང་རྩ་གཉིས། །འགྲོ་འདུལ་འོད་ཟེར་སྣ་ཚོགས་འབར། །ཐུགས་རྗེ་ཆེན་པོའི་རོལ་པར་གསལ། །ཧྲཱིཿ སྒོ་བཞིར་བདུད་བཞི་བརྫིས་པའི་སྟེང་། །ཤར་སྒོར་བཛྲ་ཧེ་རུ་ཀ །དཀར་གསལ་ཞལ་གཅིག་ཕྱག་གཉིས་གདེངས། །ལྷོ་སྒོར་རཏྣ་ཧེ་རུ་ཀ །སེར་ནག་ཞལ་གཅིག་ཕྱག་གཉིས་གདེངས། །ནུབ་སྒོར་པདྨ་ཧེ་རུ་ཀ །དམར་ནག་ཞལ་གཅིག་ཕྱག་གཉིས་གདེངས། །བྱང་སྒོར་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གཅིག་ཕྱག་གཉིས་གདེངས། །ཀུན་ཀྱང་འདོར་སྟབས་བདུད་བཞི་བརྫིས། །བླ་མ་རིག་འཛིན་ཌཱ་ཀིའི་སྤྲིན། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །འགྲོ་བ་དྲང་ཞིང་བསྒྲལ་སླད་དུ། །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས། །སརྦ་ཛྙཱ་ན་མཎྜ་ལ་ཧཱུྃ་བྷྲཱུྃ། ཞེས་པས་དམ་ཚིག་དཀྱིལ་འཁོར་གསལ་གདབ་བོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། ལྷ་ཚོགས་རྣམས་ཀྱི་སྤྱི་མགྲིན་སྙིང་གར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ། སྤྱི་བོའི་གནས་ལྔར་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པར་བསམ་ལ། ཧྲཱིཿ ཡེ་ནས་རང་བྱུང་ཐུགས་རྗེ་ཆེ། །དུས་གསུམ་རྒྱལ་བའི་དགོངས་པ་ནི། །ཡེ་ཤེས་ལྔ་བདག་ཅོད་པན་དབང་། །འབྲུ་བརྒྱད་གསལ་བསྒོམ་རང་དབང་ཐོབ། །ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་ཞིང་བྱིན་གྱིས་བརླབ་བོ། །གསུམ་པ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། ཧྲཱིཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་དགོངས་འཕགས་པ་སྤྱན་རས་གཟིགས། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུའི་རྣམ་རོལ་འཇའ་ཚོན་བཞིན་དུ་གསལ། །སྒྲུབ་པའི་ལྷ་མཆོག་ཐུགས་རྗེ་ཆེན་པོ་དང་། །གསང་བ་ཡེ་ཤེས་སངས་རྒྱས་ཀུན་གྱི་ཡུམ། །ནོར་འཛིན་གསང་སྔགས་འཛིན་མ་སྲས་དང་བཅས། །རྒྱལ་བ་རིགས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག །དུས་གསུམ་སངས་རྒྱས་སྟོང་རྩ་ཐུགས་རྗེའི་བདག །སྒོ་སྐྱོང་བདུད་འདུལ་ཡེ་ཤེས་ཁྲོ་བོ་བཞི། །བླ་མ་ལྷ་མཆོག་རིག་འཛིན་ཆོས་སྐྱོང་ཚོགས། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ཞེས། སྤྱན་དྲངས་པའི་ལྷ་ཚོགས་དང་དམ་ཚིག་པ་དབྱེར་མེད་དུ་བཞུགས་པར་བསམ་མོ། །གསུམ་པ་ཕྱག་ནི། ལྷ་དང་བདག་གཉིས་མེད་དུ་རྟོགས་པའི་ཚུལ་གྱིས། ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཐུགས་རྗེ་ཆེ། །ཐུགས་རྗེའི་དཀྱིལ་འཁོར་ལྷ་ཚོགས་ལ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། བཞི་པ་མཆོད་པ་ནི། ཧྲཱིཿ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས། །བདུག་སྤོས་མེ་ཏོག་མར་མེ་དྲི། །བཤོས་གཙང་སིལ་སྙན་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །རང་བྱུང་རྣམ་དག་བདུད་རྩི་དང་། །འཛིན་ཆགས་བྲལ་བའི་གཏོར་མ་དང་། །རིགས་དྲུག་བསྒྲལ་བའི་རཀྟ་དང་། །གཉིས་མེད་སྦྱར་བའི་བྱང་ཆུབ་སེམས། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །བདག་ཉིད་ཆེན་པོའི་ལྷ་ཚོགས་མཆོད། །གཉིས་མེད་དགྱེས་པར་ཚིམ་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོ་སྐུ་ཡི་ལྷ། །མཐའ་ཡས་གསུང་ལ་རྟ་མགྲིན་ཐུགས། །གསང་བ་ཡེ་ཤེས་ཀུན་གྱི་ཡུམ། །ནོར་འཛིན་གསང་སྔགས་འཛིན་མ་སྲས། །རྒྱལ་བ་རིགས་དྲུག་ཐུབ་པ་དྲུག །སངས་རྒྱས་སྟོང་རྩ་ཁྲོ་ཆེན་བཞི། །མཆོད་བཞེས་དམ་སྐོང་དངོས་གྲུབ་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བོ་དྷི་ཙིཏྟ་ཧོཿ དྷརྨ་དྷཱ་ཏུ་ཧོཿ སརྦ་པཱུ་ཛ་ཧོཿ ཞེས་མཆོད་པར་བྱའོ། །ལྔ་པ་བསྟོད་པ་ནི། ཧྲཱིཿ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཞལ་གཅིག་རང་བྱུང་ཡེ་ཤེས་གསལ། །ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ། །སྐུ་དམར་འཁོར་འདས་ཡེ་ཤེས་དབང་། །རཏྣའི་རྒྱན་ཕྲེང་ཆོས་ཉིད་རོལ། །ཕྱག་གཡས་པད་ཕྲེང་འཁོར་བ་འདྲེན། །གཡོན་པས་བདུད་རྩིས་དུག་ལྔ་འཇོམས། །ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས། །གསང་ཡེ་ཡུམ་འཁྱུད་ཆོས་དབྱིངས་སྦྱོར། །ཉི་ཟླ་པད་གདན་དུག་གསུམ་དག །འོད་ལྔའི་རྒྱབ་ཡོལ་སྐུ་ལྔ་རྫོགས། །ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བ་འདུས་པའི་གསུང་། །འགྲོ་བའི་མགོན་པོ་ཚེ་དཔག་མེད། །མཐའ་བྲལ་ཐིག་ལེ་ཉག་གཅིག་ཞལ། །འཁོར་འདས་མཉམ་གཞག་ཕྱག་རྒྱ་ཅན། །སྤྲོས་བྲལ་ཡེ་ཤེས་བུམ་པ་འཛིན། །བདེ་གསལ་མི་རྟོག་མཉམ་པའི་དབྱིངས། །ཆོས་སྐུ་མི་འགྱུར་སྐྱིལ་ཀྲུང་བཞུགས། །ཆོས་ཉིད་རོལ་པའི་མཚན་དཔེ་རྫོགས། །འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད། །ཧྲཱིཿ ཕྱོགས་བཅུའི་སངས་རྒྱས་འདུས་པའི་ཐུགས། །སྣང་སྲིད་དབང་སྡུད་རྟ་མཆོག་དཔལ། །ཟང་ཐལ་ཞལ་གཅིག་ཀུན་ཏུ་བཟང་། །རྟ་གདོང་ས་ལམ་དུས་གཅིག་གཅོད། །འཁོར་འདས་ཟིལ་གནོན་རྟ་སྐད་སྒྲོག །ཕྱག་གཡས་ཐབས་ཀྱིས་སྲིད་དབང་བསྒྱུར། །ཕྱག་གཡོན་ཤེས་རབ་འགྲོ་ཀུན་འདྲེན། །དུར་ཁྲོད་ཆས་ཀྱིས་ལོག་ལྟ་འཇོམས། །བརྐྱང་བསྐུམ་ཞབས་ཀྱིས་བདུད་བཞི་འདུལ། །རོ་གདན་ཆོས་སྐུ་ལྷུན་གྱིས་གྲུབ། །ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཧྲཱིཿ རིགས་འདུས་རང་ལས་སྤྲུལ་འཁོར་ཡང་། །འགྲོ་འདུལ་ཆ་ལུགས་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག །བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་བྱའོ། དྲུག་པ་འཛབ་བཟླ་བ་ནི། ཐ་མལ་ངག་ཞེན་བཟློག་པའི་ཕྱིར། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི། །ཡང་སྙིང་འདུས་པ་འདི་ལྟ་སྟེ། །ཞེས་གསུངས་པའི་དོན་ཕྱི་ནང་གསང་བའི་བཟླས་པ་དང་སྦྱར་བ་ལས། དང་པོ་ཕྱི་སྐུ་གསུང་ཐུགས་ཀྱི་སྤྲོ་བསྡུ་གསག་སྦྱོང་གི་ཚུལ་དང་སྦྱར་བ་ལས་བཟླ་བྱའི་གཞི་ནི། ཧྲཱིཿ ཕྱི་ནང་གསང་བའི་འཕྲོ་འདུ་སྟེ། །ལྷ་གསུམ་ཐུགས་ཀར་ཟླ་བའི་སྟེང་། །ཧྲཱིཿམཐར་ཡི་གེ་དྲུག་པས་བསྐོར། །ཕྱི་ནི་གསག་སྦྱོང་དངོས་གྲུབ་སྡུད། །ཅེས་པས་གཙོ་བོ་དང་རྟ་མགྲིན་འོད་དཔག་མེད་གསུམ་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་མར་མེ་ལྟར་འབར་བ་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ནས། བདག་ཉིད་རྩ་བའི་ཐུགས་ཀ་ནས། །སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས། །བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག །སྐུ་མཆོག་མཉེས་ནས་དངོས་གྲུབ་ཐོབ། །བདག་ལ་འདུས་ཤིང་འོད་ཟེར་དེས། ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས། །སེམས་ཅན་ལུས་ཀུན་དབང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཅི་ནུས་བཟླ། སྤྱི་གཙུག་སྣང་མཐའི་ཐུགས་ཀ་ནས། །སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༑ །བདེ་གཤེགས་ཀུན་གྱི་གསུང་ལ་ཕོག །གསུང་མཉེས་གསུང་གི་དངོས་གྲུབ་བསྡུས། ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས། །སེམས་ཅན་ངག་ཀུན་དབང་དུ་འདུས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླ། རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་མཐིང་ཁ་རབ་འཕྲོས་པས། །བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག །ཐུགས་མཆོག་མཉེས་ནས་དངོས་གྲུབ་ཐོབ། །བདག་ལ་འདུས་ཤིང་འོད་ཟེར་དེས། ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས། །སེམས་ཅན་ཀུན་ཡིད་དབང་འདུས་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླ་སྟེ། ཞི་བའི་ངག་འཇམ་པོས་ཡི་གེ་དྲུག་པ་ཉིད་དལ་ཞིང་ཁུག་པ་རྨ་བྱའི་སྐད་ལྟར་བཟླའོ། །གཉིས་པ་ནང་དྲག་པོས་ཚར་གཅོད་ཀྱི་བཟླས་པ་ནི། བདག་ཉིད་ལྷ་གསུམ་ཐུགས་ཀ་ནས། །སྔགས་ཕྲེང་ཁྲོ་ཆུང་མཚོན་ཐོགས་ཤིང་། །ཞལ་ནས་ཕཊ་སྒྲོག་ཚྭ་ཚྭ་འཕྲོ། །སྟོང་གསུམ་བཀང་ནས་ལོག་ལྟའི་ཚོགས། །གང་དག་ཞི་བས་མི་ཐུལ་བའི། །བདུད་དང་དགྲ་བགེགས་བརྡུང་ཚར་བཅད། །ཀུན་ཀྱང་བྲན་ཁོལ་བྱེད་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ། ཅེས་ཡི་གེ་བཅུ་གཅིག་པ་ཉིད་འུར་ཆོམ་གྲགས་པ་སེར་འབྲུག་ལྡིར་བ་ལྟར་ཅི་རིགས་སུ་བཟླའོ། །གསུམ་པ་གསང་བ་དོན་གྱི་ཟླས་པ་ནི། དེ་ལྟར་སྐུ་གསུམ་ལྷ་མཆོག་ཀྱང་། །བདག་ཉིད་ཐུགས་རྗེ་ཆེན་པོ་ལ། །འདུས་ཏེ་རྣམ་པ་ཡོངས་ཀྱིས་མེད། །གཉིས་མེད་དོན་གྱི་ལྷར་གནས་པའོ། །ཞེས་པའི་དགོངས་པ་བཟུང་ནས་རླུང་ནང་དུ་འཇུག་པ་ཨོཾ་དང་མ། གནས་པ་ཎི་དང་པད། ཕྱིར་འབྱིན་མེ་དང་ཧཱུྃ་ཧྲཱིཿ ཞེས་པའི་སྒྲ་གདངས་རླུང་སྔགས་དབྱེར་མི་ཕྱེད་པ་རྡོ་རྗེའི་བཟླས་པ་དང་སྦྱར་ནས་ཅི་ནུས་སུ་བཟླ་ཞིང་དེས་སུན་ན་ངག་བཟླས་ཀྱང་ཅི་རིགས་པ་བྱའོ། །བཞི་པ་གནས་ལུགས་བོགས་འདོན་གྱི་བཟླས་པ་ནི། ཧྲཱིཿ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང་། །ཚིག་དང་བྲལ་བའི་དོན་ལ་ལྟོས། །གྲགས་པ་ཐམས་ཅད་རང་སྒྲ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས། །ཡེ་ཤེས་ཟང་ཐལ་ངང་ལ་ཞོག །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རང་རིག་ལྷ་དང་གཉིས་སུ་མེད། །གཉིས་འཛིན་བྲལ་བའི་སེམས་ལ་ལྟོས། །ལྟ་བྱེད་རྟོག་པ་རང་སར་གྲོལ། །བལྟས་པས་ཐུགས་རྗེ་ཆེ་མི་མཐོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ མ་བལྟས་བཞག་པས་ལྷ་དང་མཇལ། །མ་བསྒྲུབ་བཞག་པས་སངས་རྒྱས་འགྲུབ། །གྲུབ་པ་མེད་དོ་ཅིར་མི་དགོངས། །རང་བྱུང་ཐུགས་རྗེ་ཆེན་པོ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རང་སྣང་སྣང་བ་མཐའ་ཡས་ཡིན། །རང་གསལ་རྟ་མགྲིན་རྒྱལ་པོ་ཡིན། །རང་གྲོལ་གསང་བ་ཡེ་ཤེས་ཡུམ། །ཡེ་ནས་མ་སྐྱེས་ཐུབ་པ་དྲུག །རང་བཞིན་རབ་རྫོགས་སངས་རྒྱས་སྟོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ ཐམས་ཅད་དབྱེར་མེད་ཆོས་ཀྱི་སྐུ །མ་འགགས་རང་གསལ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐབས་སུ་ཚངས་པའི་མགྲིན་དབྱངས་ཀྱིས། ཡེ་ཤེས་རིག་པ་གསལ་འདི་གདབ། །ཅེས་གསུངས་པས་སྙན་པའི་དབྱངས་ཀྱི་རྟ་ལ་དྲངས་ནས་ཅི་རིགས་བཟླ་ཞིང་། བཟླས་པ་རྫོགས་པ་ན་མཆོད་བསྟོད་རྒྱས་པ་སྔར་བཞིན་ནམ། བསྡུ་ན་སྔགས་མཆོད་དང་གཙོ་བོའི་བསྟོད་པ་ཙམ་བྱས་པས་ཀྱང་རུང་ངོ་། །བདུན་པ་རྫོགས་རིམ་ནི། དེ་ལྟར་ལྷ་སྔགས་ལ་སོགས་པའི་གནས་ལུགས་སྤྲོས་པ་དང་བྲལ་བ་ངོས་བཟུང་སྟེ། ལྷ་ཉིད་སེམས་སུ་ཤེས་བྱ་སྟེ། །བསྒོམ་བྱའི་ལྷ་སེམས་སྒྲུབ་བྱེད་ཀྱི། །མཁན་པོ་དག་ཀྱང་སེམས་ཉིད་དེ། །ལྷ་དང་ལྷ་མིན་འབྱེད་པ་སེམས། །དེ་ལྟར་སེམས་ཀྱི་རང་བཞིན་སྟོང་། །ངོ་བོ་མཚན་ཉིད་ཐམས་ཅད་སྟོང་། །དེ་ཡང་ཐ་དད་མ་ཡིན་ཏེ། །སྣང་སྟོང་གཉིས་འཛིན་བློ་ལས་འདས། །གཉིས་མེད་གཉིས་སུ་མེད་པར་ཤེས། །སྟོང་གསལ་སྤྲོས་མེད་ཆོས་ཀྱི་སྐུ། །བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས། །ཞེས་པའི་དགོངས་པ་བསྐྱང་ངོ་། །དངོས་གཞིའི་ལས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་གཏོར་འབུལ་བརྟན་སྐྱོང་བྲོ། །དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ། །བསྔོ་སྨོན་ཤིས་བརྗོད་བྱ་བ་འོ། །ཞེས་བདུན་གྱི་དང་པོ་ཚོགས་མཆོད་ལས། བཤམས་ཤིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས། དྲི་ཆབ་དང་བདུད་རྩིས་བསང་གཏོར་བྱས་ལ། ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་གསུམ་རབ་སྤྲོས་ཏེ། །རཾ་སྤྲོས་དངོས་འཛིན་རྣམ་རྟོག་སྦྱངས། །ཡཾ་སྤྲོས་བག་ཆགས་ཞེན་སྣང་གཏོར། ཁཾ་སྤྲོས་གཉིས་འཛིན་དྲི་མ་བཀྲུས། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཨོཾ་དང་ཨཱཿདང་ཧཱུྃ་སྤྲོས་པས། །ཨོཾ་གྱིས་འདོད་ཡོན་ལོངས་སྤྱོད་སྤེལ། །ཨཱཿཡིས་ཡེ་ཤེས་བདུད་རྩིར་ཞུ། །ཧཱུྃ་གིས་ལྷ་ཚོགས་ཐུགས་དམ་བསྐང་། །ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ་བོ། །ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས། །ཆོས་ཀྱི་སྐུ་ལ་སྒྲིབ་སྐྱོན་མི་མངའ་ཡང་། །འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ལ། །ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག །བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ནས། སྤྱིར་མཆོད་པ་ནི། ཧཱུྃ། རིན་ཆེན་གཞལ་ཡས་གནས་མཆོག་འདིར། །སྨན་གྱི་ཆག་ཆག་མཎྜལ་བཤམས། །གདན་ཁྲི་ན་བཟའ་རྒྱན་ཕྲེང་མཛེས། །གླུ་གར་རོལ་མོ་སྣ་ཚོགས་དང་། །མེ་ཏོག་མར་མེ་ཙནྡན་ཕྲེང་། །ཞལ་ཟས་དྲི་ཆབ་སིལ་སྙན་རྣམས། །སྤྲིན་ཕུང་ལྟ་བུར་བཀང་ནས་ཀྱང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད། །ཨོཾ། གཟུགས་མཛེས་ལྷ་མོས་མེ་ལོང་འཛིན། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་སྤྱན་ལ་མཆོད། །ཨོཾ། སྒྲ་སྙན་ལྷ་མོས་པི་ཝཾ་འཛིན། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་སྙན་ལ་མཆོད། །ཨོཾ། དྲི་ཞིམ་ལྷ་མོས་སྤོས་ཕོར་འཛིན། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་ཤངས་ལ་མཆོད། །ཨོཾ། རོ་མཆོག་ལྷ་མོ་གཞོང་ཐོགས་མ། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་ཞལ་ལ་འབུལ། །ཨོཾ། རེག་བྱའི་ལྷ་མོ་མཉེན་འཇམ་འཁྲིལ། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་མཆོད། །ཨོཾ། ཆོས་ཀྱི་ལྷ་མོས་རྡོར་དྲིལ་འཛིན། །རྐང་པས་སྟབས་བྱེད་ལག་གར་སྒྱུར། །མང་པོས་ནམ་མཁའི་ཁམས་བཀང་ལ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་ལ་འབུལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་མཆོད། བྱེ་བྲག་ཏུ་མཆོད་པ་ནི། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་ནི་སྟེགས་ལ་བཀོད་ནས། ཧྲཱིཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ལྡན་ལྷ་ཡི་ཚོགས། །གཙོ་འཁོར་བྲན་དང་བཅས་པ་རྣམས། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ཞེས་འདོད་ཡོན་དྲུག་གིས་མཆོད་པས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ཧྲཱིཿ བླ་མ་ཡི་དམ་ལྷ་ཚོགས་དགོངས། །འབྱོར་ཚོགས་ཆུང་བས་སྐུ་མ་བསྐང་། །བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན། །རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ས་མ་ཡ་ཧོཿ ཞེས་དང་ཡིག་བརྒྱ་བཟླས་པས་ཉམས་ཆག་དག་པར་བསམ་མོ། །ཐ་མ་བསྒྲལ་བ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་ལྷ་མོ་རང་ལ་བསྡུས་ནས། བདག་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་བཅུར་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ལ། ཕུར་བུས་གདབ་ཅིང་། ཧཱུྃ། དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །རི་རབ་ཕུར་བུ་དགྲ་ལ་འདེབས། །དབུ་གཙུག་རྟ་ཞལ་བགེགས་དཔུང་སྲེག །ཞབས་གཉིས་དོར་སྟབས་བདུད་བཞི་འཇོམས། །དུར་ཁྲོད་ཆས་ཀྱིས་མཁའ་འགྲོ་སྡུད། །གདུག་པའི་ཚོགས་སྒྲོལ་ཞལ་དུ་སྟོབ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧྲཱིཿཔདྨཱནྟ་ཀྲྀཏ་ཨ་མུ་ཀཾ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཛཿ ཞེས་བསྒྲལ་ནས་ཞལ་དུ་བསྟབས་དགྱེས་པར་བྱའོ། །ཚོགས་ལ་རོལ་པ་ནི། བརྡ་དང་བརྡ་ཡི་འབུལ་ལེན་སོགས་སྤྱི་དང་འདྲ་བར་བྱས་ནས། འདོད་པ་ལྔ་ལྡན་དུ་ལོངས་སྤྱད་ནས་སྨོན་ལམ་གདབ་པ་ནི། ཧོཿ འགྲོ་བའི་དོན་ཕྱིར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་བཅས་པ་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་ལོངས་སྤྱོད་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་བརྗོད། ལྷག་མ་རྣམས་བསྡུས་པའི་རྨེ་གཏོར་དང་གཙང་ལྷག་རྣམས་འདུ་བྱས་ལ་སྨན་རཀ་སྦྲན་ཏེ། ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ། དབང་ཆེན་ཐུགས་རྗེའི་ལྷ་ཚོགས་རྣམས། །རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀུན། །རྨད་བྱུང་གཏོར་མ་འདི་བཞེས་ལ། །དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །ཧྲཱིཿཔདྨཱནྟ་ཀྲྀཏ་ས་མ་ཡ་དེ་བ་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། རྨེ་གཏོར་ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་སྦྱོར་བའི་བྱང་སེམས་ཛ་གད་ཀྱིས་མཚོན་པའི་ཁ་ཕྲུས་བཏབ་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས་ལ་ལྷག་ཕུད་དང་བསྲེས་ཏེ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དབང་ཆེན་ལྷ་ཚོགས་ཕུད་ཀྱི་བདག །བར་དུ་ཚོགས་ཀྱིས་མི་མཆོད་དུ། །མ་ཚོགས་མཁའ་འགྲོ་ཚོགས་ལ་རོལ། །ཐ་མ་ལྷག་མས་མི་མཆོད་དུ། །དཔལ་གྱི་བཀའ་ཉན་ལྷག་ལ་དགྱེས། །ཐ་མ་གཅིག་ཏུ་མི་བསྲེ་རུ། །ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག །ལྷག་མ་ཁ་ཆུས་མི་བྲན་དུ། ཁྱོད་དང་ང་གཉིས་དམ་ཚིག་གཅིག །ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་མྲྀཏ་པྲ་ཆུཾ་སརྦ་ཏྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་དང་། ཧྲཱིཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ། །དབང་ཕྱུག་ཆེན་པོ་ཅི་བགྱིའི་བཀའ་ཉན་ཚོགས། །ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་མ། །དཔལ་གྱི་བཀའ་སྡོད་ཅི་བགྱིའི་བཀའ་ཉན་ཚོགས། །མཁའ་འགྲོ་གིང་ཆེན་ལངྐའི་ཚོགས་དང་བཅས། །དུར་ཁྲོད་བདག་པོ་མ་བདུན་སྲིང་བཞིའི་ཚོགས། །འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད། །མཛེས་པའི་སྐུ་ལ་འཇོ་སྒེག་ཚུལ་འཆང་ཞིང་། །མེ་ཏོག་ཚོམ་བུ་མཛེས་པའི་རྐེད་བཅིངས་ཅན། །ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ། །རྡོ་རྗེ་ཕྲ་མེན་མངག་གཞུག་བྱེད་པའི་ཚོགས། །དབང་ཆེན་བཀའ་ཡི་ཕམ་ཕབ་འདི་ལོངས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། ཧྲཱིཿཧྲཱིཿཧྲཱིཿ བྷྱོ་བྷྱོ་བྷྱོ། ཞེས་བརྗོད་ཅིང་། རོལ་མོ་དང་བཅས་པས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་གཏོར་མ་གཏང་བ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྒྱུར་དུ་བཞག །སྨན་རཀ་བྲན། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཧྲཱིཿ དཔལ་གྱི་གཏོར་ལེན་དམ་ཚིག་ཅན། །མཁའ་འགྲོ་ཤུགས་འགྲོ་མ་མོའི་ཚོགས། །སྔོན་གྱི་དམ་བཅས་མ་གཡེལ་བར། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །མི་མཐུན་ཚོགས་རྣམས་བཟློག་ཏུ་གསོལ། །བཛྲ་པྲ་མོ་ཧ་ཟློག་བྷྱོ་བྷྱོ། ཞེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ། གསུམ་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་གཏོར་མ་བྲན་ལ་འབྲུ་གསུམ་གྱིས་བྱིན་གྱི་བརླབ་སྟེ། ཧཱུྃ་ཧྲཱིཿ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང་། །སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང་། །ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི། །བོད་ཁམས་སྒོ་སྐྱོང་བརྟན་མ་བཅུ་གཉིས་ཚོགས། །སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན། །རང་རང་གནས་འདིར་གཤེགས་ལ་མཆོད་གཏོར་བཞེས། །རྣལ་འབྱོར་བདག་གི་འཁོར་སྲུངས་ཕྲིན་ལས་མཛོད། །ཅེས་གཏོར་མ་གཙང་སར་འབུལ་ལོ། །བཞི་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེའི་རྒྱས་བཏབ་ནས། ཧྲཱིཿ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར། །བར་གཅོད་དམ་སྲི་འདུལ་བའི་ལྷ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དཔལ་གྱི་རྟ་སྐད་ཙེ་རེ་རེ། ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །བདུད་དང་དམ་སྲི་རྡུལ་དུ་རློག །ཧྲཱིཿཔདྨཱནྟ་ཀྲིཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཡ་མ་དམ་སྲི་སཏྭཾ་བྷ་ཡ་ནན། ཞེས་བྲོ་བརྡུང་ངོ་། །ལྔ་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། འཛབ་ཀྱི་དབྱངས་དྲངས་ཏེ། ཧཱུྃ། ནམ་མཁའི་མཐའ་ཁྱབ་སྐུ་མངའ་འགྲན་དུ་མེད། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོག །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་འགྱུར་བ་མེད། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ས་གཞི་ལྟ་བུར་ཡོན་ཏན་ཟད་མི་ཤེས། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་བསྩལ་དུ་གསོལ། །ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ། །ཕྱག་ཆེན་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །བླ་མེད་ཐར་པའི་དངོས་གྲུབ་བསྩལ་དུ་གསོལ། །དམ་ཅན་མཁའ་འགྲོས་དངོས་གྲུབ་བསྩལ་དུ་གསོལ། །དང་པོར་བསྒྲུབས་ནས་དོ་ནུབ་ཞག་གྲངས་ཐེམས། །དུས་ལས་མི་འདའ་ཐུགས་རྗེས་དངོས་གྲུབ་སྩོལ། །སརྦ་སིདྡྷི་ཧཱུྃ་ཨཱཿ ཞེས་དངོས་གྲུབ་ནོད་པའི་ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱོད། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ། དབང་དོན་གྱི་དཀྱིལ་འཁོར་སོགས་དང་འབྲེལ་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། ཧཱུྃ་ཞེས་བརྗོད་པས་རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། དེ་ཡང་རིམ་བཞིན་ཐུགས་སྲོག་དྭངས་མའི་ཧྲཱིཿལ་བསྡུ། དེ་ཡང་མི་དམིགས་པར་བསྡུས་ནས་ཡི་གེ་དྲུག་པ་བརྗོད་པའི་རྐྱེན་གྱིས་སླར་ཡང་ལྷ་སྐུར་ལངས་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ །བདུན་པ་བསྔོ་སྨོན་ཤིས་བརྗོད་ཅི་རིགས་རིགས་མཐུན་གྱི་ཆོ་ག་གཞན་ནས་བླང་བས་མཐའ་རྒྱས་པར་བྱའོ། །འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། །པདྨའི་ཞལ་ལུང་ཟབ་མོའི་གཏེར། །མུན་པ་སེལ་བའི་སྒྲོན་མེ་ནི། །གསལ་བྱེད་ཕྲིན་ལས་འཇུག་བདེའི་ཁྲིགས། །སྙིང་པོའི་གནད་ཀྱི་གཞུང་དྲིལ་ཞིང་། ཁ་སྐོང་འཇུག་བདེར་གསལ་བྱས་པས། །འདི་ལས་བསོད་ནམས་གང་ཐོབ་དེ། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་རིག་འཛིན་ཆེན་པོ་པདྨ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་ལས་བྱང་སྐལ་བཟང་འདོད་འཇོ་ཞེས་བྱ་བ་འདི་ནི། ཨོ་རྒྱན་གསང་སྔགས་གླིང་འདུས་སྡེའི་ཉམས་བཞེས་ཉེར་མཁོར་རྒྱལ་བ་འཇིག་རྟེན་དབང་ཕྱུག་གི་བཀའ་ཡི་ཅོད་པན་གཙུག་ཏུ་བཀོད་པ་དང་། ཉེ་ཆར་པད་གླིང་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེའི་གསུང་གིས་བསྐུལ་བ་བཞིན་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དབེན་གནས་སུ་སྦྱར་བའོ།། །།

[edit]

TSAGLI image gallery goes here

Footnotes


Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).