Terdzo-OM-048

From Rinchen Terdzö
Revision as of 13:38, 8 September 2017 by Mort (talk | contribs)
This page is under construction. Check back later for updated content.

སྔགས་སྲུང་ཨེ་ཀ་ཛཱ་ཊིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་སྙན་བརྒྱུད་བཞིན་བཤད་པ

sngags srung e ka dzA Ti'i sgrub thabs rjes gnang dang bcas pa kun mkhyen chen po'i phyag bzhes snyan brgyud bzhin bshad pa

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྙིང་ཐིག་ (Snying thig)
parent cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 581-590 / Folios 1a1 to 5b1

[edit]

ཨཱོྃ་སྭསྟི། དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་། །མ་མོའི་གཙོ་མོར་ཡོངས་བཞེངས་ནས། །བསྟན་པ་སྐྱོང་མཛད་དེར་བཏུད་ནས། །སྒྲུབ་ཐབས་སྙིང་པོ་མདོ་ཙམ་བཤད། །འདིར་སྔགས་སྲུང་ཁྲོས་མ་རག་གདོང་མའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁྲག་ཆང་གིས་བྱུགས་པ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མཐའ་པདྨ་འདབ་བརྒྱད་དང་མེ་རིས་བསྐོར་བའི་དབུས་སུ། དཔལ་བཤོས་གྲུ་གསུམ་འཁོར་ལྔ་པ་འབྲུ་སྨན་ཤ་ཆང་སོགས་ཟས་བཟང་རྒུས་སྦགས་པ་ལ་མདའ་དར་མཐིང་ནག་སྐུ་རྟེན་ཙཀ་ལིས་བརྒྱན་པ་བཙུགས། མདུན་དུ་མཆོད་གཏོར་དང་སྨན་རཀ །མཐའ་མཆོད་པ་བཟང་པོས་བསྐོར། ཐོད་པའི་ནང་དུ་ཁྲག་ཆང་ཐུན་རྫས་དུག་གིས་སྦགས་པའི་དམ་རྫས་དང་། གྲི་སྙིང་། ཞིང་དབྱུག །སྒྲུབ་དཔེ་རྣམས་དང་། གུ་གུལ་ཚིལ་ཆེན་པད་རག་རྣམས་སྦྱར་བའི་སྤོས། ཌཱ་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་ཡི་དམ་ཞི་ཁྲོ་གང་འོས་ཀྱི་སྒྲུབ་མཆོད་དང་འབྲེལ་ཆགས་སུ་སྒྲུབ་པའམ། འདི་ཉིད་ཀྱི་སྒོས་ཆོས་ལྟར་བྱེད་ན། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་རླབས་བྱས་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མེ་དཔུང་འབར་བའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཨེ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་དབྱིངས་ཀྱི་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་དམ་ཚིག་གི་གཎྜི་ཕྲེད་ལ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས་སུ་བཞུགས་པར་བསམ་ནས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཙམ་བཟླས་ནས། མདུན་དུ་ཁྲག་མཚོ་ཁོལ་མའི་དཀྱིལ་ན་ཀེང་རུས་ཀྱི་རི་རབ་སྤུངས་པ། དེའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་ཏྲག་ཡིག་ཡོངས་སུ་གྱུར་པ་ལས་དཔལ་སྔགས་ཀྱི་བདག་མོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཅིག་གཙིགས་པ། དཔྲལ་བའི་དབྱིངས་ན་སྤྱན་གཅིག་ཁྲག་མིག་ཏུ་ཁོལ་བ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་རལ་པ་ཉག་གཅིག་གྱེན་དུ་འབར་བ། ཕྱག་གཡས་ཙིཏྟ་ཞལ་དུ་གསོལ་ཞིང་གཡོན་ཞིང་ཆུང་གི་རྒྱལ་མཚན་འཕྱར་བ། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ་འཕྱང་བ། སྟག་ཤམ་དང་མི་ལྤགས་ཀྱི་གཡང་གཞིའི་སྟོད་གཡོགས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མི་རོའི་གདན་ལ་རོལ་པ། གཡུའི་སྤྱང་མོ་མང་པོ་ཕོ་ཉར་འགྱེད་པ། བསྟོད་བསྐུལ་ལྟར་འཁོར་ཅན་དུ་བྱེད་ན། ཤར་དུ་རོ་ཟ་ཤཱནྟི་མཐིང་ནག་ཞིང་ཆུང་དང་ཐོད་ཁྲག་འཛིན་པ། ལྷོར་མེ་ལོང་གདོང་སེར་མོ་གསལ་ཤིང་ནམ་མཁར་སྒྱུར་བ། ནུབ་ཏུ་རྨ་བྱའི་མགྲིན་ཅན་དམར་མོ་གསལ་ཤིང་དང་ཐོད་དབྱུག་འཛིན་པ། བྱང་དུ་གཙུག་ན་མེ་འབར་ལྗང་ནག་ཁ་ཊྭཱཾ་དང་སྦྲུལ་ཞགས་འཛིན་པ། ཐམས་ཅད་ཀྱང་གཅེར་བུ་ཁྲོ་གཏུམ་ཕོ་ཉ་མོའི་ཆ་ལུགས་ཅན་ནོ། །གཞན་ཡང་སྔགས་བདག་མ་མོ་བདུན་འབུམ་སོགས་འཁོར་ཚོགས་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མ་མོ་འཁོར་བཅས་བཛྲ་ས་མཱ་ཛཿ ཨཱོྃ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཞེས་བཟླ་ཞིང་སྦྱར་སྤོས་བསྲེག །བྷྱོ། བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་སྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །བཛྲ་ས་མ་ཡ་ཛཿ ཞེས་དང་འབོད་སྔགས་མང་དུ་བཟླས་པས་སྤྱན་དྲངས། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །འཁོར་བཅས་གནས་འདིར་བཞུགས་སུ་གསོལ། །ཏྲག་རཀྴ་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཨཱོྃ་ཨེ་ཀ་ཙཱ་ཏི་ན་མོ། ཞེས་ཕྱག་འཚལ། རྩ་སྔགས་ཀྱི་མཐར་ཨརྒྷཾ་པཱ་དྱཾ་སོགས་བཏགས་པས་ཕྱི་མཆོད་འབུལ། ཧཱུྃ། སྣ་ཚོགས་འདུས་པ་བདུད་རྩིའི་རོ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །རྣམ་པར་དག་པའི་བདུད་རྩི་འདིས། །ཨེ་ཀ་ཙཱ་ཏི་འཁོར་བཅས་མཆོད། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་པི་པ་ཧཱུྃ། ཞེས་བདུད་རྩིས་མཆོད། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟས་མཆོད། མ་མ་རཀྨོ་ཨེ་ཀ་ཙཱ་ཏི་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ལ། བསྟོད་པ་ནི། བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོ་ཟུ་ཅན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཙིཏྟ་འདི་གསོལ་དམ་ཚིག་སྲོག་ལ་རྔམས། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་བཞེས་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང་། གསང་རྒྱུད་ལས་བྱུང་བའི་རྟགས་བསྟོད་སོགས་ཀྱང་ཤེས་ཤིང་སྤྲོ་ན་བྱའོ། །བཟླས་པ་ནི། བདག་མདུན་གྱི་སྙིང་གར་ཉི་མ་ལ་སྲོག་གི་སྙིང་པོ་བཀོད་པ་ལ་སྤྲོ་བསྡུའི་དམིགས་པ་སྦྱར་ཏེ། སྔར་གྱི་འབོད་སྔགས་ཅི་ནུས་བཟླས་ནས། ཏྲག་རཀྴ་ཁ་མུ་ཏྲ་མུ་རུ་ལུ་མུ་རུ་ལུ་ཧཱུྃ་བྷྱོཿརཀྨོ་ཏེ་ཀེཾ་ཙ་ཚ་ཁ་ལ་བྷྱོཿརུ་ལུ་རུ་ལུ་མ་ཏི་བྷྱོཿ ཞེས་པ་དང་། ཁྱད་པར་རྦད་པ་ནི། ཨཱོྃ་མ་མ་ཏྲག་རཀྴ་སྙིང་ཐུམ་རྦད་མྱོགས་ཐུམས་ཐུཾ་རྦད་སྙིང་གཟེར་སྲོག་འདར་ཡེད་ཆུམས་སྲོག་ཏྲིག་ཏྲིག་ཤཾ་ཁྱེར་བྷྱོཿ ཞེས་པའང་ཅི་རིགས་བཟླ་སྟེ་སྐབས་འདིར་མང་མི་དགོས་སོ། །སྔར་བཤམས་པའི་ཐོད་པའི་དམ་རྫས་ལ་ཁམས་གསུམ་གྱི་དུག་ཐམས་ཅད་ཐིམ་པར་མོས་ནས་རྦད་སྔགས་ཅི་རིགས་བཟླས་པ་སྙིང་ཐུན་དུ་བཅུག་ནས་གསད་པའི་ལས་མཐའ་དང་སྦྱོར་ཏེ་འདིའི་མན་ངག་རྣམས་གཞན་དུ་ཤེས་སོ། །བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་སྤྲོ་ནའང་འདིར་བྱ། ཐུན་མཐར་གཏོར་མ་བསྟབ་པ་དང་། མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ། བགེགས་སྐྲོད་པ་རྣམས་སོང་ནས། སྔར་སྡེ་ལྔའི་མཚམས་སྦྱོར་དུ་བཤད་པའི་མ་མོ་རང་རྐྱང་དུ་སྒྲུབ་པ་དང་། དྲེགས་པ་གཞན་གྱི་འཁོར་ཅན་དུ་སྒྲུབ་པ་གཉིས་ལས་སྔ་མ་ལྟར་སྒྲུབ་པ་སྟེ། དེ་ལ་ཡང་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས་འདིར་མན་ངག་སྙིང་ཐིག་ཆེན་མོའི་གདམས་པ་དང་འབྲེལ་ཆགས་སུ་བྱོན་པ་༧ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཧོཿ བླ་མ་ཀུན་བཟང་ཧེ་རུ་ཀཿ རང་བཞིན་དབྱིངས་ནས་སྐུ་བཞེངས་ལ། །བདག་ལ་དཔལ་ལྡན་ཁྲོས་མ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། འོ་ རིགས་ཀྱི་བུ་ཁྱོད་སྐལ་བ་བཟང་། །གསང་སྔགས་བསྟན་པ་བསྲུང་བ་དང་། །སེམས་ཅན་མ་ལུས་གདུལ་སླད་དུ། །ནག་མོ་ཁྲོས་མའི་གནང་བ་སྦྱིན། །དམ་སྲུངས་བདུད་རྩིའི་ཆུ་འདི་ཐུངས། །མ་ཧཱ་སུ་ཁ། ཞེས་མནའ་ཆུ་བླུད། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག་བྱ། གནས་ཁང་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཆོས་འབྱུང་དང་བཅས་པའི་ལྟེ་བར། སློབ་མ་དབྱིངས་ཀྱི་ཀུན་ཏུ་བཟང་མོར། བསྐྱེད་པའི་ཐུགས་ཀར་དགའ་བ་འཁྱིལ་བ་དཀར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་དགའ་འཁྱིལ་ལ་ཕོག་པས། གཡས་སུ་འཁོར་བའི་འོད་ཀྱིས་ཨོ་རྒྱན་སྤྲུལ་པའི་ཞིང་དང་དུར་ཁྲོད་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་སློབ་མ་ལ་ཐིམ་པར་བསམ་སྟེ་སྦྱར་སྤོས་བསྲེག་ཅིང་ཌཱ་དྲིལ་གྱི་རོལ་མོ་དང་བཅས་པས། ཧཱུྃ། རང་བཞིན་དབྱིངས་ཀྱི་གནས་མཆོག་ནས། །དཔལ་ལྡན་ནག་མོ་ཁྲོས་མ་ནི། །ཨེ་ཀ་ཙཱ་ཏི་དབྱིངས་ཀྱི་ཡུམ། །མཆེད་ཀྱི་མ་མོ་སྤྲུལ་འཁོར་བཅས། །སྐུ་མདོག་སྨུག་ནག་ཙེ་རེ་རེ། །དགྱེས་པའི་བཞད་སྒྲ་ཡ་ལ་ལ། །དངོས་གྲུབ་ཆར་འབེབ་སི་ལི་ལི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བདག་དང་མོས་པའི་བུ་རྣམས་ལ། །དབང་སྐུར་བྱིན་རློབས་ཚེ་དབང་སྩོལ། །ལས་བཞིའི་ཕྲིན་ལས་འགྲུབ་པ་དང་། །བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཨཱོྃ་མ་མ་ཨེ་ཀ་ཙཱ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླ་ཞིང་རོལ་མོ་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲ། ཞེས་གཉིས་མེད་དུ་བྱས་ནས། གཏོར་མ་སྔར་གྱི་མདུན་བསྐྱེད་ཀྱི་སྐབས་ལྟར་སློབ་མའི་བློ་ངོར། གསལ་བཏབ་ལ། བླ་མའི་དཔྲལ་བ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་སྐུའི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་སྤྱི་བོར་ཐིམ་པར་བསམ། གཏོར་མ་མགོ་བོར་བཞག་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་སྐུ་ཡི་ལྷ། །སྐུ་ཡི་མ་མོས་བྱིན་གྱིས་རློབས། །སྐུ་ཡི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། སྐུའི་རྗེས་གནང་ངོ་། །དེ་བཞིན་དུ་ཡང་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་གསུང་གི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་མགྲིན་པར་ཐིམ་པར་བསམ། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་གསུང་གི་ལྷ། །གསུང་གི་མ་མོས་བྱིན་གྱིས་རློབས། །གསུང་གི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ནང་མཆོད་ཀྱི་བདུད་རྩི་ཡང་བླུད། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་བྱུང་། ཁར་ཞུགས་སྙིང་གར་ཐིམ་པར་བསམ་སྟེ་བཟླས་ལུང་བྱ། གསུང་གི་རྗེས་གནང་ངོ་། །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་ཐུགས་ཀྱི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་སྙིང་གར་ཐིམ་པར་བསམ། གཏོར་མ་སྙིང་གར་གཏད་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་ཐུགས་ཀྱི་ལྷ། །ཐུགས་ཀྱི་མ་མོས་བྱིན་གྱིས་རློབས། །ཐུགས་ཀྱི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩཱ་ཧཱུྃ། ཐུགས་ཀྱི་རྗེས་གནང་ངོ་། །དེ་ནས་བཀའ་བསྒོ་བ་ནི། སློབ་མའི་སྤྱི་བོར་གཏོར་མ་གཟུང་། ལག་གཡས་སུ་སྙིང་། གཡོན་དུ་ཞིང་དབྱུག །མདུན་དུ་ཐུན་ཁྲག་གི་ཐོད་པ་དང་སྒྲུབ་དཔེ་རྣམས་གཏད་ལ། སློབ་དཔོན་ཆེ་བའི་ང་རྒྱལ་གྱིས་བཀའ་སྡོད་ཀྱི་ཚུལ་དུ་བཀའ་བསྒོ་བ་ནི། ཧཱུྃ་བྷྱོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྔགས་ཀྱིས་སྲུང་མས་བྱིན་གྱིས་རློབས། །དངོས་གྲུབ་མ་ལུས་དུས་འདིར་སྩོལ། །ཕྲིན་ལས་རྣམ་པ་བཞི་ཡིས་ནི། །གསང་སྔགས་བསྟན་སྲུངས་དམ་ཆོས་སྐྱོངས། ཁྱོད་ཀྱིས་འགྲོ་བ་འདུལ་བར་བརྩོན། །དེ་བཞིན་མ་མོ་འཁོར་བཅས་ཀྱིས། །སྐལ་ལྡན་བུ་ལ་བྱིན་གྱིས་རློབས། །ཞེས་དང་གོང་གི་སྔགས་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུཿཔུཎྱེ་བཱ་སུ་པུ་ཏྲ་སིདྡྷི་ཧཱུྃ་ཧཱུྃ། ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཕཊ། ཅེས་དང་། དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་ཏུ་བཟང་པོ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྡོང་གྲོགས་དང་། ཕྱི་ནང་གསང་བ་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཟློག་པ་དང་། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པ་དང་། མི་འགྱུར་བའི་ཚེ། མི་ཟད་པའི་ལོངས་སྤྱོད། རབ་ཏུ་རྒྱས་པའི་དབང་ཐང་། ཐུབ་པར་དཀའ་བའི་མཐུ་སྟོབས་སྩོལ་བ་དང་། མདོར་ན་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་པ་ལྟ་བུས་མཚོན་ནས་བཀའ་བསྒོའི་ཚིག་རྒྱས་བསྡུས་ཇི་ལྟར་རིགས་པ་བྱས་ལ། གཏོར་མའི་ལྷ་སློབ་མ་ལ་བསྟིམ། གཏོར་ཟན་དངོས་གྲུབ་ཏུ་བྱིན། ཁས་བླང་མཎྜལ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན། རྗེས་གནང་འདིའི་ལུགས་བཀའ་གཉན་པས་ཐུན་མོང་དུ་བྱེད་དགོས་ན། སྐུ་གསུང་ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་པ་དང་གཏོར་མའི་བཀའ་བསྒོ་ཙམ་སྤྱི་འགྲོ་ལྟར་བྱེད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སློབ་མ་ལ་རྗེས་གནང་ཡང་དེ་བཞིན་ཏེ། དེ་ལས་ལྡོག་ན་འཁུ་ལྡོག་འབྱུང་བས་དཀྱུས་སུ་བཀོད་པ་ཉིད་བཀའ་དོག་པར་བྱའོ། །ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཀྱང་སྔར་བཤད་པ་ལྟར་རོ། །མི་འ༵གྱུར་ཆོས་ཉིད་འགག་མེ༵ད་རྩལ། །རྡོ༵་རྗེ༵་ཁྲོ་མོའི་སྐུར་བཞེངས་པའི། །སྒྲུབ་ཐབས་ཀུན་མཁྱེན་ཆོས་རྗེ་ཡི། །སྙན་བརྒྱུད་དཀོར་ནོར་ལྷུག་པར་སྤེལ། །སྔགས་སྲུང་ཨེ་ཀ་ཛཱ་ཊིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་སྙན་བརྒྱུད་བཞིན་བཤད་པའི་ལེའུ་ཚན་ནོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).