Terdzo-ZHA-004

From Rinchen Terdzö
Revision as of 16:20, 29 August 2016 by Jeremi (talk | contribs) (Text replace - "TSAGLI image gallery goes here" to "")
This page is under construction. Check back later for updated content.

བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་

bcom ldan 'das tshe dang ye shes dpag tu med pa'i sgrub thabs khrid kyi yi ge sku gsum lam rim mchog gi sgo 'byed

by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
revealed by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
in cycle  དགོངས་གཏེར་ཚེ་ཁྲིད་སྣང་མཐའི་ཞིང་སྦྱོང་སྐུ་གསུམ་ལམ་རིམ་ (Dgongs gter tshe khrid snang mtha'i zhing sbyong sku gsum lam rim)
Volume 21 (ཞ) / Pages 37-58 / Folios 1a1 to 11b5

[edit]

༄༅། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ཅེས་བྱ་བ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གཙོ་འོད་སྣང་མཐའ་ཡས། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། །འོད་མི་འགྱུར་བ་གདོད་མའི་མགོན་པོ། །དེ་ལ་མགོ་བོས་རྟག་འདུད་ཕྱག་འཚལ། །གང་གི་སྒྲུབ་ཐབས་ཁྲིད་ཡིག །སྐལ་ལྡན་འཇུག་ངོགས་ལམ་རིམ། །མཆོག་གི་སྒོ་འབྱེད་ཅེས་བྱ། །འདི་རུ་ཆ་ཤས་བཤད་བྱ། །དེ་ལ་དམ་པ་ཆོས་ཀྱི་སྐལ་པ་དང་ལྡན་པའི་གང་ཟག་བྱང་ཆུབ་སེམས་ལ་བློ་སྦྱངས་ཤིང་། རིམ་པར་རྒྱུད་སྨིན་པར་བྱས་ནས་གདམས་པ་བསྟན་པ་འདི་ལ་དོན་གསུམ་སྟེ། ཕྱི་བདེ་ཆེན་ཞིང་སྦྱོང་གི་བསྙེན་པ། ནང་བསྐྱེད་བཟླས་རྫོགས་པས་བསྒྲུབ་པ། གསང་བ་རྡོ་རྗེའི་རྣལ་འབྱོར་གྱིས་ལས་ལ་སྦྱར་བའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལ་གནས་པས་དབེན་པའི་གནས་སུ་བདེ་བའི་གདན་ལ་གདོང་ནུབ་ཏུ་ཕྱོགས་ཏེ་འཁོད་ཅིང་ཐུན་གྱི་ཐོག་མར་སྐྱབས་སེམས་བྱ་སྟེ། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ལ་སྐར་མ་བཀྲ་བ་ལྟ་བུ་དང་། རང་གི་མདུན་གྱི་སྟེང་ཏཱ་ལའི་སྲིད་ཙམ་དུ་རྩ་བའི་བླ་མ་བཞུགས་པར་བསམ་ལ། མཁའ་ཁྱབ་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག་པའི་ལྷག་བསམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚིག་འདི་ལྟར་བརྗོད་དེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་བགྱིའོ། །ཞེས་པདྨའི་ལམ་རིམ་གྱི་ཆོས་སྤྱོད་སིལ་བུ་ནས་འབྱུང་བའི་ཚིགས་བཅད་དེ། རང་གིས་སྐྱབས་སེམས་ཚིག་དེ་བརྗོད་པ་དང་ལྷན་ཅིག་དགྲ་གཉེན་བར་མའི་འགྲོ་བ་དང་འབྱུང་བཞི་རྡུལ་ཕྲ་རབ་ནས་ཀྱང་འུར་ལྡིར་གྲགས་པར་བསམ་ལ་ཅི་ནུས་སུ་བརྗོད། ཐུན་སྨད་དུ་སངས་རྒྱས་བྱང་སེམས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ་ཞིང་། རྩ་བའི་བླ་མ་རང་གི་སྤྱི་བོའི་སྟེང་ཐད་དུ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས། སྒོ་གསུམ་སྡིག་སྒྲིབ་ཤ་ཁྲག་རུས་པ་དང་བཅས་པ་ཐམས་ཅད་དག་ནས་རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟ་བུར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཐར་བསྟོད་བཤགས་བྱས་ཏེ་བླ་མ་རྡོ་རྗེ་སེམས་དཔའ་ཚངས་པའི་བུ་ག་ནས་རང་ལ་ཐིམ་པས་གཉིས་སུ་མེད་པ་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་བློ་བཞག །རྗེས་དགེ་བ་བསྔོ། དེ་ནས་ཞིང་སྦྱོང་ཉམས་ལེན་དངོས་གཞིར་འཇུག་པ་ལ། རང་གི་མདུན་ནུབ་ཕྱོགས་ཀྱི་ཆར་མི་མཇེད་འཇིག་རྟེན་ལས་ཅུང་ཟད་སྟེང་དུ་འཕགས་པ་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་རྒྱ་ཁྱོན་ཚད་མེད་པ་དབྱིབས་ཟླུམ་པོའི་རྣམ་པ། དཔེ་མཎྜལ་བར་སྣང་དུ་བཞག་པ་ལྟ་བུ་སྟེ། ཞིང་དེའི་ཆེ་བའི་ཡོན་ཏན་འོད་དཔག་མེད་ཀྱི་མདོར་ཇི་ལྟར་གསུངས་བཞིན་དྲན་པར་བྱས་ཏེ། མོས་པས་ཞིང་ཁམས་གསལ་བཏབ་པའི་དབུས་སུ་རིན་པོ་ཆེའི་ཁྲི་རྨད་དུ་བྱུང་བ་ལ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཆོས་གོས་གསུམ་གསོལ་ཞིང་ཕྱག་མཉམ་གཞག་བཻཌཱུརྻའི་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། མཚན་དཔེ་ཡོངས་སུ་རྫོགས་ཤིང་དབུའི་གཙུག་ཏོར་བལྟར་མི་ཚུགས་པ་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ་སྐུ་རྒྱབ་བྱང་ཆུབ་ཤིང་ལ་ཕྱོགས་ཏེ་བཞུགས་པ། སངས་རྒྱས་བྱང་སེམས་ཉན་ཐོས་ཚད་མེད་པས་བསྐོར་བར་བསྒོམ་ལ། མི་མཇེད་ཞིང་འདིར་བདག་གིས་ལུས་ཐ་ལམ་དུ་གནས་པས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ལུས་མ་ལྔ་ས་ལ་ཕབ་པའི་ཕྱག་འཚལ་ཞིང་། རང་གི་ལུས་རྡུལ་སྙེད་དུ་མོས་པས་སྤྲུལ་པ་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བར་བསམ་ལ། ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ཕྱག་བརྒྱ་སྟོང་ཅི་ནུས་ཐུན་དུ་བཅད་དེ་འབུལ་བ་ནི་ཐུན་ཕྲན་དང་པོའོ། །ཡང་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་སུམ་ཅུ་རྩ་ལྔས་བསྐོར་ཏེ་བཞུགས་པར་བསམ་ལ། དེའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། ཁྱད་པར་དུ་ཚེ་འདིར་བསགས་པའི་སྡིག་པ་ཅི་བགྱིས་ཡིད་ལ་དྲན་པར་བྱས་ཏེ། འགྱོད་པ་དྲགས་པོས་ངག་ནས་མཐོལ་ཞིང་བཤགས་པ་དང་། སླད་མར་སྡོམ་སེམས་བཅས་ཕུང་པོ་གསུམ་པའི་མདོ་ཞེས་བྱང་ཆུབ་ལྟུང་བཤགས་ཅི་ནུས་བཀླགས་ནས་ཕྱག་འཚལ་བ་ནི་ཐུན་ཕྲན་གཉིས་པའོ། །དེ་ནས་རང་ལུས་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་གཟུགས་ཅན་ལྟ་བུར་མོས་ཏེ་བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་དམིགས་པ་གསལ་བས་ཚར་གང་མང་བརྗོད་པ་ནི་ཐུན་ཕྲན་གསུམ་པའོ། །དེ་ནས་མཎྜལ་གྱི་བྱ་བ་རང་ཉིད་ཨཱརྻ་ཛམྦྷ་ལ་ལྟ་བུ་གསལ་ཏེ། ཕྱི་འཇིག་རྟེན་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་མ་ལུས་པ་དང་། ནང་རང་གི་དགྲ་གཉེན་བར་མའི་འགྲོ་བ་འདོད་དགུའི་ལོངས་སྤྱོད་བཅས་པ་དང་། བར་བདག་གི་ལུས་སྲོག་ཚེ་བསོད་ནམས་འདུས་དང་འདུས་མ་བྱས་པའི་དགེ་ཚོགས་བཅས་ཁ་ཙམ་མ་ཡིན་པ་སྙིང་ཐག་པ་ནས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ལ་འབུལ་བར་བསམ་སྟེ། ངག་ཏུ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་མཎྜལ་སྤྱི་ལུགས་ངག་ཚིག་ཇི་སྙེད་པ་བརྗོད་ཅིང་དམིགས་པ་གསལ་བས་འབུལ་བ་ཐུན་ཕྲན་བཞི་པའོ། །དེ་ལྟར་ཐུན་ཕྲན་བཞི་བསྡམས་པས་ཐུན་ཆེན་གཅིག་སྟེ་ཚོགས་ལམ་ལ་བློ་སྦྱོང་བའི་རིམ་པ་ཆོས་ཐུན་དང་པོའོ། །རང་ཉིད་ཛམྦྷ་ལའི་ལུས་དྭངས་ཤིང་གསལ་བའི་དབུས་སུ་དབུ་མ་རག་དུང་ཁ་གྱེན་བསྟན་ལྟ་བུ་ཤེལ་དྭངས་པ་ལྟར་རྙོག་མ་དང་བྲལ་བའི་སྙིང་གའི་ཐད་དུ་རྣམ་ཤེས་ཐིག་ལེ་དཀར་པོ་ཤིན་ཏུ་འཚེར་བ་སྐྱུང་ཀའི་སྒོ་ང་ཙམ་ཞིག་གནས་པ་དང་། བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་པའི་མདུན་ཕྱོགས་སུ་རིན་པོ་ཆེའི་པདྨོ་ཁ་འབུས་གཅིག་ཀྱང་གསལ། དེ་ནས་སྔར་བཞིན་ཡན་ལག་བདུན་ལན་ཁ་ཤས་བྱ་བ་ནི་ཐུན་ཕྲན་དང་པོའོ། །དེ་ནས་སངས་རྒྱས་འོད་དཔག་མེད་པའི་དཔྲལ་བའི་མཛོད་སྤུ་ལས་འོད་ཟེར་དཀར་པོ་ཤེལ་གྱི་སྦུ་གུ་ལྟ་བུ་ཞིག་བྱུང་ནས་བདག་གི་ལུས་དེའི་ནང་དུ་ཆུད་པས་དགའ་བདེ་ཚད་མེད་པར་སྐྱེས་པར་བསམ་པ་ཐུན་ཕྲན་གཉིས་པའོ། །སླར་ཡང་རྒྱལ་བ་འོད་དཔག་མེད་ཀྱི་མཛོད་སྤུ་ནས་འོད་ཟེར་ཕྲ་གྲིམ་རྩེ་མོ་རྣོ་བ་ལྕགས་ཀྱུའི་དབྱིབས་ཅན་གཅིག་སྔར་གྱི་འོད་སྦུགས་དེའི་ནང་ནས་ཚུར་བྱུང་། རང་གི་ཚངས་བུག་ནས་མར་བརྒྱུད་སྙིང་གའི་ཐིག་ལེ་དེ་ལ་རེག་མ་ཐག་རྩེན་གྱིས་བླངས། སྐད་ཅིག་གིས་བདེ་བ་ཅན་དུ་དྲངས་ནས་མདུན་གྱི་པདྨོའི་དབུས་སུ་ཐིག་ལེ་ཞུགས་ཤིང་འོད་ཀྱི་སྦུ་གུ་ཡང་རིམ་ཡལ། ལུས་ཕྱི་ཁོག་དེ་ཇེ་མཐོ་ཇེ་འཕེལ་ནམ་མཁའ་ལ་སོང་སྟེ་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར་ནས་རྒྱལ་བ་སྲས་བཅས་མཆོད་ཅིང་། སེམས་ཅན་རྣམས་ལ་ཟས་སྐོམ་གོས་སྨན་འབྲས་བུ་རིན་པོ་ཆེའི་ཆར་རྒྱུན་ཆད་པ་མེད་པར་བབས་ནས་སྡུག་བསྔལ་སེལ་བར་བསམ་པ་ནི་ཐུན་ཕྲན་གསུམ་པའོ། །རང་སེམས་ཐིག་ལེའི་རྣམ་པ་པདྨོའི་སྦུབས་སུ་ཞུགས་པ་དེ་བྱང་ཆུབ་སེམས་དཔའ་ལྷའི་ཁྱེའུའི་གཟུགས་མཚར་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཅིང་། དེ་མ་ཐག་སངས་རྒྱས་འོད་དཔག་མེད་པའི་འོད་ཟེར་གྱིས་རེག་པས་པདྨ་ཁ་རབ་ཏུ་གྱེས་ཏེ་སངས་རྒྱས་ཀྱི་ཞལ་དངོས་སུ་མཇལ་བར་བསམ་པ་ནི་ཐུན་ཕྲན་བཞི་སྟེ། ཐུན་ཆེན་གཅིག་སྦྱོར་ལམ་འཕོ་བའི་རིམ་པ་ཆོས་ཐུན་གཉིས་པའོ། །རང་ཉིད་བྱང་སེམས་ལྷའི་ཁྱེའུ་དེས་སངས་རྒྱས་འོད་དཔག་ཏུ་མེད་པ་ཞལ་མཇལ་བས་དགའ་བ་དང་བདེ་བ་སིམ་པ། དད་པ་མོས་གུས་ཀྱི་ཤུགས་ཚད་མེད་དཔག་ཏུ་མེད་པ་ཐོབ་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་མཎྜལ་འབུལ་བ། ཡན་ལག་བདུན་གྱི་བྱ་བ་རིམ་པར་བྱས་པ་ནི་ཐུན་ཕྲན་དང་པོའོ། །དེ་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཕྱག་གླང་པོ་ཆེའི་སྣ་ལྗགས་ལྟ་བུ་ཕྱག་མཐིལ་བཀྲ་ཤིས་པའི་རི་མོ་བརྒྱ་ཕྲག་གིས་གཏམས་པ་དེ། བདག་གི་སྤྱི་བོར་བཞག་ནས་རིགས་ཀྱི་བུ་ཁྱོད་རིང་པོར་མི་ཐོགས་པར་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་བཀའ་ཡི་གནང་བ་བྱིན་པས་རབ་ཏུ་དགའ་བའི་ས་ཐོབ་ནས་མཚན་དཔེས་རྗེས་མཐུན་དུ་སྤྲས་པར་བསམ་པ་ནི་ཐུན་གཉིས་པའོ། །དེ་ནས་རང་གཞན་གྱི་དོན་ཚད་མེད་པ་འགྲུབ་པ་ལ་མཆོག་ཏུ་དགའ་བ་ཆེན་པོས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བཀའ་དྲིན་ཆེད་དུ་མཆོད་སྤྲིན་གྱིས་མཆོད་པར་བསམ་ལ། མཆོད་སྤྲིན་གྱི་གཟུངས་སྔགས་ཚར་གསུམ་གྱི་རྗེས་སུ། མདོ་དཀོན་མཆོག་ཏ་ལ་ནས་གསུངས་པའི་མཆོད་ཚིག །མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །ཞེས་པ་ལ་སོགས་པའི་མཆོད་པ་འབུལ། མེ་ཏོག་བྱིན་གྱིས་རླབས་པའི་སྔགས་ཀྱིས་མེ་ཏོག་ཕུལ་ནས་མེ་ཏོག་སངས་རྒྱས་ཀྱི་དབུ་གཙུག་ཏུ་གདུགས་ལྟར་འཁྱིལ་བར་བསམ་པ་ནི་ཐུན་ཕྲན་གསུམ་པའོ། །དེ་ནས་རང་ཉིད་གནས་དེ་ལས་མ་གཡོས་བཞིན་ཏུ་སྤྲུལ་པའི་ལུས་བརྒྱ་ཕྲག་ཏུ་བྱས་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཏུ་ཞུགས་ནས་སངས་རྒྱས་བརྒྱ་ལ་དགྱེས་པའི་མཆོད་པ་སྤྲོས་ཤིང་། སངས་རྒྱས་རེ་རེ་ལས་ཏིང་ངེ་འཛིན་གྱི་སྒོ་རེ་རེ་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང་ལྡང་བ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མ་ལ་དབང་འབྱོར་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་པས་སེམས་ཅན་བརྒྱ་ཕྲག་མང་པོའི་དོན་བྱེད་པར་བསམ་པ་ཐུན་ཕྲན་བཞི་པ་སྟེ། དེ་བཞི་བསྡོམས་པས་ཐུན་ཆེན་གཅིག་མཐོང་ལམ་དབུགས་དབྱུང་གི་རིམ་པ་ཆོས་ཐུན་བཞི་པའོ། །འདི་ཡན་ཆད་ཞིང་སྦྱོང་རྩ་བའི་དམིགས་ཐུན་དངོས་ཡིན་ནོ། །རང་ཉིད་བྱང་ཆུབ་སེམས་དཔའ་མཚན་དཔེ་རྗེས་མཐུན་པས་བརྒྱན་པ་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་ཀྱི་སྤྱན་སྔར་གནས་པ་གོང་ལྟར་ལ་སྤྲུལ་པའི་ལུས་སྟོང་དང་། དེ་ནས་འབུམ་དང་། དེ་ནས་བྱེ་བ་ཕྲག་བརྒྱ་དང་། སྟོང་དང་། བྱེ་བ་ཕྲག་འབུམ་དང་། བྱེ་བ་ཕྲག་ཁྲག་ཁྲིག་གི་བར་ཐུན་གོ་རིམ་བཞིན་སྤྲོས་ཏེ། དེ་རྣམས་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་འཇུག་ཅིང་། རྫོགས་པའི་སངས་རྒྱས་སྟོང་ནས་བྱེ་བ་ཕྲག་ཁྲག་ཁྲིག་ལ་མཆོད་པའི་སྤྲིན་གྱིས་ཡོངས་སུ་མཆོད་པའི་མོས་འདུན་རྣམ་དག་བྱས་པས་སངས་རྒྱས་རྣམས་ཀྱི་ཕྱག་གིས་རང་གི་སྤྱི་བོར་བྱུགས་ནས། བྱང་ཆུབ་མཆོག་ཏུ་ལུང་སྟོན་པས་ཏིང་ངེ་འཛིན་གྱི་སྒོ་སྟོང་ནས་བྱེ་བ་ཕྲག་ཁྲག་ཁྲིག་གི་བར་ཐོབ་ཅིང་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བརྟན་པ། ལུས་མཚན་དཔེ་ཡང་ཇེ་གསལ་དུ་སོང་ཞིང་ས་གཉིས་པ་དྲི་མེད་ནས་བདུན་པ་རིང་དུ་སོང་བའི་བར་ཐུན་གོ་རིམ་བཞིན་བསྒོམ་པ་ཐུན་ཕྲན་དྲུག་གོ །དེ་ནས་རང་གི་ལུས་མཚན་དཔེས་བརྒྱན་པ་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་སངས་རྒྱས་དང་རྗེས་སུ་མཐུན་པ་ལས་སྤྲུལ་པ་སྟོང་གསུམ་འཇིག་རྟེན་ཁམས་འབུམ་ཕྲག་གི་རྡུལ་ཕྲ་རབ་དང་མཉམ་པ་དང་། དེ་ནས་འཇིག་རྟེན་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་། དེ་ནས་ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་སངས་རྒྱས་དེ་སྙེད་མཉེས་པར་བྱས་ཤིང་། ཕྱི་མའི་སྐབས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་མཆོད་ཅིང་། སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་དངོས་དང་། སྔ་མ་གཉིས་ལ་ཡང་དེ་དང་ཕྱོགས་མཐུན་པར་བསམ། དབང་བསྐུར་བ་པོ་སངས་རྒྱས་དེ་རྣམས་ཀྱང་། སྔར་སངས་རྒྱས་མཆོག་གི་སྤྲུལ་སྐུར་སྣང་བ། སྐབས་འདིར་རང་གི་སྒྲིབ་པ་སྤངས་པའི་རིམ་པས་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་དང་། དངོས་དང་མཐར་ཐུག་པ་ཉིད་དུ་མོས་པར་བྱ་དགོས་ལ། སེམས་ཅན་གྱི་ཡང་དོན་འགྲུབ་ཚུལ་སངས་རྒྱས་དང་རྗེས་སུ་མཐུན་པ་དང་། མཐུན་པ་ཉིད་དང་ཇི་བཞིན་པ་མཛད་པ་སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ས་བརྒྱད་པ་དང་། དགུ་པ་དང་བཅུ་པ་རྣམས་རིམ་པས་ཐོབ་པར་མོས་པའི་དམིགས་པ་ཐུན་ཕྲན་གསུམ་མོ། །ཐུན་ཕྲན་དགུ་པོ་གཅིག་ཏུ་བསྡམས་པས་ཐུན་ཆེན་གཅིག་སྒོམ་ལམ་སེམས་ལ་སྦྱང་བའི་རིམ་པ་སྟེ་ཆོས་ཐུན་བཞི་པའོ། །རང་ཉིད་མཚན་དཔེ་སངས་རྒྱས་དང་ཆ་མཐུན་པའི་ལུས་ཅན་ཞིང་ཁམས་རབ་འབྱམས་སུ་སྐུའི་བཀོད་པ་བསམ་མི་ཁྱབ་པ་དང་ལྡན་པ། དཔེ་བྱས་པ་མེད་པ་རང་བཞིན་གྱི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུ་ནམ་མཁའི་ཁམས་ཡོངས་སུ་ཁེངས་པས་རྫོགས་པའི་སངས་རྒྱས་མ་ལུས་ལུས་པ་མེད་པར་མཆོད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལས་བྱུང་བའི་མཆོད་པས་རང་ཉིད་ལ་ཉེ་བར་མཆོད་པ་དང་བཅས། སངས་རྒྱས་ཐམས་ཅད་ཀྱིས་དུས་གཅིག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་ལྷན་ཅིག་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་མཐའ་དག་བཅོམ་སྟེ་མངོན་པར་སངས་རྒྱས་པའི་གོ་འཕང་བརྙེས་པའི་སྐུའི་ཆ་བསམ་དུ་མེད་ཀྱང་། གདུལ་བྱའི་སྣང་ངོ་ཙམ་དུ་གཟུགས་ཀྱི་རང་བཞིན་སངས་རྒྱས་འོད་དཔག་མེད་པའི་སྐུར་གྱུར་པ་དེ་དང་། བདེ་ལྡན་ཞིང་གི་བདག་པོ་དབྱེར་མེད་རོ་གཅིག་པ་ཆུ་ཆུ་དང་མཉམ་པ་བཞིན་ཏུ་གྱུར་ནས་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་པ་ཕྲིན་ལས། རྒྱ་མཁའ་ཁྱབ་རྒྱུན་དུས་ཇི་སྲིད་དུ་ཆད་པ་མེད་པར་སྟོན་པར་བསམ་ལ་སེམས་ཅི་གནས་སུ་མཉམ་པར་བཞག་པ་ནི་མཐར་ལམ་མི་སློབ་པའི་ང་རྒྱལ་བཟུང་བ་སྟེ་ཆོས་ཐུན་ལྔ་པའོ། །ཆོས་ཐུན་ཕྱི་མ་འདི་གཉིས་ལམ་ཚང་ཕྱིར་གོང་གི་འཕྲོས་སུ་བཀོད་པ་སྟེ་འབྲས་བུ་ལ་མོས་པས་ལམ་དུ་བྱེད་པའི་ཕྱིར་ཡོན་ཏན་ཁྱད་པར་ཅན་གྱི་ས་བོན་རྒྱས་པར་བྱེད་པའོ། །དེ་རྣམས་ཀྱིས་ཕ་རོལ་ཕྱིན་པའི་ལམ་སྔགས་ཕྱི་རྒྱུད་ཀྱི་ཕྱོགས་དང་མཐུན་པའི་ཉམས་ལེན་ཕྱི་བསྙེན་པའི་རིམ་པ་སྤྲུལ་པའི་སྐུ་ལམ་དུ་ཁྱེར་ཚུལ་གྱི་སྐབས་ཏེ་དང་པོའོ།། །།དེ་ནས་སྤྱི་དོན་གཉིས་པ་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་སྒོམ་སྒྲུབ་བསྟན་པ་ལ་ཐུན་གྱི་ཐོག་མར་སྐྱབས་སེམས་སྔར་ལྟར་སོང་མཚམས་ཡན་ལག་བདུན་པའི་དམིགས་པ་ནན་ཏན་དུ་བྱས་ལ་མཐར་སྐྱབས་ཡུལ་ཀུན་རྩ་བའི་བླ་མར་འདུས་ཤིང་། དེ་སངས་རྒྱས་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུའི་ཆ་ལུགས་ཅན་རང་གི་སྤྱི་བོར་བྱོན་ཏེ་བཞུགས་པར་བསམ་ལ་འོད་དཔག་མེད་ཀྱི་གཟུངས་སྔགས་བཟླ་བར་བྱ་སྟེ། དེ་ཡང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་གརྦྷེ། ཨ་མི་ཏ་སིདྡྷི། ཨ་མི་ཏ་ཏེ་ཛོ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནེ། ཨ་མི་ཏ་ག་ག་ན་ཀཱིརྟི་ཀཱ་རི། ཨ་མི་ཏ་དུནྡུ་བྷི་སྭ་རེ། སརྦ་ཨརྠ་སཱ་དྷ་ནེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་གསལ་ལ་དག་པར་ཅི་ནུས་བཟླས་པས་འོད་དཔག་མེད་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བབ། ལུས་ཀྱི་ཕྱི་བཀྲུས། ཚངས་བུག་ནས་ནང་དུ་ཞུགས་པས་བདག་གཞན་གྱིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་མཐའ་དག་སང་སང་དག་ཅིང་རང་གི་ལུས་ནང་གི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་འོག་སྒོ་ནས་ཕྱིར་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་ཞིང་རང་ལུས་དྲི་མ་མེད་པ་ཤེལ་གྱི་གོང་བུ་ལྟ་བུར་བསམ་ལ། དེ་ནས་བླ་མའི་དཔྲལ་མགྲིན་སྙིང་ག་ལྟེ་བ་ལས་དཀར་དམར་མཐིང་ལྗང་འོད་ཟེར་ཐིག་ལེ་བར་མི་ཆད་པ་རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་འབྱོངས། འབྲས་བུ་སྐུ་བཞི་ཐོབ་པར་བསམ། མཐར་བླ་མ་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་རྒྱལ་བའི་སྐུ་གསུང་ཐུགས་དབྱེར་མེད་དུ་སེམས་ཇི་གནས་སུ་མཉམ་པར་བཞག་པ་ནི་སྦྱོར་བ་སྔོན་དུ་འགྲོ་བ་སྟེ་ཆོས་ཐུན་དང་པོའོ། །དེ་ནས་དངོས་གཞི་བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་ཉིད་རང་གི་རིག་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་རྐྱེན་ལ་བརྟེན་ཡི་གེ་ཧྲཱིཿདམར་དུ་གྱུར། དེ་སྐད་ཅིག་གིས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོག་ཅིང་ཉི་ཟླ་ཁྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་པདྨ་དང་ཉི་ཟླའི་གདན་ལ་བཞུགས་ཤིང་། ཕྱག་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་ཡིད་བཞིན་ནོར་བུའི་འབྲས་བུ་ཅན་གྱི་ཁ་རྒྱན་ཅན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་ཡོངས་སུ་མཛེས་ཤིང་ཞལ་གྱི་དཀྱིལ་འཁོར་གྱིས་མཚོན་བ་སྤུ་རེའི་ཁྱོན་ཡང་བསྐལ་པ་རྒྱ་མཚོར་བལྟས་ཀྱང་ངོམས་པ་མེད་པ། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ་རང་འོད་ཀྱི་ཡུམ་བདེ་བ་ཆེན་པོར་ལོངས་སྤྱོད་པ་རྙོག་པ་དང་བྲལ་བ་ཟླ་བའི་རྒྱབ་ཡོལ་བྱས་པའི་སྐུ་རུ་གསལ་བཏབ་སྟེ། སྐུའི་ཆ་ཤས་ཕྲ་རགས་ལ་སེམས་རིམ་པར་བཟུང་ཞིང་གོམས་ནས་སྐུ་ཡོངས་རྫོགས་ལ་ཡིད་མ་ཡེངས་པར་ཇི་གནས་སུ་མཉམ་པར་བཞག་པ་སྟེ་ཆོས་ཐུན་གཉིས་པའོ། །དེ་ནས་གསུང་བཟླས་པའི་རིམ་པ་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿགསེར་ཞུན་མ་ལྟ་བུ་དེ་ལས་འོད་ཟེར་འཕྲོས། ཕྱོགས་དུས་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པའི་ཐུགས་རྗེ་བྱིན་རླབས་ཚེ་བཅུད་དང་ལྷན་ཅིག་འབྱུང་བ་ལྔ་ཁམས་གསུམ་གྱི་དྭངས་མ་ཐམས་ཅད་དངོས་གྲུབ་ཀྱི་ཚུལ་དུ་བསྡུས་ཏེ་རང་ལ་ཐིམ་པར་བསམ་ལ་ཚེའི་སྙིང་པོ་འདི་ལྟ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡིད་མ་ཡེངས་པར་ཅི་ནུས་སུ་བཟླ་བ་སྟེ་དེའི་ཕན་ཡོན་ནི་ཇི་སྐད་དུ། ཞག་རེ་ལ་ནི་བརྒྱ་རྩ་བཟླ༔ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ ཚེ་སྲོག་ཡུན་དུ་བརྟན་པར་འགྱུར༔ འདས་ཚེ་ནུབ་ཕྱོགས་བདེ་བ་ཅན༔ འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ཞེས་གསུངས་སོ། །ཆོས་ཐུན་གསུམ་པའོ། །དེ་ནས་ཐུགས་རྫོགས་པའི་རིམ་པ་ནི། རང་གི་སྙིང་གར་པདྨ་དམར་པོ་ལ་ཟླ་བའི་དཀྱིལ་འཁོར་དེ་ལ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ཡབ་ཡུམ་ཁ་སྦྱོར་བདེ་བ་ཆེན་པོའི་སྐུ་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་ཆུ་ཤེལ་དབང་པོ་ལྟར་དཀར་བ་མཉམ་གཞག་ཚེ་བུམ་བསྣམས་པ་ལོངས་སྐུའི་རྒྱན་ཆ་བྱད་རྫོགས་པ་གསལ་བཏབ། འཇམ་རླུང་བུམ་པ་ཅན་བཟུང་བས་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་འདྲེས་པ་གྲོང་པའི་འོ་མ་འཇོས་མ་ཐག་པ་ཙམ་བབས་ནས། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང་བའི་ཟེགས་མ་བ་སྤུའི་བུ་ག་ཟླ་བ་ལ་རྡོ་རྗེ་ཕྱེད་པ་ཕྲ་མོ་འབའ་ཞིག་པས་གཏམས་ཤིང་། ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཡང་དག་པ་རྒྱུད་ལ་སྐྱེས་པར་བསམ། རླུང་བུམ་པ་ཅན་ཅི་ནུས་སུ་འབད། མཐར་རྣམ་པར་རྟོག་པ་གསུམ་བྲལ་བ་རང་རིག་དམིགས་མེད་རང་བབ་གཉུག་མ་སོ་མ་ལྷུག་པར་ཇི་གནས་སུ་མཉམ་པར་བཞག་པའོ། །དེའི་ཕན་ཡོན་ཡང་འདི་སྐད་ཅེས། ནད་གདོན་ཚེ་ཡི་བར་གཅོད་ནི༔ དུས་རྣམས་ཀུན་ཏུ་འབྱུང་མི་འགྱུར༔ དུས་མིན་ཚེ་ཡི་བར་ཆོད་ནི༔ འབྱུང་བའི་དྭངས་མ་འཁྲུགས་པ་ཡིས༔ ཚེ་ཡི་བར་གཅོད་བྱེད་པ་ཡིན༔ དེ་བས་དམིགས་པ་འདི་བསྒོམ་ན༔ རྒྱུན་དུ་འབྱུང་བ་མི་འཁྲུགས་པས༔ ལོ་བརྒྱའི་བར་དུ་འཆི་མི་འགྱུར༔ ཅེས་པ་སྟེ་ཆོས་ཐུན་བཞི་པའོ། །མཐར་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་དང་། བཅུད་ཀྱི་སེམས་ཅན་ཀུན་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ། སྒྲར་གྲགས་པ་ཐམས་ཅད་གཞོམ་དུ་མེད་པ་ཚེའི་རང་སྒྲ །དྲན་རྟོག་ཐམས་ཅད་རང་གྲོལ་ཆོས་ཉིད་གཉུག་མའི་ངང་དུ་བསྐྱང་ཞིང་སྐབས་སུ་འོད་གསལ་འཇུག་ལྡང་བྱ་ལ། མཚན་མོ་ཉལ་བའི་སྐབས་རང་གི་སྙིང་འོད་ཀྱི་གོང་བུའི་དབུས་སུ་ཐིག་ལེ་མེ་ལོང་ལྟ་བུ་རྙོག་པ་མེད་པ་ཤིན་ཏུ་དྭངས་པའི་ནང་དུ་བདེ་བ་ཅན་གྱི་ཞིང་གཟུགས་བརྙན་ལྟར་གསལ་བའི་དབུས་སུ་ཚེ་འོད་དཔག་མེད་ཀྱི་སྐུ་གསལ་བཏབ་སྟེ། སེམས་མ་ཡེངས་པར་ཡང་ཡང་བསླབ། རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་བལྟ་བར་བྱའོ་སྙམ་པའི་འཛིན་སྟངས་ཀྱང་ནན་ཏན་བྱས་པས། རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་དང་། སངས་རྒྱས་འོད་དཔག་ཏུ་མེད་པ་མཇལ་བར་འགྱུར་ཏེ། ལམ་གྱི་ཁྱེར་སོ་རྗེས་ཀྱི་རིམ་པ་ཉལ་བའི་རྣལ་འབྱོར་གྱི་ཆོས་ཐུན་ལྔ་པའོ། །དེ་ལྟར་ཆོས་ཐུན་ལྔ་པོ་དེས་ནི་སྔགས་བླ་མེད་དང་མཐུན་པའི་ཉམས་ལེན་ནང་སྒྲུབ་པའི་རིམ་པ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མོས་པས་ལམ་དུ་བྱེད་པའི་ཚུལ་ཏེ་སྐབས་གཉིས་པའོ།། །།ད་ནི་སྤྱི་དོན་གསུམ་པ་རྫོགས་པའི་རིམ་པ་དངོས་ཉམས་སུ་ལེན་པ་ལ། ཐུན་གྱི་ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་སྒྲིབ་སྦྱོང་དབང་བཞི་བླང་བ་རྣམས་གོང་ལྟར་བྱས་ཤིང་། བསམ་གཏན་གྱི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅས་ཏེ་ངག་རླུང་རོ་ལན་གསུམ་དུ་བསལ་རྗེས་རླུང་རང་བབ་ཏུ་བཞག །སྒོ་མིག་ཕྱེད་བཀབ་ཕྱེད་བལྟ་གཡོ་འགུལ་མེད་པར་ཡུལ་སྤྲིན་བྲལ་གྱི་ནམ་མཁའ་འམ། གསེང་མེད་ཀྱི་མུན་པར་ཡང་སྟེ། དེ་ལ་སེམས་ཡུལ་ལ་དམིགས་གཏད་མེད་པའི་ལྷུག་པ། བསྒོམ་བྱ་དང་བྲལ་བའི་ཐ་མལ། བཅས་བཅོས་མེད་པའི་གཉུག་མ། ལུང་མ་བསྟན་དང་རྣམ་རྟོག་གིས་བསྐྱོད་པའི་མཐའ་སྤང་བའི་སོ་མ་སྟེ་མཚན་ཉིད་བཞི་ལྡན་གྱི་ངང་དུ་མཉམ་པར་བཞག །དེ་ལྟར་ཡུན་རིང་དུ་བསྒོམས་པས། སྣང་ཉམས་དང་། ཤེས་ཉམས་བསམ་གྱིས་མི་ཁྱབ་པ་འཆར་བ་དེ་ཀུན་ལ་ཡང་དགའ་བྲོད་སྙེམས་འཕྲིག་མེད་པར་རིག་པའི་རང་གདངས་སུ་ཤེས་བཞིན་ལམ་དུ་ཁྱེར་བ་སྟེ་ཆོས་ཐུན་དང་པོའོ། །དེ་ནས་རང་ཉིད་བཅོམ་ལྡན་འདས་ཚེ་འོད་དཔག་ཏུ་མེད་པའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་ལ། རླུང་རོ་ལན་གསུམ་དུ་བསལ་ནས་དབུགས་རང་བབ་ཏུ་བཞག་པའི། ནང་དུ་རྔུབ་ཚེ་ཨོཾ་དཀར་པོ་འོད་ཟེར་དང་བཅས་པ་སྣ་བུག་གཡོན་ནས་ཞུགས། ཁོང་དུ་གནས་པའི་སྐབས་སུ་ཨཱཿདམར་པོ་འོད་ཟེར་འཕྲོ་བཞིན་ལྟེ་བར་སྣང་བ་དང་། ཕྱིར་དབྱུང་ཚེ་ཧཱུྃ་མཐིང་ག་འོད་ཟེར་དང་བཅས་སྣ་བུག་གཡས་ནས་ཐོན་པ་ལ་ཡིད་མ་ཡེངས་རྩེ་གཅིག་ཏུ་བྱས་པས། ཡོན་ཏན་ཁྱད་པར་འཕགས་པ་རྣམས་རྒྱུད་ལ་སྐྱེ་བར་འགྱུར་ཏེ་ཆོས་ཐུན་གཉིས་པའོ། །ཡང་རང་ཉིད་ཚེ་འོད་དཔག་མེད་སྐུའི་ནང་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་ཕྱི་དཀར་ནང་དམར། སྲབ་དྭངས་རྙོག་པ་མེད་པ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣེ་ཚངས་པའི་སྒོ །མར་སྣ་ལྟེ་འོག་སོར་བརྒྱད་དུ་བརྟན་ཅིང་ཤིན་ཏུ་དྲང་བ། ཡས་སྣ་ལ་ཉེ་བར་ཧྲཱིཿདཀར་པོ་མགོ་བོ་ཐུར་དུ་བསྟན་པ། ལྟེ་འོག་སོར་བཞིའི་མཚམས་སུ་ཧྲཱིཿདམར་པོ། སྙིང་གར་ཧྲཱིཿམཐིང་ག་རྣམས་གསལ་ཞིང་། རླུང་བཟུང་བ་དབུ་མའི་མས་སྣ་ནས་ཞུགས་ཏེ་ཧྲཱིཿཡིག་དམར་པོ་ལ་ཕོག་པས་གཏུམ་མོའི་མེ་འབར། སྙིང་གའི་ཧྲཱིཿཕུག་སྤྱི་བོའི་ཧྲཱིཿལ་རེག་པས་དེ་ལས་བདུད་རྩིའི་རྒྱུན་བྱུང་། སྙིང་གའི་ཧྲཱིཿལ་ཕོག་གཟི་འོད་ཤིན་ཏུ་འབར་ཞིང་། དེ་ལས་བརྒྱུད་བདུད་རྩིའི་རྒྱུན་ལྟེ་བའི་ཧྲཱིཿལ་བབ་པའི་འབར་འཛག་སྐྲ་ཤད་འཛིངས་པ་ལྟ་བུ་བར་མཚམས་མེད་པ་ལ་སེམས་གཏད་བཞིན་རླུང་སྦྱོར་ཅི་ནུས་དང་། ལུས་སྦྱོང་ཡང་བྱ་ལ། ཐུན་མཐར་རྣམ་པར་མི་རྟོག་པའི་རིག་པ་ནམ་མཁའ་ལྟར་རྒྱ་ཡན་དུ་བཞག་པ་སྟེ་ཆོས་ཐུན་གསུམ་པའོ། །རང་ཉིད་ཚེ་འོད་དཔག་མེད་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧྲཱིཿཡིག་དང་བཅས་པ་སྐབས་གཉིས་པར་བཤད་བཞིན་གསལ་བཏབ་སེམས་ཅི་གནས་སུ་བཟུང་། དེ་ནས་རང་གི་གདན་རྒྱབ་ཡོལ་རྒྱན་ཆ་རྣམས་སྐུ་ལ་ཐིམ། ལྷ་སྐུ་ཡང་མེ་ལོང་ལ་ཧས་བཏབ་པ་ལྟར་དབུས་སུ་འདུས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའི་རྒྱན་སོགས་སྐུ་དང་། སྐུ་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེའི་རྣམ་བཅད་ར་ཡིག་དང་། དེ་ཧ། དེ་གི་གུ་ལ་ཐིམ། དེ་ནཱ་དའི་རང་བཞིན་ཏུ་ཇེ་ཕྲ་ཇེ་ཕྲ་ཤིན་ཏུ་ཕྲ་བ། སྐྲ་རྩེ་བརྒྱ་སྟོང་གི་ཚད་ཙམ་ནས་ཡལ་བར་བསམ་ལ། སེམས་དམིགས་མེད་སྤྲོས་བྲལ་ངང་དུ་ཅི་ནུས་བཞག །སླར་ཡང་སྔར་ལྟར་ལྷ་སྐུ་སེམས་དཔའ་སུམ་བརྩེགས་སུ་གསལ་ནས་ཡང་སྡུད་པ་ལ་གོང་བཞིན་ཡང་ནས་ཡང་དུ་བསླབ་པ་ནི། རིལ་འཛིན་གྱི་འོད་གསལ་སྟོང་པ་ཉིད་དུ་བསྡུ་བ་སྟེ་ཆོས་ཐུན་བཞི་པའོ། །ཡང་སྔར་བཞིན་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཏིང་འཛིན་སེམས་དཔའ་ཧྲཱིཿལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལ་ཕོག །ཤིན་ཏུ་འཚེར་བའི་སྐུ་དེའི་འོད་ཟེར་གྱིས་དམ་ཚིག་སེམས་དཔའ་ལ་ཕོག །རབ་ཏུ་གསལ་བའི་འོད་ཀྱིས་འཇིག་རྟེན་ཁམས་ཁྱབ། སྣོད་ཐམས་ཅད་རང་བཞིན་རྣམ་དག་འོད་གསལ་དག་པའི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པར་གྱུར་ཅིང་། དེ་ནས་ཞིང་ཁམས་ལྷ་སྐུ་ལ་ཐིམ། ལྷ་སྐུ་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ནས། ནཱ་ད་སྟོང་པར་ཡལ་བ་དམིགས་མེད་སྤྲོས་བྲལ་དུ་བཞག་པ་རིལ་འཛིན་སྐབས་ལྟར་དང་། སླར་འོད་གསལ་ལས་ལྷ་སྐུར་ལྡང་ཞིང་ཡང་འཇུག་པར་ཡང་ཡང་དུ་བསླབ་པ་ནི། སྤྲོ་བ་དང་བཅས་པའི་སྡུད་རིམ་རྗེས་གཞིག་འོད་གསལ་སྟོང་ཉིད་ཀྱི་རྣལ་འབྱོར་ཏེ་ཆོས་ཐུན་ལྔ་པའོ། །དེ་ལྟར་ཆོས་ཐུན་ལྔ་པོ་ནི་སྔགས་བླ་ན་མེད་པའི་མན་ངག་རྡོ་རྗེའི་རྣལ་འབྱོར་གསང་བ་ལས་ལ་སྦྱར་བ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་རིམ་པ་སྟེ་སྐབས་གསུམ་པའོ།། །།སྐབས་གསུམ་པོ་དེ་རེ་རེས་ཀྱང་ཁྲིད་བཀའ་ཚང་བ་ཡིན་པས་སོ་སོའི་བློ་དང་མཐུན་པར་གང་འདོད་དུམ་དུམ་དུ་འཆད་པ་དང་། རིམ་པ་གསུམ་ཀ་དྲིལ་བས་ཁྲིད་ཀྱི་ལུས་མཐའ་རྒྱས་སུ་འགྱུར་ཞིང་། ཁྲིད་རིམ་དང་པོའི་སྐབས་ཐོག་མཐའ་གང་བདེ་རུ་འོད་དཔག་ཏུ་མེད་པ་བཀོད་པའི་མདོ་ཞེས་བམ་པོ་གསུམ་པ་བཀླགས་ཤིང་དོན་བཀྲོལ་ནས་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་དང་། བདེ་བ་ཅན་དུ་སྐྱེ་བའི་ལས་སེམས་བསྐྱེད་འགྱུར་བ་བཅུར་གསུངས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་གཙུག་ལག་ཁང་དང་། སངས་རྒྱས་ཀྱི་བཀའ་གླེགས་བམ་དང་རིང་བསྲེལ་གསུམ་གང་རིགས་གཞུག་པའི་མཆོད་རྟེན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན། སེམས་ཅན་སྤྱི་ལ་ཕན་པ་ཟམ་པ། བྱེ་བྲག་པར་སྲོག་བསླུ་སྟེ་དེ་ལྔ་རང་གིས་བསྒྲུབ་པ་དང་། གཞན་ལ་བསྐུལ་བ་གཉིས་སུ་ཕྱེས་པས་བཅུ་ཡིན་ནོ། །གཞན་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ལས་བརྒྱད་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྔགས་པ་རྒྱུན་དུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་བལྟ་བ་ལ་སེམས་ཅན་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་མཆོད་པ་བྱེད་པ་ནི་དུས་སྐབས་འདིར་སངས་རྒྱས་ཀྱི་རིང་བསྲེལ་ལམ། བྱང་ཆུབ་ཀྱི་ཤིང་ངམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་པ་འབུལ་བ་དང་། སངས་རྒྱས་ཀྱི་དུས་ཆེན་སྐབས་སུ་དགེ་བའི་རྩ་བ་བསྐྲུན་པ་སོགས་སངས་རྒྱས་དགྱེས་པའི་ལས་སུ་དམིགས་པ་མཐའ་དག་པ་ཡིན་ནོ། ཁྲིད་རིམ་ཕྱི་མ་དག་གི་སྐབས་སུ། ལྡང་བ་དང་། ཁྲུས་དང་། གོས་བགོ་བ། ཟས། འགྲོ་སྡོད་ཉལ་བ་རྨི་ལམ་གྱི་རྣལ་འབྱོར་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྤྱི་ལྟར་ཤེས་པ་དང་། ཆོས་ཐུན་ལ་ཞུགས་པའི་ཐོག་མར་སྐྱབས་སེམས་དང་མཐར་དགེ་ཚོགས་རྫོགས་བྱང་དུ་བསྔོ་སྨོན་གྱི་རྒྱས་ཐེབས་པར་བྱས་ལ། དུས་ཀུན་ཉིན་སྣང་ཐམས་ཅད་སྒྱུ་མ་ལྟར་ཤེས་ཤིང་རྨི་ལམ་དུ་ངོ་ཤེས་པ་དང་། སྲིད་པ་བར་དོ་ཡིན་པའི་མོས་སྟངས་དང་། སྲིད་པའི་སྡུག་བསྔལ་གྱིས་ཡིད་དུབ་ཅིང་། མི་རྟག་འཆི་བ་སྙིང་ནས་དྲན་པས་འདི་སྣང་གི་ཞེན་པ་ལྡོག་པ་དང་། དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་པས་ལས་འབྲས་ཀྱི་འདོར་ལེན་བསླབ་སྡོམ་སྤྱི་དང་།བླ་མའི་མོས་གུས་སྟོབས་སུ་གྱུར་པ་དང་། ལེ་ལོའི་དབང་དུ་མ་སོང་བར་དམ་པའི་ཆོས་ལ་ཤིན་ཏུ་བརྩོན་པ་རྣམས་ནི་ལམ་རིམ་སྤྱིའི་ཆོས་ཏེ་འབད་པར་གདམས་བྱའོ། །འདིར་སྨྲས་པ། རྒྱལ་བའི་ཞིང་མཆོག་བདག་པོ། །ཆོས་ཀྱི་རྡོ་རྗེའི་སྒྲུབ་ཐབས། །ཕུན་ཚོགས་དཔལ་ཀུན་འབྱུང་གནས། །འཆི་མེད་ལམ་འདི་རྨད་བྱུང་། །ཀུན་ཏུ་དགེ་ལེགས་སྩོལ་མཛད་ལྷ་མཆོག །ཚེ་འོད་དཔག་མེད་ལམ་རིམ་བཤད་འདིའི། །དགེ་བས་སེམས་ཅན་དཔལ་མགོན་དབང་ཕྱུག །བྱང་ཆེན་ནོར་བུ་མྱུར་ཐོབ་རྒྱུར་ཤོག །ཅེས་ཚུལ་འདི་ནི་འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་བདག་ཉིད་ཆེན་པོ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་བཀའ་ཡིས་བསྐུལ་བ་ལ་བརྟེན། རྫོགས་པའི་སངས་རྒྱས་ཡུལ་དུས་གདུལ་བྱའི་སྣང་ངོ་དང་འཚམ་པར་རྡོ་རྗེ་སློབ་དཔོན་གྱི་སྐུར་སྤྲུལ་པའི་རིག་འཛིན་བརྒྱུད་པའི་ཞལ་ལུང་ལས་བྱོན་པ་ལ་རུང་མཐུན་མན་ངག་གིས་ཁ་བསྐངས་ཏེ་ཁྲིད་ཀྱི་གཞུང་རང་རྐང་ཚུགས་པ་ཉིད་དུ། རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་གངས་རིའི་ཁྲོད་ཀྱི་གྲུབ་པའི་རྒྱན་གྱུར་རས་པ་མི་ལ་ཡབ་སྲས་ཀྱི་སྒྲུབ་གནས་མངའ་རི་གུང་ཐང་ར་ལ་ཟ་འོག་ཕུག་ཏུ། དཀར་པོའི་ལོ་དབོ་ཟླའི་ཡར་ཚེས་རྒྱལ་བ་གཉིས་པར་དབུ་བརྩམས་རྒྱལ་བ་གསུམ་པའི་ཐུན་མཚམས་སུ་གྲུབ་པར་སྦྱར་བའོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).