Terdzo-A-019

From Rinchen Terdzö
Revision as of 16:35, 7 November 2016 by Jeremi (talk | contribs)
This page is under construction. Check back later for updated content.

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་

dam rdzas bdud rtsi'i sgrub thabs gsang chen mchog gi myur lam

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  དམ་རྫས་བདུད་རྩིའི་སྒྲུབ་ཐབས་ (Dam rdzas bdud rtsi'i sgrub thabs)
Volume 30 (ཨ) / Pages 451-540 / Folios 1a1 to 45b6

[edit]

༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེའི་ཐེག་པའི་དམ་ཚིག་གི་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འགྱུར་མེད་ཀ་དག་ཆོས་ཀྱི་སྐུ་སྟེ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ལྷུན་གྲུབ་རང་རྩལ་སྒྱུ་འཕྲུལ་རྡོ་རྗེ་ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས། །བརྟན་གཡོའི་འཁོར་ལོར་ཆད་པ་མེད་འཇུག་ཀུན་བཟང་ཧེ་རུ་ཀ་དཔལ་དང་། །དབྱེར་མེད་ཁྱབ་བདག་ཐོད་ཕྲེང་རྩལ་ཞེས་རིགས་བརྒྱའི་མགོན་པོ་དེར་ཕྱག་འཚལ། །གཙང་དམེའི་གཉིས་འཛིན་མ་དག་ལྕགས་ཁམས་བདག །རྟོག་བྲལ་ཡེ་ཤེས་མཆོག་གི་གསེར་འགྱུར་རྩིས། །བདེ་ཆེན་བདུད་རྩིར་རྒྱས་འདེབས་རྡོ་རྗེ་སེམས། །མི་ཡི་ཟོལ་བསྟན་རིག་འཛིན་ཚོགས་རྣམས་རྒྱལ། །རྒྱལ་ཀུན་ཐུགས་རྗེའི་ནུས་གཟུགས་པད་དཀར་འཛིན། །རྩོད་དུས་འགྲོ་ངོར་བཤེས་གཉེན་མཆོག་གི་གར། །སྒྱུར་མཛད་སྲིད་པ་གསུམ་ན་མཚན་དབྱངས་རྔ། །བློ་བཟང་རྒྱ་མཚོའི་གྲགས་འབར་དེ་ལ་འདུད། །གང་གསུང་ཡེ་ཤེས་ཉི་མའི་ཟེར་ཕྲེང་གིས། །བློ་གྲོས་འདབ་སྟོང་བཞད་པའི་ཀེ་ས་ར། །ལེགས་བཤད་སྦྲང་རྩིས་མངར་བའི་འཛུམ་ཕྲེང་ཅན། །ངོ་མཚར་མཆོད་སྤྲིན་མེ་ཏོག་ཕྲེང་བར་སྤེལ། །དེ་ཡང་རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་བློ་དང་བསྟུན་ནས་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་བསྡུ་ན་ཐེག་པ་གསུམ་དུ་འདུས་ཏེ། བདུད་རྩི་བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་འདུས། །ཞེས་བཤད་པས། དེ་ཡང་ཉན་རང་གི་ཐེག་པ་ནི་མྱང་འདས་ཀྱི་ལམ་དང་འབྲས་བུས་རྫོགས་པ་མ་ཡིན་ཏེ། ལམ་གྱི་གནད་ཉུང་ཞིང་ཆོད་ཆུང་བས་འབྲས་བུ་ཐར་པའི་ཆ་ཙམ་ཐོབ་པ་ལས་མེད་པས་མཐར་ཐུག་གི་ཐེག་པ་ཆེན་པོ་ལ་གཞོལ་དགོས་པའི་ཕྱིར། དགོས་པའི་དབང་གིས་ཐེག་པ་གསུམ་དུ་གསུངས་ཀྱང་གཉིས་པོ་ཐེག་ཆེན་གྱི་ལམ་ཁོ་ནར་འདུ་ཞིང་། ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་འབྲས་གཉིས་སུ་བསྟན་པའི་རྒྱུའི་ཐེག་པ་ནི་འབྲས་བུ་མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་བས་དང་པོར་འཇུག་པའི་སྒོ་དང་། ལམ་རྫོགས་པར་སྟོན་པ་ནི་རྡོ་རྗེ་ཐེག་པ་ཁོ་ནར་ངེས་པ་སྟེ། སྔ་མའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་ཕྱི་མར་ཚང་ཞིང་། ཕྱི་མའི་ཐུན་མོང་མ་ཡིན་པ་རྣམས་སྔ་མར་མེད་པའི་ཁྱད་ཆོས་ཡིན་པས་དོན་གྱི་སྒོ་ནས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་ཐེག་པ་ཁོ་ནར་འདུས་པར་བསྟན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་པ་སྟེ། ཟབ་མོའི་འཇུག་སྒོ་འདི་ཉིད་དུ་ཞུགས་ཤིང་དཀྱིལ་འཁོར་ཆེན་པོར་དབང་གིས་སྨིན་པར་བྱས་པའི་གང་ཟག་གིས། ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་འགྲུབ་པའི་ཉེ་རྒྱུའི་གནད་ནི་དམ་ཚིག་དག་པ་ལ་རག་ལས་ཤིང་། དེ་ལ་ཡང་འདིའི་དབང་དུ་བྱས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། ཡན་ལག་གི་སྐབས་སུ་དང་དུ་བླང་བྱར་བཤད་པ་ནི་དམ་རྫས་བདུད་རྩིར་གྲགས་པ་འདི་ཉིད་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་དང་། དེ་ཉིད་ཀྱི་ཕྱི་རྒྱུད་འགོས་འགྱུར་ལས། ལས་དང་ཉོན་མོངས་བྲལ་བའི་ཕྱིར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དྲི་ཆེན་སོགས་ལྔ་བྱིན་རླབས་དང་། །བདུད་རྩི་ལྔ་པོ་དག་ཀྱང་སྟེ། །ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །ལ་སོགས་སྦྱོང་བ་རིམ་པས་ཀྱང་། །དངོས་གྲུབ་ཕྱིར་བཟའ་རྣལ་འབྱོར་མའི། །དངོས་གྲུབ་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་པས་དམ་ཚིག་གི་རྫས་འདི་ཉིད་ཆོ་ག་བཞིན་རྒྱུན་དུ་བསྟེན་པས་ནི་དང་དུ་བླང་བྱའི་དམ་ཚིག་རང་གི་ངོ་བོ་འདའ་བར་མི་བྱ་བའི་དོན་ལ་གནས་པ་དང་། ཉེས་ལྟུང་དང་ཉམས་ཆག་གཞན་མང་པོ་ཡང་སྦྱོང་ཞིང་། སྦྱངས་འབྲས་གསར་ཐོབ་ཀྱི་ཡོན་ཏན་དུ་མ་ཡང་སྐྱེད་པར་བྱེད་པའི་ཐབས་མཆོག་ཏུ་འགྱུར་བ་ཉིད་དོ། །དེ་ལ་བདུན་ཏེ་བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བསྟན་པ། བརྟེན་པར་གསུང་ཚུལ། རྣམ་གྲངས་ཀྱི་དབྱེ་བ། དམ་རྫས་གསག་ཚུལ། སྒྲུབ་པ་ཉམས་སུ་བླང་བ། དེའི་ཕན་ཡོན་བརྗོད་པའོ། །དང་པོ་ནི། དེ་ཡང་བདུད་རྩིའི་གཞི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ།་་་འདི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཡིན་ལ། དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལས་བྱུང་ཞིང་། དམ་རྫས་བདུད་རྩི་དག་ཀྱང་དེ་ལ་ཕན་པས་ན་བདུད་རྩིའི་སྒྲར་བརྗོད་དོ། །བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་བསྩལ་ཏོ། །ཞེས་པས་སྲིད་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དངོས་སྣང་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། ཕུང་པོ་ལྔར་སྣང་ལ། དེ་ཉིད་ཡེ་ནས་རང་བྱུང་གི་བདུད་རྩི་ལྔར་རྣམ་པར་དག་པས་རྐྱེན་གཞན་གྱིས་ཕྲལ་དུ་མ་བཅོས་མ་བསྒྲུབས་པར་གདོད་ནས་མངོན་པར་བྱང་ཆུབ་པའི་ཕྱིར་དུས་གསུམ་སོགས་འཁོར་འདས་ཀྱི་ཆོས་སོ་ཅོག་སྐུ་གསུང་ཐུགས་སུ་རྫོགས་ཤིང་དེ་ལྟར་སྣང་བ་ནི། སྒྱུ་འཕྲུལ་སོགས་དཀྱིལ་འཁོར་ཆེན་པོ་དག་གི་སྨན་མཆོད་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་གསུངས་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བའི་དམ་རྫས་བདུད་རྩི་དེ་ཉིད་རང་ལས་བྱུང་ཞིང་གདོད་ནས་རྣམ་པར་དག་པའི་ངོ་བོ་ཅན་ཡིན་ནོ། །ཞེས་པའི་ངེས་པ་དང་འབྲེལ་ཞིང་། གཉིས་པ་ངེས་ཚིག་བསྟན་པ་ནི། མྲྀད་སྲོག་གཏོང་བའི་ཁམས་ལ་ཀྟའི་རྐྱེན་དང་སྔོན་དུ་དགག་པའི་ནཉྲ་བཞག་པས་ཨ་མྲྀཏ་འཆི་བ་མེད་པ་ཞེས་པའི་སྒྲ་ལས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སམ། སྨན་དུ་གྱུར་པའི་ཕྱིར་བདུད་རྩིའི་ངེས་པ་ཅན་ཏེ། སློབ་དཔོན་ཆེན་པོས། དམ་རྫས་བདུད་རྩི་རྣམ་དག་ཅེས་བྱ་བ་ནི་ལྔ་སྟེ། དྲི་ཆེན་དང་། དྲི་ཆུ་དང་། བྱང་སེམས་དང་། རཀྟ་དང་། ཤ་ཆེན་དང་ལྔ་པོ་དེ་མི་གཙང་དམེ་བར་མཐོང་བས་བདུད་དང་འདྲ་ལ། རང་ལས་བྱུང་ཞིང་གདོད་ནས་དག་པས་རྩི་དང་འདྲ་སྟེ། བདུད་རྩི་དེས་ཉོན་མོངས་པ་དང་དུག་ལྔ་འཇོམས་ཤིང་དག་པར་བྱེད་པས་ན་དམ་རྫས་བདུད་རྩི་ཞེས་བྱའོ། །ཞེས་གསུངས་ཤིང་། ལུང་རབ་གསལ་ལས་ཀྱང་། གཙང་དམེར་འཛིན་བདུད་དམ་རྫས་རྩིས། །ཡེ་ཤེས་ངང་དུ་རོ་གཅིག་པ། །ཞེས་གསུངས་པའི་ངེས་ཚིག་ཅན་ནོ། །གསུམ་པ་བརྟེན་པར་གསུངས་ཚུལ་ནི། ངེས་ཚིག་དེ་ལྡན་གྱི་བདུད་རྩི་དེ་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་སྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་དང་། རིགས་ལྔའི་རང་བཞིན་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ཐལ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་ཀྱང་དང་དུ་བླང་དགོས་ཏེ། ཐུགས་རྒྱུད་གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགུགས་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུགས་པའི་མཆོག་ཏུ་འགྱུར། །ཞེས་གསུངས་ཤིང་དེ་ཉིད་བརྟེན་ན་མཁའ་འགྲོ་རྣམས་འདུ་ཞིང་དངོས་གྲུབ་ཉེ་བས་ཀྱང་དང་དུ་བླང་སྟེ། འདུས་པ་མདོར། བ་གླང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་དང་། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ཅིང་། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །ཞེས་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་བས་ཀྱང་དང་དུ་བླང་བར་བྱ་བ་ཡིན་ནོ། །བཞི་པ་རྣམ་གྲངས་ཀྱི་དབྱེ་བ་ནི། བདུད་རྩི་ཡོན་ཏན་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ར་སཱ་ཡཱ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་གསུངས་པའི་རྩ་བ་བརྒྱད་ལ་ཡང་ལྔ་སྟེ། སྔོན་བྱུང་དང་། ཕྱིའི་དང་། ནང་གི་དང་། གསང་བའི་དང་། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་དང་ལྔའོ། །དང་པོ་སྔོན་བྱུང་གི་རྩ་བ་བརྒྱད་ནི། སྔོན་དཔལ་ཆེན་པོས་མ་ཏྲཾ་རུ་དྲ་བསྒྲལ་པའི་ཟག་པ་རྒྱ་མཚོར་འཕངས་པའི་རྒྱུ་ལས་བདུད་རྩི་ཐམས་ཅད་ཀྱི་ཕྱི་མོ་ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོར་གྲུབ་སྟེ། དེ་ཡང་སྡོང་པོ་ཙན་དན་སྨུག་པོ། རྩ་བ་མཱུ་ལ་པ་ཏྲ།་་་མ་ནུ། ཡལ་ག་ལི་ཤི །ལོ་མ་གནྡྷ་པ་ཏྲ།་་་རྒྱ་ཤུག་ལོ་མ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར། ཤུན་པ་ཤིང་ཚར་སྣང་བ་ཞིག་བྱུང་སྟེ། དེ་ཡང་བམ་བརྒྱད་ལས། འདི་དག་ཀུན་གྱི་མཚན་ཉིད་ནི། རྩ་བ་སྡོང་པོ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་པགས་འབྲས་བུ་སྙིང་པོར་བཅས། །ཞེས་པའི་ཚུལ་གྱིས་གནས་པ་ཉིད་དེ་རྒྱལ་བ་ཀུན་གྱི་དམ་ཚིག་གི་རྫས་ཆེན་པོ་འོ། །གཉིས་པ་ཕྱིའི་རྩ་བ་བརྒྱད་ནི། གོང་དུ་ཙན་དན་སྦྲུལ་གྱི་སྙིང་པོར་རྫོགས་པའི་སྨན་སྣ་བརྒྱད་པོ་སོ་སོ་བ་དེང་སང་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ནོ། །གསུམ་པ་ནང་གི་རྩ་བ་བརྒྱད་ནི། མཆོག་ཆེན་པོ་མི་ལ་ཚང་སྟེ་སྲིད་པ་ཆགས་པའི་རྩ་བ་ལྟེ་བ། གཟུགས་ཕུང་བྱིངས་ཀྱི་ཤ་རུས་སྡོང་པོ། ཡལ་ག་ཡན་ལག་བཞི། ལོ་མ་སེན་མོ་སྐྲ་དང་བ་སྤུ། མེ་ཏོག་དབང་པོ་ལྔ། འབྲས་བུ་དོན་སྙིང་ལྔ། སྙིང་པོ་རྐང་མར་དང་ལྷ་བ་ཀླད་རྒྱུངས། ཤུན་པ་པགས་པའོ། །བཞི་པ་གསང་བའི་རྩ་བ་བརྒྱད་ནི། ཡབ་ཀྱི་རྒྱུ་བཞི་དང་ཡུམ་གྱི་རྐྱེན་བཞི་སྟེ་བརྒྱད་ལས། །དང་པོ་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་ཧྃ་ཡིག་གི་རྣམ་པར་གནས་པས་ཀླད་པ། གཞུང་ལམ་རྒྱུངས་པ། བསྟི་བའི་སྒོ་གསང་བའི་འབྲས་བུ། གཤེགས་ཤུལ་རྡོ་རྗེའི་རྩ་བོ་ཆེ་སྟེ་བཞིའོ། །གཉིས་པ་ཡུམ་གྱི་རྐྱེན་བཞི་ནི། པདྨ་རཀྟའི་ཕོ་བྲང་མཆིན་པ། གསོག་པའི་སྣོད་བུ་སྣོད། ལེན་པའི་གནས་པདྨའི་སྒོ། རྒྱུན་ལམ་ཟེའུ་འབྲུ་དང་བཞི་སྟེ་བརྒྱད་དོ། །དེ་ལྟར་བརྒྱད་ཚན་གསུམ་པོ་དེ་དག་རེ་རེ་ལ་ཡང་སྐྱོབས་དང་གྲོགས་ལ་སོགས་པ་སོ་སོར་བརྒྱ་ཉེར་ལྔ་རེ་སྦྱར་དུ་ཡོད་པས། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཞེས་འབྱུང་ངོ་། །ལྔ་པ་སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དེ། གཙོ་བོ་ལྔ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ། དགོས་དོན་ལྔ། དགོས་ཆས་ལྔའོ། །དེ་ཡང་གཙོ་བོ་ལྔ་ནི། དྲི་ཆེན། དྲི་ཆུ། བྱང་སེམས། རཀྟ། ཤ་ཆེན་གྱི་དྭངས་མ་གསུམ་གང་རུང་ངོ་། །སྙིང་པོ་ལྔ་ནི། བམ་གཙང་མའི་དབང་པོ་ལྔའོ། །འབྲས་བུ་ལྔ་ནི། དུད་འགྲོ་རྨིག་ཟླུམ། རྨིག་ལེབ། རྨིག་པ་ཁ་དབྲག །འདབ་ཆགས། ས་འོག་ན་གནས་པ་འཕྱི་བ་རྣམས་ཀྱི་ཤ་ལ་བཤད་དོ། །ཡོན་ཏན་ལྔ་ནི། ཁ་ཅིག་ཏུ་འབྲས་བུ་གསུམ་དང་། ཅུ་གང་། ལི་ཤི་ལྔ་ལ་བཤད་ཀྱང་། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར་རྣམས་རིམ་པ་བཞིན་བྱང་སེམས་དཀར་དམར་ཤ་ཆེན་དྲི་ཆེན་དྲི་ཆུ་རྣམས་སུ་བཤད་པ་དོན་གྱིས་ཐོབ་བོ། །སྡུད་པ་ལྔ་ནི། བཞི་མཉམ་་་བཞི་མཉམ་པའི་དྲི་ཆེན་ལག་ལེན་བཞིན་སྦྱར་བ་སྟེ། སྡོམ་འབྱུང་ལས། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་གཟུང། །ཞེས་སོགས་ཀྱིས་ཤེས་སོ།གྱི་སྟེང་དུ་ཨ་མྲྀཏའི་རྩ་བ་ཕབས་རྒྱུན་ག་བུར་གུར་གུམ་ཛཱ་ཏི་ཙནྡན་དང་ལྔའོ། །དུལ་བ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུ་ཀ །ལི་ག་དུར། དབང་ལག །སུགྨེལ་དང་ལྔའོ། །དེ་རྣམས་ལ་སྨན་གཞན་རྣམས་དུལ་བའི་ནུས་པ་དང་ལྡན་པས་དུལ་བ་ཞེས་བཤད་དོ། །དགོས་དོན་ལྔ་ནི། རྡོ་རྗེ་སློབ་དཔོན། རྡོ་རྗེ་རྒྱལ་ཐེབས། ཀརྨ་ཀིང་ཀ་ར། ལས་བྱེད། གཟུངས་མ་དང་ལྔའོ། །དགོས་ཆས་ལྔ་ནི། དཀྱིལ་འཁོར། མཆོད་པ། རྫས། ཡོ་བྱད། ཀ་པཱ་ལ་མཚན་ལྡན་དང་ལྔའོ། །དེ་ལྟར་རྩ་བ་བརྒྱད་པོ་དེ་རྣམས་ལ་ཡན་ལག་སྟོང་སྦྱར་བ་ནི། ལྔ་ཚན་ཕྱི་མ་གཉིས་མ་གཏོགས་པའི་གོང་མ་དྲུག་པོ་དེ་རྣམས་རེ་རེར་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་འགྲུབ་པ་ཡིན་ལ། དེ་དག་ཀྱང་དཀྱིལ་འཁོར་ལ་སོགས་པ་དགོས་ཆས་ལྔ་དང་ལྡན་པར་སློབ་དཔོན་ལ་སོགས་དགོས་དོན་ལྔ་པོ་དེ་རྣམས་ཀྱིས་ཚུལ་བཞིན་བསྒྲུབས་པས་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཞེས་པའི་དོན་ཡོངས་སུ་རྫོགས་པའོ། །གཞན་ཡང་བདུད་རྩི་ལྔ་རེ་རེ་ལ་ཡང་རྩ་བ་བརྒྱད། སྨན་དང་། རིན་པོ་ཆེ་དང་། ཆུ་ལ་སོགས་པ་རེ་རེ་ལ་ཡང་རྩ་བ་བརྒྱད་ཡོད་པར་འཆད་ཀྱང་དོན་འདིར་མ་འདུས་པ་མེད་དེ། མདོར་ན་སྣང་སྲིད་ཀྱི་རྩི་བཅུད་ཐམས་ཅད་སྨན་འདི་ཉིད་དུ་བསྡུ་བར་བཤད་དེ། སྣང་སྲིད་རྩི་བཅུད་སྨན་དུ་སྡུད། །ཅེས་དང་། བམ་བརྒྱད་ལས་ཀྱང་། ར་སཱ་ཡཱ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ཅེས་དང་། །དེའི་འགྲེལ་པར། ཕྱི་ནང་གསང་བའི་སྨན་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱང་བདུད་རྩི་འདི་ཉིད་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་སོགས་འདི་དག་གི་དབྱེ་བསྡུ་རྣམ་གྲངས་ཇི་སྙེད་པ་ཞིག་འབྱུང་ཡང་གཞན་དུ་བཤད་པ་ལས་ཤེས་སོ། །ལྔ་པ་དམ་རྫས་ཀྱི་རྒྱུ་གསག་པ་ནི། དེ་ཡང་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་ལས། དྲི་ཆེན་དང་དྲི་ཆུ་ནི་བླ་མ་དམ་པའམ་རིམ་གཉིས་ཀྱི་ལམ་ལ་སྤྱོད་པའི་རྣལ་འབྱོར་ཕོ་མོ་དམ་ཚིག་དག་པ་ལས་བླངས་ཏེ་དེ་ཉིད་ཀྱང་ལུས་རྔུལ་བ་དང་། བྱང་སེམས་ཉམས་པ་དང་། ན་བ་དང་། ངལ་ཞིང་དུབ་པའི་དུས་མ་ཡིན་པར་བྱུང་བའི་དྲི་ཆེ་ཆུང་ངོ་། །བྱང་སེམས་ནི་ཁྱེའུ་གཙང་མའམ། རང་ངམ། རང་ཉིད་དང་ཤེས་རབ་མ་རྡུལ་འཛག་པའི་དུས་སྙོམས་པར་ཞུགས་པའི་ཁུ་བ་གང་ཡང་རུང་བ་ལ་བྱ་སྟེ། བམ་བརྒྱད་ལས། འཛག་པའི་དུས་སུ་སྦྱར་བ་ཡི། ཁྲག་ཆེན་དེ་ཡི་སེམས་དང་བཅས། །ར་སཱ་ཡཱ་ནའི་གཙོ་བོར་བྱ། །ཞེས་སོ། །རཀྟ་ནི་བུ་མོ་སྐྱེས་པ་དང་མ་འཕྲད་པའི་དང་པོར་འབབ་པའི་མངལ་ཁྲག་གོ །ཤ་ཆེན་ནི་དྭངས་མ་ལ་བྱ་སྟེ། དེའང་རབ་མགོ་སྐྱེས་ཏེ་ཀླད་པ། འབྲིང་ཡན་ལག་སྐྱེས་ཏེ་རྐང་མར། ཐ་མ་ཤ་ལས་སྐྱེས་ཏེ་ཚིལ་བུ་གསུམ་གང་ཡང་རུང་བའོ། །འདི་ལྔ་ནི་དངོས་གྲུབ་མྱུར་དུ་འགུགས་པའི་རྫས་སུ་གྱུར་པའི་ཕྱིར་ལྕགས་ཀྱུ་ལྔ་ཞེས་གྲགས་སོ། །ཤ་ལྔ་ལས་མི་ཤ་ནི། རབ་སྐྱེ་བ་བདུན་པའི་ཤའམ། མ་རྙེད་ན་མཚམས་མེད་ལྔ་མ་བྱས་པ་དང་མི་བསད་པ་མ་ཡིན་པའི་སྐྱེས་པ་དར་མ་ནད་མེད་གཡུལ་དུ་བསད་པའི་ཤ་སྟེ། གལ་པོའི་བརྟག་པ་ལྔ་པར། སྐྱེ་བདུན་བྱ་རྐང་གྲིབ་མ་བདུན། །བཅང་དང་གཡུལ་དུ་མཚོན་གྱིས་བསྣུན། །ཞེས་གསུངས་པ་བཞིན་ནོ། །བ་ལང་གི་ཤ་ནི་ཡུན་རིང་ནད་ཀྱིས་གདུངས་པ་མ་ཡིན་པར་ཤི་བའི་ཤའོ། །གླང་པོའི་ཤ་ནི་དངོས་རྙེད་ན་དང་། མ་རྙེད་ན་བོད་གླང་དཀར་པོའི་ཤའོ། ཁྱི་དང་རྟ་ནི་ཁ་དོག་དཀར་པོ་ཅན་ནད་ངན་པས་ཤི་བ་མ་ཡིན་པའི་ཤའོ། །དེ་ལྟར་ཡང་ཕྱག་ཆེན་ཐིག་ལེར། དཀར་པོའི་ཤ་དང་ལྡན་པ་ལ། །ཞེས་གསུངས་པས་སོ། །ཤ་ལྔ་པོ་འདི་ནི་སྤྱི་དང་མཐུན་པར་བྱས་ཀྱི། གཞན་དུ་ནི་མི་དང་ཁྱིའི་ཤ་མ་གཏོགས་གཞན་གསུམ་གྱི་ཚབ་ཏུ་སེང་གེ་དང་རྨ་བྱ་ཤང་ཤང་གི་ཤ་རྣམས་ལ་བཤད་དེ། གཙོ་བོའི་སྐྱོབས་ཀྱི་ངོ་བོར་ངོས་འཛིན་ཙམ་མ་གཏོགས་སྦྱོར་སྡེ་དངོས་གཞིའི་སྐབས་ནི་གཉིས་ཀ་ཚང་བར་གསུངས་སོ། །འདི་དག་ནི་རིགས་དང་དངོས་གྲུབ་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མ་ལྔ་ཞེས་བརྗོད་པར་གྲགས་ཀྱང་། ཤ་ཟོས་པས་ནི་བཀྲག་མདངས་དང་གཟི་བརྗིད་བསྐྱེད་པའི་ཕྱིར་སྒྲོན་མ་ལྔ་ཞེས་བརྗོད་པར་བྱའོ་ཞེས་མཁས་པ་དག་གིས་འཆད་དོ། །གཞན་ཡང་མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་། །མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་། །མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་། །བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ། །དབང་པོ་ལྔ་དང་གོ་རོ་ཙ་ན་དང། །ཞེས་པའི་སྲོག་ཆགས་སྣ་ཚོགས་པའི་ཤ་ཁྲག་སྙིང་སྣ་དབང་པོ་སོགས་ཀྱང་ཇི་ལྟར་རྙེད་པ་དག་གསག་པར་བྱ་ཞིང་། གལ་ཏེ་མ་རྙེད་ན་ནི་གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་པའི་འགྲེལ་པར་དཔལ་ལྡན་ཟླ་བས། ཤ་རྣམས་ཀྱང་མ་རྙེད་ན་དེའི་ས་བོན་ཉིད་བསམས་པའི་ཟན་ལ་སོགས་པ་ལ་དེ་དག་གི་གཟུགས་བྱས་ཏེ་རང་རང་གི་ལས་ཀྱིས་ཤི་བའི་ཚུལ་དུ་བྱས་ལ་སྦྱར་རོ། །ཞེས་བཤད་པ་བཞིན་བྱ་སྟེ། དེ་ལ་ས་བོན་ནི། མི་ལ་ནྲྀ་ལྗང་གུ་དང་། དུད་འགྲོ་སྤྱི་ལ་སུ་སེར་པོ་ཡིན་པས་དེ་དང་འདྲ་བ་སྟོང་ཕྲག་མང་པོ་ཞུ་བ་ལས་བྱུང་བའི་མི་དང་བྱོལ་སོང་གི་རྣམ་པ་མཐའ་ཡས་པར་བློས་བརྟགས་ཏེ་དེ་དག་ཀྱང་རང་རང་གི་ལས་ཀྱིས་ཤི་བའི་ཤར་མོས་ལ་སྦྱར་བར་བྱའོ། །གོང་གི་བདུད་རྩི་ལྔ་ལ་བརྡའམ་སྐྱོབས་ལྔར་གྲགས་པ་ཡང་སྦྱར་ཏེ། དྲི་ཆུའི་གླ་རྩི། དྲི་ཆེན་གྱི་ཨ་རུ་ར། རཀྟའི་དུ་རུ་ཀ །བྱང་སེམས་ཀྱི་ག་བུར། ཤ་ཆེན་གྱི་ཙནྡན་དམར་པོའོ། །གཞན་ཡང་འབྲས་བུ་གསུམ་དང་བཟང་དྲུག་སོགས་བཀོག་པའི་དུས་རང་དབང་དུ་མི་འགྱུར་ཡང་། ཡུན་རིང་པོས་རྙིངས་ཤིང་རོ་ནུས་ཡལ་བ་དང་དྲི་མས་སྦགས་པ་སོགས་མ་ཡིན་པ་གཙང་ཞིང་གསར་པ་ངད་དང་ལྡན་པ་དག་གསག་ཅིང་། བོད་སྨན་གྱི་རིགས་རྣམས་འཚོལ་བའི་དུས་ནི་རྩེ་མོའི་ཆ་ཤས་རྣམས་དཔྱིད་དང་། རྩ་བའི་རྣམས་སྟོན་དུས་འཐུ་བ་གཞན་དུ་གྲགས་པ་བཞིན་འདིར་ཡང་དེ་བཞིན་ཏེ། བམ་བརྒྱད་ལས། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང་། །ཉ་ཡི་ཚེ་ན་བཙལ་བར་བྱ། །ཞེས་སྨྲོས་ཏེ། དེ་ཡང་སྟོན་ཟླ་ཐ་ཆུང་ལ་སྨན་གྱི་བཅུད་རྫོགས་ལ། དཔྱིད་ཟླ་འབྲིང་པོར་སྨན་གྱི་ལྷ་མོ་དྲོད་གཡོ་བས་ན་ཟླ་བ་དེ་གཉིས་ཀྱི་ཉ་སྟེ་བཅོ་ལྔ་ལ་སྨན་གྱི་སྲུང་མ་རྣམས་མྱུལ་བས་དངོས་གྲུབ་མྱུར་བར་གསུངས་ཤིང་། དུས་དེ་ཉིད་ལ་བཙལ་བའི་ཐབས་ནི། བྱིས་པ་ལོ་དྲུག་ལོ་བདུན་པ། ཁྲུས་བྱས་དར་དཀར་གོས་གྱོན་ནས། །ཞེས་བཤད་པས། རིགས་བཟང་གི་ཁྱེའུ་གཙང་མ་ཁྲུས་བྱས་གོས་བཟང་པོ་དང་ལྡན་པས་ལྷག་པའི་ལྷ་དང་སྨན་གྱི་ལྷ་ལ་ཕྱག་བྱས་ནས་འཐུ་བར་བྱའོ། །གཞན་ཡང་སྐྱོབས་དང་འཕྲད་དུ་གྱུར་པའི་སྨན་གྱི་རིགས་རྩ་བ་འབྲས་བུ་ལོ་མ་མེ་ཏོག་ཡལ་ག་ཐང་ཆུ་རིན་པོ་ཆེ་དང་འབྲུ་སྨན་སོགས་འོག་ཏུ་དགོས་པའི་ཚོགས་ཐ་དག་གཙང་ཞིང་དག་པར་བསགས་ཤིང་འདུ་བྱའོ། །དེ་དག་ནི་དང་པོར་འཚོལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དེ་ལྟར་འདུ་བྱས་པའི་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་ཉི་མ་དང་རླུང་གིས་ངད་པ་ཡལ་བ་དང་། དུ་བ་སོགས་རྫས་གཞན་གྱི་དྲིས་སྦགས་པ་དང་། རུལ་ཞིང་འཁྱགས་པ་སོགས་སྨན་གྱི་རོ་ནུས་དྲི་བསུང་རྣམས་ཉམས་པར་འགྱུར་བའི་སྐྱོན་ཐམས་ཅད་དང་བྲལ་བར་བསྲེལ་དགོས་ཤིང་། སྨན་རུལ་བ་བཏང་ན་སྨན་ཐམས་ཅད་རུལ་བར་འགྱུར་བས་སྤང་ཞེས་དགོངས་འདུས་ལས་གསུངས་སོ། །དེ་དག་ནི་བར་དུ་བསྲེལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དྲུག་པ་སྒྲུབ་པས་ཉམས་སུ་བླང་བ་ལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོ་ལ་དྲུག །བསྙེན་པ་གསོ་བ། སྒྲུབ་པའི་གཞི་གཟུང་བ། ཕྱིར་བཤགས་བྱ་བ། སའི་ཆོ་ག །རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེར་དམ་རྫས་བཀོད་པ་དང་དྲུག་གོ །དང་པོ་ནི། གཞིའི་བསྙེན་པ་སྔོན་དུ་སོང་བས་ལས་རིམ་འདིའི་ཆེད་དུ་གང་ལ་བསྟེན་རྒྱུའི་ལྷ་དེའི་བཟླས་པ་ཞག་བདུན་གྱིས་མཐའ་རྟེན་པའི་བར་གྱིས་ཁ་གསོ་བྱའོ། །གཉིས་པ་སྒྲུབ་གཞི་གཟུང་བ་ནི། སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་སྤྱི་དང་འདྲ་བ་ལས་ཁྱད་པར་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམ་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་བྱ་བར་བཤད་ཅིང་། ཁྱད་པར་གྱི་ཡོ་བྱད་ནི་འཆད་པར་འགྱུར་བ་བཞིན་ནོ། །གསུམ་པ་ཕྱི་བཤགས་བྱ་བ་ནི། སཱཙྪ་གདབ་པ། ཆུ་གཏོར་གཏང་བ། ཞི་བའི་སྦྱིན་སྲེག །བཀའ་སྒྲོག་པ། བསང་བརྔན། ཉེ་འདོན། ལམ་འཕྲང་བསལ་བ། གསེར་སྐྱེམས། སྦྱིན་གཏོང་སོགས་མཐུན་རྐྱེན་གྱི་དཔུང་བསྐྱེད་པའི་ཆོ་ག་ཅི་འགྲུབ་བྱའོ། །བཞི་པ་ས་ཡི་ཆོ་ག་ནི། ས་བརྟག་པ་དང་སློང་བ་སྦྱོང་བ་གཟུང་བ་བསྲུང་བ་ལྷག་པར་གནས་པའི་རིམ་པ་སོགས་སོ། །ལྔ་པ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། ཕྱི་ནང་གསང་བའི་མཚམས་གཅད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། ཐིག་ཚོན་གྱིས་རྟེན་དཀྱིལ་འཁོར་བཞེངས་པ་རྣམས་ནི་རྩ་བའི་སྒྲུབ་གཞུང་གང་ལ་བསྟེན་པ་དེས་འཆད་པ་བཞིན་ནོ། ཁྱད་པར་ཁྲོལ་སྒྲུབ་ཀྱི་དཀྱིལ་འཁོར་ནི་སྒྲུབ་ཆེན་གཞན་གྱི་ཁོག་ཕུབ་ཕྱིར་རས་བྲིས་བྱས་ན་འཇུག་པ་བདེ་བས་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཞི་བ་རིགས་བརྒྱར་བྱེད་ན་བདེ་གཤེགས་འདུས་པའམ། གསང་རྫོགས་ཀྱི་ཞི་བའི་དཀྱིལ་འཁོར་སོ་སོའི་སྒྲུབ་རིམ་གྱི་ངེས་པ་དང་མཐུན་པར་བྲི་ཞིང་། དེ་ལྟར་མི་ནུས་ན་ཞི་བ་ཞེ་གཉིས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་སོགས་གཞལ་ཡས་ཁང་གི་མཚན་ཉིད་ཚང་བའི་ལྟེ་བར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཀྱིས་བསྐོར་བ་སྟེ་གསང་བ་སྒྱུ་འཕྲུལ་དྲྭ་བའི་ལུགས་ལྟར་མཛེས་ཤིང་བཀྲ་བར་བྲིའོ། །དྲུག་པ་དམ་རྫས་བཀོད་པ་ལ་གཉིས། དཀྱིལ་འཁོར་ལ་འགོད་རྒྱུའི་སྨན་གྱི་བཤམ་དང་། དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ལོ། །དང་པོ་ནི། ཀ་པཱ་ལ་ལྔ་ཚོམ་དུ་ཤོང་བའི་རིན་པོ་ཆེའི་སྣོད་ཀྱི་དབུས་དང་ཕྱོགས་མཚམས་སུ་སྨན་དང་སྣོད་རིགས་སོ་སོར་ཕྱེ་ནས་འགོད་དེ། སྒྲོན་མ་གསལ་བར། དེ་ནས་སྣོད་ལྔར་དངོས་གཞི་ལྔ་སོགས་རིགས་ཕྱེ་སྟེ། ཞེས་འབྱུང་བས། སྣོད་ལྔ་ནི་ཀ་པཱ་ལ་སྟེ། བམ་བརྒྱད་ལས། དེ་ཡི་དབུས་སུ་བཞག་པའི་སྣོད། །ཐོད་པ་མ་གས་མ་ཆག་པ། །ཞེས་དང་། བཀྲ་ཤིས་གཙང་མའི་ཐོད་པ་བཞག །ཅེས་གསུངས་པས་ཀ་པཱ་ལའི་དོན་བདེ་བར་སྐྱོང་བ་མཚོན་ཅིང་ལྷ་དང་མཁའ་འགྲོ་རྣམས་དགྱེས་པ་སྐོང་བའི་སྣོད་ཀྱི་མཆོག་ཡིན་ནོ། །དེ་ཡང་དབུས་སུ། སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། །ཞེས་པས་མཚན་ལྡན་སྲུབས་མེད་ཚངས་སྐུད་ཅན་བཞག །དེའི་ནང་ངམ་འོག་ཏུ། མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཞེས་པ་ནི་རུས་སྦལ་གྱི་ཐོད་པ་སྟེ། མ་འབྱོར་ན་ཁོག་པས་ཀྱང་རུང་ལ། དེའི་ནང་དུ་གི་ཝང་གིས་ཡི་གེ་ཧྲཱིཿབྲིས་པའོ། །དེའི་ཕྱིར་འགོད་པའི་ཐོད་པ་ནི། བམ་བརྒྱད་ལས། ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་ཡང་། །སྣོད་ནི་བཞི་འམ་བརྒྱད་བཞག་ལ། །ཞེས་པས། ཤར་དུ། མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་པཱ་ལ། །ཞེས་དཀར་པོ་ཟླུམ་པོ། ལྷོར། ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །ཞེས་སུལ་མང་འབུར་བཞི་པ། ནུབ་ཏུ། ཁམས་གསུམ་དབང་སྡུད་རྡོ་རྗེ་ཀ་པཱ་ལ། །ཞེས་ཟླ་གམ་གཤོང་བུ་གཉིས་པ། བྱང་དུ། ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ། །ཞེས་གྲུ་གསུམ་གཤོང་བུ་གསུམ་པ་རྣམས་བཞག་གོ །ཤོང་ན་མཚམས་བཞིར་ཡང་ཐོད་པ་རེ་བཞག་སྟེ། ཁྲོ་མཁར་ལས། མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ། །སྲིད་པ་ཡོངས་གྲོལ་རྡོ་རྗེ་ཀ་པཱ་ལ། །དུག་གསུམ་གཏན་དཀྲུགས་རྡོ་རྗེ་ཀ་པཱ་ལ། །མཚན་མ་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །ཞེས་པ་རྣམས་ཏེ་ཤར་ལྷོ་ནས་རིམ་པ་བཞིན། སེང་གེ་དང་། གླང་པོ་ཆེ་དང་། ལྷ་ཆེན་དང་། མི་ཕྱེ་གླ་གླི་་་མི་ཆེན་གླ་གླི་ཀྱང་ཟེར་བ་འདུག།རྣམས་ཀྱི་ཐོད་པ་སྟེ་དངོས་ནི་རྙེད་དཀའ་བས་དེར་བཏགས་པ་ཉིད་ཤར་ལྷོ་ནས་གཡས་སྐོར་དུ་བཞག་གོ །སེང་གེའི་ཐོད་པ་ནི་རུང་མཐུན་ཁྱི་དཀར་གྱི་ཐོད་པ། གླང་ཆེན་ནི་ཡུལ་གླང་གི་ཐོད་པ། ལྷ་ཆེན་གྱི་ཐོད་པ་ནི་ཕྱག་ཚང་ཀུ་བའོ། །གླ་གླི་ནི་ངོས་འཛིན་གཞན་ལ་བྱེད་པ་མང་ཡང་། བམ་བརྒྱད་ཀྱི་མི་ཆེན་གླ་གླིའི་སྙིང་ལ་སོགས། །ཞེས་པའི་འགྲེལ་པར། གླ་གླི་ནི་བརྡ་ཡིན་ཏེ། འབྲས་བུ་ལྔའི་ཙིཏྟའོ། །ཞེས་པའི་འབྲས་བུ་ལྔ་ནི་མི་གླང་ཆེན་རྟ་བོང་རྨ་བྱ་ཤང་ཤང་ཀུ་ཀུ་རྣམས་ལ་ངོས་བཟུང་བས་དེ་དག་གི་ཐོད་པ་རྣམས་གང་ཡང་རུང་བ་ལ་བྱའོ། །སྣོད་དེ་རྣམས་སུ་བཞག་པར་བྱ་བའི་རྫས་ནི། བམ་བརྒྱད་ལས། གཙོ་བོ་ལྔ་དང་འབྲས་བུ་ལྔ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་གསུངས་པའི་གཙོ་བོ་ལྔ་ནི་བདུད་རྩི་ལྔའོ། །འབྲས་བུ་ལྔ་ནི་འདིར་ཤ་ལྔའོ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་པས་སྐྱོབས་དང་འཕྲད་དུ་དགོས་པའི་སྨན་མཐའ་དག་བསྟན་པའོ། །དེ་དག་ཀྱང་རིགས་ཀྱི་དབྱེ་ཚུལ་བསྟན་པ་ནི། སྒྲོན་གསལ་ལས།་་་འདིའི་མཛད་བྱང་དུ། སློབ་དཔོན་ཟླ་བ་ཚེས་པས་མཛད་ཟེར་བ་འདུག་ཀྱང་། རྡོ་ཐོག་ཆོས་འབྱུང་དུ་མཁས་པ་བི་མ་ལས་མཛད་ཟེར་བ་འདུག་པ་དོན་གཅིག་མིང་གི་རྣམ་གྲངས་སོ། །དབུས་སུ་དཀར་དམར་སེམས་དང་ག་བུར་ཤ་རཱི་རམ། །ཅུ་གང་དག་དང་ཐལ་ཀར་རྡོ་རྗེ་བཞག་པར་བྱ། །ཞེས་པས་ཐོད་པ་དབུས་མར་བྱང་སེམས་དཀར་པོ་མིའི་ཤ །ཀླད་རྒྱུངས། ག་པུར། རིང་བསྲེལ། ཅུ་གང་། ཙནྡན་དཀར་པོ་སོགས་ཁ་དོག་དཀར་པོའི་སྨན་རྣམས་དང་། དུང་དང་མུ་ཏིག་སོགས་རིན་པོ་ཆེ་དཀར་པོ། འབྲས་སོགས་འབྲུ་དང་མེ་ཏོག་དཀར་པོའི་རིགས། སྲོག་ཆགས་དཀར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ། སྤོས་དཀར་དང་ཀ་ར་དང་དཀར་གསུམ་སོགས་དཀར་པོའི་རིགས་ཐམས་ཅད་དང་། ཨ་རུ་ར་སོགས་རོ་བསྐ་བའི་ཚོགས་དང་། བུར་སྦྲང་རྒུན་འབྲུམ་སོགས་མངར་བའི་རིགས་ཐམས་ཅད་གསག་གོ །དེ་བཞིན་དུ། ཤར་དུ་དྲི་ཆེན་དང་ནི་ཛཱ་ཏི་བ་རུ་ར། །ཨ་ཀ་རུ་དང་དུ་རུ་ཀ་རྣམས་བཞག་པར་བྱ། །ཞེས་པས་ཤར་གྱི་ཐོད་པར་དྲི་ཆེན་དང་། བ་གླང་གི་ཤ །ཛཱ་ཏི། བ་རུ་ར། ཨ་ཀ་རུ། དུ་རུ་ཀ །ཤིང་མངར་སོགས་ཁ་དོག་དམར་སེར་གྱི་སྨན་རྣམས་དང་། གསེར་དང་སྦུར་ལེན་སོགས་རིན་པོ་ཆེ་སེར་པོ། གྲོ་སོགས་འབྲུ་དང་མེ་ཏོག་དམར་སེར་གྱི་རིགས། སྲོག་ཆགས་དམར་སེར་རྣམས་ཀྱི་ཤ་ཁྲག་སྙིང་སྣ། ཤིང་ཏོག་སེར་པོ་དང་སྤང་སྤོས་སོགས་དམར་སེར་གྱི་རིགས་ཐམས་ཅད་དང་། ནིམ་པ། ཏིྑྞ་སོགས་རོ་ཁ་བའི་སྨན་ཐམས་ཅད་གསག་གོ །དེ་བཞིན་དུ། ལྷོར་ནི་མཱཾ་ས་སྣ་ཚོགས་སྙིང་ཞོ་ཤ་དང་མཁལ་མ་ཞོ་ཤ །གླ་གོར་ཞོ་ཤ་ཙི་ཏྲ་ཀ་དང་ཀ་ཀོ་ལ་བཞག་གོ །ཞེས་པས་ལྷོའི་ཐོད་པར་ཤ་ཆེན་གྱི་དྭངས་མ་གསུམ་དང་། ཁྱིའི་ཤ །ཞོ་ཤ་གསུམ། ཀླད་པ་སྣ་ཚོགས། ཙི་ཏྲ་ཀ་དང་། ཀ་ཀོ་ལ་དང་། ཁ་དོག་སྔོ་བའི་སྨན་རྣམས་དང་། ཨིནྡྲ་ནཱི་ལ་དང་མུ་མེན་སོགས་རིན་པོ་ཆེ་སྔོན་པོ་དང་། འབྲུ་དང་མེ་ཏོག་སྔོན་པོའི་རིགས། སྲོག་ཆགས་སྔོན་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་ཤིང་ཐོག་སྔོན་པོ་སོགས་ཁ་དོག་སྔོན་པོའི་རིགས་ཐམས་ཅད་དང་། སེ་འབྲུ། སྟར་བུ། བསེ་ཡབ། སྐྱུ་རུ་ར་སོགས་རོ་སྐྱུར་བའི་སྨན་ཐམས་ཅད་གསག་གོ །དེ་བཞིན་དུ། ནུབ་ཏུ་རཀྟའི་ཚོགས་དང་ཙནྡན་སྨུག་པོ་དང་། །ལི་ཤི་སྐྱུ་རུ་ར་དང་རྒུན་འབྲུམ་སྟར་བུ་བཞག །ཅེས་པས་པདྨ་རཀྟ་དང་ཁྲག་སྣའི་རིགས། རྟའི་ཤ་དང་རྨ་བྱའི་ཤ །ཙནྡན་དམར་པོ། ལི་ཤི །སྐྱུ་རུ་ར། སྟར་བུ། སིནྡྷུ་ར་དང་། གནྡྷ་པ་ཏྲ། རྩྭ་འབྲས་སོགས་ཁ་དོག་དམར་བའི་སྨན་རྣམས་དང། བྱུ་རུ་དང་པདྨ་རཱ་ག་སོགས་རིན་པོ་ཆེ་དམར་པོ་དང་། འབྲུ་དང་མེ་ཏོག་དམར་པོའི་རིགས། སྲོག་ཆགས་དམར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་། ཤིང་ཐོག་དམར་པོ་སོགས་ཁ་དོག་དམར་བའི་རིགས་ཐམས་ཅད་དང་། ལྒ་སྐྱ་དང་། ན་ལེ་ཤམ། པི་པི་ལིང་སོགས་རོ་ཚ་བའི་སྨན་ཐམས་ཅད་དང་། ཚྭ་སྣའི་རིགས་རྣམས་གསག་གོ །དེ་བཞིན་དུ། བྱང་དུ་དྲི་ཆུ་སྣ་ཚོགས་འོ་མ་ཆུ་དང་ཅོང་ཞི་དང་། །བྲག་ཞུན་གུར་གུམ་ལྕེ་པོག་གཞག་པར་བྱ།་་་བྱེ་བྲག་རྟོགས་བྱེད་ཀྱི་སྤོས་མིང་གི་སྡེ་ཚན་དུ་གུལྒུ་ལ་རྩ་ཀུན་ཏུ་རུ་སོགས། སརྫྪ་རས། པྲ་རྩི་པོགས་ཞེས་འབྱུང་བ་དང་སྦྱར་ན་གུ་གུལ་དཀར་པོའོ། །བདུད་རྩི་སྒྲོན་གསལ་གྱི་འགྲེལ་པ་དགེ་བསྙེན་ཆེན་པོ་རིན་ཆེན་དབང་ཕྱུག་གིས་མཛད་པ་ལས་ལྕེ་པོག་དཀར་པོ་བཤད་ཅིང་ལམ་རིམ་མཆན་རྙིང་ལས་ཀྱང་དེ་ལྟར་བཤད་དོ། །ཞེས་པས། དྲི་ཆུ་དང་། གླང་པོ་ཆེའི་ཤ །ཤང་ཤང་ངམ་ཕ་ཝང་གི་ཤ །ཅོང་ཞི་བྲག་ཞུན་གུར་གུམ་ལྕེ་པོག་གུ་གུལ་དཀར་པོ་རྣམས་དང་། གཞན་ཡང་ཁ་དོག་ལྗང་བའི་སྨན་རྣམས་དང་། གཡུ་སོགས་རིན་པོ་ཆེ་ལྗང་གུ་དང་། འབྲུ་དང་། མེ་ཏོག་དང་ཤིང་ཐོག་ལྗང་གུའི་ཚོགས་ཐམས་ཅད་དང་། རོ་ཐ་དད་སྣ་ཚོགས་པའི་སྨན་ཐམས་ཅད་གསག་གོ །གཞན་ཡང་དབུས་སུ་སེང་གེ་ལ་སོགས་པ་སྡེར་ཆགས་སྣ་ཚོགས་ཀྱི་ཤ །ཤར་དུ་རྨིག་པ་ཁ་དབྲག་གི་སྡེ། ལྷོར་རྨིག་ཟླུམ། ནུབ་ཏུ་འདབ་ཆགས། བྱང་དུ་གདོང་ཅན་གྱི་སྡེ་རྣམས་ཀྱི་ཤ་རྣམས་གསག་སྟེ། ཞི་ཁྲོ་བཀའ་བརྒྱད་འདུས་པ་ལས། མདོར་ན་སེམས་ཅན་མ་ལུས་ཐམས་ཅད་ལ། །བདུད་རྩིའི་རྒྱུ་ནི་ལྔ་ལྔ་ཡོང་བས་ན། །སོ་སོར་རྩ་བ་བརྒྱད་བརྒྱད་ཡོད་ཕྱིར་གསག །ཅེས་པ་བཞིན་ནོ། །གཞན་ཡང་སྨན་གྱི་དབྱིབས་ལས་མཚོན་ན་རྡོ་རྗེ་འདྲ་བ་དབུས། འཁོར་ལོ་འདྲ་བ་ཤར། རིན་པོ་ཆེ་འདྲ་བ་ལྷོ། པདྨ་འདྲ་བ་ནུབ། རལ་གྲི་འདྲ་བ་བྱང་དུའོ། །མདོག་ལས་མཚོན་ན་དཀར་པོ་དབུས། སེར་པོ་ཤར། སྔོན་པོ་ལྷོ། དམར་པོ་ནུབ། ལྗང་གུ་བྱང་། གཅིག་ལས་མཚོན་ན་རྩ་བ་དབུས། ལོ་མ་ཤར། འབྲས་བུ་ལྷོ། མེ་ཏོག་ནུབ། སྡོང་པོ་བྱང་། གཞན་ཡང་འབྲས་བུ་ལྔའི་རྐང་དང་རུས་བཅུད་ཐམས་ཅད་དབུས། དྲི་ཆེན་ཤར། དབང་པོ་ལྔ་སོགས་ལྷོ། ཁྲག་རྣམས་ནུབ། ཆུ་རྣམས་བྱང་དུའོ། །དེ་ལྟར་ཡང་སྒྲོན་གསལ་ལས། དེ་ལ་སོགས་ཏེ་ཕྱི་ནང་ཇི་སྙེད་འབྱོར་པའི་སྨན། །དབྱིབས་དང་ཁ་དོག་རོ་རྣམས་ཀྱི་ནི་རིགས་ལྔར་དབྱེ། །ཞེས་འབྱུང་བ་བཞིན་ནོ། །གཞན་ཡང་ཀཎྚ་ཀ་རི། སླེ་ཏྲེས། དབང་ལག །རྒྱ་མཚོ་ལྦུ་བ། ལི་ག་དུར་སོགས་སྨན་དང་དྲི་བཟང་པོ་ཇི་སྙེད་པ་ཐམས་ཅད་ཀྱིས་ཐོད་པའི་བར་མཚམས་ཐམས་ཅད་བྲུབས་ཤིང་བཅེར། གོང་གི་ཐོད་པ་ལྔ་པོ་ཡང་སོ་སོའི་རྫས་ཀྱིས་གང་བ་ལས་ལྷག་པར་དབུས་ཀྱི་ཐོད་པའི་རྫས་ཉིད་ཆེས་མཐོ་བར་བྱས་པའི་སོ་སོའི་དབུས་སུ་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་རིགས་བསྡེབས་པ་སྙིང་པོར་བྱ་ཞིང་། ཐོད་པ་དབུས་མའི་ཁར་བླ་མ་གོང་མ་རྣམས་ཀྱི་གདུང་རིང་བསྲེལ་བདུད་རྩིའི་ཕབས་གཏའ་སེལ་མེད་རྣམས་ཆང་དང་སྦྱར་བ་གསེར་ལ་སོགས་པའི་སྣོད་དུ་བཞག །མཚམས་བཞིར་ཐོད་པ་ཡོད་ན་དེ་དང་མེད་ན་སྣོད་གཞན་དུ་རིམ་པ་བཞིན་ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་བྱང་དུ་ཆང་། བྱང་ཤར་དུ་ཆུ་རྣམས་སོ་སོའི་སྔགས་ཀྱིས་སྦྱངས་ཏེ་བཞག །དེ་དག་གི་ཁེབས་ནི་བམ་བརྒྱད་ལས། རིགས་དང་ཁ་དོག་མཐུན་པའི་དར། །བྷཉྫ་ལྔ་ཡི་ཁ་ནས་དགབ། །ཅེས་པས་དཀར་པོས་དབུས། སེར་པོས་ཤར། སྔོན་པོས་ལྷོ། དམར་པོས་ནུབ། ལྗང་གུས་བྱང་གི་བྷཉྫ་རྣམས་ཀྱི་ཁ་ནས་དགབ་བོ། །དེ་ཡང་སྤྱིར་སྣང་སྲིད་ཀྱི་སྨན་དང་རྩི་བཅུད་ཐམས་ཅད་འདིར་སྦྱར་དུ་རུང་ཡང་། གནས་སྐབས་སུ་ཁ་དོག་དྲི་རོར་གནོད་པའི་སྤང་བྱ་ནི་སྨན་གྱི་སྤྱང་ཀི་ཞེས་པ་སྟེ། དྲི་ཡི་སྤྱང་ཀི་སྒོག་པ། ཤིང་ཀུན། ཤུ་དག་ནག་པོ། བྱིའུ་རུག་པ། རྩ་གླ་བ། རྩ་ཁུ་བྱུག་རྣམས་སོ། །ཤའི་སྤྱང་ཀི་པུ་ཤུད་ཟེར་མོང་སོ་ཏོ་རོག་པོ་མཛོ་དྲེལ་རྣམས་ཀྱི་ཤའོ། །མེ་ཏོག་གི་སྤྱང་ཀི་ནི། སྤྲུ་མ། རི་ཤོ །སྲན་མ་རྣམས་ཀྱི་མེ་ཏོག་གོ །ནུས་པའི་སྤྱང་ཀི་དུག་སྣ་ཚོགས་སོ། །རོའི་སྤྱང་ཀི་གཞོབ་ཀྱི་རིགས། ཐལ་ཚྭ་བ་ཚྭ་བོང་ང་དཀར་དམར། ཧོང་ལེན་རྣམས་སོ། །མདོག་གི་སྤྱང་ཀི་སྤང་རྒྱན་སྔོན་པོའི་མེ་ཏོག་གོ །སྤང་སྤོས་བྲག་སྤོས་ཀྱང་ཆེས་མི་ལེགས་སོ། །གོང་དུ་བཤད་པའི་སྨན་དེ་རྣམས་ཀྱང་སྤྱིར་མང་ཉུང་གི་ཚད་ནི་གཉགས་ལོ་ཆེན་པོས། ལ་སྨན་སུམ་གཉིས་བོད་སྨན་སུམ་ཆ་ལ། །ནང་གི་སྨན་དང་ཤ་རྣམས་དེ་ཡི་ཕྱེད། །སྔོ་དང་སྤོད་ཀྱིས་སུམ་ཆ་ཐུབ་པར་སྦྱར། །ཞེས་འབྱུང་བས་དཔེར་ན་ཨ་རུ་ར་རྒྱ་གར་མ་་་འདི་ཉིད་ཉུང་མཐར་བྱས་ཀྱི་གཞན་སུམ་འགྱུར་ཉིས་འགྱུར་ཇི་ཙམ་མང་གིན་བཟང་།རུས་པ་དང་བྲལ་བ་བྲེ་གང་གི་ཚེ་ན། བ་རུ་ར་ཕུལ་ཕྱེད། སྐྱུ་རུ་ར་ཕུལ་ཕྱེད། ཙནྡན་དཀར་དམར། ཨ་ག་རུ་ནག་པོ་རྣམས་སྡོམ་པས་ཕུལ་གང་། གུར་གུམ་ཕུལ་ཕྱེད། ནཱ་གི་དུལ་མ་དང་གི་ཝང་ལི་ཤི་རྣམས་བསྡོམས་པས་ཕུལ་ཕྱེད། བཟང་སྨན་གཞན་རྣམས་བསྡོམས་པས་ཕུལ་གང་། བོད་སྨན་སྔོ་ངད་རྣམས་སུམ་ཆ་གཅིག་བཏང་བར་བཤད་ཀྱང་ལག་ལེན་ལ་ཕུལ་ཕྱེད། ཤ་སྣ་སོགས་ནང་སྨན་ཐམས་ཅད་སྡོམ་པས་ཕུལ་ཕྱེད། དབང་ལག་ཕུལ་གང་། ལི་ག་དུར་ཕུལ་གང་ངམ་དོ། སྦྲང་བུར་ཀ་ར་ཕུལ་དོ་རྣམས་ཏེ། དེ་ལྟར་སྦྱར་ཚད་རགས་པ་ཙམ་སྐབས་འདིར་ངེས་པར་མ་བྱས་ན། ཁྲོལ་བུར་བསྒྲུབས་ཟིན་གྱི་སྨན་རྣམས་དམ་རྫས་ཀྱི་རྒྱུར་མི་ཚུད་པ་སོགས་ཀྱི་དགག་བྱ་འགེགས་པའི་ཕྱིར་རོ། །དེ་ལྟར་ཡང་གཉགས་ལོ་ཆེན་པོས། ཤེས་རབ་སྙོག་མ་ཅན་གྱིས་སྨན་གྱི་རིགས་དབྱེ་མི་ཤེས་པར། །ལོང་ཐུབ་བཞིན་དུ་ཕྱི་ནང་ཚོགས་ཚད་གཅིག་ཏུ་བསྲེ། །དྲི་དང་རོ་དང་མདོག་ཀྱང་སྤྱང་ཀི་དག་གིས་ཁྱེར། །གཉེར་གྱི་བདག་ནས་སློབ་དཔོན་ས་འཛིན་སྙིང་རེ་རྗེ། །ཞེས་གསུངས་པའི་རྩིང་དཔྱོད་འཆོལ་བའི་སྐྱོན་དང་བྲལ་ཞིང་ཞིབ་མོར་དཔྱོད་པའི་བློ་དང་ལྡན་པས་ལག་ལེན་ལ་འཇུག་གོ །སྤྱིར་སྨན་རིགས་ལྔར་དབྱེ་བའི་སྐབས་ནི་གཞུང་གི་དངོས་བསྟན་རིགས་བརྒྱས་སྦྱངས་ཟིན་གྱི་རྗེས་སུ་གསུངས་ཤིང་། དེ་ལྟར་ན་དམ་རྫས་ཀྱི་གཙོ་བོ་ལྔ་ནི་རིགས་ལྔ། དེའི་སྐྱོབས་ལྔ་ནི་ཡུམ་ལྔ། རིགས་ངེས་པ་རྣམས་ནི་སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་ཡབ་ཡུམ། རིགས་ལྷག་པ་དང་མ་ངེས་པ་རྣམས་ནི་ཀུན་བཟང་ཡབ་ཡུམ་དུ་བྱིན་གྱིས་བརླབས་ཏེ་ལྷ་གནས་སོ་སོར་རང་སྔགས་བཟླ་བཞིན་པས་འགོད་པར་བཤད་ཀྱང་གནས་སྐབས་སུ་ལག་ལེན་མང་བས་མི་བདེ་བ་དང་། དམིགས་རྟེན་རིགས་ལྔར་བཀོད་ཀྱང་དམིགས་པས་རིགས་བརྒྱར་བསྒོམ་པ་མི་འགལ་ཏེ། རིགས་བརྒྱ་ཡང་རིགས་ལྔའི་དབྱེ་བསྡུའི་ངོ་བོ་ཅན་ཡིན་པ་དང་། བླ་མ་བཀའ་བརྒྱུད་ཀྱིས་ཀྱང་དེ་ལྟར་གསུང་ངོ་། །གཉིས་པ་དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ནི། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་རྫས་འགོད་པའི་སྒྲོམ་ཁྲི་རིམ་པ་གཉིས་པའམ་གསུམ་པ་གང་རིགས་འགོད་ཅིང་། དེ་ལ་ཁྱད་པར་གྱི་སྒྲུབ་རྫས་བཤམ་ཚུལ་སོ་སོའི་གཞུང་གིས་འཆད་ཅིང་། སྤྱིར་རིགས་བསྒྲེས་མཚོན་པ་ཙམ་ནི། ཁྲིའུའི་རིམ་པ་དང་པོར་བུམ་པ་དགུ་སོགས། རིམ་པ་བར་མའི་དབུས་སུ་སྨན་གྱི་དཀྱིལ་འཁོར་བཀྲམ་པའི་ཁར་མཉྫིའི་སྟེང་དུ་སྔར་འདུ་བྱས་པའི་ཁྲོལ་བུའི་བཤམས་དེ་ཉིད་སྦྱོང་ཁྲུས་སྔོན་དུ་འགྲོ་བས་རིགས་བརྒྱའི་ལྷ་སྔགས་བཟླ་བཞིན་པས་བཀོད། སྟེང་ནས་དར་སྣ་ཚོགས་ཀྱིས་དགབ་ཅིང་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཏབ་པའི་སྣེ་མོར་རྡོ་རྗེ་བཏགས་པ་ཐོད་པ་དབུས་མའི་ཁར་བཞག །སྣེ་མོ་ཅིག་ཤོས་ལས་སྟེང་དུ་དམུ་ཐག་དང་ཕྱོགས་བཞིར་གཟུངས་ཐག་ཏུ་དྲང་། ཁྲོལ་བུའི་ཕྱོགས་མཚམས་སུ་ཐོད་པ་བདུད་རྩི་ཅན་ནམ། ཡང་དག་མེ་གཅིག་སོགས་དང་། ལྡིང་ཁྲིའི་འོག་སྒྲུབ་དཀྱིལ་ཁར་ཕུར་བུ་མར་མེ་སོགས་སོ་སོའི་སྐབས་ཐོབ་དང་སྦྱར་ལ་དགྲམ། གོང་གི་སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། སྟེང་དུ་ཚངས་པ་དང་རྒྱུ་སྐར་སོགས་ཤིང་བུ་ཀུ་རུ་རིས་སུ་བྱས་པ་ལ་འགོད་པར་བཤད་ཀྱང་། ད་ལྟ་ཕྱག་ལེན་ལ་རྒྱ་གདུགས་ལྟ་བའི་དབུས་སུ་ཚངས་པ་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་ངོས་སུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་རྒྱབ་ཏུ་སོ་སོའི་སྔགས་བྱང་བྲིས་པ་དར་གྱི་འཕུར་ལྕེ་དང་ལྡན་པ་རྣམས་བྱང་ཤར་ནས་བརྩམ་སྟེ་གཡས་སྐོར་དུ་ཕྱོགས་མ་འཆོལ་བར་བཀོད། དེའི་སྟེང་གི་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་མཚལ་གྱིས་ཁྲོ་བོ་བཅུའི་སྔགས་བྲིས་པ་དང་། བར་མཚམས་རྣམས་སུ་དར་དཔྱང་དྲིལ་གཡེར་སོགས་ཀྱིས་མཛེས་པར་བརྒྱན། ཚངས་པ་བརྒྱ་བྱིན་གྱི་སྐུ་དང་ཕོ་བྲང་གི་བར་དམུ་ཐག་གིས་སྦྲེལ། གཞན་ཡང་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཕུར་བུ་རལ་གྲི་བ་དན་རྒྱལ་མཚན། ཕྱི་ནང་གསང་བའི་མཆོད་པ་གཏོར་ཚོགས། སྤྱན་གཟིགས་སོགས་མཛེས་ཤིང་བཀྲ་བའི་རྒྱན་གྱི་ཁྱད་པར་ཇི་སྙེད་པ་ཡང་སྒྲུབ་པའི་དཀྱིལ་འཁོར་གང་ལ་བརྟེན་པ་དེ་དང་རྗེས་འབྲེལ་གྱིས་བཤམ་པར་བྱའོ། ༈ །སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་སྲོང་བ་དང་། སྨན་ཁྲོལ་བུའི་དགོངས་པ་དང་། ཕྱེ་མའི་དགོངས་རྒྱུད་དང་གསུམ་མོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། སྔོན་འགྲོ་ནིི། སྐྱབས་སེམས་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་སོགས་སོ། །དངོས་གཞི་ནི། ཏིང་འཛིན་གསུམ་ནས་བསྟོད་པའི་བར་སོགས་ཏེ། བདག་མདུན་སྒྲུབ་རྫས་གསུམ་ཀ་སྒོམ་དོན་ལ་དབྱེར་མེད་ཡིན་པར་གོ་དགོས་ཤིང་། ཛཔ྄་དམིགས་ཀྱི་དབྱེ་བ་ཁྱད་པར་བ་ནི་ཡོད་དོ། །རྗེས་ནི་ཚོགས་མཆོད་ནས་རྒྱུན་ཏིང་གི་བར་སོགས་སོ། །དེ་དག་གི་སྐབས་མཚམས་ཅི་རིགས་པར་བར་གཅོད་ཉུལ་ལེ་འདུལ་བ་བྱིན་དབབ་པ་སོགས་ལས་ཀྱི་མདེའུ་སྦྱར་རྒྱུ་གཞན་ཡང་ཡོད་མོད། སྒྲུབ་གཞུང་གང་ལ་བརྟེན་པ་སོ་སོའི་རྩིས་འགོས་བསྡུས་ཏེ་འཆད་པ་བཞིན་མཐོང་བརྒྱུད་ལས་རྟོགས་པར་བྱ་བ་ཡིན་ནོ། འདི་དག་ནི་ས་བཅད་ཕྱི་མ་ཀུན་གྱི་ཁོག་འབུབས་སུ་ཤེས་པར་བྱའོ། ༈ །གཉིས་པ་ཁྲོལ་བུ་ལ་གསུམ་སྟེ། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་གསུངས་པས་དམ་པ་རིགས་བརྒྱས་སྦྱོང་བ། དེ་ཉིད་རིགས་ལྔས་སྦྱོང་བ། གསང་ཆེན་རིགས་གཅིག་གིས་སྦྱོང་བ། མཇུག་དོན་བསྟན་པ་དང་བཞིའོ། །དང་པོ་དམ་པ་རིགས་བརྒྱས་སྦྱོང་བ་ནི། དེ་ཡང་སྣོད་བཅུད་སྣང་བའི་ཆོས་འདི་དག་ཐམས་ཅད་འཁྲུལ་པ་བདེན་འཛིན་ཨ་འཐས་སུ་ཞེན་པའི་རྟོག་ཚོགས་རིགས་བརྒྱའི་ལྷའི་འཁོར་ལོར་སྦྱོང་བ་སྟེ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་དུ། ཐུན་མོང་དམ་པ་རིགས་བརྒྱ་ཡིས། །རང་གི་རྟོག་ཚོགས་ལྷ་རུ་སྦྱོང་། །ཞེས་དང་། སྒྲུབ་པའི་དམ་པ་རིགས་བརྒྱ་ཡིས། །དམན་གྱི་རྟོག་པ་ལྡོག་བྱས་ནས། །ཐམས་ཅད་ལྷ་ཡི་སྐུ་རུ་གསལ། །ཞེས་གསུངས་པས་ན་སྦྱོར་དངོས་ཀྱི་ཕྲིན་ལས་ཁོག་འབུབས་སུ་བྱ་ཚུལ་སྔར་བཤད་པ་བཞིན་དང་། རིགས་བརྒྱའི་ལྷ་ནི། རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་ལ་ཐབས་ཤེས་ཀྱིས་དབྱེ་བས་རིགས་བརྒྱར་བྱེད་པ་དང་། སྒྱུ་འཕྲུལ་སོགས་ལས་ཞི་བ་ཞེ་གཉིས་དང་། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ་རིགས་བརྒྱར་ངེས་པའོ། །སྔ་མའི་ལས་གཞུང་ནི། བདེ་གཤེགས་འདུས་པ་སོགས་སུ་གསལ་བར་གསུངས་ཤིང་། འདིར་ནི་ཕྱི་མའི་ལུགས་སུ་བྱས་པ་སྟེ། དེ་ཡང་རྩ་བའི་དཀྱིལ་འཁོར་གྱི་དམ་ཚིག་པ་བསྐྱེད་པའི་རྗེས་སུ། ཁྲོལ་བུའི་ལྷ་བསྐྱེད་ཅིང་སྤྱན་འདྲེན་སོགས་དཀྱུས་གཅིག་གིས་བྱེད་པ་ཉིད་གཞུང་སྔ་མ་མང་པོར་གསུངས་ཀྱང་། ཐོག་མར་རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་ཛཔ྄་ཀྱི་མཐར་ཐུག་པའི་བར་བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་དུ་བྱས་ནས། སླར་སྨན་གྱི་དཀྱིལ་འཁོར་ཛཔ྄་ཁང་དབྱེ་བ་ལྟར་མདུན་དུ་ཕྱེས་ནས་བསྒྲུབས་ན་དམིགས་ཕྱེད་ཅིང་སྒོམ་སྟབས་བདེ་བར་སྣང་བ་དང་། གཞུང་གི་ངེས་པ་རྣམས་བླ་མའི་མན་ངག་གིས་ཀྱང་དེ་ལྟར་འཆད་པས་སོ། །ལས་རིམ་ཇི་ལྟར་བྱ་བ་ནི། ལྷ་བསྐྱེད་དབང་བསྐུར་གནས་གསུམ་བརླབ། །སྤྱན་འདྲེན་མེ་ཏོག་འཐོར་མཆོད་བསྟོད། །སྨན་སྲུང་སྤྱན་འདྲེན་རྟོག་བསལ་ཛཔ྄། །ཅེས་པ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་མདངས། །འགྱུར་མེད་ཨ་དཀར་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཨེ་ཡཾ་བཾ་སུཾ་རཾ་བྷྲཱུྃ་ཆད། །ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ཀྱིས་བརྒྱན། །རྩིག་པ་ལྔ་ལྡན་འདོད་སྣམ་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་ལྡན། །ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །སེང་གླང་རྟ་མཆོག་རྨ་བྱ་མཁའ་ལྡིང་ཁྲི། །པདྨ་ཉི་ཟླའི་གདན་ལ་དྭངས་མའི་སྲོག །དེ་ལས་སོ་སོའི་ཕྱག་མཚན་ཡིག་འབྲུས་མཚན། །འོད་ཟེར་འཕྲོ་འདུས་དོན་བྱས་ཡོངས་གྱུར་པ། །བཞི་བཅུ་རྩ་གཉིས་རྒྱལ་བའི་འཁོར་ལོར་ཤར། །དབུས་སུ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་ཡུམ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་མཉམ་པར་སྦྱོར། །ཤར་རྩིབས་རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །དཀར་པོ་འཁོར་ལོ་དྲིལ་འཛིན་མཉམ་པར་སྦྱོར། །ལྷོ་རྩིབས་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི །སེར་པོ་རིན་ཆེན་དྲིལ་འཛིན་མཉམ་པར་སྦྱོར། །ནུབ་རྩིབས་སྣང་བ་མཐའ་ཡས་གོས་དཀར་མོ། །དམར་པོ་པདྨ་དྲིལ་འཛིན་མཉམ་པར་སྦྱོར། །བྱང་རྩིབས་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །ལྗང་གུ་རལ་གྲི་དྲིལ་འཛིན་མཉམ་པར་སྦྱོར། །རྩིབས་མཆན་ཤར་ལྷོར་ས་སྙིང་ལཱ་སྱཻ་དཀར། །མཉམ་སྦྱོར་རིན་ཆེན་མྱུ་གུ་མེ་ལོང་འཛིན། །ལྷོ་ནུབ་ནམ་སྙིང་མཱ་ལྱེ་སྐུ་མདོག་སེར། །མཉམ་སྦྱོར་རིན་པོ་ཆེ་དང་ཕྲེང་བ་འཛིན། །ནུབ་བྱང་སྤྱན་རས་གཟིགས་དང་གླུ་མ་དམར། །མཉམ་སྦྱོར་པདྨ་དཀར་པོ་པི་ཝང་འཛིན། །བྱང་ཤར་ཕྱག་ན་རྡོ་རྗེ་གར་མ་ལྗང་། །མཉམ་སྦྱོར་རྡོ་རྗེ་རྩེ་ལྔ་གར་རྒྱ་འཆིང། །དེ་ཡི་ཕྱི་རོལ་གྲུ་ཁྱད་གྲྭ་བཞི་ལ། །ཤར་ལྷོར་བྱམས་པ་མཻ་ཏྲི་དྷཱུ་པེ་མ། །དཀར་སེར་ཀླུ་ཡི་ཤིང་དང་སྤོས་ཁང་འཛིན། །ལྷོ་ནུབ་སྒྲིབ་པ་རྣམ་སེལ་མེ་ཏོག་མ། །དམར་སེར་གླེགས་བམ་མེ་ཏོག་ཕྲེང་བ་འཛིན། །ནུབ་བྱང་ཀུན་ཏུ་བཟང་དང་མར་མེ་མ། །དམར་ལྗང་རིན་ཆེན་སྙེ་མ་སྒྲོན་མེ་འཛིན། །བྱང་ཤར་འཇམ་དཔལ་དབྱངས་དང་དྲི་ཆབ་མ། །དཀར་ལྗང་ཨུཏྤ་ལ་དང་དུང་ཕོར་འཛིན། །ཐམས་ཅད་གཡོན་པའི་ཕྱག་ན་དྲིལ་བུ་བསྣམས། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཚུལ། །ཤར་ཁྱམས་དབུས་སུ་ཀུན་ཏུ་བཟང་པོ་མཐིང་། །མཉམ་གཞག་ཕྱག་རྒྱ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ནུབ་ཁྱམས་དབུས་སུ་བཟང་མོ་དབང་སྔོན་མདོག །ཏིང་འཛིན་ཕྱག་རྒྱ་མཉམ་པའི་སྐྱིལ་མོ་ཀྲུང་། །ཀུན་ཀྱང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་མཆོག་ཏུ་འབར། །ཞི་ཚུལ་དགུས་མཛེས་མཚན་དང་དཔེ་བྱད་ལྡན། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། །ཟི་ལྡིར་གར་གྱི་ཕུ་དུང་རིན་པོ་ཆེའི། །དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ། །དོ་ཤལ་དཔུང་རྒྱན་ཕྱག་ཞབས་གདུ་བུ་དང་། །གསེར་སྐེད་ལ་སོགས་བཅུ་གསུམ་ཆས་ཀྱིས་སྤྲས། །ཤར་ལྷོར་ལྷ་ཐུབ་དཀར་པོ་པི་ཝང་འཛིན། །ལྷོ་རུ་མི་ཡི་ཐུབ་སེར་གསེག་པར་འཛིན། །ལྷོ་ནུབ་ཡི་དྭགས་ཐུབ་དམར་རིན་ཆེན་སྒྲོམ། །ནུབ་བྱང་བྱོལ་སོང་ཐུབ་མཐིང་པུསྟི་འཛིན། །བྱང་དུ་ལྷ་མིན་ཐུབ་ལྗང་གོ་ཆ་འཛིན། །བྱང་ཤར་དམྱལ་བའི་ཐུབ་ནག་མེ་དང་ཆུ། །ཀུན་ཀྱང་ཚངས་སྤྱོད་མཆོག་གི་སྤྲུལ་སྐུའི་ཚུལ། །འགྲོ་བའི་དོན་དུ་བཞེངས་པའི་སྟབས་ཀྱིས་བཞུགས། །ཤར་སྒོར་གཤིན་རྗེ་གཤེད་དང་ལྕགས་ཀྱུ་མ། །སྨུག་ནག་མཉམ་སྦྱོར་མི་མགོ་ལྕགས་ཀྱུ་འཛིན། །ལྷོ་སྒོར་སྟོབས་པོ་ཆེ་དང་ཞགས་པ་མ། །སེར་ནག་རྡོ་རྗེ་ཐོད་སྣོད་ཞགས་པ་འཛིན། །ནུབ་སྒོར་རྟ་མཆོག་དཔལ་དང་ལྕགས་སྒྲོག་མ། །དམར་ནག་ཐོད་སྦྲུལ་འཆང་ཞིང་ལྕགས་སྒྲོག་འཛིན། །བྱང་སྒོར་བདུད་རྩི་འཁྱིལ་དང་དྲིལ་བུ་མ། །ལྗང་ནག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་གར་དགུའི་རོས་སྒེག་དུར་ཁྲོད་ཀྱི། །ཆས་ཅན་འབར་བའི་མེ་ཕྲེང་དབུས་ན་བཞུགས། །གཉིས་པ་དབང་བསྐུར་བ་ནི། རིགས་ལྔ་སོ་སོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། ཨཱ་དརྴ། སཱ་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱནུཥྛ་ཎ་རྣམས་བརྗོད་ལ་ལྷ་ཚོགས་རྣམས་ཀྱི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར་ནས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །གསུམ་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་འཆིང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་དང་། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟའི་མཐར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་འདོན་ཅིང་། ལྷ་རྣམས་ཀྱི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ཨོཾ་ཨཱཿཧཱུྃ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པའི་སྐུར་གྱུར་པར་བསམ་མོ། །བཞི་པ་སྤྱན་དྲང་བ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བའི། །ཕྱོགས་དུས་ཀུན་ནས་གཤེགས་པར་གྱིས། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿཞེས་སྤྱན་དྲངས་ལ་གཉིས་མེད་དུ་བསྟིམ་མོ། །ལྔ་པ་རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དྲུག་པ་མཆོད་བསྟོད་ནི། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་ལ་སོགས་པ་ཞི་ཁྲོའི་ཕྲིན་ལས་གཞུང་བཞིན་མཆོད་ཅིང་། བསྡུ་ན། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་ཀྱི་མཐར་སྔགས་མཆོད་ཀྱིས་ཀྱང་ཆོག་གོ །བསྟོད་པ་རྩ་རྒྱུད་ལས་གསུངས་པའི་གཞི་བསྟོད་ཡོངས་རྫོགས་སམ། མི་ནུས་ན། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་བྱའོ། །བདུན་པ་སྨན་སྲུང་སྤྱན་འདྲེན་ནི་སྐབས་འདིར་བྱ་བ་སྟེ། སྒྲོན་མ་གསལ་བར། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟོད་པའི་བར་བྱས། སྨན་གྱི་སྲུང་མ་གཙང་མར་གཏོགས་ཀུན་འབོད་བྱ་སྟེ། །མཉམ་པའི་ཚིག་གིས་རྟོག་བསལ་དམ་ཚིག་ལྡན་བྱས་ནས། །དམ་པ་རིགས་བརྒྱའི་བསྙེན་པས་དེ་ཉིད་དག་པར་སྦྱང་། །ཞེས་གསུངས་ཤིང་། དེ་ཡང་སྨན་གྱི་རྩི་བཅུད་དང་དངོས་གྲུབ་མྱུར་བའི་གྲོགས་སྨན་གྱི་རིག་འཛིན་རྣམས་ཀྱིས་མཛད་པས་སྤྱན་དྲང་དགོས་ཤིང་། དེ་དག་ཀྱང་གཙང་སྦྲ་ལ་གནས་པས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་བདེ་ཆེན་ཡེ་ཤེས་ཆེན་པོར་རོ་གཅིག་པའི་ལྟ་བ་དང་ལྡན་པའི་ཚིག་གིས་བསལ་ནས་འཁོར་འདས་དཀྱིལ་འཁོར་གཅིག་ཏུ་བྱང་ཆུབ་པས་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་དང་ལྡན་པར་བྱ་བ་ནི་མྱུར་བའི་ལམ་གྱི་གནད་ཡིན་ཏེ། ཇི་ལྟར་བྱ་བའི་ཚུལ་ནི། སློབ་དཔོན་གྱིས་ཁ་དོག་སྣ་ཚོགས་པའི་དར་གྱིས་གཡབ། སྤོས་དཀར་བསྲེག་ཅིང་རོལ་མོར་བཅས་པས་སྨན་སྲུང་སྤྱན་དྲང་བ་ནི། ཁྲོ་མཁར་ལས།་་་ཧཱུྃ། ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཤིང་དང་སྨན་གྱི་ལྷ་མོ་དང་། །ར་སཱ་ཡཱ་ནའི་སྲུང་མའི་ཚོགས། །སྔོན་ཚེ་འདས་དུས་དང་པོ་ལ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དབང་མནོས་ཤིང་། །སྡོམ་ལ་གནས་པའི་རིག་འཛིན་བདག །དུས་གསུམ་བདེ་གཤེགས་མཆོད་པ་དང་། །སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་པ་སྤྱན་འདྲེན་ན། །འདིར་གཤེགས་དམ་ཚིག་ཚུལ་བཞིན་དགོངས། །ར་སཱ་ཡཱ་ནའི་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས། སྔོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་། སྒྲུབ་པ་པོའི་སྡོངས་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས། སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབ་པ་བཞིན་བཞུགས་པར་བསམ་མོ། །བརྒྱད་པ་རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། བམ་བརྒྱད་ལས།་་་ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བྱོལ་སོང་རྩྭ་མཆོག་ཟ་བ་ཡང་། །ཇི་སྲིད་འཚོ་ཡི་བར་དུ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཡང་དག་དོན་གྱི་ལུང་འདི་ཉོན། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །ཆོས་སྐུ་གཅིག་ལ་ཐ་དད་པའི། །རིགས་ལྔའི་མཚན་ཉིད་འདིར་བཤད་དོ། །དེ་ལྟར་རྟོགས་ན་གྲོལ་ཞེས་བཤད། །རང་བཞིན་ཡོངས་སུ་དག་པའི་རྫས། །མཉམ་པའི་དབྱིངས་སུ་རབ་རྟོགས་ན། །གཉིས་མེད་དོན་གྱིས་ཟིན་པ་ཡིན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དངོས་དང་དངོས་མེད་རྟོག་པའི་མཚན། །མཁས་པས་དབུས་ལའང་གནས་མི་འགྱུར། །ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དཀར་བའི་ཡེ་ཤེས་སྐུ །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་པདྨའི་སྐུ །མཱཾ་ས་ཡིད་བཞིན་རིན་ཆེན་ལྔ། །སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུ །དྲི་ཆེན་གསེར་མདོག་སྣང་མཛད་དེ། །མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཀུན་ཏུ་དོན་གྲུབ་ལས་རབ་སྐུ །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །དྲི་ཆེན་དྲི་ཆུ་རཀྟ་དང་། །མཱཾ་ས་སེམས་ཆུ་འདི་དག་ཀུན། །སེམས་ཅན་རྟོག་པ་ལྡོག་བྱའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །གཙང་དམེ་མེད་པར་ཀུན་གྱིས་སྤྱོད། །དེ་དག་གྲོལ་བར་ངས་བཤད་དོ། །ཞེས་བརྗོད་པས་སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་བཞུགས་པར་བསམ་མོ། །དགུ་པ་ཛཔ྄་ལ་གཉིས་ལས། དང་པོ་ལྷའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །གསལ་བརྟན་འགྱུར་མེད་ཐུགས་ཀྱི་དཔལ་བེ་འུར། །ཟླ་སྟེང་ཏིང་འཛིན་སེམས་དཔའ་ཡིག་འབྲུའི་གཟུགས། །དྭངས་གསལ་འོད་འཕྲོ་སྔགས་ཀྱི་ཕྲེང་བས་བསྐོར། །རང་སྲོག་ཡིག་འབྲུའི་ཟེར་གྱིས་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་ཐུགས་ལས་འོད་འཕྲོས་རྒྱལ་བ་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས། །མདུན་བསྐྱེད་ལྷར་ཐིམ་གཟི་བྱིན་མཆོག་ཏུ་འབར། །དྭངས་མའི་འོད་ཟེར་འཁོར་འདས་ཁྱབ་པར་གསལ། །མ་དག་དངོས་འཛིན་ཡེ་ཤེས་འཁོར་ལོར་བསྒྱུར། །ཞེས་དམིགས་པའི་འཕྲོ་འདུ་དང་སྦྱར་ཏེ་ཞི་བ་བཞི་བཅུའི་སྒོས་ཛཔ྄་དང་། སྤྱི་ཛཔ྄། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བརྒྱ་རྩ་སོགས་བཟླ། མི་ནུས་ན་ཞི་དཀྱིལ་ཁོ་ནས་ཀྱང་རུང་ཞིང་། སྤྲོ་ཞིང་ནུས་ན་ཁྲག་འཐུང་ང་བརྒྱད་ཀྱི་བསྐྱེད་སྔགས་ལན་གཅིག་བརྗོད་ལ། དེའི་རྐྱེན་གྱིས་ཁྲོ་བོར་བསྒྱུར་བ་སྟེ། ཧཱུྃ། ཞི་བའི་ལྷ་ཚོགས་ཡོངས་གྱུར་ཁྲག་འཐུང་ལྔ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་དཀྱིལ་འཁོར་ལྷ། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་པའི་མེ་བཞིན་བཟོད་དཀའི་གཟི་བརྗིད་འབར། ཁྲག་འཐུང་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་གསལ་བཏབ་ནས་མཆོད་ཅིང་བསྟོད། དམིགས་པའི་འཕྲོ་འདུ་སྔར་བཞིན་གྱིས་སྒོས་ཛཔ྄་དང་། སྤྱི་ཛཔ྄། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་སོགས་བཟླའོ། །གཉིས་པ་སྨན་ཛཔ྄་ནི། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྨན་གྱི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་འོད་འཕྲོས་འཁོར་འདས་ཀྱི། །རྩི་བཅུད་ཀུན་བསྡུས་བྱང་སེམས་ངོ་བོར་ཞུ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་ཀུན། །དམ་ཚིག་རྗེས་དྲན་བརྟན་གཡོ་སྣོད་བཅུད་ཀྱི། །དྭངས་མའི་ཡོན་ཏན་འཆི་མེད་བདུད་རྩིའི་རྒྱུན། །དཀྱིལ་འཁོར་ཆེན་པོར་ཆར་བཞིན་འབེབ་པར་གྱུར། །ཞེས་པའི་དམིགས་པ་དང་ལྡན་པས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་གྲངས་ཚང་བར་བཟླས་པའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ཡང་བྱ་སྟེ། སྒྲོན་གསལ་ལས། སྟོང་དུ་ཚང་ནས་མཆོད་བྱས་ཏིང་འཛིན་གསལ་བར་བྱ། །ཞེས་གསུངས་པས། བྱིང་རྨུགས་གཉིད་དང་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་ཐུན་བཞིའམ་དྲུག་གི་ངེས་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་ཁོར་ཡུག་ཏུ་གསུང་མི་ཆག་པར་བཟླ་བ་གལ་ཆེའོ། །དུས་དྲུག་ཏུ་བར་ཆོད་ཀྱི་ཉུལ་ལེ་སྐྲོད་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ་ཡང་ནན་ཏན་ཏུ་བྱ་ཞིང་། ཐུན་མཇུག་ཏུ། རིགས་བརྒྱའི་ལྷ་ཚོགས་འོད་ཀྱི་གོང་བུར་ཞུ། །གཙོ་བོ་རིགས་ལྔའི་ཐུགས་ཀྱི་ཐིག་ལེར་ཐིམ། །རིགས་ལྔ་ཡབ་ཡུམ་སྙོམས་ཞུགས་བྱང་སེམས་ཀྱི། །ངོ་བོར་འོད་ཞུ་སྨན་དང་རོ་གཅིག་གྱུར། །ཅེས་བསྒོམས་ཏེ། ཉེ་སྙིང་ལས། རིམ་གྱིས་དཀྱིལ་འཁོར་བསྡུས་ནས་ནི། །དེ་ཉིད་རིགས་ལྔའི་དཀྱིལ་འཁོར་གསལ། །ཞེས་གསུངས་པའི་དོན་ནོ། །ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་ནི་སྔར་བཤད་པ་བཞིན་ནོ།། ༈ གཉིས་པ་དེ་ཉིད་རིགས་ལྔས་སྦྱོང་བ་ནི། དེ་ཡང་རིགས་མང་པོ་བཟང་ངན་ཐ་དད་པར་བལྟ་བའི་རྣམ་པར་རྟོག་པ་ལྡོག་པའི་ཕྱིར་ཏེ། འཁོར་ལོ་འབར་བར། གསུང་གི་བསྒྲུབ་པ་བྱ་བ་ཡང་། །དེ་ཉིད་རིགས་ལྔར་ཡང་དག་གནས། །ལྷར་འཛིན་ཐ་དད་སོ་སོར་དྭངས། །སྨན་གྱི་དངོས་པོ་རང་རྒྱུད་པར། །འཛིན་པའི་རྟོག་པ་ལྡོག་བྱས་ནས། །རིགས་ལྔ་ཡེ་ཤེས་ལྔ་རུ་བསྒྲུབ། །ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་འོ། །ཞེས་གསུངས་པས། སྨན་རྣམས་ཕྱོགས་བཞི་དབུས་དང་ལྔར་བསྡུ་བའི་སྐབས་འདིར་ཡིན་ཡང་འཇུག་པ་བདེ་ཕྱིར་གོང་དུ་བཀོད་པ་མི་འགལ་བར་གསུངས་པའི་དབང་དུ་བྱས་ཀྱི། འོན་ཀྱང་སྔར་ཐོད་པ་ལྔའི་བར་མཚམས་སུ་བཀོད་པ་ཡོད་ན་སྣོད་ལྔ་པོར་བསྡུས་ཏེ་དཔའ་བོ་འབྲུ་ལྔའི་རང་བཞིན་དུ་གྱུར་པར་བལྟའོ། །ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་མདངས། །འགྱུར་མེད་ཨ་དཀར་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཨེ་ཡཾ་བཾ་སུཾ་རཾ་བྷྲཱུྃ་ཆད། །ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ཀྱིས་བརྒྱན། །རྩིག་པ་ལྔ་ལྡན་འདོད་སྣམ་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་ལྡན། །ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །ཞེས་དང་། སྐབས་འདིར་བདེ་གཤེགས་འདུས་པར། དབུས་ཀྱི་ཕོ་བྲང་གདན་དང་བཅས་པ་བསྒོམ། །ཞེས་པའི་གདན་ནི་འདིར་རྩིབས་གདན་སྟབས་སུ་བྱེད་པར་ངོས་བཟུང་བའོ། །རྩིབས་སྟེང་དུ་དམ་རྫས་ཀྱི་སྟེགས་དང་སྣོད་སྒོམ་ཚུལ་ནི། སྒྲོན་མ་གསལ་བར། སོ་སོའི་སྣོད་དག་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །ཞེས་སོགས་བསྟན་པའི་དོན་ནི་འདི་ལྟར། དབུས་དང་རྩིབས་བཞིར་ཡཾ་ལས་རླུང་གཞུའི་དབྱིབས། །དེ་སྟེང་རཾ་ལས་དམར་ནག་གྲུ་གསུམ་མེར། །གནས་པའི་ཨ་ཡིག་ཡོངས་གྱུར་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཡངས་ཤིང་རྒྱ་ཆེ་ལྔའི། །སོ་སོའི་ནང་དུ་པཾ་ལས་པདྨ་དང་། །ཨ་ལས་ཟླ་བ་མཾ་ལས་ཉི་དཀྱིལ་སྟེང་། །བྱང་སེམས་དྲི་ཆེན་ཤ་དང་རཀྟ་ཆུར། །རིམ་བཞིན་ཧཱུྃ་ཨོཾ་སྭཱ་ཨཾཿཧཱ་ཡིག་ལྔ། །མཐིང་དཀར་སེར་དམར་ལྗང་གུའི་མདོག་ཏུ་འཚེར། །དེ་ལས་འོད་འཕྲོས་མཁའ་མཉམ་འགྲོ་དོན་བྱས། །ཡེ་ཤེས་ལྔ་ཡི་བཅུད་བསྡུས་ཡོངས་གྱུར་ལས། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་ཕྱག་མཚན་རྣམ་ལྔ་ཡིག་འབྲུས་མཚན། །འོད་འཕྲོས་སེམས་ཅན་དོན་བྱས་འཁོར་འདས་ཀྱི། །བཅུད་བསྡུས་བདེ་གཤེགས་ལྔ་ཡི་སྐུར་གྱུར་པ། །དབུས་སུ་རྡོར་སེམས་ཨིནྡྲ་ནཱི་ལའི་མདོག །རྡོ་རྗེ་དྲིལ་འཛིན་དབྱིངས་ཕྱུག་ཡུམ་དང་སྦྱོར། །ཤར་དུ་རྣམ་པར་སྣང་མཛད་ཟླ་བའི་མདོག །འཁོར་ལོ་དྲིལ་འཛིན་སྤྱན་མ་ཡུམ་དང་སྦྱོར། །ལྷོ་རུ་རིན་ཆེན་འབྱུང་ལྡན་གསེར་གྱི་མདོག །རིན་ཆེན་དྲིལ་འཛིན་མཱ་མ་ཀཱི་དང་སྦྱོར། །ནུབ་ཏུ་སྣང་བ་མཐའ་ཡས་རཱ་གའི་མདོག །པདྨ་དྲིལ་འཛིན་གོས་དཀར་ཡུམ་དང་སྦྱོར། །བྱང་དུ་དོན་ཡོད་གྲུབ་པ་མརྒད་མདོག །རལ་གྲི་དྲིལ་འཛིན་སྒྲོལ་མ་ཡུམ་དང་སྦྱོར། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཀྱི། །སྐྱིལ་ཀྲུང་གིས་འཁྲིལ་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་མཛེས་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་སྤྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ་བོ། །གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་མཐར་ཐུག་གི་བར་སྔར་བཞིན་ལས། བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། བརྒྱད་པ་རྟོག་བསལ་སྔར་བཞིན། དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷ་ཛཔ྄་ནི། དམིགས་པའི་འཕྲོ་འདུ་རིགས་བརྒྱའི་སྐབས་བཞིན་ལས་སྔགས་ཚིག་ནི། ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ྄ །པཱཾ་རཱ་གཱ་ར་ཏི། ཧཱ་པྲ་ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། ཞེས་བརྒྱ་རྩ་སོགས་བཟླ། གཉིས་པ་སྨན་ཛཔ྄་ནི། དྭངས་མའི་སྲོག་ཡིག་འོད་ཀྱིས་ཐུགས་རྒྱུད་བསྐུལ། །རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པའི་རོས། །སྙོམས་པར་ཞུགས་པའི་དགའ་བའི་འོད་དང་སྒྲས། །འཕགས་མཆོད་སེམས་ཅན་དོན་བྱས་དངོས་གྲུབ་དབྱིག །ཚུར་འདུས་བྱང་ཆུབ་སེམས་རྒྱུན་མཁའ་གསང་ལས། །བབས་པས་བྷཉྫར་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་གྱིས། །བརྟན་གཡོའི་རྩི་བཅུད་བདུད་རྩིར་འབེབ་པར་གྱུར། །ཞེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སྔར་བཞིན་ནོ། །ཐུན་གྱི་མཇུག་ཏུ། ལྷ་རྣམས་དགའ་བས་མཉམ་སྦྱོར་ཡེ་ཤེས་ལྔའི། །བདུད་རྩིའི་ངོ་བོར་ཞུ་སྟེ་དམ་རྫས་དང་། །དབྱེར་མེད་ཁ་དོག་དྲི་རོ་ནུས་ལྡན་པའི། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཅེས་དང་། མཚམས་ཀྱི་ཆང་དང་འོ་མ་རིན་པོ་ཆེ་ཆུ་རྣམས་ཀྱང་དེ་དང་དེའི་རང་བཞིན་གྱི་བདུད་རྩིའི་ངོ་བོར་ཞུ་བར་བསམ་ལ། ཆང་ལ། ཨོཾ་བཛྲ་ཨ་མྲྀཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། འོ་མར། ཨོཾ་བི་ཏང་སཾ་ཤོ་དྷཱ་ཡ་ཀྲོ་དྷཱི་ཤྭ་རཱི་ཤྭ་ར་ཡ་སྭཱ་ཧཱ། རིན་པོ་ཆེར། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱཿ ཆུར། ཨོཾ་ཨ་མྲྀཏ་བི་ཤུདྡྷེ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་སོ་སོར་བརྒྱ་རྩ་རེ་དང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཤོ་ར་ཡ་སྭཱ་ཧཱ། ཞེས་པས་ཐུན་མོང་དུ་རོའི་མཆོག་ཏུ་བྱིན་གྱིས་བརླབ་པར་བྱའོ།། ༈ གསུམ་པ་གསང་ཆེན་རིགས་གཅིག་གིས་སྦྱོང་བ་ནི། རིགས་ཐ་དད་དུ་འཛིན་པའི་ཞེན་པ་སྦྱོང་བའི་ཕྱིར་ཏེ། སྒྲོན་གསལ་དུ། དེ་འོག་རྣམ་ལྔ་ཐུགས་སུ་བསྡུས་ཏེ་སྦྱོང་བ་ནི། ཞེས་གསུངས་པས་རིགས་ལྔ་རྡོ་རྗེའི་རིགས་དང་། ཡེ་ཤེས་ལྔ་ཆོས་དབྱིངས་ཡེ་ཤེས་དང་། ཕུང་པོ་ལྔ་རྣམ་པར་ཤེས་པའི་ཕུང་པོར་བསྡུ་བའོ། །དེ་ཡང་། སྣོད་གཞན་གྱི་སྨན་ཐམས་ཅད་དབུས་ཀྱི་ཐོད་པར་བསྡུས་ནས་གཅིག་ཏུ་བྱ་སྟེ། འཁོར་ལོ་འབར་བར། དྲན་པ་སྣ་ཚོགས་སྣང་བ་ཡང་། །སྣོད་བཅུད་དམ་པ་རིགས་བརྒྱར་སྦྱང་། །དེ་ཉིད་དྲན་མེད་རིགས་ལྔར་འདུས། །སྣོད་བཅུད་རིགས་སུ་དབྱེ་བ་མེད། །དེ་ཕྱིར་གསང་ཆེན་རིགས་གཅིག་བསྒོམ། །རིགས་ལྔ་ཡེ་ཤེས་ཐ་དད་དུ། །འཛིན་པའི་རྟོག་པ་ལོག་བྱས་ནས། །གཉིས་མེད་ཆོས་སྐུར་སངས་རྒྱས་པས། །དྲན་མེད་ངང་དུ་རིགས་གཅིག་གནས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་པས། ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། བདེ་གཤེགས་འདུས་པར་རྒྱུ་ཡི་ཏིང་ངེ་འཛིན་ལས་རྡོ་རྗེ་སེམས་དཔར་བསྐྱེད། ཅེས་གསུངས་པས། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་གདངས། །འགྱུར་མེད་ཧཱུྃ་ཡིག་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཐུགས་མཆོག་རྡོ་རྗེ་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །འགྲོ་རྣམས་བྱང་ཆུབ་ཞིང་བསྒྲལ་ཚུར་འདུས་ཧཱུྃ། །ཡོངས་གྱུར་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །མཐིང་གསལ་དྲི་མེད་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབྱིངས་ཕྱུག་ཡུམ་འཁྱུད་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་བརྒྱན་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་འཕྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ། གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་བར་སྔར་བཞིན་ནོ། །བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། བརྒྱད་པ་རྟོག་བསལ་ཡང་སྔར་བཞིན། དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷའི་ཛཔ྄་ནི། རྡོར་སེམས་སྤྱི་མགྲིན་སྙིང་གར་འཁོར་ལོ་དང་། །པདྨ་རྒྱ་གྲམ་ལྟེ་བར་ཨོཾ་དཀར་པོ། །ཨཱཿདམར་ཧཱུྃ་མཐིང་མཐའ་མར་སྔགས་ཀྱིས་བསྐོར། །བདག་ལྕེ་རྡོ་རྗེའི་ཧཱུྃ་དང་སྔགས་ཕྲེང་ལས། །འོད་འཕྲོས་རྒྱུད་བསྐུལ་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས། །མུ་ཏིག་ལྟར་དཀར་དངོས་གྲུབ་ཀུན་གྱི་དབྱིག །རང་སྲོག་དྭངས་མའི་ཧཱུྃ་ལ་ཐིམ་པར་གྱུར། །ཞེས་མོས་ལ། ཧཱུྃ་བཛྲ་དྷཱྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླ། གཉིས་པ་སྨན་ཛཔ྄་ནི། དམིགས་པའི་འཕྲོ་འདུ། དྭངས་མའི་སྲོག་ཡིག་འོད་ཀྱིས་ཐུགས་རྒྱུད་བསྐུལ། །རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་རོས། །སྙོམས་པར་ཞུགས་པའི་དགའ་བའི་འོད་དང་སྒྲས། །འཕགས་མཆོད་སེམས་ཅན་དོན་བྱས་དངོས་གྲུབ་དབྱིག །ཚུར་འདུས་བྱང་ཆུབ་སེམས་རྒྱུན་མཁའ་གསང་ལས། །བབས་པས་བྷཉྫར་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་གྱིས། །བརྟན་གཡོའི་རྩི་བཅུད་བདུད་རྩིར་འབེབ་པར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སོ། །ཐུན་མཇུག་ཏུ། ཁྲོ་མཁར་ལས།་་་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་འདི་ནི། །སྙིང་པོ་ཆོས་ཀྱི་དོན་ལ་བསྡུ། །བྱང་ཆུབ་སྤྱོད་པའི་གནས་ཆེན་ཡིན། །སྨད་པར་བྱ་བའི་རྫས་ལྔ་པོ། །གཅིག་ལ་ཡོན་ཏན་ལྔ་ལྔ་འམ། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡང་ན་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །ཐབས་དང་ཤེས་རབ་རབ་ལྡན་པས། །རྟོག་པའི་མཚན་མ་བརྟག་པར་བྱ། །ཞེས་བརྗོད་ཅིང་རྡོར་སེམས་ཡབ་ཡུམ་ཡང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་དུ་ཞུ་ཞིང་། དམ་ཚིག་གི་རྫས་དང་དབྱེར་མེད་པར་བསམ་ཞིང་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་བྱའོ། །དེ་ལྟར་རིགས་བརྒྱ། རིགས་ལྔ། རིགས་གཅིག་རྣམས་རེ་རེ་ལའང་ཐུན་དྲུག་གི་ངེས་པ་དང་ལྡན་པས་སྤྱིར་ཁྲོལ་བུ་ལ་ཞག་གསུམ་དུ་བྱའོ།། ༈ བཞི་པ་ཁྲོལ་བུའི་མཇུག་དོན་ནི། སྒྲོན་མ་གསལ་བར། རྣལ་འབྱོར་ཀུན་གྱིས་ངོས་ངོས་ནས་ནི་སྨན་ཉིད་ཀྱི། །ཆེ་བའི་ཡོན་ཏན་རྒྱས་པར་བརྗོད་ཅིང་ལེགས་བསྟོད་དེ། །སྨན་ཉིད་ཡུམ་གྱིས་བླངས་ཏེ་གཙོ་ལ་གུས་ཤིང་དབུལ། །ཞེས་གསུངས་པའི་སྡོམ་ནི། བདུད་རྩི་མཆོད་བསྟོད་དངོས་གྲུབ་བསྡུ། །ཞེས་གསུམ་ལས། དང་པོ་སྨན་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་བ་ནི། སྒྲུབ་པ་པོ་རྣམས་དཀྱིལ་འཁོར་ལ་བསྐོར་ཏེ་བདུད་རྩིའི་ཐིགས་འཐོར་ཞིང་།་་་ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་དང་། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་མཚན་དོན་སྦྱར་བས་ཀྱང་རྒྱ་ཆེར་མཆོད་དོ། །གཉིས་པ་བསྟོད་པ་ནི། བམ་བརྒྱད་ལས།་་་ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱེད་ལ་སྐྱབས་སུ་མཆི། །རང་བྱུང་དྲི་མེད་བདུད་རྩི་ཆེ། །སངས་རྒྱས་ཀུན་གྱིས་བསྔགས་པའི་མཆོག །མི་ཤེས་སྒྲིབ་སྦྱོང་དབྱིངས་བཀོད་མཛད། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །རྣམ་སྣང་རྡོ་རྗེ་རྒྱལ་ཅན་དང་། །མི་བསྐྱོད་ཉི་མ་སྣང་མཐའ་ཡས། །དོན་ཡོད་བདུད་རྩི་འཁྱིལ་སོགས་ལ། །དགྱེས་ཤིང་གུས་པས་ཕྱག་འཚལ་ལོ། །ཞེས་པས་སྟོན་པ། ཆོས། བདུད་རྩི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟོད་པ་སྟེ། བམ་བརྒྱད་ལས་གསུངས་པ་བཞིན་ནོ། །གཞན་འོས་སུ་གྱུར་པའི་བསྟོད་པ་ཇི་ལྟར་རིགས་པས་ཀྱང་རུང་ངོ་། །གསུམ་པ་དངོས་གྲུབ་བསྡུ་བ་ནི། ཕྱག་རྒྱའམ་དེར་བཏགས་པའི་ལས་ཀྱི་རྡོ་རྗེས་ཁྲོལ་བུའི་སྨན་གཞོང་དར་གྱིས་ལྕིབས་ལ་བླངས་ཏེ། བམ་བརྒྱད་ལས།་་་ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་བརྗོད་དེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དེས་ཀྱང། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧྲཱིཿ ཞེས་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པར་ཐུགས་ཀྱི་ཐིག་ལེར་བསྡུའོ། །དེ་ཡང་གཞུང་འགའ་ཞིག་ལས། དེ་ཉིད་རིགས་ལྔས་སྦྱངས་པའི་མཇུག་ཏུ་སྨན་ཆ་གསུམ་དུ་བསྡུས་ནས། སྐུ་གསུང་ཐུགས་ཀྱི་འཕྲོ་འདུས་གསང་ཆེན་རིགས་གསུམ་གྱིས་སྦྱང་བར་བཤད་ཀྱང་། བམ་བརྒྱད་ཀྱི་འགྲེལ་པ་སོགས་གཞུང་མང་པོར། རིགས་བརྒྱ་སྐུ །རིགས་ལྔ་གསུང་། རིགས་གཅིག་ཐུགས་ཀྱི་སྒྲུབ་པ་ཡིན་ཞེས་གསལ་བར་གསུངས་པས་ཟུར་དུ་མ་བྱས་ཀྱང་དོན་གྱིས་ཚང་བ་ཡིན་ནོ། །དེ་ཉིད་ཁྲོལ་བུའི་མཇུག་དོན་དང་སྨན་འཐག་པའི་སྔོན་འགྲོ་ཐུན་མོང་པ་ཡིན་ཡང་སྦྱར་བའི་དུས་ནི་ཁྲོལ་བུའི་ཞག་གསུམ་རྫོགས་པའི་ཉིན་ཕྱི་མའི་ཐོར་ཐུན་གྱི་རྗེས་སུ་བྱ་བ་ཡིན་ནོ། །སྐབས་འདིར་སྒྲོམ་ཁྲིའི་སྟེང་ཞི་དཀྱིལ་ཡང་བསྡུ་ཞིང་། གཞུང་མང་པོར་ཁྲོལ་བུའི་སྣོད་དེ་ཉིད་རེ་ཞིག་རྩ་བའི་དཀྱིལ་འཁོར་ཁྲོ་བོར་ཞལ་བསྒྱུར་བའི་སྟེང་དུ་འགོད་པར་བཤད་ཀྱང་། ལག་ལེན་མི་བདེ་བས་སྟེགས་བུ་གང་ཡང་རུང་བའི་ཁར་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་བཅད་ཁ་ནུབ་བསྟན་གྱི་དབུས་སུ་འགོད་པར་བྱའོ།། ༈ གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། བཏག་བཙག་སོགས་ཀྱི་དགོངས་པ་དང་། །ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །དང་པོ་ལ་ལྔ། འཐག་པ། བཙག་པ། སྦྱར་བ། སྦོལ་ཞིང་གཞལ་བ། འགོད་པ་དང་ལྔའོ། །འཐག་པ་ལ་ཡང་གཉིས་ལས། དང་པོ་སྦྱོར་བ་ནི། སྨན་ཁྲོལ་བུའི་དངོས་གྲུབ་བླངས་པའི་དེ་མ་ཐག་པར། སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། དཔལ་ཆེན་པོ་སོགས་ཁྲག་འཐུང་གཙོ་འཁོར་གྱི་ང་རྒྱལ་བཟུང་ནས་རྡོ་རྗེའི་གོམ་སྟབས་ཀྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། རུ་ལུ་སོགས་ཁྲོ་བོའི་ཛཔ྄་བྱ། མཆོག་གི་ཧསྟ་གཡོབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླང་བ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཐུགས་དམ་བསྐུལ། མཁའ་འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ཅིང་ཉམས་བསྐྱང་། སྒྲུབ་དཀྱིལ་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡང་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུགས་ཤིང་། རཀྟའི་ཐིག་ལེ་ཧཱུྃ་ཡིག་གིས་མཚན་པ་དགུ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག །གཞུང་གཞན་ལས་གོང་གི་རྗེས་འབྲེལ་དུ་མ་ཏྲཾ་བསྒྲལ་བ་སྦྱོར་སྒྲོལ་གྱི་མཆོད་པའི་ཚུལ་དུ་མཛད་པ་མི་ལེགས་པ་མིན་ཡང་། འཆད་འགྱུར་གྱི་དོན་ལ་མ་ཚང་བ་མེད་པས་སྐབས་འདིར་དེ་ཙམ་མོ། །གཉིས་པ་འཐག་པ་དངོས་ལ་གསུམ་གྱི། དང་པོ་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏག་པ་ནི། གོང་དུ་བཀོད་པའི་སྨན་གཞོང་གི་ཤར་དུ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་འཁོད། དེའི་མདུན་དུ་ཡུམ་མམ་དེར་བཏགས་པའི་སློབ་མ་སློབ་དཔོན་ལ་ཕྱོགས་ཏེ་འདུག་པའི་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་ཏེ་བརྐྱང་། སློབ་དཔོན་གྱིས་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་སྒྲེང། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱི་ལག་གཉིས་སློབ་དཔོན་དང་ལྷན་ཅིག་པས་གཏུན་བུ་བཟུང་བའམ། མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་འཛིན་པར་ཡང་བཤད་དོ། །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས། གཏན་པ་ཡུམ་གྱི་མཁའ་དབྱིངས་སུ། གཏུན་བུ་ཡབ་ཀྱི་རྡོ་རྗེ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་སྨན་རྣམས་དཀར་དམར་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་གྱི་བདུད་རྩི་ཆི་ལི་ལི་བྱུང་བར་བསམ་ཞིང་འཐག་གོ །གཉིས་པ་སྒྲོལ་བའི་ལས་ཀྱིས་ཞེ་སྡང་བཏག་པ་ནི། གཏུན་ཁུང་ཁྲོ་མོ་འབར་བའི་ཨེ་དབྱིངས་སུ་གཏུན་བུ་ཁྲོ་བོ་འབར་བའི་རྡོ་རྗེའི་ཐོ་བས། སྨན་གྱི་མི་མཐུན་པའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ཞིང་འཐག་གོ། །གསུམ་པ་སྦྱོར་སྒྲོལ་གཉིས་སུ་མེད་པས་གཏི་མུག་བཏག་པ་ནི། གཏུན་ཁུང་ཆོས་ཀྱི་དབྱིངས་སུ་གཏུན་བུ་རིག་པའི་ཡེ་ཤེས་སྦྱར་བས། སྨན་རྣམ་རྟོག་གི་མཚན་མ་ཐམས་ཅད་མཉམ་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་བསྒྲལ་བར་བསམ་ཞིང་འཐག་གོ །སྔགས་ནི་ཐམས་ཅད་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླའོ། །དེ་ལྟར་ཡང་གསང་འཁོར་ལས། འཁོར་ལོ་སྦྱོར་བའི་འདུག་སྟངས་ཀྱིས། །ཕོ་མོ་གཉིས་ཀྱི་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་གྱིས། །སྨན་རྣམས་ཧ་ནའི་སྔགས་ཀྱིས་བཏགས། །ཞེས་གསུངས་པའི་དོན་ནོ། །འདུག་སྟངས་སྤྱོད་ལམ་དེ་དང་ལྡན་པས་ཐོག་མར་སློབ་དཔོན་ཡབ་ཡུམ་གྱིས་འཐག་ཅིང་། དེ་ནས་གཞན་རྣམས་ཀྱིས་ཀྱང་འཐག་སྟེ། དེ་ཡང་སྨན་འཐག་དཀའ་བ་རྣམས་སྔོན་དང་། སྣུམ་གཤེར་ཅན་རྣམས་ཕྱི་ལ་འཐག་ཅིང་རྩྭ་དང་རུས་ཤུན་སོགས་ཀྱི་ཧྲམ་ཧྲོམ་ཟང་ཟིང་མེད་པར་ཤིན་ཏུ་དུལ་ཞིང་འཇམ་པར་འཐག་གོ །དེ་ལྟར་མ་བྱས་ན་ཕྱེ་མའི་དུས་ཞིབ་པ་ལྟར་སྣང་ཡང་། རླན་དང་འཕྲད་ཚེ་རྩིང་ཉམས་འབྱུང་ཉེན་ཡོད་དོ། །དེ་དག་ནི་རྣམ་པར་རྟོག་པའི་མཚན་མ་གཞོམ་པའི་ཆེད་དུའོ། །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་མདུན་དུ་གཟུངས་མ་འཁོད་པའི་བར་དུ་དར་གྱི་ཁྱོགས་བཅས་པའི་སྣེ་གཉིས་སློབ་དཔོན་གྱི་རྐེད་དང་། གཉིས་ཡུམ་གྱི་རྐེད་དུ་མདུད་པའི་དབུས་ལྡིང་སྟབས་སུ་དཔྱངས་ལ། ཡུམ་གྱིས་དར་ཚགས་བཟུང་། ཡབ་ཀྱིས་སྨན་ཕྱེ་མ་ལྡུགས་ཤིང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་རྣམ་རྟོག་གི་མཚན་མ་རྡུལ་ཙམ་ཡང་མི་གནས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྗོད་ཅིང་ཚགས་ཏེ། ཉེ་སྙིང་ལས། ལྷོ་ཡི་ཕྱོགས་སུ་བཙག་བྱ་སྟེ། །ཕྱེ་མ་དར་ཚགས་ནང་ནས་དབྱུང་། །ཧོ་ས་ཡ་ཡི་སྔགས་ཀྱིས་བཙག །ཅེས་གསུངས་པའི་དོན་ནོ། །གསུམ་པ་བསྲེ་ཞིང་སྦྱར་བ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་མཁར་གཞོང་སོགས་ལྕགས་གཡའི་དྲི་མེད་པར་བཞག །གུར་གུམ་སོགས་དྲི་བཟང་དམ་རྩིའི་དབང་ལག་ཟུར་དུ་ཕྱེ། སྨན་གཞན་རྣམས་རླན་མེད་པའི་དུས་ཉིད་ནས་འདྲེས་པར་བསྲེ་ཞིང་འབྲུམ་མེད་པར་བྱས་ལ། སློབ་དཔོན་གྱིས་སྔར་བྱིན་གྱིས་བརླབས་པའི་ཆང་གི་ཁ་ཕྲུ་སྦྲེང་ཞིང་། ཨོཾ་བཛྲ་ཨ་མྲྀཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། དེ་བཞིན་དུ་འོ་མ་སྦྲེང་ཞིང་། ཨོཾ་བི་ཏང་སཾ་ཤོ་དྷཱ་ཡ་ཀྲོ་དྷཱི་ཤྭ་རཱི་ཤྭ་ར་ཡ་སྭཱ་ཧཱ། རིན་པོ་ཆེ་སྦྲེང་ཞིང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱཿ ཆུ་སྦྲེང་ཞིང་། ཨོཾ་ཨ་མྲྀཏ་བི་ཤུདྡྷེ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་བཟླ་ཞིང་འདྲེས་པར་འཕུར། དེ་ནས་སྔར་གྱི་དམ་རྫས་ཀྱི་ཕབས་རྒྱུན་རྣམས་ཆང་གི་ཉིང་ཁུ་བཟང་པོ་དང་སྦྱར་བའི་ཁ་ཕྲུས་འདེབས་བཞིན་པར་ནན་ཀྱིས་སྦོལ་བཞིན་བསྲེས། བསྐ་སླའི་ཚད་ནི་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འགྲིལ་བ་ཙམ་དུ་བྱའོ། །དེ་ནས་སྔར་ཟུར་དུ་ཕྱེས་པའི་དྲི་བཟང་གི་ཕྱེ་མས་མདངས་བསྒྱུར་ཞིང་། དབང་ལག་གི་ཕྱེ་མའང་བཏབ་ལ་འདྲེས་པར་སྦོལ། དེ་དག་གི་ཚེ་སྔགས་ནི། ཨོཾ་བཛྲ་ཨ་མྲྀཏ་མུ་ས་ལ་མུ་ས་ལ་ཧཱུྃ་ཕཊ། ཅེས་བཟླ་ཞིང་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པར་བསམ་མོ། །བཞི་པ་སྦོལ་ཞིང་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་དུ་ནམ་དུས་དང་བསྟུན་པའི་དྲོད་བརྟགས་ལ། ཕབས་རྩི་ཞིམ་པོ་ནོན་ཙམ་བླུགས་ནས་མཆོག་གི་ལག་པ་གཡོན་པའམ་རྐང་ངམ་རྡོ་རྗེས་དཀྲུགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་ཆེན་ཆོས་དབྱིངས་སུ་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ཡང་སྨན་སྦྱོར་བ་ལ་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ངོ་ཞེས་བླ་མ་གཉགས་ཀྱིས་གསུངས་སོ། །དེ་ནས་འཕེལ་བ་བརྟག་ཕྱིར་དྲིལ་བུས་འཇལ་ཏེ་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་ཁུག་མར་བླུགས། གཞུང་གཞན་ལས་སྲང་ལ་བཅལ་བར་ཡང་གསུངས་སོ། །སྐབས་འདིར་སྔགས་ནི་བདེར་འདུས་ལས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླ་བར་གསུངས་སོ། །སྨན་གྱི་སྣོད་ནི་བམ་བརྒྱད་ལས། བྷཉྫར་བསྩལ་ཏེ་བྷཉྫ་གཉིས་ཁ་སྤྲད། དར་གྱིས་བཅིངས་ལ་མཚམས་སུ་རྒྱས་བཏབ། ཅེས་དང་། སྒྲོན་གསལ་ལས། ཁམ་ཕོར་སྦྱར་མར་དར་གྱིས་བཅིངས་ཏེ་རྒྱས་བཏབ་ལ། ཞེས་གསུངས་པའི་སྣོད་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཨ་མྲྀཏས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་བྲིས་པའི་ཕོ་ཐོད་ལ་རིགས་ལྔ་ཡབ་ལྔའི་ས་བོན་དང་མོ་ཐོད་ལ་ཡུམ་ལྔའི་ས་བོན་འབྲི། གཉིས་ཀའི་མུ་ཁྱུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋཱཿ ཞེས་བྲིས་པའི་མོ་ཐོད་ཀྱི་ནང་དུ་སྨན་གྱི་སྒྱེའུ་བཅུག །ཕོ་ཐོད་ཀྱིས་སྟེང་ནས་དགབ། དར་གྱིས་གྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་སྟེང་གི་མདུད་ཁར་མི་འགྱུར་བའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་ཅིང་། ཁྲོ་མཁར་ལས།་་་ཧཱུྃ། དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་རྡོ་རྗེ་རྒྱ་གྲམ་རྒྱ། །གསུམ་པ་དབང་མཆོག་རྟགས་ཀྱི་རྒྱ། །བཞི་པ་ཀརྨ་ལས་ཀྱི་རྒྱ། །ལྔ་པ་ཚེ་ཡི་རི་བོའི་རྒྱ། །དྲུག་པ་ཟླ་གམ་དབང་གི་རྒྱ། །བདུན་པ་ཆོས་ཀྱི་ཕྱག་རྒྱའི་རྒྱ། །ཆོས་ཀྱི་དབྱིངས་སུ་རྒྱས་གདབ་བོ། །ཞེས་རྒྱས་གདབ་ཅིང་སྲང་ལ་བཅལ་བར་འདོད་ན་སྐབས་འདི་ཉིད་དུ་བྱའོ། །ལྔ་པ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་བ་ནི། སློབ་དཔོན་གྱི་མདུན་དུ་སྨན་བཀོད་ལ། དྲིའི་རྒྱལ་པོ་ལྔ་་་ཛཱ་ཏི་ག་བུར་ཙནྡན་གླ་རྩི་དུ་རུ་ཀ།དང་། གུ་གུལ་དང་། ཚིལ་ཆེན་གྱི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། བཤུག་གླུ་འབོད། ཛཔ྄་དབྱངས་རྡོ་རྗེའི་འགྲོས་གར་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ནས་ཤར་དུ་འཁོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྦྱར་ནས། །དུག་ལྔ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ། །དབྱིངས་ནས་སྤྱན་དྲངས་སངས་རྒྱས་སྐུར་བསྐྱེད་དེ། །ཕྱོགས་བཅུ་དུས་གསུམ་འཕགས་པ་མཆོད་པ་དང་། །རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །གསང་བ་མཆོག་གི་དབུས་སུ་བཞུགས་སུ་གསོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཏིཥྛ་ལྷན། ཞེས་གཙོ་བོར་མངའ་གསོལ་ཏེ། དཀྱིལ་འཁོར་དབུས་ཀྱི་བར་ལྡིང་ལ་མཉྫིའི་ཁར་རིན་པོ་ཆེའི་གཞོང་པར་བལ་བུའི་ཕུར་མའམ་འབྲུ་རླན་ཅན་གྱིས་གང་བའི་ནང་དུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཞུགས་སུ་གསོལ། དར་ཟབ་སྣ་ཚོགས་ཀྱི་ན་བཟའ་གསོལ། གཡས་གཡོན་དུ་རྡོར་དྲིལ་དང་དེ་སྟེང་དུ་དབུ་རྒྱན་བཅིང་། གཟུངས་རྡོར་སྟེང་དུ་བཞག་པའི་སྲད་བུ་ལྔ་ཕྱིར་དྲང་ཞིང་སྟེང་དུ་དམུ་ཐག་སྦྲེལ། འོག་ཏུ་དྲོད་འབེབ་ཀྱི་མར་མེ་བལྟམས། སྐབས་འདིར་གཞུང་མང་པོར་སྨན་ཆེ་བའི་ཡོན་ཏན་བརྗོད་ཅིང་དཔའ་བོ་འབྲུ་ལྔས་སྦྱང་བར་གསུངས་པ་སྟེ། སྒྲོན་གསལ་དུ། རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་ཆེ་བའི་ཡོན་ཏན་བརྗོད། །དེ་ནས་ཞི་བའི་བཟླས་པ་བརྒྱ་རྩ་བྱ། །འབྲུ་ལྔ་བསྟིམ་ཞིང་བཞུ་བཏུལ་བྱ་བ་དང་། །ལས་བཞི་རྫོགས་པའི་ཧོམ་བྱས་མེ་ཡི་ཕུད་ཀྱང་སྨན་དུ་བླུག །ཅེས་གསུངས་པ་བཞིན་སྤྲོ་ན་འདི་ལྟར་བྱ་སྟེ། སློབ་དཔོན་སློབ་མར་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་ཆེ་བའི་ཡོན་ཏན་བརྗོད། འབྲུ་ལྔས་སྦྱོང་བ་ནི། ཧཱུྃ། རབ་ཡངས་བདུད་རྩིའི་སྣོད་དུ་དམ་རྫས་ལྔར། །ས་བོན་ལྔ་ལས་ཕྱག་མཚན་ས་བོན་གྱིས། །ཡོངས་མཚན་འཕྲོ་འདུས་བདེ་གཤེགས་རིགས་ལྔར་གྱུར། །བདག་ཐུགས་སྔགས་ཀྱིས་རྒྱུད་བསྐུལ་འཁོར་འདས་ཀྱི། །དངོས་གྲུབ་བཅུད་བསྡུས་མཉམ་སྦྱོར་བྱང་ཆུབ་སེམས། །བདུད་རྩིར་རབ་འདྲེས་ཡབ་ཡུམ་འོད་དུ་ཞུ། །འཆི་མེད་དམ་རྫས་རྒྱ་མཚོར་འཁྱིལ་བའི་ཞག །རབ་འབར་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་སོགས་བཟླ། དེ་རྗེས་སུ་ལས་བཞིའི་ཧོམ་མཆོད་ཀྱང་བྱ་བར་་་མེའི་ཕུད་ནི་དྲོད་འབེབ་པའི་ཕྱིར་མར་མེ་སྦར་བའོ།བཤད་དོ། །གཞུང་གི་དངོས་བསྟན་གྱི་མཚམས་ནི་བྱང་དུ་སྨན་སྦོལ་བའི་རྗེས་སུ་བྱ་བར་བཤད་ཀྱང་འཁྲུགས་བསྡེབས་ལ་དགོངས་པ་བཞིན་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པའོ། །དེ་དག་ནི་གཞུང་གི་དགོངས་པ་ཧོར་ཁོངས་སུ་མ་བསྡུས་པར་ཞིབ་མོར་སྨྲོས་པ་ཡིན་ནོ། །སྤྲོས་པ་རྒྱ་ཆེན་པོ་མི་ལྕོགས་པས་ནི་གོང་གི་སྨན་ཆེ་བའི་ཡོན་ཏན་བརྗོད་པ་ནས་འདིའི་བར་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། ཚད་ལྡན་གྱི་གཞུང་མང་པོར་དེ་ལྟར་ཡང་གསུངས་པའི་ཕྱིར་རོ། ཁྲོལ་བུའི་མཇུག་དོན་ནས་བཟུང་འདིའི་བར་ཉིན་གཅིག་གི་ཐོར་ཐུན་ནས་སྲོད་ཐུན་གྱི་མཐར་ཐུག་པའི་བར་བྱ་བའི་ཆོ་གའོ།། ༈ གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལ་ལྔ་སྟེ། འཇུ་འདུལ་གྱི་དགོངས་པ་དང་། བདུད་རྩིར་བསྐྱིལ་བའི་དགོངས་པ་དང་། དབང་དུ་བྱ་བའི་དགོངས་པ་དང་། དངོས་གྲུབ་ལེན་པ་དང་། རྒྱ་བཀྲོལ་ཏེ་མཆོད་ཅིང་བགོ་བ་དང་ལྔའོ། །དང་པོ་ལའང་གསུམ། སྤྱིའི་དཀྱིལ་འཁོར་གསུམ་ལྡན་དབྱེར་མེད་དུ་བསྟན་པ་དང་། བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་བཤད་པ་དང་། ཛཔ྄་ཀྱི་དགོངས་པའོ། །དང་པོ་སྤྱིའི་དཀྱིལ་འཁོར་གསུམ་དབྱེར་མེད་དུ་སྒོམ་པ་ནི། བདེ་གཤེགས་འདུས་པར། དེ་ནས་བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས་གཞུང་བསྲང་མཆོད་བསྟོད་བྱའོ། །ཞེས་གསུངས་པ་བཞིན་ཏེ་དེ་ཡང་སྐྱབས་སེམས་ནས་བཟུང་སྔོན་འགྲོའི་ཆོས་དང་། ཏིང་འཛིན་གསུམ་ནས་རྩ་བའི་ཛཔ྄་ཀྱི་བར་རྫོགས་པར་བྱ་སྟེ། བདག་སྒྲུབ་པ་པོ། སྒྲུབ་རྟེན་བྲིས་པའི་དཀྱིལ་འཁོར། སྒྲུབ་རྫས་བདུད་རྩི་གསུམ་ཀ་རང་བཞིན་དབྱེར་མེད་གཅིག་ཏུ་སྒོམ་ཚུལ་སྔར་ཁྲོལ་བུའི་དུས་སུ་བཤད་པ་བཞིན་ནོ། །དེ་ཡང་སྒྲུབ་ཆེན་གཞན་དང་སྦྱར་ཏེ་བྱ་བའི་སྐབས་འདིར་སྔོན་དུ་དེ་ལྟར་བསྒྲུབས་ནས། ཕྱེ་མའི་ཛཔ྄་དགོངས་དངོས་ཀྱི་ཚེ་བདག་རང་བཞིན། བདུད་རྩི་རང་བྱུང་། ཆེ་མཆོག་རྩ་བ་ཞེས་སོ་སོར་དབྱེ་ནས་བསྒོམ་པ་དེ་ཉིད་འདིར་དབྱེར་མེད་དུ་སྒོམ་པའི་དོན་གྱིས་སྤྱིའི་དཀྱིལ་འཁོར་གསུམ་ལྡན་ཞེས་ཐ་སྙད་བཞག་པ་ཡིན་གྱི། བམ་བརྒྱད་དང་སྒྲོན་གསལ་ལས་སྐབས་འདིའི་སྒོམ་རིམ་དངོས་བསྟན་ནི། སྨན་གྱི་དཀྱིལ་འཁོར་རྐྱང་སྒྲུབ་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ་སླད་ནས་འཆད་པར་འགྱུར་བ་ལས་ཤེས་ཤིང་། ཤུགས་བསྟན་གྱི་དོན་དང་གཞུང་གཞན་གྱི་ངེས་པ་བླ་མའི་བཀའ་བརྒྱུད་ཀྱིས་འཆད་པ་ནི་འདི་ཁོ་ནའོ། །གཉིས་པ་བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་སྒྲུབ་པ་ལ་བཞི། དཀྱིལ་འཁོར་གྱི་དབྱེ་བའི་ཚུལ་དང་། རང་བཞིན་གྱི་དཀྱིལ་འཁོར་དང་། བདུད་རྩིའི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་རྣམས་སོ། །དང་པོ་དཀྱིལ་འཁོར་དབྱེ་བ་ནི། གོང་དུ་བདག་མདུན་དབྱེར་མེད་དུ་བསྒྲུབས་པའི་དཀྱིལ་འཁོར་དེ་ལས་བདག་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་པའི་རྣམ་པར་ཕྱེ་བ། མདུན་བསྐྱེད་དང་མེ་རི་འདབས་འབྱར་གྱི་ཚུལ་དུ་འཁོད་པར་བསམ་མོ། །གཉིས་པ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དུར་ཁྲོད་གཞལ་ཡས་ཁང་ནང་འཁོར་ལོ་བ་དན་བརྒྱན། །བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། །ཞེས་གསུངས་པས། དེ་ལྟར་ཟུར་དུ་ཕྱེ་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ཉིད་སླར་ཡང་གསལ་གདབ་སྟེ། ཧཱུྃ། མཚན་ཉིད་ཡོངས་རྫོགས་ཁྲག་འཐུང་དཀྱིལ་འཁོར་དབུས། །བདེ་གཤེགས་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ །སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཅིང་། །དགོད་དང་གཤེ་དང་འཇིགས་སུ་རུང་བ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །གར་དགུས་རྣམ་རོལ་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་ཡུམ་འཁྱུད་སྤྲུལ་འཁོར་བསམ་མི་ཁྱབ། །རང་བཞིན་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་པས་གསལ་གདབ། དེའི་དོན་ནི་ངོ་བོ་གདོད་ནས་འགྱུར་བ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུར་གནས་པའི་དྭངས་ཆ་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གསལ་བར་སྒོམ་པའི་དོན་གྱིས་བདག་རང་བཞིན་གྱི་དཀྱིལ་འཁོར་ཞེས་གྲགས་པ་སྟེ་ཇི་སྐད་དུ། སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་བ་ཀུན་ལ་རབ་གནས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྟེན་དང་བརྟེན་པར་བཅས་པ་ཡི། དཀྱིལ་འཁོར་མ་ལུས་རྫོགས་པར་ལྡན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་ཏེ། སྒོམ་པའི་གནས་ནི་ཕོ་བྲང་དགུའི་ལྟེ་བའི་ཆེ་མཆོག་གི་ལྷ་ཚོགས་རྣམ་པར་བསྒྱུར་བའོ། །དེ་ཡང་བི་མ་ལས། བདུད་རྩི་རྣམ་ལྔ་དང་། སྨན་སྟོང་རྩ་བརྒྱད་དུ་སྦྱོར་བས་བདུད་རྩི་སྨན་གྱི་དཀྱིལ་འཁོར་དང། སྣོད་བྷཉྫ་ལྔའི་ནང་དུ་དཔའ་བོ་འབྲུ་ལྔ་ལས་རིགས་ལྔའི་སྐུར་གསལ་བས་རང་བྱུང་གི་དཀྱིལ་འཁོར་རོ། །ཞེས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་དབྱེ་བས་དཀྱིལ་འཁོར་གཉིས་སུ་བསྟན་ཀྱང་དོན་གྱི་ངོ་བོས་གཅིག་ཏུ་བསྡུའོ། །ཇི་ལྟར་སྒོམ་ན་སྒྲོན་གསལ་དུ། རླུང་དང་མེ་ཡང་དེ་བཞིན་སྣོད་ནི་གཞལ་མེད་ཁང་། །ཞེས་གསུངས་པས་དེ་བཞིན་གཤེགས་པ་ཞེས་པ་ནི་སྔར་རིགས་ལྔའི་བསྙེན་པའི་སྐབས་སུ་བསྟན་པ་བཞིན་ནོ་ཞེས་སྦྲེལ་བར་བསྟན་པ་ཡིན་ནོ། །དེ་ཡང་འདི་ལྟར། ཕོ་བྲང་ལྟེ་བར་ཡཾ་ལས་རླུང་གཞུའི་དབྱིབས། །དེ་སྟེང་རཾ་ལས་མེ་དཀྱིལ་གྲུ་གསུམ་འབར། །ཨ་ལས་བྷཉྫའི་གཞལ་ཡས་རྒྱ་ཆེའི་ནང་། །པད་ཟླའི་གདན་ལ་ཤ་ལྔ་བདུད་རྩི་ལྔར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ཕྱག་མཚན་ལྔ། །ས་བོན་གྱིས་མཚན་ཡོངས་གྱུར་བདེ་གཤེགས་ལྔ། །ཡབ་ཡུམ་མཉམ་སྦྱོར་བྱང་སེམས་བདུད་རྩིར་ཞུ། །དེ་སྟེང་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཞེས་པ་ནི་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཏེ། སྦྱང་གཞི་རང་བྱུང་ལྷུན་གྲུབ་ཀྱི་བདུད་རྩི་དམ་རྫས་ཀྱི་གཞི་དེ་ཉིད་སྦྱོང་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པར་བསྒོམ་པའོ། །བཞི་པ་ཆེ་མཆོག་རྩ་བའི་དཀྱིལ་འཁོར་ལ་ལྔ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར། རྟ་མགྲིན་དབང་གི་དཀྱིལ་འཁོར། སྐུ་གདུང་འབར་བའི་དཀྱིལ་འཁོར། མཁའ་མཉམ་ཀློང་གི་དཀྱིལ་འཁོར། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དང་ལྔའོ། །དང་པོ་འགྲོ་འདུལ་གྱི་དཀྱིལ་འཁོར་ནི། དངོས་གྲུབ་ལ་བར་དུ་གཅོད་པའི་འགྲོ་བ་མི་བསྲུན་པ་རྣམས་འདུལ་ཞིང་ཚར་གཅོད་པའི་ཕྱིར་ཏེ། སྒྲོན་གསལ་དུ། བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། ཁྲོ་བོ་འཆོལ་བར་བསྟན་ཏེ་ཕྱོགས་བཅུའི་བདུད་བཏུལ་འདུལ། །ཕྱོགས་བཅུའི་ཁྲོ་བཅུར་གྱུར་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད། །ཅེས་གསུངས་པའི་དོན་འདི་ལྟར། ཧཱུྃ། བདག་ཉིད་རང་བཞིན་དཀྱིལ་འཁོར་དཔལ་ཆེན་པོ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ལས། ཁྲོ་བོ་བཅུ་འཕྲོས་ཕྱོགས་བཅུའི་གདོན་བགེགས་བཏུལ། །ཚུར་འདུས་བདུད་རྩིའི་དཀྱིལ་འཁོར་ཕྱོགས་མཚམས་འཁོད། །ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །སུམ་རྒྱལ་སྟོབས་པོ་ཆེ་རྣམས་རྔམ་བརྗིད་འབར། །རང་རྟགས་མཚོན་ཆ་ཐོགས་ནས་ཕྱོགས་བཅུར་འཁོད། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། དེ་བཞིན་དུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྻ་ཨ་ཙ་ལ། ཧ་ཡ་གྲཱི་ཝ། ཨ་པ་ར་ཛཱི་ཏ། ཨ་མྲྀཏ་ཀུཎྜ་ལཱི། ཏྲཻ་ལོ་ཀྱ་བི་ཛ་ཡ། མ་ཧཱ་བ་ལ་སོགས་ཀྱིས་སྤྲོས་ནས་བདུད་རྩིའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་རྣམ་རྒྱལ་སོགས་བརྒྱད། འོག་གི་མེའི་ཀློང་དུ་སྟོབས་ཆེན། སྟེང་གི་ནམ་མཁའ་ལ་ཧཱུྃ་མཛད་རྣམས་སྲུང་བའི་ལས་མཛད་ཅིང་བཞུགས་པར་བསམ་མོ། །བམ་འགྲེལ་བདུན་པར། བདུད་རྩི་འཁྱིལ་བ་ནི་ཁྲོ་བོ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཡིན་ལ། པདྨ་འཁྱིལ་བ་ནི་ཁྲོ་མོ་ཐམས་ཅད་ཀྱི་གསང་བའི་མཁའ་ལ་བསྡུའོ། །ཞེས་ཏ་ཀྲྀཏ་བརྒྱད་དུ་བསྡུ་བར་བཤད་པས། དེ་ལྟར་བྱས་པས་ཀྱང་རུང་མོད། གདུལ་བྱ་འདུལ་བྱེད་ཀྱི་གྲངས་ངེས་སོགས་ཀྱིས་བཅུར་བྱེད་པ་ཉིད་ལེགས་ཏེ། ཉེ་སྙིང་ལས། འཇིག་རྟེན་དྲེགས་པ་བཏུལ་ནས་ནི། །སླར་འདུས་ཕྱོགས་བཅུར་ཁྲོ་བཅུར་གྱུར། །ཞེས་གསུངས་པ་དང་། ཁྲོ་མཁར་སྒྲོན་གསལ་སོགས་གཞུང་གཞན་ལས་ཀྱང་དེ་ལྟར་བཤད་དོ། །གཉིས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། སྒྲོན་གསལ་དུ། ཕོ་བྲང་ནང་དུ་ཧྲཱིཿལས་ཀླུ་བདག་གསང་བའི་ཡུམ་བཞིར་བཅས། །ཞེས་གསུངས་པས། དེ་ཡང་ཀླུའི་བདག་པོ་རྟ་མགྲིན་ཡིན་ལ། དེ་ཉིད་གསང་བའི་ཡུམ་བཞིར་དུས་གཅིག་ཏུ་མཉམ་པར་སྦྱོར་བར་བསྟན་པ་ནི་འདི་ལྟར། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །འགྲོ་འདུལ་ཏ་ཀྲྀཏ་ཁྲོ་བོ་བརྒྱད་ཀྱི་དབུས། །པདྨའི་ལྟེ་བར་ཧྲཱིཿལས་རྟ་མཆོག་དཔལ། །དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། །གཡོན་པ་རྒྱ་གྲམ་བདུད་རྩིའི་སྟེང་ནས་གནོན། །ཕྱོགས་ཀྱི་འདབ་བཞིར་བདེ་ཆེན་གསང་བའི་ཡུམ། །མི་ཕམ་དཀར་མོ་ཁྲོ་གཉེར་ཅན་མ་སེར། །རོ་ལངས་མ་དམར་རལ་གཅིག་ལྗང་གུ་སྟེ། །གྲི་གུག་ཐོད་འཛིན་གཅེར་བུ་བདེ་ཉམས་རྒྱས། །གསང་བའི་མཁའ་ལ་དཔའ་བོ་རྟ་མགྲིན་སྐུ །ཕྱེད་ནུབ་ཙམ་གྱི་སྦྱོར་བ་དུས་གཅིག་མཛད། །བདེ་སྟོང་དབྱེར་མེད་ཉམས་རྒྱས་རྣམ་པར་བརྗིད། །ཅེས་བསྒོམ། གཞུང་ལ་ལར་ཆེ་མཆོག་གི་དབུ་ལ་རྟ་ཞལ་བྱས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་ངོས་བཟུང་བ་ཚད་ལྡན་གྱི་བཤད་ཁུངས་ཡོད་པས་སྤྱིར་མི་འགལ་མོད། འོན་ཀྱང་འགྲོ་འདུལ་ཁྲོ་དཀྱིལ་གྱི་ནང་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པ་ཉིད་ལམ་འདི་སྟོན་པའི་གཞུང་ཕལ་ཆེར་དུ་མཐུན་པར་གསུངས་པའི་དོན་བཞིན་བྱས་སོ། །གསུམ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། སྔར་བསྒོམས་པའི་ཕྱོགས་མཚམས་ཀྱི་ཏ་ཀྲྀཏ་བརྒྱད་པོའི་སྟེང་དུ་རིགས་བཞིའི་ཧེ་རུ་ཀ་བསྒོམ་པ་སྟེ། སྒྲོན་གསལ་ལས། བརྒྱད་པོའི་སྟེང་དུ་བཞི་ནི་དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྫིས། །བཞི་སྟེང་བཛྲ་ཧེ་རུ་དབུ་གསུམ་ཕྱག་དྲུག་ཞབས་བཞིས་མནན། །ཞེས་གསུངས་པ་ནི་འདི་ལྟར། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཤར་ནས་རིམ་བཞིན་ཁྲག་འཐུང་ཆེན་པོ་བཞི། །བུདྡྷ་ཁྲག་འཐུང་སྨུག་ལྗང་སེར་བའི་ཞལ། །གཡས་གསུམ་རྡོ་རྗེ་འཁོར་ལོ་ཏི་ར་དང། །གཡོན་གསུམ་དྲིལ་བུ་བྷན་དམར་ཁ་ཊྭཱཾ་འཛིན། །རཏྣ་ཁྲག་འཐུང་སེར་སྨུག་དམར་བའི་ཞལ། །གཡས་གསུམ་རིན་ཆེན་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་དགྲ་སཏྭ་འཛིན། །པདྨ་ཁྲག་འཐུང་དམར་སེར་ལྗང་བའི་ཞལ། །གཡས་གསུམ་པདྨ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན། །ཀརྨ་ཁྲག་འཐུང་ལྗང་དམར་སྨུག་པའི་ཞལ། །གཡས་གསུམ་རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན། ཁྲོ་བོ་བཞི་སྟེང་བཛྲ་ཧེ་རུ་ཀ །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རྩེ་དགུ་རྩེ་ལྔ་ཏི་ར་དང་། །གཡོན་གསུམ་དྲིལ་བྷན་འཇིག་རྟེན་གཡོ་བའི་ཚུལ། །ཞབས་བཞིས་ཁྲག་འཐུང་རིགས་བཞིའི་དབུ་ནས་བརྫིས། །ཐམས་ཅད་རང་རང་ཡུམ་འཁྱུད་གར་དགུ་ལྡན། །དཔལ་གྱི་ཆས་རྫོགས་འབར་བའི་ཀློང་ན་བརྗིད། །ཅེས་བསྒོམ། མངོན་རྟོགས་རྒྱས་པར་བསྒོམ་པར་མི་ནུས་པས་ནི་ཁྲག་འཐུང་ལྔ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་རུང་ངོ་། །བཞི་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། སྒྲོན་གསལ་དུ། སྟེང་ནས་མཁའ་མཉམ་ཀློང་དཀྱིལ་དབུ་དགུ་ཕྱག་བཅོ་བརྒྱད། །ཞབས་ནི་བརྒྱད་ཀྱིས་དབུ་གཉིས་མནན་པའི་མཁར། །དབུས་ཀྱི་དབུ་ནི་སྤྱན་ཕྱེད་ནུབ་པར་རྔུབས་པ་ཡི། །ཞེས་གསུངས་པས། བཛྲ་ཧེ་རུ་ཀའི་དབུར་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་དང་ལྡན་པའི་ཞབས་ཀྱིས་བཛྲ་ཧེ་རུ་ཀའི་དབུ་གཡས་གཡོན་གཉིས་མནན་ཅིང་། དབུ་དབུས་མ་གནམ་ཞལ་མའི་མཁར་དབུས་མའི་སྤྱན་ཕྱེད་ནུབ་ཙམ་དུ་བསྒོམ་པར་བསྟན་པ་སྟེ། འདི་ལྟར། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །སྔོ་སྐྱ་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན། །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་པའི་འདུག་སྟངས་ཚུལ་ལྡན་ཞབས་བརྒྱད་ཀྱིས། །བཛྲ་ཁྲག་འཐུང་གཡས་གཡོན་དབུ་གཉིས་བརྫིས། །དབུས་ཞལ་ཡུམ་མཁར་སྤྱན་ཕྱེད་ནུབ་པར་ཆུད། ཁྲོ་འཛུམ་བདེ་བའི་ཉམས་རྒྱས་འཁྲིལ་བག་ཆགས། ཁྲོ་མོའི་ཆས་ཅན་འབར་བའི་ཀློང་ན་བརྗིད། །ཅེས་པས་གསལ་གདབ་བོ། །ལྔ་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དེ་སྟེང་འཆི་མེད་རྡོ་རྗེ་བཅུ་གཉིས་གཅིག་དབུར་ལྡན། །བཅུ་ཕྲག་བཞི་དང་གཉིས་ཀྱིས་ཕྱག་དང་ཞབས་བརྒྱད་གཏམས། །བྷ་གར་རྡོ་རྗེ་སྦྱོར་ཞིང་དབུ་བརྒྱད་ཞབས་ཀྱིས་སྦྱོར། །ཉི་མའི་སྟེང་ན་ས་ནུ་ཡབ་ཡུམ་རྟག་སྦྱོར་བ། །བཅུ་གཉིས་དབུ་མའི་ལྗགས་ལ་ཐུགས་ཀ་ཡི། །ཉི་དཀྱིལ་རྡོ་རྗེ་བུམ་པའི་ཨ་ལ་དགུ་པས་བསྐོར། །ཞེས་གསུངས་པའི་དོན་ནི། ཁྲོ་མོ་གནམ་ཞལ་མ་དེའི་སྟེང་དུ་འཆི་མེད་རྡོ་རྗེ་སྟེ་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཞབས་བཅོ་བརྒྱད་པར་བསྒོམ་པ་ནི་འདི་ལྟར། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མ་ཡི། །སྨིན་མཚམས་མཁར་བཅུག་དཔལ་ཆེན་རྩ་ཞལ་གྱི། །ལྗགས་སྟེང་ཉི་དཀྱིལ་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་དཀར་གསལ་ཚོན་གང་བའི། །ཐུགས་ཀར་ཉི་སྟེང་རྡོ་རྗེར་ཨ་ཡིག་ལ། །གསང་སྔགས་འབྲུ་དགུ་གཡས་སུ་བསྐོར་བས་མཚན། །གར་དགུའི་ཉམས་རྒྱས་དཔལ་ཆེན་ཆས་རྣམས་རྫོགས། །དྲི་མེད་འོད་ཟེར་འཕྲོ་བའི་ཀློང་ན་བཞུགས། །ཞེས་གསལ་གདབ། དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་བྱེ་བྲག་ལྔ་དང་། བདག་དང་སྨན་གྱི་དཀྱིལ་འཁོར་གཉིས་ཏེ་དཀྱིལ་འཁོར་བདུན་དུ་བྱེད་པའམ། རྩ་བའི་དཀྱིལ་འཁོར་གྱི་ཆེ་མཆོག་གི་ལྗགས་ལ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་རྩ་བའི་དཀྱིལ་འཁོར་ལ་དྲུག་དང་། གཞན་གཉིས་ཏེ་བརྒྱད་དུ་བྱེད་པ་ཡང་བཤད་དོ། །སྐབས་འདིར་སྦྱོར་བ་བརྒྱད་ཀྱི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། གཙོ་བོའི་ལྗགས་སྟེང་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་ཡེ་ཤེས་སྦྱོར་བ་དང་། །ཕྱག་རྣམས་ཞེ་གཉིས་ལྷར་སྦྱོར་ཕྱག་མཚན་སྦྱོར། །རྡོ་རྗེ་སྨིན་མཚམས་མཁར་རོལ་ཞལ་གྱི་སྦྱོར། །ཡུམ་མཁར་ཁྲག་འཐུང་དབུ་ཚུད་དབུ་ཡི་སྦྱོར། །གཙོ་ཞབས་ཡུམ་གྱི་དབུར་སྦྱོར་ཞབས་ཀྱི་སྦྱོར། །རྟ་མགྲིན་ཡུམ་བཞིར་རོལ་པ་དབང་གི་སྦྱོར། །བདུད་རྩི་ཡེ་ཤེས་སྨན་སྦྱོར་རྫས་ཀྱི་སྦྱོར། །རྫས་དཀྱིལ་བྷཉྫ་ཁ་སྦྱོར་ཐབས་ཤེས་སྦྱོར། །སྦྱོར་བ་བརྒྱད་ལྡན་བདེ་ཆེན་ཉམས་བརྒྱར་འབར། །དཀྱིལ་འཁོར་འཁོར་ལོའི་གཙོ་བོར་ལྷུན་གྱིས་གྲུབ། །ཕྱི་རོལ་ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །རང་རང་འཁོར་བཅས་ཉི་མའི་དཀྱིལ་འཁོར་ལས། །འོད་ཟེར་བཞིན་དུ་གསལ་བརྟན་འབར་བར་གྱུར། །ཞེས་པའི་ཚུལ་ལོ། །དེ་ལྟར་གསལ་འདེབས་པ་ལ་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། སྔར་དཔལ་ཆེན་པོ་འཁོར་བཅས་ཀྱི་དམ་ཚིག་གི་འཁོར་ལོར་གསལ་བ་ལ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་སོགས་སོང་གྲུབ་པས་ལྷ་དེ་ཉིད་ཞལ་བསྒྱུར་བ་ཙམ་ལས་དམ་ཚིག་གི་འཁོར་ལོ་གསར་དུ་བསྒོམ་པ་མིན་པ་དང་། སྔར་དམ་ཡེ་གཉིས་མེད་དུ་གྲུབ་པའི་ཕྱིར་ཏེ། འགའ་ཞིག་སྒྲུབ་གཞུང་གཞན་ལ་བརྟེན་ཀྱང་འདིར་ཡང་མཆོད་པ་བྱེད་པ་སོགས་ནི་སྤྱིར་ཚོགས་གསག་གི་རྒྱུ་ཡིན་པས། ཇི་ཙམ་མང་གིན་བཟང་མོད། མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བ་དང་། དེ་ལྟ་བུའི་ལས་རིམ་མང་པོས་བཟླས་པའི་གྲངས་ལ་གནོད་པའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བྱས་སོ། །སྨན་རྐྱང་སྒྲུབ་ཀྱི་ཚེ་ནི་ཞལ་བསྒྱུར་གྱི་ཐ་སྙད་བཞག་ཏུ་མེད་པས་བདུད་རྩི་རང་བྱུང་ནས་འཆི་མེད་རྡོ་རྗེའི་བར་གྱི་དཀྱིལ་འཁོར་བདུན་པོ་དམ་ཚིག་པར་བསྐྱེད་པའི་རྗེས་ཉིད་དུ་ཡེ་ཤེས་ལྔའི་དབང་བསྐུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། བསྟིམ་ཕྱག་མཆོད་བསྟོད་རྣམས་བྱས་ནས་གདོད་ཛཔ྄་ལ་འཇུག་པར་བཤད་དོ། །གསུམ་པ་ཛཔ྄་ལ་དྲུག་སྟེ། སྨན་སྲུང་སྤྱན་འདྲེན། རྟོག་པ་བསལ་བ། གཟུངས་ཐག་འཛིན་པ། ཛཔ྄་དགོངས་དངོས། རྟགས་ཚད་བསྟན་པ། སྤོགས་ཆོག་བྱ་བ་དང་དྲུག་གོ །དང་པོ་ནི། སྤོས་དང་རོལ་མོ་གཡབ་དར་དང་བཅས་པས། ཧཱུྃ། ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཞེས་སོགས་སོ། །གཉིས་པ་རྟོག་བསལ་ནི། བདུད་རྩིའི་ཟེགས་མས་འཐོར་ཞིང་། ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །སོགས་ནས་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་ཤིང་བཞུགས་པར་བསམ་པའི་བར་སྔར་བསྟན་པ་བཞིན་ནོ། །གསུམ་པ་གཟུངས་ཐག་འཛིན་པ་ནི། བམ་འགྲེལ་ལས། གཟུངས་ཐག་བཞི་བདུད་རྩི་ལ་བཏགས་ལ་ཕྱོགས་བཞིར་ཕྱག་ཏུ་བཞེས་ཏེ། ཞེས་གསུངས་པས་ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ། དེ་རྣམས་ཀྱིས་ལག་གཡོན་པའི་མཐེ་བོང་དང་སྲིན་ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ། གུང་མཛུབ་དང་མཐེའུ་ཆུང་བསྒྲེང་བའི་བར་དུ་བཟུང་ལ་འདི་སྐད་དོ། །ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ་། །ཞེས་བཟུང་ལ། གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་སེང་བྲེང་ཆགས་སུ་ཡོད་པར་བསྒོམ་མོ། །བཞི་པ་ཛཔ྄་དགོངས་ནི། སྒྲོན་གསལ་ལས། བདག་ཉིད་ཐུགས་ཀྱང་དེ་འདྲར་བྱས་ལ་སྔགས་ཀྱིས་བརྡེག །ཏིང་འཛིན་མེ་ལ་བཟླས་བརྗོད་རླུང་གིས་བསྐྱོད་པ་ནི། །ཞེས་གསུངས་པས་འཆི་མེད་རྡོ་རྗེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དེ་ཁོ་ན་བཞིན། བདག་རང་བཞིན་གྱི་ལྷའི་ཐུགས་ཀར་ཡང་དེ་དང་འདྲ་བར་སྒོམ་པའི་དོན་དང་། བསྐྱེད་བཟླས་ནི་མེ་དང་རླུང་གི་དཔེས་མཚོན་པར་མཛད་པ་དེ་དཔེར་ན། བུད་ཤིང་དང་མེའི་ས་བོན་སོགས་འབར་བྱེད་ཀྱི་རྒྱུ་རྐྱེན་འཛོམས་པ་ལས་མེ་འབར་ཞིང་དེ་རླུང་གིས་བསྐུལ་ན་ལྷག་པར་ཡང་འབར་བ་བཞིན་དུ་དཀྱིལ་འཁོར་བདུན་གྱི་ཏིང་ངེ་འཛིན་ཤིན་ཏུ་གསལ་ཞིང་བརྟན་པས་གསང་སྔགས་སྐྱོན་དང་བྲལ་བར་བཟླས་བརྗོད་བྱེད་པ་ནི་བསྒྲུབ་བྱའི་དངོས་གྲུབ་ཀྱི་འབྲས་བུ་ཤིན་ཏུ་མྱུར་བའི་གནད་ཀྱིས་མཆོག་ཡིན་ཏེ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་གསུངས་པ་བཞིན་ཏེ་འདི་ལྟར། བདག་ཉིད་རང་བཞིན་དཀྱིལ་འཁོར་དཔལ་ཆེན་པོའི། །ཐུགས་ཀར་ཉི་དཀྱིལ་རྡོ་རྗེར་ཨ་ཡིག་ལ། །འབྲུ་དགུའི་སྔགས་ཕྲེང་ཕྲ་ཞིང་གསལ་བས་བསྐོར། །དེ་ལས་འོད་འཕྲོས་བདུད་རྩིའི་རླུང་དཀྱིལ་བསྐུལ། །མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས། །དཔའ་བོ་འབྲུ་ལྔའི་འོད་ཟེར་མཆོད་པའི་སྤྲིན། །འགྲོ་འདུལ་དབང་ཆེན་སྐུ་གདུང་མཁའ་ཀློང་དཀྱིལ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཐུག་གི་བར། །རིམ་པར་སྤྲོས་པས་སྐུ་གསུང་ཐུགས་ཀྱི་རྒྱུད། །མཉེས་པར་བྱས་ཤིང་ཐུགས་ཀྱི་དམ་ཚིག་བསྐུལ། །ཞེས་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ནོ། །ཡེ་ཤེས་ལྔ་ཡི་འོད་ཟེར་བདུད་རྩིའི་རྒྱུན། །འཆི་མེད་རྡོ་རྗེ་ནས་བཟུང་རིམ་པ་བཞིན། །སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་སྦྱོར་མཚམས་ནས། །བདུད་རྩིར་བབས་པས་དབང་བསྐུར་བྱིན་གྱིས་བརླབས། །ཞེས་པ་ནི་དབང་ཡས་བསྐུར་ཞེས་བྱ་བའི་དོན་ནོ། །སླར་ཡང་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་སྤྲིན་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་པ་ཀུན་མཆོད་མཁའ་མཉམ་འགྲོ་དོན་བྱས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་དང་། །འཁོར་འདས་དྭངས་མའི་བཅུད་བསྡུས་བདག་་་རང་བཞིན་གྱི་དཀྱིལ་འཁོར།ལ་ཐིམ། །གུ་ཧྱ་ལག་གི་ཕྱག་རྒྱ་མཐེབ་སྲིན་གྱི། །རྟ་མགྲིན་ཡབ་ཡུམ་ལ་ཐིམ་མཉམ་སྦྱོར་བའི། །བྱང་ཆུབ་སེམས་དང་གཅིག་འདྲེས་འོད་ཟེར་རྣམས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ནས་བརྒྱུད་དེ། །བདུད་རྩིའི་ཕོ་བྲང་ལ་ཐིམ་དམ་རྫས་ཉིད། །ཡེ་ཤེས་བདུད་རྩིའི་རང་བཞིན་མུ་ཏིག་ལྟར། །དྲི་མེད་དཀར་གསལ་དྭངས་མར་འཁྱིལ་བར་གྱུར། །ཞེས་པའི་དོན་ནན་ཏན་དུ་བསྒོམས་ནས་དགུ་པའི་ཛཔ྄་ཁོ་ན་ཆིག་དྲིལ་དུ་བཟླའོ། །སྔགས་ཚིག་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་དགུ་པའི་སྔགས་ཞེས་གྲགས་པ་འདིའམ། ཡང་ན་སརྦ་པཉྩ་ཞེས་པ་དོར་ཏེ་བཛྲ་ཞེས་བཅུག་ནས་བཟླ་བར་ཡང་བཤད་དོ། །གང་བཟླ་ཡང་རུང་སྟེ་སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་པ་བྱ་བ་སོགས་ནི་སྔར་བཞིན་ནོ། །དེ་ལྟར་ཐུན་བཞིའམ་དྲུག་གི་ངེས་པ་དང་ལྡན་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆག་པར་ཁོར་ཡུག་ཏུ་བཟླའོ། །དེ་ཡང་ཐུན་དྲུག་ཏུ་གཞུང་བསྲང་བར་བཤད་པས། ནུས་ན་ཐུན་རེ་རེ་བཞིན་ཡང་སྐྱབས་སེམས་ནས་བཟུང་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་བྱེ་བྲག་དཀྱིལ་འཁོར་གསུམ་གྱི་སྒོམ་རིམ་དང་སྦྱར་ཏེ། སྒྲུབ་ཚུལ་སྔར་བཤད་པ་བཞིན་ཚང་བ་དང་། དེ་ཡང་ཐུན་སྔ་མ་རྣམས་ཀྱིས་ཛཔ྄་འཇོག་པ་དང་ཐུན་རྗེས་མ་རྣམས་ཀྱིས་ཛཔ྄་ལ་ཐུག་པ་ངེས་པར་དགོས་ཤིང། ཐུན་བསྡུ་བའི་ཚེ་ནི། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པར་བསམས་ཤིང་། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་པར་གྱུར། །ཞེས་བསྡུའོ། །ཐུན་འཛིན་ཕྱི་མ་རྣམས་ཀྱིས་སྔར་བཞིན་གསལ་འདེབས་པ་བར་མ་ཆད་པར་བྱ་སྟེ། བམ་བརྒྱད་ལེའུ་ལྔ་པར། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སོ་སོའི་མཇུག་ཏུ་ཚོགས་ཀྱི་མཆོད་པ་བྱ་བར་ཡང་བཤད་དེ། སྒྲོན་གསལ་དུ། སྟོང་སྟོང་ཚང་ཞིང་ཚོགས་མཆོད་བྱ་བ་གཅེས། །ཞེས་གསུངས་པས་འབྱོར་ན་ཐུན་རེ་རེ་བཞིན་ཡང་ཚོགས་ཀྱི་མཆོད་པ་དང་། མ་འབྱོར་ན་ཡང་ཐུན་ཐོག་མཐའ་གཉིས་གང་རུང་ལ་མེད་དུ་མི་རུང་ངོ་། །དུས་དྲུག་ཏུ་གཞུང་སྲོང་མི་ནུས་ན། ཐུན་ཐོག་མ་ལ་སྐྱབས་སེམས་ནས་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་སྨན་གྱི་སྒོམ་རིམ་རྣམས་དང་། ཐུན་རྗེས་མའི་མཐར་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་རྣམས་བྱ་ཞིང་། ཐུན་གཞན་བཞི་ལ་བདག་རང་བཞིན་གྱི་དཀྱིལ་འཁོར་གསལ་འདེབས་པ་ནས་དགུ་པའི་ཛཔ྄་བཟླ་བའི་བར་སྔར་བཞིན་ནོ། །ཐུན་སོ་སོའི་མཇུག་དེ་ཉིད་དུ་ཉུལ་ལེ་བསྐྲད་པར་བྱ་སྟེ། སྒྲོན་གསལ་དུ། ཏིང་འཛིན་གསར་ཞིང་བར་གཅོད་ཉམས་ལེན་ལྔ་ཡང་བཟློག །ཅེས་གསུངས་པས། སྤྱིར་བར་ཆད་ཀྱི་ཉུལ་ལེ་འོང་བའི་དུས་མང་དུ་བཤད་ཀྱང་། མདོར་བསྡུ་ན་ཉིན་གསུམ། མཚན་གསུམ་ཞེས་སོ་སོའི་དུས་ཀྱི་ཐུན་ཚོད་དེ་ཉིད་དུ་ཉུལ་ལེ་རེ་རེའི་གཉེན་པོའི་ཕོ་ཉ་བསྐུལ་ཞིང་བསྐྲད་པ་དང་། དུས་དེར་དངོས་གྲུབ་སྟེར་བའི་ཕོ་ཉ་རེ་ཡང་འོང་བས་བྱིན་འབེབ་བྱ་བར་ཡང་བཤད་དོ། །ཐུན་དྲུག་ཏུ་མི་ནུས་ན་ཐུན་བཞིར་བྱེད་པ་སྟེ་གུང་ཐུན་གཉིས་དོར་བ་ལས་གཞན་སྔར་བཞིན་ནོ། །ལྔ་པ་རྟགས་ཚད་ནི། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དྲི་དང་དུ་བ་སྒྲ །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་ན་འགྲུབ་རྟགས་ཡིན། །དེ་ལ་ཡ་མཚན་བསྐྱེད་མི་བྱ། །ཞེས་གསུངས་པས་སྔར་བཤད་པ་བཞིན་ལེ་ལོ་དང་ཐེ་ཚོམ་མེད་པའི་ཡིད་ཀྱིས་འབད་པས་བསྒྲུབས་ན་ངོ་མཚར་བའི་རྟགས་རྣམས་མཐོང་བར་འགྱུར་རོ། །དེ་ཡང་ཐུན་མོང་ཏིང་ངེ་འཛིན་གསལ་བ་ལས་འོད། ཡོན་ཏན་ཕྲིན་ལས་ཏེ་སྨན་ཆ་སྙོམས་པ་ལས་དུ་བ་དང་དྲི། གསུང་སྔགས་དག་པ་ལས་སྒྲ །སྐུ་ཕྱག་རྒྱ་གསལ་བ་ལས་ལྷ་མོའི་སྐུ་སྟོན་པ། མང་དུ་འཕེལ་བ་ནི་སྤྱིར་འགྲུབ་པའི་རྟགས་སོ། །དེ་དག་ལ་ཡང་དགའ་བྲོད་ཀྱི་སྙེམས་འཕྲིགས་མེད་པ་གལ་ཆེ་ཞིང་། སྤྱིར་རྟགས་དེ་རྣམས་མྱུར་བའི་ཚད་གཞུང་གི་སྨྲོས་ཆོད་ཞག་བདུན་ན་མཐོང་བར་བཤད་ཅིང། དེ་ལས་མྱུར་བས་འབྱུང་བ་ཡང་ཡོད་མོད། དེང་སང་ལག་ལེན་ལ་སྨན་རླན་ཅན་དུ་གྱུར་པས་རུལ་བ་སོགས་ཀྱི་ཉེས་པ་འགེགས་ཕྱིར་ཞག་གསུམ་དུ་ཤས་ཆེའོ། །དྲུག་པ་སྤོགས་ཆོག་ནི། སྒྲུབ་པའི་ཞག་གྲངས་ཐེམས་ནས་ཀྱང་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་བྱ་བར་བཤད་དེ། སྒྲོན་གསལ་དུ། བར་ཆད་མེད་པའི་འབྱུང་འཇུག་སྟོབས་ཀྱིས་འོད་ལ་སོགས། །དེ་དག་མ་བྱུང་བར་དུ་སྤོགས་ཤིང་ཏིང་འཛིན་གསར། །སྦྱར་དང་མཚམས་དང་བསལ་དང་ཡོ་བྱད་གསར། །ཐང་གཅིག་ཞག་གཅིག་ཞག་བདུན་ཉི་ཤུ་གཅིག་གིས་རིམ་བརྟགས་ལ། །ཞེས་གསུངས་པས་སྒྲུབ་པའི་དམ་ཚིག་ཉམས་ཆག་རྣམས་སྐོང་བཤགས་ཀྱིས་སྦྱང་། མཚམས་དམ་དུ་གཅད། མཆེད་དང་སྒྲུབ་རྫས་ངན་པ་ཕྱིར་བསལ། མཆོད་རྫས་སོགས་ཡོ་བྱད་རྣམས་གཙང་ཞིང་དག་པར་གསར། ཐེ་ཚོམ་མེད་པའི་ཡིད་རྩེ་གཅིག་པས་བསྒྲུབ་པར་བྱ་སྟེ། བམ་བརྒྱད་ལས། ཡོན་ཏན་ཅན་གྱིས་བརྩོན་འགྲུས་བསྐྱེད། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཅེས་པའི་ཚུལ་གྱིས་བསྒྲུབས་པས། རབ་ཀྱིས་ཐང་གཅིག་དང་ཞག་གཅིག །འབྲིང་གིས་ཞག་བདུན། ཐ་མས་ཉེར་གཅིག་གིས་སྔར་བཤད་པའི་རྟགས་མཚན་རྣམས་ཚུལ་བཞིན་དུ་མཐོང་བར་འགྱུར་རོ། །གཉིས་པ་བདུད་རྩི་བསྐྱིལ་བའི་དགོངས་པ་ལ། བདུད་རྩི་བསྐྱིལ་བ་དང་དབབ་པ་གཉིས་ལས། དང་པོ་ནི། སྒྲོན་གསལ་ལས། རྟགས་བྱུང་ནས་ནི་བསྐྱིལ་བའི་སྦྱོར་བ་རབ་ཏུ་གཅེས། །ཞེས་པས་སྔར་བཤད་པའི་རྟགས་དང་མཚན་མ་རྣམས་མཐོང་ནས་འདི་ལྟར་ཤེས་པར་བྱ་སྟེ། ཧཱུྃ། བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །རྒྱ་མཚོར་བསྐྱིལ་སྟེང་དཀྱིལ་འཁོར་ལྷ་ཚོགས་རྣམས། །བདེ་ཆེན་དགྱེས་རོལ་སྦྱོར་མཚམས་བརྒྱད་ཀྱི་མཁར། །དཀར་དམར་བྱང་སེམས་ཡེ་ཤེས་བདུད་རྩིའི་བཅུད། །དངུལ་ཆུ་བཞིན་དུ་གསལ་འཚེར་འཛག་ལ་ཁད། །འཕོ་ཞིང་གཡོ་བ་ཙམ་དུ་འཁྱིལ་བར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་པའི་མཐར་ཕྲིན་ལས་བསྐུལ་བ། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི། །ལོངས་སྤྱོད་བདུད་རྩི་རྫས་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །དམ་ཅན་མ་གཡེལ་དམ་ལ་འདུ། །སྨན་གྱི་སྲུང་མ་དམ་ཚིག་ཅན། །བདུད་རྩི་སྨན་གྱི་གཡབ་འདོར་ན། །རྟགས་དང་མཚན་མ་བསྟན་པ་དང་། །སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད། །ཅེས་བདུད་རྩི་འཐོར་ཞིང་བསྐུལ་ལོ། །གཉིས་པ་དབབ་པ་ནི། སྒྲོན་གསལ་ལས། སྨན་ཉིད་ལ་ནི་དབབ་པའི་སྦྱོར་བས་དབབ་བྱ་སྟེ། །ཞེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བྱང་ཆུབ་སེམས། །དཀར་དམར་བདུད་རྩི་སྨན་གྱི་རྒྱ་མཚོར་ཕབ། །སྨན་གྱི་སྲུང་མ་རིག་འཛིན་རྣམས་ཀྱིས་ཀྱང་། །འཁོར་འདས་རྩི་བཅུད་མཚོ་ལ་སྦྲང་ཆར་བཞིན། །ཕབ་པས་དངོས་གྲུབ་གསོས་བཏབ་དམ་ཚིག་རྫས། ཁ་དོག་དྲི་རོ་ནུས་ལྡན་རྒྱ་མཚོར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཡེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་བཟླ་ཞིང་དབབ་པའི་ཕྱག་རྒྱས་སྨན་ལ་གཏུག་གོ །མ་མོ་བརྒྱད་བསྐུལ་བ་ནི། ཧཱུྃ། འདས་པའི་དུས་ན་སྔོན་བྱུང་བ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས། །འབར་བའི་ཁྲོ་བོའི་ཚོགས་བྱུང་སྟེ། །འཇིག་རྟེན་དྲེགས་པ་བསྒྲལ་པ་ལས། །ཡུལ་ཆེན་བརྒྱད་དུ་དུར་ཁྲོད་བརྒྱད། །མ་མོ་ཆེན་མོ་རྣམ་བརྒྱད་བྱུང་། །ཐབས་མཁས་ཐུགས་རྗེ་རྨད་པོ་ཆེ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བདུད་རྩི་འདི་ལ་བྱིན་ཞིག་ཕོབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ཅིང་དབབ་པར་བྱའོ། །གསུམ་པ་དབང་དུ་བྱ་བ་ལ་དབང་དུ་བྱ་བ་དང་། གནད་ལ་དབབ་པ་གཉིས་ལས། དང་པོ་ནི། འགྲུབ་པའི་རྟགས་རྣམས་བསྟན་པར་གྱུར་ཏེ་དངོས་གྲུབ་བླང་རན་པ་ན། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན། །འཆི་མེད་བདུད་རྩིའི་སྨན་དང་རབ་འདྲེས་ནས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ལམ་བརྒྱུད་པ། །བདག་ལ་རབ་ཐིམ་གཉིས་སུ་མེད་པར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྗོད་ཅིང་བདུད་རྩིའི་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །གཉིས་པ་གནད་ལ་དབབ་པ་ནི། དེ་ལྟར་བསྒྲུབས་ཤིང་དབང་དུ་བྱས་ཀྱང་དངོས་གྲུབ་གྱི་འབྲས་བུ་འབྱིན་པར་མི་མཛད་ན་ཞལ་བཞེས་དམ་ཚིག་ལས་ཉམས་པར་འགྱུར་རོ་ཞེས་ཐ་ཚིག་བསྒྲག་པའི་དོན་ཏེ། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །གསང་གསུམ་འཁོར་ལོས་རབ་བསྒྱུར་ཞིང་། །རིགས་ལྔའི་ཁྲག་འཐུང་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང་། །གྲུབ་པའི་མཆོག་དག་མ་བསྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར། །ས་མ་ཡ་ལ་དགོངས་ནས་ཀྱང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སྨན་གྱི་དཀྱིལ་འཁོར་ལྔ་ཀ་ལ་གནད་དབབ་ཀྱི་ཚིག་སོ་སོར་བཤད་ཀྱང་དོན་རིགས་ལྔར་མ་འདུས་པ་མེད་པས་འདི་ཙམ་གྱིས་ཁྱབ་སྟེ་ཆད་པར་མི་འགྱུར་རོ། །དོན་བཞི་པ་དངོས་གྲུབ་བླང་བ་ལ། མཆོད་པ། ཛཔ྄། གསོལ་གདབ། དངོས་གྲུབ་ལེན་པ་དངོས། མེ་ཏོག་འཐོར་བ། དབང་ནོད་ཅིང་བསྐུར་བ་དང་དྲུག་གོ །དང་པོ་ནི། བམ་བརྒྱད་ལས། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། །སློབ་མ་ལ་ཡང་དབང་བསྐུར་རོ། །ཞེས་གསུངས་པས་སྒྲུབ་པའི་ཞག་གྲངས་རྫོགས་པའི་ནངས་པར་སྔ་བའི་ཆར། ཚེ་དང་གལ་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་རྣམ་པ་ཇི་ཙམ་འབྱོར་བ་གསར་དུ་བཤམ། ཕྲིན་ལས་ཀྱི་གཞུང་སྲོང་བཟླས་པའི་བར་རྫོགས་པར་བྱས་ནས། བདག་ཉིད་རྟ་མགྲིན་གྱི་རྣམ་པ་དཀྱིལ་འཁོར་ལས་ཟུར་དུ་བྱེ་བས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པར་མོས་ལ། བཤམ་པའི་མཆོད་པ་རྣམས་སྒྲུབ་གཞུང་སོ་སོ་ལས་ཇི་ལྟར་གསུངས་པའི་ཚུལ་གྱིས་འབུལ་ཞིང་། བསྡུ་ན་སྨན་ཕུད་ཙམ་གྱིས་ཀྱང་རུང་ངོ་། །གཉིས་པ་ཛཔ྄་ནི། སླར་ཡང་དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་ཏེ། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་ཀྱིས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩིའི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་རྫོགས་པར་བཟླའོ། །གསུམ་པ་གསོལ་གདབ་ནི། ཧཱུྃ། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་མཁས། །མ་ཆགས་སྤྱན་མངའ་མ་བསྒྲིབས་ཡེ་ཤེས་གསལ། །ཐམས་ཅད་འདུས་པ་ཀུན་ནས་དགོངས་སུ་གསོལ། །དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན། །སྐྱབ་ལས་མི་གཡེལ་ཡལ་གམ་གཅིག་པའི་ལྷ། །དཔལ་ཆེན་དཔལ་འབར་ཆེ་མཆོག་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་དམ་ཚིག་རབ་བསྐུལ་ནས། །བླ་མེད་བྱང་ཆུབ་འབྲས་བུ་བདག་གིས་བསྒྲུབ། །འགྲོ་བ་མ་ལུས་ཐུགས་རྗེ་ཆེན་པོས་བསྒྲལ། །སྒྲུབ་མཆོག་བདག་ལ་སྒྲུབ་པ་ཆེན་པོ་མཛོད། །བསྙེན་པ་པོ་ལ་ཉེ་བའི་བསྙེན་པ་མཛོད། །དབང་ཆེན་དབང་སྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཐུགས་དམ་དུས་ལ་བབས་ལགས་ན། །བཏང་སྙོམས་ཡལ་ཡོལ་མི་མཛད་ཅིང་། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །རེ་བ་ཐམས་ཅད་བསྐང་བའི་ཕྱིར། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །གཉིས་མེད་བདུད་རྩིའི་དངོས་གྲུབ་སྩོལ། །ཅེས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་རོ། །བཞི་པ་དངོས་གྲུབ་ལེན་པ་དངོས་ནི། སློབ་དཔོན་ཤར་དུ་འཁོད་པས་གུ་ཧྱ་ལག་གི་ཕྱག་རྒྱས་དངོས་གྲུབ་ལེན་པར་བྱ་སྟེ། བམ་བརྒྱད་ལེའུ་དྲུག་པར། ལག་པ་གཡོན་པའི་དཔུང་པ་བརྐྱང་། །མཐེ་བོང་སྲིན་ལག་མཐིལ་དུ་དགུག །རྡོ་རྗེ་ཚོན་གང་བཅས་པ་ཡིས། །བདུད་རྩིའི་སྣོད་ཀྱི་སྟེང་ནས་མནན། །ཞེས་པས་ལག་གཡོན་མཐེབ་སྲིན་རྩེ་སྤྲད་ལྷག་མ་གསུམ་བརྐྱངས་པས་བདུད་རྩིའི་སྟེང་ནས་མནན། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་བརྒྱད་བཟླ། དངོས་གྲུབ་ལེན་ཁར་སྲིད་པ་དཔང་དུ་གསོལ་བའི་སྔགས་བཟླ་ཞེས་པ་ཡང་འདི་ཉིད་ཡིན་ནོ། །ཧཱུྃ། བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཚང་། །བདུད་རྩི་སྒྲུབ་པའི་ཛཔ྄་ནི་དེ་རིང་རྫོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འགྱུར་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་གསུང་མངའ་བ། །མ་འགགས་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །ཡེ་ཤེས་ཐུགས་རྗེས་ཁྱབ་པའི་ཐུགས་མངའ་བ། །འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ས་གཞིའི་གཏོས་དང་མཉམ་པའི་སྐུ་མངའ་བ། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་བསྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་འདྲེན་པའི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བརྗོད་ཅིང་དངོས་གྲུབ་བླང་ངོ་། །ལྔ་པ་མེ་ཏོག་འཐོར་བ་ནི། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཇི་ལྟར་མཆོད་ཅིང་བསྟོད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །མཆོད་སྤྲིན་མེ་ཏོག་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཨཱཿ ཞེས་མེ་ཏོག་དོར། དྲུག་པ་དབང་ནོད་ཅིང་བསྐུར་བ་ནི། སྨན་གྱི་ཕོ་བྲང་སློབ་དཔོན་རིག་མར་བཅས་པས་ཁྲག་འཐུང་གར་གྱི་ཕྱག་རྒྱས་དཀྱིལ་འཁོར་ནས་སྤྱན་དྲངས་པ་གཙུག་ཏུ་བཀོད་ལ། སློབ་དཔོན་བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་པ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསམ་ཞིང་། ཧཱུྃ། བདུད་རྩིའི་ལྷ་ཚོགས་རང་བཞིན་དཀྱིལ་འཁོར་དང་། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ནས་ཀྱང་། །བདག་ཉིད་སྒོ་གསུམ་དཔལ་ཆེན་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་བྱིན་དབང་སྐུར། །ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོཿ ཞེས་སློབ་དཔོན་གྱིས་དབང་ནོད་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་གྱུར་པ་ལ། སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ་རྡོ་རྗེའི་སློབ་དཔོན་དུ་དཔང་གསོལ། སྔར་བཞིན་མེ་ཏོག་འབུལ་བ་སྔོན་དུ་འགྲོ་བས་བཏུད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོའི་ངང་དུ་ལྟོས་བཅའ་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་དེ། །རྡོ་རྗེ་རྒྱལ་པོས་དབང་སྐུར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ལ་དབང་བསྐུར་ཏེ། གསང་འཁོར་ལས། ཕོ་བྲང་དེ་ཉིད་སོ་སོའི་མགོར་བཞག་སྟེ། །ལས་དང་ལྡན་པར་དབང་རྣམས་བསྐུར་བར་བྱ། །ཞེས་གསུངས་པས། དབང་བསྐུར་བ་ནི། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལས་སྐུར་བསྟན་ཕྱི་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས། །བསྐལ་པར་བསྒྲིབས་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱཿ ཞེས་དབང་བསྐུར་ནས་དེའི་ཕན་ཡོན་བརྗོད་པ་ནི། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་ཕན་ཡོན་བསྟན་ནས་ཇི་ལྟར་རིགས་པའི་སྟེགས་ལ་བཞུགས་སུ་གསོལ་ལོ། །ལྔ་པ་རྒྱ་བཀྲོལ་ཏེ་མཆོད་ཅིང་བགོ་བ་ལ། གཏད་ཅིང་རྒྱ་འགྲོལ་བ། མཆོད་པ་བྱ་བ། ལྡེ་གུར་སྒྲུབ་ཅིང་རིལ་བུར་བྱ་བ། བདུད་རྩི་བགོ་བ། བཅང་བ། བརྟེན་པ་དང་དྲུག་ལས། དང་པོ་ནི། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པས་དེའི་ཕྱིར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་སྭཱ་ཧཱ། མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་བརྒྱད་བཟླས་ནས། ལས་ཀྱི་རྡོ་རྗེ་ཡུམ་དུ་བཏགས་པས་སྨན་སློབ་དཔོན་ལ་འབུལ་ཞིང་། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་དཀྱིལ་འཁོར་པ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ཞིང་སློབ་དཔོན་གྱིས། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧྲཱིཿ ཞེས་པས་བླངས་ནས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་སོགས། བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་རིམ་པས་བཀྲོལ་ནས་སྨན་ཁ་ཕྱེ་ལ། སྨན་གྱི་བདུད་རྩིའི་དྭངས་མ་དཀར་དམར་སྔོ་བའི་འོད་ཀྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ནས་སྨན་དྲིལ་བུ་ལ་གཞལ་ཏེ་ཇི་ཙམ་འཕེལ་བརྟགས་་་འདིར་མདངས་འགུགས་པའི་སྲོལ་ཡང་ཡོད་དོ།ནས་སྔར་གྱི་སྟེགས་ལ་བཀོད། གཉིས་པ་མཆོད་པ་བྱ་བ་ནི། ཐོད་པ་བཟང་པོ་མྱོས་བྱེད་ཀྱིས་བཀང་བ་ལ་བདུད་རྩིའི་ཕུར་མ་ཅུང་ཟད་ཅིག་བཏབ་ལ་བྱིན་གྱིས་བརླབ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་སད་པར་མོས་ལ། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་སོགས་ཀྱིས་སོ་སོའི་མཚན་དོན་སྦྱར་བས་རྒྱས་པར་མཆོད། དེ་ནས་བདག་གིས་མྱང་སྟེ། རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པར་བསམ་ཞིང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་མྱང་ཞིང་ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་གཞག་གོ །མཐེབ་སྲིན་གྱིས་ལུས་ཀྱི་གནས་རྣམས་སུ་བདུད་རྩིའི་ཐིག་ལེ་ཡང་བྱ་སྟེ། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱའོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལྡེ་གུར་སྒྲུབ་ཅིང་རིལ་བུར་བྱ་བ་ནི། དེ་ཡང་སྔ་འགྱུར་གྱི་ཕྱོགས་འདིར་བདུད་རྩི་རིལ་བུར་མཛད་པ་ཤས་ཆུང་ཞིང་། འོན་ཀྱང་བྱེད་པར་སྤྲོ་ན། ཕྱེ་མའི་དངོས་གྲུབ་ལེན་པ་མདོར་བསྡུས་ཙམ་བྱས་པའི་རྗེས་དེ་ཉིད་དུ། བདུད་རྩིའི་ཕྱེ་མ་དེ་ཉིད་ཆང་བཟང་པོའི་ཉིང་ཁུ་དྲི་བཟང་གིས་སྦགས་པའི་འདམ་བཏགས་དང་བརྫིས་འཐེམས་ཤ་ཆོད་པར་བྱས་ལ། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུག །ཆས་སུ་བཅུག་ནས་ཞག་གསུམ་ལྡེ་གུར་བསྒྲུབ། དེ་ནས་རིལ་བུ་བྱ་སྟེ། ཚད་ནི་དུས་འཁོར་དང་མ་ཧཱ་མཱ་ཡཱ་ལས་ཡུངས་དཀར་ཙམ་དང་། སྒྱུ་འཕྲུལ་དང་། ལྷ་མོ་བཞིས་ཞུས་རྩ་འགྲེལ་རྣམས་ལས་ཡུངས་དཀར་ལྔའི་ཚད་དེ་བྲ་རིལ་ཙམ་དང་། བདེ་གཤེགས་འདུས་པ་ལས། སྲན་མ་འཕོས་པ་ཙམ་དུ་བཤད་པ་སོགས་ཆེ་ཆུང་ཇི་ལྟར་རིགས་པར་བསྒྲིལ་ལ་གུར་གུམ་གྱི་ཆུས་མདངས་བསྒྱུར། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུགས་ནས་དར་གྱི་ན་བཟའ་སོགས་ཆས་སུ་བཅུག་ལ་ཞག་གསུམ་གྲངས་ཚང་བར་བསྒྲུབས་རྗེས་སྔར་བཞིན་དངོས་གྲུབ་བླང་བ་སོགས་ཏེ་ཆོ་གའི་ཡན་ལག་སྦྱར་རྒྱུ་གཞན་ཡོད་མོད་ཀྱང་འདིར་དེ་ཙམ་མོ། །བཞི་པ་བདུད་རྩི་བགོ་བ་ནི། སྒྲོན་གསལ་ལས། སྨན་ཡང་གསུམ་དུ་བྱས་ཏེ་དང་པོས་འཕགས་པ་མཆོད། བར་པ་བདག་སྤྱད་རྣལ་འབྱོར་ཡོངས་ལ་ཆ་གཅིག་གོ །ལྷ་ཡི་ཅི་རིགས་ཡོངས་སྤྲོ་འཛིན་ཆགས་སྤང་བས་སྤྱད། །ཅེས་གསུངས་པས་སྨན་ཆ་གསུམ་དུ་བགོས་པའི་དང་པོ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྔོ། བར་པ་སློབ་དཔོན་གྱིས་བཟུང་། ཐ་མ་སྒྲུབ་པ་པོ་སྤྱི་ལ་སྤེལ། དང་པོའི་ཆ་ལས་གཞན་དོན་དུ་གཉེར་བ་ལ་ཡང་ཇི་ལྟར་རིགས་པ་སྦྱིན་པར་བྱའོ། །ལྔ་པ་བཅང་བ་ནི། དེ་ལྟ་བུའི་བདུད་རྩི་དེ་ཉིད་རིན་པོ་ཆེའི་གའུ་འམ་པགས་ཤུན་སོགས་ཇི་ལྟར་རིགས་པའི་སྣོད་དུ་བླུགས་ལ། སྤྱི་བོའམ་མགུལ་དུ་བཅང་བར་བྱ་སྟེ། སྒྲོན་གསལ་དུ། དེ་ནས་ལྕགས་གསུམ་གའུ་འམ་སྲོག་དང་བཙའ་བའི་སྣོད། །ལེགས་པར་ཅི་རིགས་བླུགས་ལ་གཞལ་ཡས་ལྷར་བསྒོམས་ཏེ། །སྤྱི་གཙུག་བཅངས་ན་བདེ་གཤེགས་ཀུན་གྱིས་བཀུར་བར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །དྲུག་པ་བརྟེན་པ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཌཱ་ཀིའི་སྙིང་ཐིག་ཏུ། གསང་བའི་དམ་ཚིག་ཆེན་པོ་ནི། །ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་བུར་ཙནྡན་སྦྱར། །རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་དང་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། །རྒྱུན་དུ་ཡང་དང་ཡང་དུ་བསྟེན། །འདི་ནི་དམ་ཚིག་བླ་ན་མེད། །ཅེས་གསུངས་པས། དེ་ལྟ་བུའི་དམ་རྫས་བདུད་རྩི་དེ་ཉིད་རབ་ཐུན་བཞིའི་ཐོག་མཐར་ཆག་མེད་དུ་བསྟེན། འབྲིང་ཐུན་འགོར་རེ་རེ་དང་། ཐ་མས་ཐུན་དང་པོའི་འགོ་དང་། དེ་ཡང་མ་འབྱོར་ན་ཟླ་བ་དྲུག་ལ་རེ་རེ་དང་། གལ་ཏེ་དེ་ཡང་མ་འགྲུབ་ན་ལོ་རེའི་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་ལན་རེ་མ་ཆག་པར་བསྟེན་ནོ། །དེའི་ཚེ་རང་ཉིད་ལྷར་གསལ་བས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་དུ་མོས་ལ་གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ། ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཚིམ་པར་བསམ་ལ་ཟ་བར་བྱ་སྟེ། སྒྱུ་འཕྲུལ་ལས། ལྕེ་ཡི་རྡོ་རྗེའི་དམ་ཚིག་གིས། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་རྡོ་རྗེའི་ཐུགས་ཐོབ་འགྱུར། །ཞེས་གསུངས་པ་བཞིན་ནོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། གཏོར་མ་གཏང་བ། སྦྱིན་སྲེག་བྱ་བ། དཀྱིལ་འཁོར་བསྡུ་བ། མཚམས་འགྲོལ་བ། རྡུལ་ཚོན་གཤེགས་པ། སྨོན་ལམ་གདབ་པ། དགའ་སྟོན་ཤིས་བརྗོད་དང་བདུན་ནོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཆ་གསུམ་དུ་བགོས་པའི་དང་པོ་བསྲེག་རྫས་སུ་བསྡོགས། གཉིས་པ་ཆོས་སྐྱོང་གི་གཏོར་མ་དང་མཉམ་དུ་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་སོ་སོའི་གཏོར་སྐྱོང་གིས་ཕུལ། གསུམ་པ་གཏེར་དུ་སྦ་སྟེ། ཉེ་སྙིང་ལས། དེ་ནས་གཏོར་མ་ཆ་གསུམ་དུ་བཅད་དེ། དང་པོས་སྦྱིན་སྲེག་བྱ། བར་པས་མཁའ་འགྲོ་ཚིམ་པར་བྱ། ཐ་མ་མི་འཛད་གཏེར་དུ་སྦ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྦྱིན་སྲེག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་སྦྱིན་སྲེག་ཚུལ་བཞིན་དུ་བྱ་སྟེ། སྔར་བཤད་པའི་གཏོར་མ་དང་བདུད་རྩིའི་ཆ་ཤས་ཀྱང་བསྲེག་རྫས་སུ་འབུལ་ཏེ། དེའི་ཆོ་ག་ནི་གཞན་དུ་བརྗོད་པ་ལས་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། དཀྱིལ་འཁོར་ལ་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་བསྟོད་པ་བྱ། ནོངས་པ་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ནས། རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ །བཞི་པ་མཚམས་འགྲོལ་བ་ནི། ཕྱི་ནང་གསང་བའི་མཚམས་འགྲོལ་བ་སྟེ་སྒྲུབ་ཆེན་སོ་སོའི་ངེས་པས་འཆད་པ་བཞིན་ནོ། །ལྔ་པ་རྡུལ་ཚོན་གཤེགས་པ་ནི། རྡུལ་ཚོན་རྣམས་ཨ་ཀཱ་རོས་བསྡུ་ཞིང་། རྒྱ་མཚོར་འབབ་པའི་ཆུར་དོར་བ་སོགས་སོ། །དྲུག་པ་སྨོན་ལམ་གདབ་པ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཞེས་སོགས་མར་མེའི་སྨོན་ལམ་དང་གཞན་ཡང་སྨོན་ལམ་གྱི་རིམ་པ་ཇི་ལྟར་ནུས་པ་གདབ་བོ། །བདུན་པ་དགའ་སྟོན་ཤིས་བརྗོད་ནི། དགའ་སྟོན་དང་བཀྲ་ཤིས་བྱ་བ་སྟེ་ཆོ་གའི་མཐའ་རྒྱས་པར་བྱ་ཕྱིར་ཕུན་སུམ་ཚོགས་པའི་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱའོ།། ༈ །།གཉིས་པ་སྨན་ཁོ་ནའི་རྐྱང་སྒྲུབ་བྱེ་བྲག་ཏུ་བཤད་པ་ལ་ཅུང་ཟད་བསྡུས་པ་དང་། ཤས་ཆེར་བསྡུས་པ་གཉིས་ལས། དང་པོ་ནི། སྒྲུབ་པའི་གཞི་གཟུང་ཕྱི་བཤགས་ས་ཆོག་ཕྱི་ནང་གསང་བའི་མཚམས་གཅོད། མ་ཏྲཾ་བསྒྲལ་བ། ཆག་ཆག་འདེབས་པ་སོགས་སྤྱིའི་ཁོག་འབུབས་རགས་པ་ཙམ་བྱས་རྗེས། སྒྲུབ་པ་དངོས་གཞི་དཀྱིལ་འཁོར་ལ་མ་ལྟོས་པར་སྨན་གྱི་དཀྱིལ་འཁོར་ཁོ་ན་ཁོལ་བུར་ཕྱུངས་ཏེ་སྒྲུབ་ཚུལ་མཐའ་རྒྱས་ཀྱི་བར་སྔར་བཤད་པ་ལས་སྐབས་སུ་བབས་པའི་ཚོམས་བསྡུས་ཏེ་ཤེས་པར་བྱའོ། །གཉིས་པ་ཤས་ཆེར་བསྡུ་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་དུས་དགེ་བ་ལ་ཕྱི་བཤགས་ཀྱི་ཚོགས་གསག་འགྲུབ་ཚད་བྱ། གཞི་བགེགས་ལ་གཏོར་མ་གཏང་། མཚམས་དམ་དུ་གཅད། སྟེགས་བུའི་ཁར་ཁྲོལ་བུའི་དཀྱིལ་འཁོར་དགྲམ། དེར་སྨན་སོ་སོའི་རིགས་ཀྱི་དབྱེ་བས་སྔར་བཞིན་བཀོད། མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་ཡི་དམ་གང་ལ་བསྟེན་པ་དེའི་སྐྱབས་སེམས་ནས་བཟུང་བཟླས་པའི་བར་བྱས་ལ། སྨན་ལ་བགེགས་སྐྲོད་དང་ཁྲུས་གསོལ་སྔོན་དུ་འགྲོ་བས་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་སྟེ་མདུན་དུ་སྨན་རིགས་བརྒྱའི་དམ་ཚིག་པར་བསྐྱེད། དབང་བསྐུར་གནས་གསུམ་བརླབ། ཡེ་ཤེས་པ་སྤྱན་དྲངས། རིག་པའི་མེ་ཏོག་འཐོར། མཆོད་ཅིང་བསྟོད། སྨན་སྲུང་སྤྱན་འདྲེན་རྟོག་བསལ་ཛཔ྄་རྣམས་སྔར་བཤད་པ་བཞིན་ནོ། །དེས་མཚོན་ནས་རིགས་ལྔ། རིགས་གཅིག་གི་སྒྲུབ་པ་རྣམས་ཀྱང་ཐུན་དྲུག་གམ་བཞིའི་ངེས་པས་ཉིན་ཞག་རེ་རེ་བྱའོ། །ཉིན་ལྔ་པར་ཁྲོལ་བུའི་མཇུག་དོན་དང་། བཏག་བཙག་སྦོལ་གཞལ་སྟེགས་བུའི་དཀྱིལ་འཁོར་གོ་བརྗེས་ནས་ཁྲོ་དཀྱིལ་དུ་ཞལ་བསྒྱུར། སྨན་དཀྱིལ་འཁོར་གཙོ་བོར་མངའ་གསོལ་བ་བཀོད་ནས་ཕྱེ་མའི་དགོངས་རྒྱུད་ལ་འཇུག་སྟེ། བདག་བསྐྱེད་བཟླས་པའི་བར་སོང་ནས་རང་བཞིན་གྱི་དཀྱིལ་འཁོར་དུ་གནས་པས། མདུན་དུ་ཏིང་འཛིན་གསུམ་ལས་རྟེན་གཞལ་ཡས་ཁང་དུ་སྨན་དཀྱིལ་འཁོར་དྲུག་བརྩེགས་དམ་ཚིག་པར་བསྐྱེད། དབང་བསྐུར་ནས་ཛཔ྄་ཀྱི་བར་སྔར་བཞིན་གྱིས་ཉིན་ཞག་གསུམ་བསྒྲུབ། ཉིན་བརྒྱད་པར་བདུད་རྩི་བསྐྱིལ་དབབ་སོགས་དང་། དགུ་པའི་ནངས་པར་དངོས་གྲུབ་ལེན་པ་དངོས་གཞིའོ། །གསུམ་པ་རྗེས་ནི། དངོས་གྲུབ་བླངས་པའི་རྗེས་དེ་ཉིད་དུ་གཏོར་མ་གཏང་བ་སོགས་རྗེས་ཀྱི་ཆོ་ག་རྣམས་བྱ་བའོ། །དེ་ལྟར་ན་ཕྱི་བཤགས་ལ་ཞག་གཅིག །ཁྲོལ་བུ་ཞག་གསུམ། བཏག་བཙག་ཉིན་གཅིག །ཕྱེ་མར་ཞག་གསུམ། བསྐྱིལ་དབབ་ཉིན་གཅིག །དངོས་གྲུབ་ལེན་ཅིང་རྗེས་ཆོག་དང་བཅས་པས་སྤྱིར་ཞག་དགུར་ངེས་པ་ཡིན་ཞེས་སློབ་དཔོན་ཆེན་པོའི་གསུང་ལས་འབྱུང་ངོ་།། ༈ །།བདུན་པ་ཕན་ཡོན་བསྟན་པ་ལ། འཆི་བ་མེད་པའི་བཅུད་ལེན་དུ་འགྱུར་ཚུལ། དུག་ལྔ་ཞི་ཞིང་ལམ་ལྔ་རྒྱུད་ལ་སྐྱེ་ཚུལ། མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་དང་གསུམ་མོ། །དང་པོ་ནི། རང་ལུས་ལ་གནས་པའི་བདུད་རྩི་ལྔ་པོ་དྭངས་མར་གྱུར་ན་འཆི་བ་མེད་པར་འགྱུར་ཞིང་། དེའི་རིགས་སུ་གཏོགས་པའི་ཕྱི་རོལ་གྱི་རྫས་དེ་རྣམས་ལ་ཡང་ནུས་པ་རྗེས་མཐུན་པ་ཡོད་པས་སྦྱང་རྟོགས་སྦར་གསུམ་ནུས་པས་བྱིན་གྱིས་བརླབས་ཏེ་བསྟེན་ན་རང་ལུས་ཀྱི་བདུད་རྩི་ལྔ་དྭངས་མའི་བཅུད་དུ་འགྱུར་བའི་གྲོགས་བྱེད་དོ། །དེ་ཡང་བདུད་རྩི་ལྔ་པོ་ཁོ་ནའི་ཡོན་ཏན་གྱིས་ཀྱང་ནད་ལྔ་སེལ་ཏེ། ཤ་ཆེན་གྱིས་རླུང་། དམར་རྩིས་མཁྲིས་པ། དྲི་ཆུས་བད་ཀན། དཀར་རྩིས་ཁྲག །དྲི་ཆེན་གྱིས་འདུས་པའི་ནད་རྣམས་སེལ་ལོ། །ཤ་ལྔས་ནི་ལུས་གཟི་བརྗིད་ཆེན་པོ་དང་ལྡན་ཞིང་འཇིག་རྟེན་ཀུན་གྱི་ཡིད་འཕྲོག་པར་འགྱུར་བ་དང་། དེ་དག་གི་སྐྱོབས་དང་འཕྲད་དུ་སྦྱར་བའི་སྨན་གཞན་རྣམས་ཀྱིས་ཀྱང་ཁ་བས་རླུང་། མངར་བས་མཁྲིས་པ། ཚ་བས་བད་ཀན། སྐྱུར་བས་འདུས་པའི་ནད་རྣམས་སེལ་བར་འགྱུར་ཞིང་། དེ་ལྟར་འགལ་རྐྱེན་ནད་རྣམས་སེལ་བའི་སྟོབས་ཀྱིས་བཀྲག་མདངས་དང་གཟི་བརྗིད་རྒྱས་པ་སོགས་གཞོན་ནུའི་ལང་ཚོ་དང་ལྡན་པར་འགྱུར་ཏེ། བམ་བརྒྱད་ལས། དེ་དག་ཀུན་གྱི་ཡོན་ཏན་ཡང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་དང་། ལོ་ནི་ལྔ་བརྒྱ་ལོན་བར་དུ། །མདོག་ནི་བཅུ་དྲུག་གཞོན་ནུ་འདྲ། །ནད་མེད་རྟག་ཏུ་དར་ལ་བབ། །སྟོབས་ཀྱང་གླང་པོ་ཆེ་དང་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་གསུངས་པས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་མཐུ་ཐོབ་ནས་ཚེ་དང་ལུས་ཀྱི་བཅུད་ལེན་བླ་ན་མེད་པར་འགྱུར་བ་ཡིན་ནོ། །གཉིས་པ་དུག་ལྔ་ཞི་ཞིང་ལམ་ལྔ་རྒྱུད་ལ་སྐྱེ་ཚུལ་ནི། ཤ་ལྔ་ཟོས་པས་ཉོན་མོངས་པ་དུག་ལྔ་སེལ། བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་འཆར། སྤང་རྟོགས་ཀྱི་མཐུ་དེས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་ཞིང་བདུད་བཞི་ཡང་འཇོམས་པར་ནུས་སོ། །བདུད་བཞི་ནི། ཚེ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལྷའི་བུའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཐར་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་རྣམས་འཇོམས་པར་འགྱུར་ཏེ། བམ་བརྒྱད་ལས། བདུད་བཞི་ངེས་པར་འཇོམས་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། བདུད་རྩི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ །དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་རྟོག་པ་ཆ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུངས་ཏེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་གསུངས་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས་པས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །གསུམ་པ་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ནི། དེ་ལྟ་བུའི་དམ་ཚིག་གི་རྫས་དེ་ཉིད་གསང་ཞིང་ཐབས་དང་ལྡན་པའི་ཆོ་གས་བསྟེན་ན་ཕུང་པོ་སངས་རྒྱས་ལྔར་སྦྱོར་ཞིང་སྣང་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་བུམ་དབང་གི་ཡེ་ཤེས་ལམ་དུ་སློང་། མགྲིན་པར་མྱངས་ཏེ་རྩ་ཁམས་ལ་ཁྱབ་པས་གསལ་སྟོང་གཉིས་མེད་ཀྱི་རྟོགས་པ་བསྐྱེད་པས་གསང་དབང་གི་ཡེ་ཤེས་ལམ་དུ་སློང་། བྱང་སེམས་ཆེར་རྒྱས་ཏེ་བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་དབང་གསུམ་པའི་ཡེ་ཤེས་ལམ་དུ་སློང་། མདོར་ན་རྫས་དེ་དག་ཀྱང་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་བཟང་ངན་སྤང་བླང་མེད་པར་ཁྱབ་བདལ་ཆོས་ཉིད་རིག་སྟོང་ཀ་དག་གི་རྟོགས་པ་བསྐྱེད་པས་དབང་བཞི་པའི་ཡེ་ཤེས་ལམ་དུ་སློང་། དེ་ལྟར་དབང་བཞིའི་རྟོགས་པ་ཉམས་སུ་མྱོང་བས་གྲུབ་མཐའ་བཞི་མཐར་ཕྱིན་ཏེ་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་པར་གསུངས་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པ་འམ་སུས་ཟོས་ཀྱང། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་ཟློག །གདུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུགས་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབས་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང་། གཞན་ཡང་བམ་བརྒྱད་ལས། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་ཤིང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་མཚོ་ལ་དབང་འབྱོར་བས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་འབྲས་བུ་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །སྨྲས་པ། །རབ་འབྱམས་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །འཆི༵་བ་མེ༵ད་པའི་དངོས་གྲུབ་བ༵དུད་རྩི༵་ཡི། །སྒྲུབ༵་པའི་ཐབ༵ས་ཚུལ་བདེ་ཆེན་འདོད་འཇོའི་གཏེར། །གས༵ང་ཆེ༵ན་མཆོ༵ག་གི༵་མྱུར༵་ལམ༵་དོ་ཟླ་མེད། །ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་ངེས་པའི་མཐའ། །དཔག་ཡས་ནམ་མཁའི་རྗེས་སུ་འགྲོ་བ་གང་། །རྒྱལ་བ་རྣམས་ཀྱིས་མཁྱེན་པའི་སྤྱོད་ཡུལ་ལས། །བློ་རྨོངས་སྦྲང་བུའི་བགྲོད་པས་གཞལ་ནུས་ཅི། །འོན་ཀྱང་དཔལ་ལྡན་བསྐལ་བཟང་པདྨོའི་གཉེན། །མཁའ་ཁྱབ་ཐུགས་རྗེས་ཕན་བདེར་འཛག་པའི་ཟེར། །ཤར་བས་བདག་བློ་ཉེས་བརྒྱའི་ཚལ་ནང་དུ། །ལེགས་བཤད་མེ་ཏོག་གསར་པ་བཞད་འདི་མཚར། །བྱིས་བློས་གཞལ་བྱའི་ཡུལ་འདས་གཞུང་ཟབ་དོན། །རྟོགས་མིན་ཡི་གེར་བཀོད་པ་ངོ་མཚར་ཅི། །འོན་ཀྱང་ཉེས་པར་བཤད་གང་བདག་གི་སྐྱོན། །ལེགས་བཤད་ཡོན་ཏན་མཆིས་ན་བླ་མའི་དྲིན། །དེ་ཕྱིར་རང་གིས་ཇི་ལྟར་རྟོགས་པའི་ཚད། །བརྗོད་པ་འདིས་ཐོབ་དགེ་བས་མཁའ་མཉམ་འགྲོ། ཁྱབ་བདག་ཧེ་རུ་ཀ་དཔལ་རྒྱལ་སྲིད་ལ། །འགོད་པའི་བདེ་ཆེན་མཆོག་གི་གཞིར་གྱུར་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་འཆི་མེད་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་འདི་ནི་ཁམས་གསུམ་གྱི་མགོན་པོ་རྒྱལ་མཆོག་རིགས་བརྒྱའི་བདག་པོ་མཆོག་གིས་གསེར་གྱི་མེ་ཏོག་འབྲི་གཞི་དང་བཅས། གསུང་གི་གསང་བས་འདི་ལྟར་གྱིས་ཞེས་རྗེས་སུ་གནང་བ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ། བདུད་རྩི་རྩ་བཤད་ཀྱི་རྒྱུད་རྣམས་དང་། བཀའ་བརྒྱད་ལུགས་བཞིའི་སྨན་སྒྲུབ། བི་མ་ལ་དང་གཉགས་ལོའི་ཡིག་ཆ། རོང་ཟོམ་ཆེན་པོའི་བདུད་རྩིའི་ཐོ་ཡིག་ལས་བྱང་སོགས་ཚད་ལྡན་གྱི་གཞུང་རྣམས་དང་། བླ་མའི་མན་ངག་གི་དགོངས་པ་ཇི་ལྟ་བའི་དོན་བཞིན་བཀླག་ཆོག་ཏུ་བཀོད་པ་སྟེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་སོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).