Terdzo-GI-045

From Rinchen Terdzö
Revision as of 16:36, 27 July 2015 by Jeremi (talk | contribs) (XML import Fill pdflink fields in text pages)
This page is under construction. Check back later for updated content.

ཟབ་པ་སྐོར་བདུན་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་

zab pa skor bdun las/_dmod pa drag sngags kyi dkyil 'khor du dbang bskur ba'i cho ga phyag bzhes bzhin bkod pa drag sngags bcud kyi zhun thigs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 33 (གི) / Pages 1029-1045 / Folios 1a1 to 9a6

Last Text in Volume
[edit]

༄༅། །ཟབ་པ་སྐོར་བདུན་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་གུ་རུ་བཱ་ལ་བ་ཏེ། གཞི་གྲོལ་ཀ་དག་དབྱིངས་ཁྱབ་མུན་པ་ཆེས། །གཞི་སྣང་རུ་དྲའི་སྡེ་དཔུང་བཅོམ་པ་ལས། །གློ་བུར་འཁྲུལ་པ་ཟློག་པའི་དམོད་མཐུ་ཅན། །བླ་མ་དཔལ་ཆེན་གསང་བའི་བདག་པོས་སྐྱོངས། །སྤྱི་བཀའ་ཀུན་ལ་གྲགས་མོད་ཀྱང་། །སྒོས་བཀའ་སྔོན་ཆད་མ་བྱོན་པ། །རྒྱུད་ཀྱི་ཁུངས་དང་གྲུབ་ཐོབ་ཀྱི། །བརྒྱུད་པ་ཟབ་ཁྱད་ལྡན་འདི་འོ། །ཤིན་ཏུ་དཀོན་པའི་ཟུར་བཀའ་ཁྱད་པར་ཅན་འདི་ཉིད་སྒྲུབ་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་རྟེན་དང་བཀོད་པས་མཛེས་པ་ལ་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་བཀོད། མདུན་དུ་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཙཀླི། གཡས་གཡོན་དུ་དབུ་རྒྱན། རྡོར་དྲིལ། སྔགས་བྱང་དང་རཀྴའི་ཕྲེང་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཕྱོགས་བསྡུས། རྒྱབ་ཏུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བསྐོར་བཤམ། ལས་བུམ། མིག་དར་མེ་ཏོག །སྒྲོལ་ཕུར། སྔོན་གཏོར་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། གསོལ་འདེབས་རིགས་སྔོན་དུ་འགྲོ་བས། ཟབ་བདུན་སྤྱི་ལྟར་སྒྲུབ་ཁོག་དཀར་གཏོར་སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན། བགེགས་གཏོར་བཏང་ཞིང་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་ནས་ཏིང་འཛིན་རྣམ་གསུམ་བཏང་། དེ་ནས་རང་གཞུང་གི་ལྷ་བསྐྱེད་དང་། གནས་གསུམ་བྱིན་རླབས་ནས་བསྟོད་པའི་བར་ལ་ཟུར་གསལ་ཁ་སྐོང་བྱང་བུ་སྦྱར། བཟླས་དམིགས་སྤྱི་ལྟར་གསལ་བཏབ་ལ་དྲག་སྔགས་རྩ་བའི་སྙིང་པོ་ཅི་འགྲུབ་བཟླ། བུམ་བཟླས་སྟོང་ཚིགས་འོད་ཞུ་རྣམས་སྤྱི་དང་མཐུན། ལས་བུམ་དུ་བདུད་རྩི་འཁྱིལ་བ་ལྟ་བུའི་བསྐྱེད་བཟླས་བྱ། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་ནས་རིག་མེ་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་ལ་ཡོངས་སུ་གྲགས་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཕྱི་མ་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། དེ་ལའང་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་རྒྱུད་ལུང་མན་ངག་རིང་བརྒྱུད་བཀའ་མ་དང། ཉེ་བརྒྱུད་གཏེར་མ་དང་། ཟུང་འཇུག་སྙན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པ་མང་དུ་མཆིས་པ་རྣམས་ཀྱི་ནང་ནས། འཇིག་རྟེན་པའི་སྒྲུབ་ལུགས་གཉིས་ཀྱི་ཡ་གྱལ་དམོད་པ་དྲག་སྔགས་སྐོར་ལ། ཤེལ་ཕྲེང་དཀར་པོ་སྐུ་རྒྱུད། དྲག་སྔགས་འདུས་པ་གསུང་རྒྱུད། ཙིཏྟ་དམར་འབྱིན་ཐུགས་རྒྱུད། གཏེར་མཛོད་ཆེན་པོ་ཡོན་ཏན་རྒྱུད། ལས་མཐའ་སྣ་ཚོགས་ཕྲིན་ལས་ཀྱི་རྒྱུད་སོགས་དྲག་སྔགས་སྤྱིའི་རྒྱུད་དང་། སྔགས་བདག་དྲེགས་པ་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་མཐའ་ཡས་པ་བཞུགས་པ་རྣམས་རིག་འཛིན་ཆེན་པོ་ཤཱནྟིཾ་གརྦྷ་ལ་བཀའ་བབས་པས་བསྟན་སྲུང་དྲག་པོའི་ཕྲིན་ལས་ཐམས་ཅད་དྲེགས་པའི་སྲོག་དང་འཕྲོག་ཐབས་ཀྱི་གནད་གཉིས་སུ་བསྡུས་ཏེ་གཏན་ལ་ཕབ། དེ་ལས་སངས་རྒྱས་ཀུན་དངོས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གསན་པའི་ཚུལ་བསྟན་ཏེ་བོད་དུ་ཆོས་རྒྱལ་ཡབ་སྲས་གཙོར་གྱུར་སྐལ་ལྡན་རྗེ་འབངས་སྤྱི་དང་ཁྱད་པར་བཀའ་བབས་ལས་ཅན་སྙིང་གི་བུ་དགུའི་ནང་ཚན་པ་གོར་བཻ་རོ་ཙ་ན་ལ་རྒྱུད་དང་གདམས་སྐོར་རྫོགས་པར་གནང་པ། ཐུགས་ཉམས་སུ་བཞེས་པས་ཐུན་མོང་གི་དངོས་གྲུབ་བདེན་ཚིག་དང་དམོད་པ་གྲུབ། མཆོག་གི་དངོས་གྲུབ་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། གདམས་སྐོར་རྣམས་གསང་བདག་ཡེ་ཤེས་མཚོ་རྒྱལ་གྱིས་བཀའི་བསྡུ་བ་མཛད་དེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་ཁ་ཟབ་མོ་མང་དུ་སྦས་པ་ལས། སྐབས་སུ་བབས་པ་འདི་ནི་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་འོག་མིན་གསུང་གི་འཁོར་ལོ་ཀརྨའི་གནས་དང་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་མཛོད་ཆེན་མོ་ནས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། བྱང་བུ་ལྔ་སྐོར་གྱི་གདམས་པ་ལ་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་སུ་བཞུགས་པའི་ནང་ཚན་ཡན་ལག་གི་སྐོར། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་སྒོས་སུ་སྒྲུབ་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །ས་ཕྱོགས་འདི་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་གནས་ཁང་མཐིང་ནག་གྲུ་གསུམ་འབར་བའི་གཞལ་མེད་ཁང་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ། ཁྱེད་རང་ཡང་དཔལ་ཆེན་སྟོབས་ལྡན་ནག་པོ་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པར་མོས་ཤིག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃཿགིས་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པ་ལ་གནང་བ་བསྩལ་ཞིང་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧོ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དུ༔ ཞུགས་པ་བསྐལ་པ་དུ་མར་མིན༔ དེ་བས་ཁྱོད་ཞུགས་དངོས་གྲུབ་ཐོབ༔ དམ་ཚིག་རིགས་རྣམས་ཐུབ་པར་གྱིས༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་རྒྱལ་བ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་བ་མ་ལུས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ། ནམ་མཁས་ཁྱབ་པའི་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་མ་བསྒྲལ་བ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་སྟོབས་ལྡན་ནག་པོའི་གོ་འཕང་མཆོག་ཏུ་བསྒྲལ་བར་བྱའོ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ཤིང་ལམ་རིམ་པ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་སྦྱོང་བ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཅེས་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པའི་བསྒོམ་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་ཤོག༔ ཅེས་གསུམ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདེ་གཤེགས་རིགས་མཆོག་ཆེན་པོ་ཡི༔ སྐུ་ཡི་དམ་ཚིག་རྣམ་པ་གསུམ༔ བདེ་གཤེགས་གསུང་གི་དམ་ཚིག་གཉིས༔ གསང་བ་བཅུ་ལ་སོགས་པ་ཡི༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཉི་ཤུ་རྩ་ལྔ་ཡན་ལག་སོགས༔ དཔལ་ཆེན་བླ་མས་གང་བསྒོས་པ༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ལན་གསུམ། དམ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཕྲེང་བ་སྤྱི་བོར་བཞག་ལ། ཧོ༔ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ནས༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཧེ་རུ་ཀ་དཔལ་བལྟ་བར་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡེ་ཤེས་བསྐྱེད་ཅིང་ལམ་སྣ་འདྲེན༔ མ་བསྲུང་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་ཐུབ་པར་གྱིས༔ ས་མ་ཡ་བྷཀྵ་སི་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་གསང་བ་ཆེས་གསང་བ༔ བླ་མེད་ཡང་གསང་བྱིན་རླབས་ཏེ༔ དམ་ཚིག་ཉམས་ལ་སྨྲ་མི་བྱ༔ དབང་མ་ཐོབ་ལའང་དེ་བཞིན་ཏེ༔ དད་མི་ལྡན་ལའང་མ་ཡིན་ནོ༔ གསང་བ་དམ་པ་ཐུབ་པར་གྱིས༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་བསྒོས་པ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན་བཛྲ་ས་མ་ཡ་ཏིཥྛནྟུ༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་གི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླ་དང་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སྐད་ཅིག་གིས་ཁྱེད་རང་དཔལ་ཆེན་སྟོབས་ལྡན་ནག་པོ་མིག་སྨན་གྱི་མདོག་ཅན་གཡས་རྡོ་རྗེ་རྩེ་དགུ །གཡོན་ལྷ་ཀླུའི་ཙིཏྟ་བསྣམས་པ། འབར་བའི་གར་དགུ་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཡུམ་འབྱུང་ལྔའི་བདག་མོ་ཕྱག་གཡས་འདེགས་ཤིང་གཡོན་གནོན་པའི་ཚུལ་ཅན་དང་འཁྲིལ་བ། ཞབས་འདོར་ཐབས་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ཕྱི་ནང་ཁེངས། གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕེབ་པར་མོས་ཤིག །སྙིང་པོའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་རོལ་མོ་དང་སྤོས་སྦྱོར་བྱ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་བར་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ། འགྲིམ་དཀྱིལ་འདུ་བྱས་ལ། ཧོ༔ ཧེ་རུ་ཀ་ཡི་ཕོ་བྲང་འདིར༔ དཔལ་ཆེན་པོ་རྣམས་དངོས་སུ་བཞུགས༔ ཁྱོད་ཀྱིས་འབྲེལ་པ་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ འབྲེལ་བ་གང་ཡོད་མཐོང་བར་འགྱུར༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སོ་སོར་དབྱེ་རུ་མི་འཚལ་ཡང༔ ཡེ་ཤེས་སོ་སོར་སྣང་བ་ཡི༔ དཔལ་ཆེན་ཧེ་རུ་ཀ་དཔལ་ཚོགས༔ བདག་ནི་གང་དུ་འབྲེལ་པ་ཡི༔ དཔལ་ཆེན་པོ་ཡིས་རྗེས་སུ་ཟུངས༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ་གསང་མཚན་གདགས། མེ་ཏོག་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་སྟེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་བསལ། དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ལ་ལྟོས་ཤིག །འདི་ན་རས་བྲིས་དང་བུམ་པ་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་བ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི །མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས་དཔལ་ཆེན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །ནང་འཇུག་དཀྱིལ་འཁོར་བ་ལ་གསོལ་བ་གདབ་པ་ནི། ཧོ༔ འདུས་པའི་གཙོ་བོ་སྟོབས་ལྡན་ནག་པོ་ཆེ༔ སྐལ་པར་ལྡན་པའི་སློབ་མ་དེང་བྱུང་གིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་བཟུང་དུ་གསོལ༔ མྱུར་བ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་གནང་བ་བསྩལ་པར་བསམ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་སྒོ་བཞི་ནས་ལྷ་ཚོགས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧཱུྃ༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་བྱས་ལ། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་དངོས་ནི། མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཧེ་རུ་ཀ་དཔལ་དགོངས༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་མཆོག་བསྩལ་བ་དང༔ རྗེས་གནང་རིགས་ཀྱང་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བ་མི་བསྐྱོད་པའི་ངོ་བོས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་ཐོགས་ལ། ཧཱུྃ༔ མཐའ་གྲོལ་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཅོད་པན་དབུ་ལ་བཅིངས་པར་མོས་ཤིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་བ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ འོད་དཔག་མེད་ཀྱི་ངོ་བོ་རྡོ་རྗེ་ལག་གཡས་སུ་གསོར་ཅིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ པདྨ་ཨ་མྲིཏ་བྷ་ཝ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ལག་གཡོན་གྱིས་དཀྲོལ་ནས་དཀུ་ལ་བརྟེན་པར་གྱིས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་ཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཨ་མོ་གྷ་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར་བྱིན་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་སེམས་དཔའ་མིང་ཆེ་བ༔ ཡེ་ཤེས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པའི༔ རྡོ་རྗེའི་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་རྡོ་རྗེ་སྟོབས་མཆོག་རྩལ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་སྦྱང་། ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་ལྔའི་ས་བོན་གསོས་བཏབ་སྟེ་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་རྣམས་ལས་སོ་སོའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལྷར་གསལ་བ་ལ་ཐིམ་པར་མོས་ཤིག །གཙོ་བོའི་ཙཀླི་སྤྱི་བོར་བཞག །འཁོར་རྣམས་སྤྱི་བོར་བཞག་ཅིང་ལག་པར་གཏད་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ སོགས་གཏེར་གཞུང་ལྟར་ཚང་བ་བརྗོད། དེ་ལྟར་ལུས་ལ་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་། དྲེགས་པ་ཅན་རྣམས་བྲན་དུ་ཁོལ་བའི་ནུས་པ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ལན་གསུམ། ཕྲེང་བ་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་གནད༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་ལ་རྡོ་རྗེའི་དབང་བསྐུར་པས། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་བྱ་བ་དང་། དྲག་སྔགས་ཀྱི་ནུས་མཐུ་ཐོགས་པ་མེད་པར་འགྲུབ་པ་ཡིན་ནོ། །རང་རིག་ཟང་ཐལ་འོད་དུ་གསལ་བ་ཐབས་ཧེ་རུ་ཀ །ངོ་བོ་སྟོང་ཉིད་སྤྲོས་དང་བྲལ་བ་ཤེས་རབ་དབྱིངས་ཕྱུག་མ། གདོད་ནས་འབྲལ་མེད་ཟུང་དུ་འཇུག་པ་རང་བབས་ཀྱི་གནས་ལུགས་སུ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །རྡོར་དྲིལ་སྙིང་གར་འཇོག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་ལ་ཅི་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཡིད་ལ་ལྟ་བའི་རྩལ་དབང་བསྐུར་པས། རིག་སྟོང་ཀ་དག་གི་དགོངས་པ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པའི་རྩལ་ཆེན་རྫོགས་པར་འགྱུར་རོ། །དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སྐུའི་གནས་སོ་སོར་བགོས་པར་མོས་ཤིག །ཙཀླི་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དཔལ་དང་དུར་ཁྲོད་ཆས་རྣམས་ཀྱིས༔ སྐུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དྲག་པོའི་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས་འཁོར་འདས་ཀྱི་ཞིང་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པ་ཡིན་ནོ། །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ལ། ཧཱུྃ༔ སྨན་རཀ་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་ཕུར་གཏད་ལ། ཧཱུྃ༔ སྙིང་རྗེའི་སྲོག་དང་ལྡན་པ་ཡི༔ གསལ་བ་གསུམ་གྱི་ཏིང་འཛིན་ལྡན༔ དགོངས་པ་གསུམ་དང་ལྡན་པ་ཡིས༔ དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག༔ དྲག་སྔགས་སོ་ལྔ་བརྗོད། ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པས་བསྙེན་སྒྲུབ་མཆོད་བསྟོད་ལས་སྦྱོར་སྤྱི་དང་། ཁྱད་པར་རྫོང་འཕྲང་སྲོག་གི་གནད་དང་ལྡན་པས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་མཐུ་ཐོབ་པ་ཡིན་ནོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱོང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རིག་མ་ལང་ཚོས་བརྒྱན་པ་འཕྲོས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲཱ་བྷཉྫ་མོཀྵ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རང་གི་སེམས་ཉིད་མ་བཅོས་པ་འདི་ཀ་དཔལ་ཧེ་རུ་ཀར་ངོ་ཤེས་པས་གང་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེས་ཚིག་དབང་རིན་པོ་ཆེ་ཐོབ། བག་ཉལ་གྱི་སྒྲིབ་པ་རྣམས་དག །ལམ་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ནི། དེ་རྣམས་ཀྱིས་དཔལ་ཆེན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་མཇུག་གི་སྤྱི་ཆིངས་ལྟར་ལ། རྟ་བྲོའི་རྗེས་མཆོད་བསྟོད་བྱས་ནས་དངོས་གྲུབ་བླང་། ནོངས་བཤགས་བྱ། དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་སུ་བྱའོ། །བདེན་ཚིག་དམོད་པས་བསྟན་དགྲའི་མཐུ་དཔུང་གཞོམ། །ཕྱག་རྒྱའི་དངོས་གྲུབ་དོན་གཉིས་མཐའ་རུ་ཕྱིན། །དཔལ་ཆེན་སྟོབས་ལྡན་ནག་པོའི་གསང་གསུམ་དང་། །དབྱེར་མེད་རྡོ་རྗེའི་གསང་མཛོད་འཛིན་པར་ཤོག །ཅེས་པའང་༧སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྐོང་བ་དང་། ཟབ་ཆོས་ཁྱད་པར་དུ་འཕགས་པ་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། གཏེར་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བར་ཤྲཱི་དེ་བཱི་ཀོ་ཊིའི་ཡང་སྙིང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).