Terdzo-CA-053

From Rinchen Terdzö
Revision as of 12:59, 29 June 2015 by Jeremi (talk | contribs) (Text replace - "}} = Tibetan Text = " to "}} = Tibetan Text = ")
This page is under construction. Check back later for updated content.

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བྱིན་རླབས་སྒོ་འབྱེད་

bla ma'i thugs sgrub bar chad kun sel las/_phyi gsol 'debs kyi tshul du sgrub pa dang rjes su 'brel ba'i dbang bskur byin rlabs sgo 'byed

by  ཚེ་དབང་གྲགས་པ་ (Tsewang Drakpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 5 (ཅ) / Pages 893-930 / Folios 1a1 to 19b6

[edit]

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། །བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྤྲིན། །སྐུ་གསུམ་བླ་མའི་ངོ་བོར་ཡོངས་བཞེངས་པ། །སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་རྡོ་རྗེ་འཆང་། །ཐུགས་སྲས་བརྒྱུད་པར་བཅས་པས་དགེ་ལེགས་སྩོལ། །གདམས་ཟབ་བླ་མའི་ཐུགས་སྒྲུབ་བྱེ་བ་བརྒྱ། །ཀུན་ལས་ཁྱད་འཕགས་བར་ཆད་ཀུན་སེལ་གྱི། །ཕྱི་སྒྲུབ་བླ་མ་མཆོད་པ་དང་འབྲེལ་བའི། །དབང་བསྐུར་ཆོ་ག་བྱིན་རླབས་སྒོ་ཆེན་དབྱེ། །འདི་ལ་གསུམ། སྔོན། དངོས། རྗེས་སོ། །དང་པོ་ནི། གནས་དབེན་པར་དཀོན་མཆོག་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་མཎྜ་ལར་འབྲུ་དཀར་གྱི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་འཕྲུལ་སྟེགས་ཀྱི་ཁར། བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཅན། བདེ་སྐྱོང་ཀ་པཱ་ལ་གསང་རྫས་སྦྱར་བའི་ཆང་གིས་བཀང་བ། བླ་མའི་གཏོར་ཆེན། སྐུ་འབག །བདུད་རྩི། རཀྟ། མཆོད་གཏོར། ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་བྱེ་བྲག་རྣམས་བག་དྲོ་བཀོད་མཛེས་སུ་བཤམས། དེ་ནས་དབང་དོན་སྒྲུབ་ཅིང་མཆོད་པའང་རྗེ་བླ་མས་མཛད་པའི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་ཆར་འབེབས་ལྟར་ལ་ཁྱད་པར་ཚོགས་རྟེན་སྒྲུབ་པའི་སྐབས། ཡངས་ཤིང་རྒྱ་ཆེ་འོད་ཟེར་འབར་བའི་དཀྱིལ། །ཞེས་པའི་མཚམས་སུ། བདག་ཉིད་ལྷ་ཡི་རྣལ་འབྱོར་ལ་གནས་པའི་སྐབས་སུ་བབ་པར་འགྱུར་ཏེ། དེའང་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་གསུམ་པ་དང་། དགུ་པ་ནས་བྱུང་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། པདྨ་ཟླ་བའི་གདན་སྟེང་དུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་ཡེ་ཤེས་སྐུ༔ དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་དང༔ གཡོན་པས་སྣང་སྟོང་དྲིལ་བུ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན༔ སངས་རྒྱས་རིགས་ལྔའི་དབུ་རྒྱན་ཅན༔ འོད་ཟེར་བསམ་མི་ཁྱབ་པའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕུང་པོ་སངས་རྒྱས་ལྔ་བདག་ཉིད༔ འབྱུང་བ་རིགས་ཀྱི་ཡུམ་ཆེན་ལྔ༔ དབང་ཡུལ་སྐྱེ་མཆེད་འཁོར་དང་བཅས༔ བྱང་ཆུབ་སེམས་དཔའ་སེམས་མ་དང༔ སྤྲུལ་སྐུ་ཁྲོ་བོ་ཁྲོ་མོའི་ཚོགས༔ དབྱེར་མེད་ཉིད་དུ་མངོན་སངས་རྒྱས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དམ་ཚིག་ཡེ་ཤེས་གདོད་མ་ནས༔ གཉིས་མེད་དག་མཉམ་ཆེན་པོར་གསལ༔ རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ སོགས་དཀྱུས་དང་སྦྲེལ་ཏེ་གཞུང་ལྟར་གསག་སྦྱོང་གསོལ་འདེབས་ཀྱི་རིམ་པ་རྣམས་གནད་དུ་བསྣུན། ཁྱད་པར་གསོལ་འདེབས་ཀྱི་སྙིང་པོ་བཛྲ་གུ་རུ་ཅི་ནུས་བཟླས་མཐར་མདུན་གྱི་བུམ་པ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ གཟུངས་ཐག་འཛིན་ཏེ་རྡོ་རྗེའི་ཡི་གེ་འབྲུ་བཅུ་གཉིས་པ་བཟླ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་སོགས་ནས་ཡོངས་སུ་གང་བར་གྱུར༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་ཙམ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་བུམ་ནང་དུ་བདུད་རྩི་ཕུལ། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། མཆོད་བསྟོད་མདོར་བསྡུས་ཀྱིས་ཐུན་བསྡུ། ཆོས་སྲུང་གཏེར་བདག་དང་བཅས་པའི་གཏོར་འབུལ་རྒྱས་བསྡུས་གང་རུང་དང་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་གྲུབ་ནས། བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་ལམ་དབང་རྫོགས་པར་ལེན་པའམ། གལ་ཏེ་མི་ནུས་ན། ལམ་དབང་ཐོད་རྒལ་དུ་བླང་བས་ཀྱང་རུང་ངོ་། །གཉིས་པ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཁོད་པ་དང་བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་གྲོལ་གཏན་གྱི་བདེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་ཅི་ནས་ཀྱང་བྱ། དེ་ཡི་ཆེད་དུ་ཟབ་གསང་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བའམ་འཇུག་སྒོ་སྨིན་བྱེད་དབང་བསྐུར་བ་གསན་ནས་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཀུན་ནས་བླངས་ཏེ་གསན་པར་ཞུ། དེའང་རང་རེ་རྣམས་ཐོབ་པར་དཀའ་བ་དལ་འབྱོར་གྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པའི་སྐབས་འདིར། ནན་ཏན་དུ་བྱ་བ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ཉིད་གལ་ཆེ་སྟེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ཀྱང་། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་བཞིན་གྲུ་ཡོད་དུས་ཆུ་བོ་བརྒལ་དགོས་པ་ལྟར་དམ་པའི་ལྷ་ཆོས་ལ་ཚུལ་བཞིན་འབད་དགོས་ཏེ། ཨོ་རྒྱན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས། དེ་ལྟ་བུའི་དལ་བའི་རྟེན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ནི། སློབ་དཔོན་ཆེན་པོས། ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པ་བཞིན་ཤིན་ཏུ་རྙེད་དཀའ་བ། རྙེད་ན་ཕན་འདོགས་ཆེ་བ། རྙེད་པ་ཆུད་ཟོས་སུ་མི་གཏོང་བར་དོན་ཡོད་པར་བྱས་ཏེ་རང་ཉིད་ཐར་པའི་ལམ་སར་ཕྱིན་པར་བྱེད་དགོས། དེའང་ད་ལྟ་ནས་བསམ་སྦྱོར་གཉིས་ཀས་ལག་ཏུ་ལོན་ངེས་ཤིག་མ་བྱས་ན། ལུས་རྟེན་འདིའང་མྱུར་དུ་འཇིག་པའི་ཆོས་ཅན་ཡིན་ཏེ། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་པ་ལྟར། སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་ལྕགས་རི་རོལ་མཚོ་ཉི་ཟླ་དང་བཅས་པ། ནང་བཅུད་ཀྱི་སེམས་ཅན་ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་བ་རྣམས་ཀྱིས་གཙོས་པའི་འགྲོ་བ་ཐམས་ཅད། རང་རང་གི་ཕུང་ཁམས་སྐྱེ་མཆེད་སོགས་མདོར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག །བྱེ་བྲག་སྐྱེས་བུ་རང་གི་ཚེ་ནི་སྐད་ཅིག་གཅིག་གིས་འཛད་དེ་མཐར་འཆི་བར་འགྱུར་ལ། འཆི་བ་དེའང་ནམ་འོང་ཆ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད། ཤི་ནས་ཀྱང་མར་མེ་ཤི་བ་བཞིན་ཅང་མེད་དུ་མི་འགྲོ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། གནས་ཁམས་གསུམ་རྟེན་རིགས་དྲུག་གིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་ཡང་དུ་ལེན་དགོས། སྐྱེ་བ་གང་དུ་བླངས་ཀྱང་སྲིད་རྩེ་ནས་དམྱལ་བ་མནར་མེད་པའི་བར་དུ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་གང་ཡང་མེད་དེ། ཇི་སྐད་དུ། འཁོར་བ་ཁབ་ཀྱི་རྩེ་མོ་བཞིན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་མགོན་པོ་བྱམས་པས། མི་གཙང་ཁང་པར་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར། སྡུག་བདེན་འཁོར་བའི་མཚན་ཉིད། ཀུན་འབྱུང་འཁོར་བའི་རང་བཞིན་ཡིན་པས་ན་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། ཁྱད་པར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་ལོངས་སྤྱོད་པ་ཤ་སྟག་ཡིན་ལ། དེ་ལྟ་བུའི་ངན་སོང་གསུམ་གྱི་གནས་ལ་འཇིགས་ཤིང་སྐྲག་སྟེ། དེ་ལས་ཐར་འདོད་ཀྱི་བློ་རྒྱུ་འབྲས་མི་བསླུ་བའི་ངེས་ཤེས་ཀྱི་དད་པ་བརྟན་པོ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་ཏེ། དགེ་བཅུ་སྤྱོད་ཅིང་བསམ་གཟུགས་ཚད་མེད་སོགས་སྒོམ་པ་ནི་སྐྱེས་བུ་ཆུང་ངུའི་ལམ་དང་། མི་དང་འདོད་ལྷ་ལྷ་མིན་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། དེའི་སྟེང་འགྱུར་བའི་སྡུག་བསྔལ་ཅི་རིགས་པ་ཡོད་ལ། སྲིད་པའི་རྩེ་མོ་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་ཏེ། རང་རང་གི་འཕེན་བྱེད་ཀྱི་ལས་ཟད་པ་དང་མཉམ་དུ་འོག་ནས་འོག་ཏུ་ལྟུང་བྱེད་འཁོར་བ་མཐའ་མེད་པར་འཁྱམས་པར་འགྱུར་བས་ན། སྲིད་པ་ཁམས་གསུམ་འཁོར་བ་ལས་རང་གཅིག་པུ་ཐར་འདོད་ཀྱི་བློ་ངེས་འབྱུང་གི་བསམ་པས་བདེན་བཞི་མི་རྟག་བཅུ་དྲུག་སོགས་བསྒོམས་པས་གང་ཟག་བདག་མེད་རྟོགས་པ་ཉན་ཐོས་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་བསྒོམས་པས་གང་ཟག་དང་ཆོས་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པ་རང་སངས་རྒྱས་ཏེ་སྐྱེས་བུ་འབྲིང་གི་ལམ་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དད་པ་རྣམ་པར་དག་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་ངེས་འབྱུང་རྣམ་པར་དག་པ་རྣམས་གཞིར་བཞག་ནས། སྐྱེས་བུ་ཆེན་པོའི་ལམ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལམ་གྱི་སྲོག་ཏུ་བཟུང་སྟེ་མྱུར་ལམ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས། ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པས། ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་སྒྲུབ་པ་ཉམས་སུ་ལེན་པ་གལ་ཆེ་ཞིང་། བླ་མའི་སྒྲུབ་པ་ལའང་གསར་རྙིང་གི་བཀའ་སྲོལ་མཐའ་ཡས་པ་ཞིག་བཞུགས་ནའང་། རེ་ཞིག་ཆེ་བ་དྲུག་གི་ཁྱད་པར་དུ་འཕགས་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བཀའི་བབས་སོ་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་སྟེ་བརྒྱུད་པའི་བཀའ་སྲོལ་དྲུག་གམ། བརྒྱུད་པ་དགུ་ལྡན་གྱིས་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་མ། གཏེར་མ་ལའང་གཏེར་ཁ་གོང་འོག་སོགས་མང་དུ་མཆིས་པ་ལས། འདིར་ཇི་སྐད་དུ་ཐང་ཡིག་ལས། ཁ་རག་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་བྱང་གསལ་བར་བསྟན་པ་ལྟར། རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། རྒྱུད་ཀྱི་ལུང་དང་འབྲེལ་པ། དངོས་སྟོབས་ཀྱི་རིགས་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པ་ལས། འདིར་ནི་རྗེ་བླ་མ་དགུང་གྲངས་ཉི་ཤུར་སོན་པ་ས་སྤྲེལ་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོ་ཁྲོ་བོ་དབུ་དགུ་རང་བྱོན་དུ་གསལ་བའི་དབུའི་གསང་དང་ཞབས་གཡས་ཀྱི་འོག་ལྷོ་ཟླའི་ཆུ་བོ་དལ་གྱིས་འབབས་པའི་རྦ་ཀློང་འཁྲུགས་པའི་དབུས། སྐལ་མེད་བགྲོད་པར་དཀའ་བ། རང་བྱུང་པདྨའི་ཞབས་རྗེས་རྫུ་འཕྲུལ་གྱི་བཀོད་པ་རྣམ་པར་སྣང་བ་མི་འགྱུར་བའི་ཕ་ཝཾ་སྨུག་པོ་ནས་སྤྱན་དྲངས་པའི་གདམས་ངག་ཟབ་ཅིང་རྒྱ་ཆེ་བའི་གནད་དོན་ཐམས་ཅད་གཅིག་ཏུ་དྲིལ་བ། སྔར་ས་སྟེང་དུ་ཡོངས་སུ་མ་གྲགས་ཤིང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་ཉམས་མཐར་ཐུག་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་སྒྲུབ་པའི་ཐབས་ཐམས་ཅད་མ་ཚང་བ་མེད་པ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞེས་རྨད་དུ་བྱུང་བ་འདི་ཉིད་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མ་བདེ་མྱུར་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འཁྲིད་པར་བྱེད་པ་ལ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། ཁྲིད་ཀྱི་སྒོ་ནས་གྲོལ་བར་བྱེད་པ་དང་རྣམ་པ་གསུམ་ལས། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་ངེས་ཤེས་བསྐྱེད་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། དེའང་གཏེར་གཞུང་རྩ་བ་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་འདི་སྐད་ཅེས་འབྱུང་སྟེ། ན་མོ་གུ་རུ༔ ས་ཕོ་སྤྲེལ་ལོ་དགུན་ཟླ་ར་བའི་ཚེས་བཅུ་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད༔ བཀྲ་ཤིས་ལ་བྱིན་ཆེ་བ༔ དམ་ཆོས་འདོད་དགུ་འབྱུང་བའི་གླིང༔ བྲག་དམར་འོམ་བུས་གཏིབས་པའི་ཚལ༔ ཆོས་འཁོར་ཆེན་པོ་དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་བར་ཁང་གཡུ་ཞལ་འབར་བ་ཅན་དུ༔ སྐུ་དགྱེས་འཛུམ་མཚན་དཔེའི་གཟི་བྱིན་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ༔ གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒོ་མཐའ་ཡས་པ་ཕྱེ་བ༔ ཐུགས་ཀ་དག་འདུས་མ་བྱས་པའི་དབྱིངས་ལས་མ་གཡོས་བཞིན་དུ༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས་ཕྲིན་ལས་གཅིག་ཏུ་ལྷུན་གྱིས་གྲུབ་པ་སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ལས་ཅན་དག་པའི་འཁོར་མཁྱེན་རབ་ཀྱི་བདག་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༔ དཔལ་ཧེ་རུ་ཀ་ནམ་མཁའི་སྙིང་པོ་དང༔ འཇམ་དཔལ་ཁྲག་འཐུང་སངས་རྒྱས་ཡེ་ཤེས་དང༔ དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་དང༔ གསང་སྔགས་ཆུ་བོ་བཞིའི་བཀའ་བབས་བནྡེ་དྲི་མེད་ཟླ་ཤར་དང༔ མཐུ་སྟོབས་ཀྱི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས༔ བོད་ཁམས་ཕུར་ཐོགས་ཡོངས་ཀྱི་རྗེ་བཙན་རྡོ་རྗེ་བདུད་འཇོམས་རྩལ༔ སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་རྣམ་པར་སྣང་མཛད་བཻ་རོ་ཙ་ན་དང༔ སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷ་སྲས་སྐུ་མཆེད་རྣམས་དང༔ རྡོ་རྗེའི་གཟུངས་མར་བཀས་གནང་བའི་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཕྱག་བཙལ་ཏེ་གསོལ་བ་ནི༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ༔ དཀྱིལ་འཁོར་རབ་འབྱམས་ཀྱི་གཙོ་བོར་བཞུགས་པ་ལགས་ན༔ རྒྱུད་ལུང་མན་ངག་གཞན་ལ་མ་ལྟོས་པར༔ ཐུགས་འོད་གསལ་ཆེན་པོའི་ཀློང་ན་རང་བྱུང་དགོངས་པ་ཟང་ཐལ་གྱི་རྒྱུད་མན་ངག་ངེས་པའི་ཚུལ་དུ་བཀས་གནང་བར་ཞུ༔ ཞེས་ཞུས་པ་ན༔ ཞལ་དགྱེས་པའི་འཛུམ་མདངས་སུ་བཞད་ཅིང༔ གསུང་ཚངས་པའི་དབྱངས་ཀྱིས༔ དེ་ལྟར་མཐོང་བ་དང་ཞུས་པ་ནི་ལེགས་ཀྱི༔ རྒྱལ་པོས་དབུ་མཛད་པའི་སྣོད་ལྡན་རྣམས་ཀྱིས་ཇི་ལྟར་འདོད་པ་ཞུས་ཤིག་དང་ངས་བཤད་པར་བྱའོ༔ ཞེས་བཀའ་བསྩལ་ཏེ༔ དེའི་ཚེ་བདག་ཅག་རྣམས་གུས་པ་དང་སྤྲོ་བ་དང་སྤོབས་པ་མཆོག་ཏུ་སྐྱེས་ནས་སླར་གསོལ་བ༔ ཀྱེ་ སློབ་དཔོན་རིན་པོ་ཆེ༔ དེ་ལྟར་རྡོ་རྗེའི་ཚིག་གི་རྒྱུད་ཞལ་གདམས་མན་ངག་གི་ཚུལ་དུ་གནང་བར་དགོངས་པས་བཀྲལ་བ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལགས་པས༔ དུས་ད་ལྟ་དང་མ་འོངས་པའི་ཆོས་བྱེད་པ་རྣམས་བར་ཆད་འབྱུང་ན་གང་གིས་སེལ༔ དངོས་གྲུབ་བསྒྲུབ་ན་གང་གིས་སྒྲུབ༔ ལམ་ཐམས་ཅད་གང་གིས་བགྲོད་ཅེས་གསོལ་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དམ་པའི་ཆོས་ཚུལ་བཞིན་བྱེད་པ་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང༔ དེ་སེལ་བའི་ཐབས་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གསུང་མི་གསུང་གསུངས་བར་མི་འགྱུར་རོ༔ བར་ཆད་ཐམས་ཅད་བསལ་ན་དངོས་གྲུབ་ཀྱང་དེས་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ལམ་ཐམས་ཅད་ཀྱང་བགྲོད་པ་ཡིན་པས༔ ཐོག་མར་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་གསུངས་སོ༔ དེ་ཡི་ཚེ་དེའི་དུས་ན་སྔོན་གྱི་ལས་དང་སྨོན་ལམ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་མཐུས་བསྐུལ་ཏེ༔ ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་གྱིས་རིན་པོ་ཆེ་གསེར་གྱི་མཎྜལ་རྒྱ་ཆེན་པོ་ལ་བླ་གཡུ་འོད་འབར་བའི་ཚོམ་བུ་བཀོད་པ་ཕུལ༔ གུས་ཕྱག་དགུ་ཕྲུགས་སུ་བཙལ་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྤྱིར་བླ་མ་ལ་གསོལ་བ་བཏབ་ན་འདོད་དགུ་ཐམས་ཅད་འབྱུང་བར་ངེས་ཀྱང༔ ད་རེས་གང་འདོད་ཀྱི་དོན་སྙིང་པོར་དྲིལ་བའི་གསོལ་བ་ཞིག་གདབ་དགོས་པས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གུ་རུ་རིན་པོ་ཆེ་ཉིད་ལ་གསོལ་བ་འདེབས་པའི་ཚུལ་ཁྱད་པར་ཅན་ཞིག་གསུང་དུ་གསོལ༔ ཞེས་ཞུས་པ་ན༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་ལྷའི་སྲས་པོ༔ སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུའི་གླིང་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་སླད་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་འགྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་དུ་ཐོབ་ཅིག༔ ཅེས་གསུངས་ནས་ཕྱག་གཡས་གཡོན་མངའ་བདག་དང་ཁོ་མོའི་སྤྱི་བོར་བཞག༔ ལྷ་སྲས་ཉིད་ལ་དབུ་གཏུགས་ཏེ་ཆོས་ཉིད་དབྱིངས་ཀྱི་རྡོ་རྗེའི་རང་སྒྲས་འདི་སྐད་ཅེས་བཀའ་བསྩལ་ཏེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཞེས་སོགས་རྡོ་རྗེའི་ཚིག་གིས་གསོལ་བ་འདེབས་པ་གསུངས་ཤིང༔ དེའི་ཚེ་སླར་ཡང་མངའ་བདག་ཡབ་སྲས་ཀྱིས་གསེར་གྱི་མཎྜལ་དང༔ ཟ་འོག་གི་ན་བཟའ་དང༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བླ་ན་མེད་པ་ཕུལ་ནས་ཞུས་པ༔ དེ་ལྟར་གསོལ་བ་འདེབས་པའི་གདམས་པ༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་མཚན་དང་སྐུའི་བཀོད་པ་ལ་བརྟེན་ནས་སྔར་མ་ཐོས་པའི་ངོ་མཚར་གྱི་གསང་བ་རྨད་དུ་བྱུང་བའི་ཚུལ་ཁྱད་པར་ཅན་གནང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ་ན༔ ད་དུང་དེ་ལ་བརྟེན་པའི་གནས་སྐབས་དང་མཐར་ཐུག་གི་བར་ཆད་ཐམས་ཅད་ཞི་ཞིང༔ མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་བསམ་པ་བཞིན་དུ་འགྲུབ་པའི་སྒྲུབ་ཐབས་དང་ལས་ཚོགས་ཇི་སྙེད་པ་རྣམས་བདག་ཅག་འདིར་ཚོགས་པ་དང་མ་འོངས་པའི་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་ཡོངས་སུ་རྫོགས་པར་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ན༔ གུ་རུ་རིན་པོ་ཆེ་ཉིད་དཀྱིལ་འཁོར་གྱི་གཙོ་མཆོག་རིགས་ཐམས་ཅད་ཀྱི་ཁྱབ་བདག་སྣང་སྲིད་ཟིལ་གནོན་ཆེན་པོའི་ཆ་བྱད་དུ་བཞུགས་པའི་དབུ་གཙུག་ཏུ་ལོངས་སྤྱོད་རྫོགས་སྐུ་དང༔ ཆོས་སྐུའི་སངས་རྒྱས༔ ཕྱོགས་མཚམས་སུ་རིགས་ཀྱི་གཙོ་བོ་བཅུ་གཉིས་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་སྤྲུལ་ནས་སྐད་ཅིག་གཅིག་གི་བྱེ་བྲག་ལས་དབང་བསྐུར་བ་དང༔ རྩ་བའི་གདམས་པ་རྒྱས་བསྡུས་མཐའ་ཡས་པ་ལས་སྐལ་ལྡན་རྣམས་ཀྱི་དབང་པོ་དང་འཚམས་པར་བསྟན་ནས༔ སླར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གུ་རུ་ཉིད་ལ་འདུས༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངང༔ དགོངས་པ་མི་གཡོ་བ་འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་ཟབ་རྒྱས་ཀྱི་གདམས་པ་འདི་ལ་རྩ་བ་བུམ་པ་བཅུད་བཀང་ལྟ་བུ། རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ། རྒྱབ་ཆོས་ཟུར་བཀོལ་རིན་པོ་ཆེའི་ཕྲས་བཏབ་པ་ལྟ་བུ། ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུ་སྟེ་སྐོར་ཚོ་ཆེན་པོ་རྣམ་པ་བཞིར་བཞུགས་པ་ལས། ད་ལམ་སྐབས་སུ་བབ་པ་འདི་ནི་རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ་ཞེས། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་རིམ་པར་ཕྱེ་བ་དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་གྱི་རིམ་པ་སྒྲུབ་པ་ལ། སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ལྷག་ཆད་མེད་པར་གྲུབ་ཟིན་པ་དང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ། རྒྱུད་སྦྱོང་བ། སྡོམ་པ་བཟུང་བ་རྣམས་རིམ་བཞིན་འབྱུང་བ་ལས། ཐོག་མར་སློབ་དཔོན་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་དང་ཐ་མི་དད་པའི་སྤྱན་སྔར་ཞིང་ཁམས་ཞིག་འབུལ་བར་ཞུ། ཞེས་མཎྜལ་ཞིག་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་གིས་བཀང་སྟེ་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྐྱབས་ཀུན་འདུས་ཞལ་གུ་རུ་རིན་པོ་ཆེར༔ གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོང་བ་དང༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ དེ་ནས་རྒྱུད་སྦྱོང་བའི་སླད་དུ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་རྣམ་པ་ལྔ་སྒོམ་ལུང་གི་ཚུལ་དུ་རིམ་བཞིན་འབོགས་པ་ལ། དམིགས་པ་འདི་རྣམས་ཐུགས་གཞན་དུ་མ་ཡེངས་པར་གསལ་འདེབས་པར་ཞུ། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པར་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ། དབུས་མ་ཅུང་ཟད་མཐོ་བའི་སྟེང་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། དེའི་དབུ་གཙུག་ཏུ་རིམ་བཞིན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་སོགས་རྒྱལ་བ་དགོངས་པའི་བརྒྱུད་པ། མཐའ་སྐོར་དུ་རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་གསུམ་ལྡན་གྱི་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཆར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སོགས་སངས་རྒྱས་དཀོན་མཆོག །རྒྱབ་ཏུ་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་མིང་ཚིག་བརྡར་བཏགས་གླེགས་བམ་གྱི་གཟུགས་སུ་རང་སྣང་བ། གཡོན་དུ་ཉེ་སྲས་བརྒྱད་དང་འཕགས་པའི་གནས་བརྟན་བཅུ་དྲུག་ཉན་ཐོས་མཆོག་ཟུང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག །མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རྒྱུད་སྡེ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། འདབས་རོལ་དུ་དཔའ་བོ་མཁའ་འགྲོ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ། དེ་ཐམས་ཅད་ཀྱང་བླ་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་རོལ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་ལོར་བྱིན་ཐིབས་སེ་ཞལ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་གུས་པ་ཆེན་པོས། ལུས་ཀྱི་ལས་སུ་ཕྱག་འཚལ། ངག་གི་ལས་སུ་བྱང་འདྲེན་རང་གིས་དྲངས་ཏེ་སྐྱབས་འགྲོའི་ཚིག་འུར་དིར་གྱིས་བརྗོད། ཡིད་ཀྱིས་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་མྱུར་དུ་ཐར་བར་བྱ་བའི་ཕྱིར་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ། སྐྱབས་དང་རེ་ས་བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་མ་གཏོགས་གཞན་མེད། དེས་ན་ཅི་མཛད་ཁྱེད་མཁྱེན་སྙམས་པའི་རེ་ལྟོས་ལིང་སྐྱུར་གྱི་སྒོ་ནས་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་དང་མཁའ་འགྲོ་ཆོས་སྐྱོང་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བར་དམ་བཅའ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ ལན་གསུམ། ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཅིང་། རྒྱལ་བའི་སྲས་ཀྱི་བསླབ་པ་ལ་ཇི་ལྟར་བསླབས་པ་བཞིན་དུ་བདག་གིས་ཀྱང་ཕ་མར་གྱུར་པའི་སེམས་ཅན་འགྲོ་བ་གཅིག་ཀྱང་མ་ལུས་པ་ཐམས་ཅད། རང་ཉིད་སྐྱེ་བ་གྲངས་ཀྱིས་མི་ཆོད་པ་ཞིག་ཏུ་དེ་རྣམས་ཀྱིས། ཕ་མ་ཁྱོ་ཤུགས་མཛའ་བཤེས་གཉེན་འདུན་ཡང་ནས་ཡང་དུ་བྱས། བྱས་པའི་དུས་སུ་ཕན་ཚད་མེད་པ་བཏགས། གནོད་པ་སྒོ་དུ་མ་ནས་བསྐྱབས་པའི་དྲིན་མོ་ཆེ་ཡིན། དྲིན་ཅན་གྱི་མ་རྒན་སེམས་ཅན་དེ་རྣམས་སྡུག་བསྔལ་མཐའ་ཡས་པ་ལས་སྒྲོལ་བའི་ཁུར་རང་ཉིད་ཀྱིས་ཁྱེར་བའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བྱ། དེའི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བགྱིའོ་སྙམ་པའི་འབྲས་བུ་ལ་དམ་བཅའ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་གཙོ་བོར་བཟུང་བ་འདིའི་རྗེས་ཟློས་མཛོད། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདགས་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ ལན་གསུམ། རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སྦྱོར་བ་དངོས་གཞི་གཉིས་ལས། སྦྱོར་བ་རྒྱུད་དག་ཅིང་ཚོགས་རྫོགས་པར་བྱ་བའི་སླད་དུ་གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་བདུན་རྣམ་དག་འབུལ་བ་ལ། ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རང་གཞན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ། དངོས་སུ་ཅི་འབྱོར་པའི་མཆོད་པ་མཚོན་བྱེད་དུ་བྱས་ཏེ། ཡིད་ཀྱིས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་རྣམ་པར་སྤྲུལ་ཏེ་འབུལ་བའི་དམིགས་པ་དང་། སོ་ཐར་རིགས་བདུན་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྡེ་སྣོད་གསུམ་གྱི་བཅས་ལྟུང་དང་། རང་བཞིན་གྱི་ཁ་ན་མ་ཐོ་བས་མཚོན། མདོར་ན་ཚེ་རབས་འཁོར་བ་ཐོགས་མེད་ནས་བསགས་པའི་སྡིག་པའི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་བཤགས་འབུལ་བ་དང་། ཉན་ཐོས་རང་རྒྱལ་སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། སོ་སོ་སྐྱེ་བོའི་བསོད་ནམས་ཀྱི་ལས་མངོན་པར་འདུ་བགྱིས་པ་རྣམས་ལ། དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་གདོན་པར་བྱ་བའི་སླད་དུ། སོ་སོའི་བློ་དང་དབང་པོར་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་མང་པོར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་གཟུགས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། དེ་ལྟར་བསགས་པའི་དགེ་བའི་རྩ་བས་མཚོན་བྱེད་དུ་བྱས་ཏེ་འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པས་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་རྣམས་ཚིག་ཕྱིར་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་སར་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གི་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ དངོས་གཞི་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཚད་མེད་བཞི་ལ་བློ་སྦྱོང་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་འདོད་སྙིང་རྗེ། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་བྱམས་པ། སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་འདོད་པའི་དགའ་བ། ཉེ་རིང་ཆགས་སྡང་སོགས་ཕྱོགས་རིས་དང་བྲལ་བ་བཏང་སྙོམས་པའི་བློ་བསྐྱེད་ནས། སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཕྱིར། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ དེ་རྣམས་ཀྱིས་ཐེག་ཆེན་སྤྱི་དང་རྡོ་རྗེ་ཐེག་པ་ཐུན་མོང་གི་སྔོན་འགྲོ་སོང་ནས་དབང་བསྐུར་དཀྱུས་ཙམ་ལ་འདི་ནས་སྡོམ་བཟུང་ལ་འཇུག་ཆོག །མཆན། ཐུན་མོང་མ་ཡིན་པའི་རྡོ་རྗེ་ཐེག་པའི་སྔོན་འགྲོ་ཁྱད་པར་བ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་རིམ་འབོགས་པ་ལ། སོ་སོ་རང་རང་གི་དབུ་གཙུག་ཏུ་པདྨ་དང་ཟླ་བའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱི་མཛེས་པ། དེའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྲིལ་བ། གཉིས་ཀའང་ཞི་ཚུལ་དགུའི་ཉམས་ཀྱིས་བརྗིད་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྦྲུལ་འཁྱིལ་གྱི་ཚུལ་དུ་འཁོད་པར་མོས་པ་སྦྱོར་བ་རྟེན་གྱི་སྟོབས་གསལ་གདབ་པ་ཡིན་ལ། དེ་ནས་རྣམ་པར་སུན་འབྱིན་པའི་སྟོབས་སྔར་དྲན་པ་དང་མི་དྲན་པའི་སྡིག་པའི་ལས་ཉེས་བྱས་ཐམས་ཅད་ལ་འགྱོད་པ་དྲག་པོ་ཁོང་དུ་དུག་སོང་བ་ལྟ་བུ་སྔོན་དུ་འགྲོ་བས། དངོས་གཞི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་བྱས་ཤིང་བསགས་པའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་པ་ཞིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་དྲག་པོས་གསོལ་བ་བཏབ་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་དང་ལྷན་ཅིག་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། ཡབ་ཡུམ་གཉིས་ཀའི་སྐུ་ལུས་ཀྱི་ནང་ཐམས་ཅད་གང་། རིམ་བཞིན་ཡབ་ཀྱི་རྡོ་རྗེ་དང་ལྷག་པར་ཡུམ་གྱི་པདྨ་ནས་བདུད་རྩིའི་ཆུ་རྒྱུན་ཤུགས་དྲག་ཏུ་བབས་བདུད་རྩིའི་རྒྱུན་ཆ་གཉིས་སུ་གྱུར་ཏེ། རང་ཉིད་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ཕྱི་ནང་བཀྲུས། གདོན་ཐམས་ཅད་སྲོག་ཆགས་ནད་ཐམས་ཅད་རྣག་ཁྲག །སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པས་འོག་སྒོ་ནས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་དེད་ནས། རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། སླར་ཡང་བདུད་རྩིའི་མེར་ཁྲིགས་ཀྱིས་གང་བར་བསམ་ལ་དཔོན་སློབ་ལྷན་ཅིག་པས་ཡི་གེ་བརྒྱ་པ་བཟླ་བར་ཞུ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བདུན་ཡན་ཅི་འགྲུབ་བཟླ། དེ་ལྟར་བདུད་རྩི་འབེབ་སྦྱོང་གི་དམིགས་པ་ལ་བརྟེན་ནས། སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པ་སྟེ། མཐར་སྡོམ་སེམས་བརྟན་པོས་དམ་བཅའ་བཟུང་བ་སོར་ཆུད་པའི་སྟོབས་ནི། སྡིག་པའི་ལས་ལ་གནོང་འགྱོད་དྲག་པོ་ཡོད་ན་སྡོམ་སེམས་བརྟན་པོ་མཐའ་བཙན་པ་འབྱུང་བའང་ཆོས་ཉིད་ཡིན་པས་སྔར་བྱས་ཉེས་པ་མཐོང་ལགས་ཀྱིས་ད་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བའི་ལས་མི་བྱེད་དོ་སྙམ་པས་ཞེ་དམ་དྲག་པོ་བཅས་ཏེ་བདེ་མཆོག་གི་རྒྱུད་ཨ་བྷི་དྷ་ནའམ་མངོན་བརྗོད་བླ་མ་ལས་འབྱུང་བའི་གདུང་དབྱངས་སྨྲེ་སྔགས་ཀྱི་བཤགས་ཚིག་འདིའང་གསུང་བར་ཞུ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དག་པ་ཡིན་ནོ། །ཞེས་རྡོ་རྗེའི་ལུང་གིས་དབུགས་དབྱུང་ཞིང་གནང་བས་ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་ལྟ་བུའི་ལས་ལ་མ་འཇུག་ཅིག་ཅེས་རྗེས་སུ་གདམས་པར་མཛད་ནས། རྡོར་སེམས་འོད་དུ་ཞུ་ཁྱོད་རང་ལ་གཉིས་སུ་མེད་པར་ཐིམ་པས་ཁྱོད་རང་རྣམས་ཀྱང་སྣང་སྟོང་ཟུང་འཇུག་བདེ་ཆེན་རྡོ་རྗེ་སེམས་དཔའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་མཎྜལ། འབུལ་བའི་སླད་དུ། སྔར་གསལ་བཏབ་བཞིན་པའི་ཚོགས་ཤིང་དེ་རྣམས་འབུལ་ཡུལ་དུ་བྱས་ཏེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པའི་རྣམ་པར་བློས་བླངས་ཏེ་འབུལ་བ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། རང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་རྟེན་ཁོག་པ་དང་བཅས་པ་མཆོད་པའི་རྫས་སུ་སྤེལ་ཏེ་འབུལ་བ་ནང་རྡོ་རྗེའི་ལུས་ཀྱི་མཎྜལ། དེ་ལྟར་མཎྜལ་དེ་ཐམས་ཅད་ཀྱང་རང་གི་བློས་ཕར་སྒྲོ་བཏགས་ཙམ་མ་གཏོགས་དོན་རང་གི་ངོས་ནས་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་གསང་བ་བྱང་ཆུབ་སེམས་ཀྱི་མཎྜལ་ཏེ། མཎྜལ་གསུམ་པོ་ཕྲུགས་གཅིག་ཏུ་ཕུལ་བའི་དམིགས་པ་དང་། འབུལ་ཡུལ་འབུལ་མཁན་འབུལ་རྒྱུའི་དངོས་པོ་དང་འབུལ་བའི་བྱ་བ་དང་བཅས་མཎྜལ་འབུལ་བར་ཞུ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པ་ཙམ་མམ། ཡང་ན། ས་གཞི་སྤོས་བྱུག་མ་སོགས་ལྷན་ཅིག་པས་བརྗོད། དེ་ལྟར་ཕྱི་ནང་གསང་བའི་མཎྜལ་ཕུལ་བས། ཐབས་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་ཐབས་བྱུང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྫོགས་པ་ལ་བརྟེན་ནས་མི་རིང་བར་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཉེར་ལེན་དུ་འགྱུར་བ་ཡིན་ནོ། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ནི། མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་སེང་ཁྲི་པད་ཉི་ཟླ་བ་བཞི་བརྩེགས་ཀྱི་གདན་ལ། ངོ་བོ་རྩ་བའི་བླ་མ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་བདག་ཉིད་ཆེན་པོར་བཞུགས་པའི་དབུ་གཙུག་དང་མཐའ་སྐོར་ཀུན་ཏུ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཞལ་མངོན་སུམ་བཞིན་དུ་བཞུགས་ཡོད་སྙམ་པ་ཕྱི་ཁྲོམ་ཚོགས་ཀྱིས་གསལ་འདེབས་པ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། སྐུ་གསུམ་གྱི་བླ་མ་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པར་མོས་པ་ནང་མཐོ་བརྩེགས་ཀྱི་ཚུལ་དུ་གསལ་འདེབས་པ། རྩ་བའི་བླ་མ་རིགས་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ནི་སྐུ་དགེ་འདུན་ཀུན་འདུས། གསུང་དམ་ཆོས་ཀུན་འདུས། ཐུགས་སངས་རྒྱས་ཆོས་ཀྱི་སྐུ་དང་དགོངས་ཀློང་རོ་གཅིག་པས་ན་ཡི་དམ་དང་སངས་རྒྱས་ཀུན་འདུས། ཡོན་ཏན་ནོར་ལྷ་ཀུན་འདུས། ཕྲིན་ལས་མཁའ་འགྲོ་དང་ཆོས་སྐྱོང་ཀུན་འདུས་ཏེ། གསང་བ་ཀུན་འདུས་ནོར་བུ་ལུགས་སུ་གསལ་འདེབས་པ་ཡིན་ལ། མདོར་ན་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་དབྱེར་མེད་ཁྱབ་བདག་ཆེན་པོར་བཞུགས་པས། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད་དེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་མཛད་བླ་མ་ཨོ་རྒྱན་རིན་པོ་ཆེ་ཁྱེད་མཁྱེན། སྐྱབས་དང་རེ་ས་མགོན་དང་དཔུང་གཉེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་མ་གཏོགས་གཞན་མེད། བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་མཐར་ཐུག་རིག་འཛིན་བླ་མ་མཆོག་གི་གསང་བ་གསུམ་དང་དབྱེར་མེད་པར་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ་སྙམ་པས་ཁྱེད་ཤེས་མོས་གུས་དྲག་པོས་བློ་གཏད་ལིང་སྐྱུར་གྱི་སྒོ་ནས་གསོལ་བ་འདེབས་པ་རྡོ་རྗེའི་ཚིག་རྐང་དྲུག་པ་འདི་གསུང་བར་ཞུ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སོགས་ལན་ཁ་ཤས་བརྗོད་དུ་གཞུག །ད་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་སྡོམ་པ་བཟུང་བའི་སླད་དུ། སྔར་གསལ་བཏབ་པའི་ཚོགས་ཞིང་དེ་དག་དང་སློབ་དཔོན་ཉིད་དཔང་པོའི་ཚུལ་དུ་བྱས་ཏེ། སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་ཐམས་ཅད་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་བསྲུང་། དུས་སྐབས་གང་གཙོའི་ལག་ལེན་གཙོ་བོར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ལྟར་རྒྱུད་སྡོམ་པ་དང་ལྡན་པར་བྱས་ནས༔ དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སྤྱན་དམིགས་འདི་ལྟར་དུ་གསལ་ཐོབ་མཛོད། ཨོཾ་ཧ་ཡ་གྲཱི་བས་བསང་། སྭ་བྷཱ་ཝས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་པདྨ་དྲྭ་བའི་ཞིང་དང་གཞལ་ཡས་ཁང་ཕུན་སུམ་ཚོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་སྣང་སྲིད་རིག་འཛིན་བླ་མའི་ཕྱག་རྒྱར་བསྒྲུབ་པའི་སླད་དུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿཡིག་དཀར་ལ་དམར་བའི་མདངས་ཆགས་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཟིལ་གནོན། སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་སྟབས་སུ་གདེངས་ཤིང་། གཡོན་མཉམ་གཞག་གི་སྟེང་བདུད་རྩིའི་ཐོད་བུམ་ཡིད་བཞིན་ནོར་བུས་ཁ་བརྒྱན་ཏེ་བསྣམས་པ། སྐུ་ལ་གསང་གོས་དཀར་པོ། ཕོད་ཆེན་མཐིང་ཁྲ །ཆོས་གོས་རྣམ་གསུམ་དམར་སེར། དབང་གི་བེར་ཆེན་སྨུག་པོ་རྣམས་བརྩེགས་མར་མནབས་པ། དབུ་ལ་པདྨ་མཐོང་གྲོལ་རྡོ་རྗེ་ཕྱེད་པའི་ཏོག་ཅན་རྒོད་ལྡེམ་དར་སྣ་མེ་ལོང་རྨ་བྱའི་མདོངས་སྒྲོས་བརྒྱན་པ་གསོལ་ཞིང་སྣང་སྲིད་འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པའི་ཀློང་ན་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་བ། ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པར་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་འགེངས་པའི་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་དཔལ་རི་པདྨ་འོད་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང། རང་སྣང་ལོངས་སྐུའི་ཞིང་ཁམས་འོག་མིན་པདྨ་དྲྭ་བ་ནས་སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། གསང་བ་གསུམ་ལས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་བྱུང་སྙམས་པའི་མོས་པ་བརྟན་པོ་གནང་བར་ཞུ། སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ་ཧྲཱི༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔་་་ཐུགས་སྒྲུབ་དགོངས་པ་ཀུན་འདུས་སོགས་ལས་གསུངས། དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་ལྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་དཔའ་བོ་ཕོ་རྒྱུད་སྤུངས་སེ་སྤུང༔ གཡོན་ན་མོ་རྒྱུད་མཁའ་འགྲོ་ཤ་ར་ར༔ བར་སྣང་ཐམས་ཅད་དར་དུ་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ རྣལ་འབྱོར་སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་ཐམས་ཅད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཐོད་ཕྲེང་རྩལ་གྱི་སྔགས་མཐར། སཏྭཾ་བྷ་ཡ༔ རཱ་རཱ་རཱ་རཱ༔ ཙ་ལ་ཡ་ཙ་ལ་ཡ༔ ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཨ་ཛྷཻཾ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད༔ ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་རྣམས་ཀྱིས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་སྔོན་དུ་སོང་ནས། དངོས་གཞི་དབང་བསྐུར་བ་སྐབས་ཕྱེ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱིས་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་བཏབ་པས། འཁོར་གྱི་ཚོགས་ཞིང་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རིགས་ཀུན་ཁྱབ་བདག་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། མཆོད་ཅིང་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྒྲོལ་བའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དབང་བསྐུར། སེམས་དཔའ་སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཅིང་མེ་ཏོག་གི་ཆར་འབེབ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་དྲག་ཤུལ་གྱི་རོལ་པས་བགེགས་བསྐྲད་ཅིང་། ཀུན་ཀྱང་དབང་གི་བྱ་བ་ལ་ཐུགས་མངོན་དུ་ཕྱོགས་པའི་མོས་པ་མཛོད། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་བྱ། དེ་ལྟར་ཤིས་པ་བརྗོད་པ་སྔོན་དུ་སོང་ནས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཁྲུད་ཅིང་གཏོར་བར་བྱས། སྐུ་དང་ཡེ་ཤེས་ཀྱི་ས་བོན་ཡེ་ནས་རང་ཆས་སུ་གནས་པ་དེ་ཉིད་སད་ཅིང་ནུས་པ་མཐུ་ཅན་དུ་གྱུར་པའི་མོས་པ་མཛོད། ཨོཾ་ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། ཞེས་གསུང་ཞིང་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཉོན་མོངས་པ་ལྔ་ཡི་དྲི་མ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་ཞིང་སྔགས་ཚིག་གིས་ཀྱང་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་མེ་ཏོག་འཐོར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །གསང་དབང་གི་སླད་དུ། བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པས། ཨཱ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་ཆུས༔ སངས་རྒྱས་རྡོ་རྗེའི་གསུང་འགྲུབ་ཕྱིར༔ བདེ་ཆེན་གསང་བའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐོད་པའི་བདུད་རྩི་དེ་བླུད། ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨོཾ་ཨཱཿཧཱུྃ་བརྗོད་པ་དང་ལྷན་ཅིག་མྱངས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཤེར་དབང་གི་སླད་དུ། བླ་མའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར་པའི་མོས་པས་དྲིལ་བུའི་བརྡ་ཐབས་བསྟན་ལ། ཧཱུྃ༔ དགའ་བའི་གནས་སྦྱིན་ལྷ་མོ་ནི༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མས༔ སངས་རྒྱས་རྡོ་རྗེའི་ཐུགས་འགྲུབ་ཕྱིར༔ ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱ་དང་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་པས་དགའ་བ་བཞིའི་རིམ་པས་མཚོན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་པད་སྐོར་སྔོན་དུ་འགྲོ་བས་ཕྱག་གཉིས་ཐུགས་ཀར་འཁྱུད་རྒྱ་དང་བཅས་ང་རྒྱལ་བཟུང་བའི་སྔགས་ཚིག་འདིའི་རྗེས་ཟློས་ཀྱང་མཛད་པར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དབང་བཞི་པའི་སླད་དུ། བླ་མ་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་གྱུར་པའི་མོས་པ་མཛོད། ཨ༔ བདེ་བའི་རང་བཞིན་སྟོང་པ་ཉིད༔ ཟུང་འཇུག་དགོངས་པའི་རྩལ་ཆེན་པོས༔ སངས་རྒྱས་ཡེ་ཤེས་མངོན་འགྱུར་ཕྱིར༔ བསམ་གྱིས་མི་ཁྱབ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ བྱིན་རླབས་འཕོ་བའི་རིམ་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་མོས་ལ་རིག་པ་མ་བཅོས་པའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ཞུ། དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ལྟར་དབང་བཞི་རྫོགས་པར་བསྐུར་ནས། མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་བའི་མོས་པ་མཛོད། བཅོམ་ལྡན་ཤཱཀྱ་སེངྒེ་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལམ་ཀུ་རུ་ཨ་བྷི་ཥིཉྩ་མི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་དཔའི་ཚོགས་ལ་མངའ་གསོལ་བས༔ འཇིག་རྟེན་ཀུན་ལ་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྒྱལ་གྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པར་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ སླར་ཡང་ཤིས་པར་བྱ་བའི་སླད་དུ། ནམ་མཁའ་གང་བའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་མན་དཱ་ར་བའི་ཆར་སིལ་མར་བསྙིལ་བས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་བྱས་པའི་མོས་པ་མཛོད། ཞལ་ནས་གསུངས་པའི་ཤིས་བརྗོད་ཇི་ལྟར་རིགས་པ་དང་ཆོ་གའི་མཇུག་ནས་འབྱུང་བའི་ཤིས་བརྗོད་བྱ། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ། དམ་ཚིག་ཁས་ལེན་གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བྱས་ནས་སློབ་མ་རྣམས་རང་གནས་སུ་བཏང་། གསུམ་པ་ནི། སློབ་དཔོན་གྱིས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བླ་མ་མཆོད་པ་བྱིན་རླབས་ཆར་འབེབས་ལྟར་བྱས་པས་གྲུབ་བོ། །རྡོ་རྗེ་ཐེག་པའི་རིམ་གཉིས་རྣལ་འབྱོར་གྱི། །ཡོན་ཏན་གང་སྐྱེས་བླ་མའི་བྱིན་རླབས་ལས། །བྱུང་ཞེས་རྒྱུད་སྡེ་ཀུན་གྱི་དགོངས་པ་མཐུན། །དེ་ཡི་རྩ་བ་མོས་གུས་ཉིད་ལ་ཐུག །མོས་གུས་བླ་མའི་རྣལ་འབྱོར་གནད་བསྣུན་ན། །ཚེ་འདིར་མཆོག་དངོས་ཐོབ་པར་གདོན་མི་ཟ། །དེ་ཉིད་རྒྱས་པར་ཕྱེ་བའི་ཆོ་ག་ནི། །ཕྱི་ལྟར་གསོལ་འདེབས་ཚུལ་དུ་སྒྲུབ་པ་སྟེ། །དེ་ཡི་དབང་བསྐུར་གསལ་བར་བཀོད་པའི་དགེ །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་ཡིས། །བདག་གཞན་མཁའ་མཉམ་ཡིད་ཅན་རྒྱ་མཚོ་ཀུན། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཆོས་ཀྱི་རྗེས། །བྱང་ཆུབ་བར་དུ་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བླ་མ་མཆོག་གི་ཞལ་སྔ་ནས་ཚུལ་འདིའི་དབང་བསྐུར་ལེགས་པར་ཐོབ་པའི་མཇུག་ཐོག་དེར་འདི་ལྟ་བུ་བྲིས་ཤིག་ཅེས་བཀའ་ལུང་ཚངས་གནས་སུ་སོན་པ་གུས་པས་མཆོད་དེ་དམ་པ་གང་གི་སློབ་གྲལ་བ་འགྱུར་མེད་ཚེ་དབང་གྲགས་པས་ཁྲིགས་སུ་བསྡེབས་པ་སརྦ་དཱ་མངྒ་ལཾ།། །།


[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).