Terdzo-ZHI-004

From Rinchen Terdzö
Revision as of 15:48, 21 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་

grub chen thang stong rgyal po'i rdo rje'i gsung g.yang 'gugs byin rlabs can

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
Volume 51 (ཞི) / Pages 69-94 / Folios 1a1 to 13b5

[edit]

༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་བཞུགས་སོ། ། ཨོཾ་སྭསྟི་བི་ཛ་ཡནྟུ། འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་གཏོང་བར་འདོད་པས། ནོར་ལྷ་གཞན་གྱི་ཕྲིན་ལས་དང་འབྲེལ་ན་བཟླས་པའི་མཇུག་སོགས་སྐབས་སུ་བབས་པའི་ཚེ་བྱ། འདི་ཉིད་ཁོ་ན་གློ་བུར་དུ་གཏོང་བའི་ཚེ། འཕྱིང་པ་སོགས་གཞི་གདན་དཀར་པོའི་སྟེང་འབྲུ་དཀར་གྱིས་གཡུང་དྲུང་རིས་བྲིས་པར་གཡང་གི་རྟེན་རྫས་ཡོད་ན་དགྲམ། དམིགས་གསལ་མེད་ཚེ་སྣོད་བཟང་པོར་གཡང་བཤོས་རིན་ཆེན་འབར་བའི་དབྱིབས་ལ་དར་རས་འབྲུ་སྨན་རིན་ཆེན་ཟས་ཕུད་གཙང་མ་ཅི་འབྱོར་པས་ཕྱུར་བུར་གཏམས་པའི་གཡས་སུ་ཕྱེ་མར་དང་། གཡོན་དུ་གཡང་ཆང་མར་གྱི་ཟེ་པྲོག་ཅན། མདུན་དུ་མཆོད་པ་ཇི་ལྟར་རིགས་པས་མཛེས་པར་བསྟར། རང་གི་མདུན་དུ་མདའ་དར་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བ་རྣམས་བཤམ། བདག་བསྐྱེད་རྒྱས་པའམ། བསྡུ་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི་འོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆི་འོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི་འོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི་འོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་ནོར་བུ་དང་། གཡས་འོག་མས་ཤེལ་ཕྲེང་དང་གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་ཅིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། འཕགས་པ་ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ། མདུན་གྱི་ནམ་མཁར་ལྷ་དང་མིའི་མཆོད་པའི་ཚོགས་དང་། འདོད་རྒུའི་དཔལ་འབྱོར་རྫོགས་ལྡན་དུས་ཀྱི་སྤྲིན་ཕུང་ལྟར་འཁྲིགས་པའི་དབུས་སུ་པད་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་ཆར་འབེབས་ཤིང་། གཡོན་མཉམ་གཞག་གི་སྟེང་ན་དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་སྐོར་ཀུན་ཏུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་རྣམས་དང་། ཁྱད་པར་དུ་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས། འཕགས་པ་ཛཾ་བྷ་ལ། ལྷ་མོ་ནོར་རྒྱུན་མ། གཡང་གི་ལྷ་མོ་དཔལ་ཆེན་མོ། གནོད་སྦྱིན་ཨ་པ་ར་ཛི་ཏཱ། ལྷ་ཆེན་ཚོགས་ཀྱི་བདག་པོ། ཨཱརྻ་རེ་མནྟ་སོགས་གནོད་སྦྱིན་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོས། ཀྱེ། དང་པོ་གཡང་ལེན་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས། །སྤྲེ་འུ་བྱང་ཆུབ་སེམས་དཔའ་བྱུང་། །ཇོ་མོ་སྒྲོལ་མའི་སྤྲུལ་པ་ལས། །བྲག་སྲིན་ནག་མོ་བྱ་བ་བྱུང་། །དེ་གཉིས་ཐབས་ཤེས་འཕྲད་པ་ལས། །གདོང་དམར་མི་རྣམས་ཐམས་ཅད་བྱུང་། །མི་རྣམས་ཕོངས་པས་མནར་བ་ལས། །སྤྲེ་འུའི་རྒྱལ་པོ་ཡར་གཤེགས་ཏེ། །པོ་ཏ་ལ་ཡི་རྩེ་མོ་ན། །སྤྱན་རས་གཟིགས་དབང་བཞུགས་པ་ལ། །སྤྲེ་འུའི་རྒྱལ་པོས་འདི་སྐད་ཞུས། །ཀྱེ་མ་ལས་ཀྱི་འབྲས་བུ་སྨིན། །དབོན་སྲས་མང་པོ་འཕེལ་བ་ལ། །དྲན་པ་གསལ་བ་ལྷ་དང་འདྲ། །གདུག་རྩུབ་ཆེ་བ་ལྷ་མིན་འདྲ། །གོས་མེད་གཅེར་བུ་དུད་འགྲོ་འདྲ། །བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་འདྲ། །ཤིན་ཏུ་སྡུག་བསྔལ་དམྱལ་བ་འདྲ། །རིགས་དྲུག་སྡུག་བསྔལ་ངད་པ་ཚ། །འདི་ལ་ལས་ཐབས་ཅི་ཞིག་བྱ། །དེ་སྐད་ཞུས་པས་བཀའ་བསྩལ་པ། །སྤྲེ་འུའི་རྒྱལ་པོ་ལེགས་པར་ཉོན། ཁྱོད་ཀྱི་བུ་དང་ཚ་བོ་རྣམས། །གདོང་དམར་སྲིན་པོ་ཡིན་ཟེར་ཏེ། ཁ་བ་ཅན་གྱི་ཞིང་ཁམས་སུ། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན། །ཟས་ལ་འབྲས་བུ་སྣ་ཚོགས་ཟོ། །སྐོམ་དུ་འབྱུང་བ་ཆུ་ལ་ཐུངས། །གོས་སུ་ལྷ་ཡི་ན་བཟའ་གཏོད། །སྐབས་སུ་གཡང་འགུགས་གཡང་ལེན་བྱ། །སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས། །དེ་ནས་སྤྲེ་འུའི་རྒྱལ་པོ་དེས། །སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །དཀོན་མཆོག་མཆོད་པ་རྒྱ་ཆེན་བཤམས། །རྒོད་སྒྲོ་མདའ་དར་དཀར་པོ་ལ། །དངུལ་དཀར་མེ་ལོང་བཏགས་པས་གཡབ། ཁུ་ཡེ་བརྗོད་ཅིང་འོ་དོད་བོས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་དང་། །སྔགས་འཆང་ངག་གི་སྨྲ་འབོད་དང་། །དབུ་ནག་བོད་ཀྱི་བསོད་ནམས་ལས། །འོད་ཟེར་སྣ་ལྔ་སྟེང་དུ་འཕྲོས། །ཚངས་པ་དུང་ཐོད་དཀར་པོར་ཕོག །ལྷ་ཡི་ལོངས་སྤྱོད་ལྡན་པ་ལས། །འོད་རླངས་དཀར་པོ་གཅིག་ཏུ་སྤྲུལ། །ལྷ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ལྷ་ཁམས་འདྲ་བ་དེ་ནས་སྲིད། །འོད་ཟེར་འོག་ཏུ་འཕྲོས་པ་ལས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཕོག །ཀླུ་ཡི་ལོངས་སྤྱོད་འཕན་པོ་ལས། །ཀླུ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ཀླུ་ལས་གྲོལ་བ་དེ་ནས་སྲིད། །འོད་ཟེར་བར་སྣང་ཁམས་སུ་འཕྲོས། །གཉན་གྱི་རྒྱལ་པོ་ཆེན་པོར་ཕོག །གཉན་གྱི་ལོངས་སྤྱོད་བོད་དུ་འོང་། །བོད་འགྲོལ་ཐབས་གཉན་པ་དེ་ནས་སྲིད། །འོད་ཟེར་ཤར་ཕྱོགས་གླིང་དུ་འཕྲོས། །ཡུལ་འཁོར་སྲུང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐྱེ་བ་བཟང་། །ཤར་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་སྐྱེ་བ་བཟང་བ་དེ་ནས་སྲིད། །འོད་ཟེར་ལྷོ་ཕྱོགས་གླིང་དུ་འཕྲོས། །འཕགས་སྐྱེས་པོ་ཡི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུག །ལྷོ་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་དཀོར་ནོར་ཕྱུག་པ་དེ་ནས་སྲིད། །འོད་ཟེར་ནུབ་ཕྱོགས་གླིང་དུ་འཕྲོས། །སྤྱན་མི་བཟང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་མི་འཕེལ་ཆེ། །ནུབ་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་མི་འཕེལ་ཆེ་བ་དེ་ནས་སྲིད། །འོད་ཟེར་བྱང་གི་ཕྱོགས་སུ་འཕྲོས། །རྣམ་ཐོས་སྲས་ཀྱི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐུ་ཚེ་རིང་། །བྱང་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་སྐུ་ཚེ་རིང་བ་དེ་ནས་སྲིད། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །ཕྱོགས་བཅུའི་ནོར་ལྷ་ཀུན་ལ་ཕོག །དེ་རྣམས་ལོངས་སྤྱོད་བོད་དུ་འོང་། །བོད་ནོར་གཡང་འཕེལ་བ་དེ་ནས་སྲིད། །འོད་ཟེར་རྒྱ་གར་ཡུལ་དུ་འཕྲོས། །རྒྱ་གར་ཆོས་རྣམས་བོད་དུ་འོང་། །བོད་ཆོས་ལ་དགའ་བ་དེ་ནས་སྲིད། །འོད་ཟེར་ཏ་ཟིག་ཡུལ་དུ་འཕྲོས། །ཏ་ཟིག་ནོར་རྣམས་བོད་དུ་འོང་། །བོད་དཀོར་ནོར་ཕྱུག་པ་དེ་ནས་སྲིད། །འོད་ཟེར་རྒྱ་ནག་ཡུལ་དུ་འཕྲོས། །རྒྱ་ཡི་ཇ་དར་བོད་དུ་འོང་། །བོད་ཇ་དར་འཕེལ་བ་དེ་ནས་སྲིད། །འོད་ཟེར་ཧོར་གྱི་ཡུལ་དུ་འཕྲོས། །ཧོར་གྱི་རྟ་གཡང་བོད་དུ་འོང་། །བོད་རྟ་དྲེལ་འཕེལ་བ་དེ་ནས་སྲིད། །འོད་ཟེར་བོད་ཀྱི་ཡུལ་དུ་ཁྱབ། །མི་དང་གཡང་གཉིས་ཀྱི་ལི་ལི། །ཕྱྭ་དང་གཡང་གཉིས་སྒ་ར་ར། །ལོངས་སྤྱོད་སྣ་ཚོགས་དེ་ལས་ཚོགས། །སྔོན་གྱི་བཟང་འཕྲོའི་དཔལ་བཞིན་དུ། །དར་དཀར་གཡབ་ཅིང་འདིར་འབོད་ནས། །དེ་རིང་ཁུ་ཡེ་ཕྱྭ་གཡང་ལེན། །ཞེས་སྔོན་བྱུང་གི་གླེང་གཞིས་མཚམས་སྦྱར་ནས། གཡང་འགུགས་དངོས་ནི། བཟང་ཤིང་གི་དུད་པ་དང་དཀར་མངར་རིན་ཆེན་འབྲུ་སྨན་ཇ་ཆང་ཟས་སྣའི་ཕུད་སོགས་ཀྱིས་མཆོད་ཅིང་། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་གཏེར། །རྩ་བརྒྱུད་བླ་མ་བྱིན་རླབས་ཅན། །ཡི་དམ་ཞི་ཁྲོ་དངོས་གྲུབ་མཛོད། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་བདག །ཁྱད་པར་མཚན་ཙམ་འཛིན་པས་ཀྱང་། །རྒུད་ཅིང་ཕོངས་པ་ཀུན་བསལ་ནས། །འདོད་རྒུའི་ལོངས་སྤྱོད་སྩོལ་མཛད་པའི། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །རྣམ་མང་ཐོས་སྲས་རྟ་བདག་བརྒྱད། །རྨུགས་འཛིན་དབང་པོ་ནོར་རྒྱུན་མ། །ཡབ་ཡུམ་འཁོར་དང་བཅས་པ་དང་། །ཨ་པར་ཛི་ཏཱ་ཚོགས་ཀྱི་བདག །རེ་མནྟ་སོགས་གནོད་སྦྱིན་དང་། །ནོར་ལྷ་གཏེར་བདག་བྱེ་བའི་ཚོགས། །གཙང་རིགས་དཔལ་མགོན་དམ་ཚིག་ཅན། །ལྷན་ཅིག་སྐྱེས་དང་འགོ་བའི་ལྷ། །མདོར་ན་དཀར་ཕྱོགས་སྐྱོང་བའི་སྡེ། །སྤྲུལ་དང་ཡང་སྤྲུལ་བཅས་པ་ལ། །ཕྱག་འཚལ་བསྟོད་ཅིང་གསོལ་བ་འདེབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པར་འབུལ། །སྨན་ཤིང་སྤོས་ཀྱི་དུད་པས་མཆོད། །ཟས་མཆོག་ཕྱེ་མར་འབྲུ་སྣས་མཆོད། །རིན་ཆེན་དར་ཟབ་རྒྱན་གྱིས་མཆོད། །དཀར་གསུམ་གཙང་མའི་ཕུད་ཀྱིས་མཆོད། །མངར་གསུམ་དྭངས་མའི་བཅུད་ཀྱིས་མཆོད། །ཇ་ཆང་འདོད་ཡོན་སྐྱེམས་ཀྱིས་མཆོད། །བདག་ཅག་སྙིགས་མ་ལྔ་ཡི་འགྲོ། །དབུལ་ཞིང་ཕོངས་པས་ཉམ་ཐག་ཚེ། །མོས་གུས་གདུང་བས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་མ་གཡེལ་བར། །ཐུགས་རྗེ་ཐུགས་དམ་ཤུགས་སྐྱེད་ལ། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །མདའ་དར་གཡབ་ཅིང་། ཀྱེ། སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །བར་སྣང་གཉན་གྱི་རྒྱལ་པོའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ས་འོག་ཀླུ་ཡི་རྒྱལ་པོའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཤར་ཕྱོགས་ཡུལ་འཁོར་སྲུང་གི་གཡང་། །།དེ་རིང་ཁུ་ཡེ་ཕྱྭ་གཡང༴ ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང༴ ནུབ་ཕྱོགས་སྤྱན་མི་བཟང་གི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང༴ བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ ལྷ་འདྲེ་མཐུ་རྩལ་ཅན་གྱི་གཡང་། །དེ་རིང་ཁུ་ཡེ༴ གེ་སར་རྒྱལ་པོའི་དམག་གཡང་དེ། །དེ་རིང་ཁུ་ཡེ༴ བལ་པོའི་སྐྱེ་བཞིན་ལེགས་གཡང་དེ། །དེ་རིང་ཁུ་ཡེ༴ སོག་པོའི་མདའ་རྩལ་ཆེ་བའི་གཡང་། །དེ་རིང་ཁུ་ཡེ༴ དགུང་སྔོན་མཐོན་པོའི་ཕ་གཡང་དེ། །དེ་རིང་ཁུ་ཡེ༴ དོག་མོ་ས་ཡི་མ་གཡང་དེ། །དེ་རིང་ཁུ་ཡེ༴ ཉི་ཟླ་སྐར་གསུམ་བཀྲ་གཡང་དེ། །དེ་རིང་ཁུ་ཡེ༴ འཇའ་ཚོན་སྣ་ལྔའི་བཀྲག་གཡང་དེ། །དེ་རིང་ཁུ་ཡེ༴ ལྷོ་སྤྲིན་སྨུག་པོའི་ཕྱུག་གཡང་དེ། །དེ་རིང་ཁུ་ཡེ༴ རི་རབ་ལྷུན་པོའི་བརྟན་གཡང་དེ། །དེ་རིང་ཁུ་ཡེ༴ གླིང་ཆེན་བཞི་ཡི་བཀོད་གཡང་དེ། །དེ་རིང་ཁུ་ཡེ༴ གླིང་ཕྲན་བརྒྱད་ཀྱི་འཁོར་གཡང་དེ། །དེ་རིང་ཁུ་ཡེ༴ རི་ཕྲན་རྣམས་ཀྱི་བཙུན་གཡང་དེ། །དེ་རིང་ཁུ་ཡེ༴ རྒྱ་མཚོ་ཆེན་པོའི་ཟབ་གཡང་དེ། །དེ་རིང་ཁུ་ཡེ༴ དཔག་བསམ་ཤིང་གི་ལོ་གཡང་དེ། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །རྩི་ཤིང་ནགས་ཚལ་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །དེ་རིང་ཁུ་ཡེ༴ འཕན་པོ་རྣམས་ཀྱི་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ བཙན་པོ་རྣམས་ཀྱི་བཙན་གཡང་དེ། །དེ་རིང་ཁུ་ཡེ༴ གཉན་པོ་རྣམས་ཀྱི་གཉན་གཡང་དེ། །དེ་རིང་ཁུ་ཡེ༴ འཆི་མེད་རྡོ་རྗེའི་ཚེ་གཡང་དེ། །དེ་རིང་ཁུ་ཡེ༴ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཁུ་ཡེ་ཕྱྭ་ཁུག་གཡང་ཁུག་ལ། །གཡང་ལེན་ཕུད་ཀྱིས་ནོར་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཕྱུགས་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཁྱིམ་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཚེ་ལྷ་མཆོད། །འཆི་མེད་ཚེ་དང་འཛད་མེད་ནོར། །དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཀུན། །རི་ལྟར་སྤུངས་ཤིང་མཚོ་ལྟར་སྐྱིལ། །བདེ་སྐྱིད་བཀྲ་ཤིས་དངོས་གྲུབ་སྩོལ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་དང་འཇའ་ཟེར་ཐིག་ལེའི་རྣམ་པར་སྤྱན་དྲངས། མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་གྱུར་པར་བསམ་ལ། སྤྲོ་ན་སྔགས་བཟླ་བ་ནི། ཨོཾ་ཨཱཿགུ་རུ་རཏྣ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལཀྵྨཱི་རཱ་ཛྱཾ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ཨོཾ་ཨ་པ་ར་ཛི་ཏཱ་རཏྣ་སརྦ་སིདྡྷི་བྷྲཱུྃ། ཨོཾ་བྷྲཱུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨཱརྻ་རེ་མནྟ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་བཟླ། ཚར་གྲངས་བྱེད་ན་མཆོད་པ་ཞལ་གསོ། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་སོགས་ནས། འདི་ཡན་བསྐྱར་ཞིང་སྔགས་བཟླ་བ་སྤེལ། དེ་ནས་མཇུག་ཏུ་གཡང་ལེན་པ་ནི། ཀྱེ། མཐོ་བ་སྲིད་གསུམ་ཡང་རྩེ་ནས། །རླུང་གི་རྒྱ་གྲམ་ཡན་བར་གྱི། ཁམས་ལྔའི་ནུས་བཅུད་ཚེ་དཔལ་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཕྱོགས་བཅུ་དག་པའི་ཞིང་ཁམས་དང་། །འཛམ་གླིང་རྔ་ཡབ་གཞན་གསུམ་ནས། །དམ་པ་ཆོས་ཀྱི་ཆབ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་གནས་སུམ་ཅུ་རྩ་གསུམ་དང་། །ལུས་འཕགས་ལུས་དང་འཕགས་པ་ནས། །མཐོ་རིས་སྙན་གྲགས་རྒྱལ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནོད་སྦྱིན་གྲོང་ཁྱེར་ཁང་བཟང་དང་། །བ་ལང་སྤྱོད་གླིང་གཡོ་ལམ་ནས། །བ་ཕྱུགས་ནོར་མཛོད་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ བསམ་གཏན་བཞི་གནས་མན་ཆད་དང་། །ས་འོག་ལྟོ་འཕྱེའི་གནས་ཡན་གྱི། །བདེ་སྐྱིད་བཀྲ་ཤིས་ཕུན་ཚོགས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། ཕྱོགས་བཅུ་དུས་གསུམ་བྱོན་པ་ཡི། །དཀོན་མཆོག་རིན་ཆེན་རྣམ་གསུམ་དང་། །རྩ་བརྒྱུད་བླ་མའི་བྱིན་རླབས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་སྡེའི། །གང་བཅོལ་གཡེལ་མེད་ཕྲིན་ལས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནོད་སྦྱིན་དབུལ་སེལ་ནོར་སྐྱོང་ཚོགས། །མི་ཟད་འདོད་རྒུ་དབང་རྣམས་ཀྱི། །དགོས་འབྱུང་ལོངས་སྤྱོད་གཏེར་མཛོད་དེ། །དེང་འདིར་ཁུ་ཡེ༴ རིགས་རུས་སྣག་འབྲང་དང་སྐྱེས་ལྷ། །འགོ་བའི་དགྲ་བླ་དཔུང་གཉེན་དུ། །མི་འབྲལ་ཟུང་དུ་འགྲོགས་པའི་གཡང་། །དེང་འདིར་ཁུ་ཡེ༴ དམ་ལྡན་དཀར་པོའི་ཕྱོགས་སྐྱོང་བའི། །ཡུལ་ལྷ་གཞི་བདག་གནས་སྲུང་རྣམས། །རྐྱེན་བསལ་མཐུན་འགྲུབ་མི་འབྲལ་གཡང་། །དེང་འདིར་ཁུ་ཡེ༴ སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷ། །གདོད་ནས་དག་པ་ལྷུན་གྲུབ་གཤིས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་གཡང་། །དེང་འདིར་ཁུ་ཡེ༴ ཀྱེ། ཚེ་སྣང་མཐའ་ཡས་རྣམ་པར་རྒྱལ། །འཕགས་མ་པད་འབྱུང་གྲུབ་རྒྱལ་སོགས། །འཆི་མེད་བརྙེས་རྣམས་ཚེ་དངོས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །བདེ་གཤེགས་མཆེད་བདུན་སྤྲུལ་པ་ལྔ། །ནང་པ་ལྷ་མི་དྲང་སྲོང་ཕྱིའི། །ན་གསོ་འཆི་བསླུའི་སྨན་ནུས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །འཇམ་མགོན་ངག་དབང་དབྱངས་ཅན་སོགས། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་རབ་བློ་གྲོས་སྤོབས་པ་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །སྙིང་རྗེའི་སྤྱན་རས་གཟིགས་འགྲོ་མགོན། །ས་དང་ལམ་གནས་བྱང་སེམས་རྣམས། །ཐུགས་བསྐྱེད་གཞན་དོན་ཕྱོགས་མེད་དེ། །དེང་འདིར་ཁུ་ཡེ༴ གསང་བདག་རྡོར་འཛིན་རྟ་མགྲིན་སོགས། །གསང་སྔགས་རིག་གཟུངས་གྲུབ་བརྙེས་པས། །ལོག་འདྲེན་གཞོམ་པའི་མཐུ་སྟོབས་དེ། །དེང་འདིར་ཁུ་ཡེ༴ འདུལ་བ་མདོ་སྡེ་མ་མོ་སྔགས། །གསར་རྙིང་བསྟན་འཛིན་བརྒྱུད་བཅས་ཀྱི། །སྤངས་རྟོགས་བརྟུལ་ཞུགས་གྲུབ་འབྲས་དེ། །དེང་འདིར་ཁུ་ཡེ༴ རྒྱ་བོད་མཁན་སློབ་པཎ་གྲུབ་ལོས། །འཆད་ཉན་རྩོམ་སྒྱུར་སྒོམ་སྒྲུབ་རྒྱུན། །སངས་རྒྱས་བསྟན་པ་དར་བའི་གཡང་། །དེང་འདིར་ཁུ་ཡེ༴ མོ་རྩིས་རྫས་སྔགས་སྒོམ་སྒྲུབ་སོགས། །ཟག་བཅས་ཟག་མེད་མངོན་མཁྱེན་ལྔས། །དུས་གསུམ་གསལ་སྟོན་པྲ་གཡང་དེ། །དེང་འདིར་ཁུ་ཡེ༴ སོར་འབྲང་སོགས་ལྔ་པདྨ་འབྱུང་། །ནཱ་གཱརྫུ་ནའི་དྲང་སྲོང་སོགས། །སྲི་འདུལ་སྲིད་སྤེལ་སྲུང་སྐྱོབ་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་ཀླུ་གནོད་སྦྱིན་གཏེར་གྱི་བདག །བརྒྱད་བརྒྱད་བློན་འཁོར་འབངས་བཅས་ཀྱི། །འཛད་མེད་དབྱིག་གི་བང་མཛོད་དེ། །དེང་འདིར་ཁུ་ཡེ༴ ཛཾ་ལྷ་ནོར་བུ་རྣམ་མང་བུ། །གནོད་སྦྱིན་སྡེ་དཔོན་འབྲོག་གནས་སོགས། །རྐང་བཞིའི་ཕྱུགས་གཡང་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ མཁར་ཁྱིམ་ཐབ་མཛོད་འདོད་འཇོའི་ལྷ། །མ་ཕྱིའི་གྲོགས་རྒྱལ་མཐིང་གེ་སོགས། །བཟའ་བཏུང་ཟས་བཅུད་སྲིད་གཡང་དེ། །དེང་འདིར་ཁུ་ཡེ༴ མ་དྲོས་ཆུ་བཞི་གངས་ཅན་རི། །འབིགས་བྱེད་ཡུལ་དྲུག་འཛམ་གླིང་སྤྱིའི། །སྐམ་གཤེར་ཡུལ་གནས་གཞི་བདག་གཡང་། །དེང་འདིར་ཁུ་ཡེ༴ ཁྱད་པར་ཏི་སེ་ཐང་ལྷ་རྨ། །མ་ཕམ་གཡུ་མཚོ་ཁྲི་ཤོར་སོགས། །བོད་ཁམས་གནས་བདག་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ ཆོས་རྒྱལ་རིགས་ལྡན་མང་བཀུར་སོགས། །མི་དབང་གསེར་དངུལ་ཟངས་ལྕགས་ཀྱི། །འཁོར་ལོས་སྒྱུར་རྣམས་ཆབ་སྲིད་བརྟན། །དེང་འདིར་ཁུ་ཡེ༴ གཤེན་རབས་ཕྱྭ་ལྷ་དགུ་ཁྲི་འབུམ། །ཐུག་དཀར་སུམ་བརྒྱ་དྲུག་ཅུ་སོགས། །གཡུང་དྲུང་བོན་གྱི་ཕྱྭ་གཡང་དེ། །དེང་འདིར་ཁུ་ཡེ༴ འཕགས་བོད་བདེ་འབྱུང་ཨུ་རྒྱན་སོགས། །རྒྱལ་བསྟན་སྤེལ་སྐྱོང་ཆོས་ཀྱི་ཁྲིམས། །བསྟན་འགྲོར་དགེ་བའི་ལེགས་མཛད་དེ། །དེང་འདིར་ཁུ་ཡེ༴ ཏ་ཟིག་རྒྱ་བོད་ཧོར་ཁྲོམ་སོགས། །ནོར་སྤེལ་དགྲ་འདུལ་གཉེན་སྐྱོང་བའི། །ཆེ་བཙུན་བཙན་ཕྱུག་རྒྱལ་སྲིད་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མཐའ་ཀླུང་དབུས་ལྗོངས་ཙི་ན་སོགས། །མི་རྒྱུད་ལོ་འབྲས་འཕན་དར་འཕེལ། །རིན་ཆེན་ཇ་དར་གོས་ཟས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་ཞིང་། །རྫོང་བཙན་ཁྲིམས་བརྟན་དུས་ཆར་འབེབ། །ལོ་ལེགས་ཆོས་དར་ཕྱི་ཡི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མི་ཆོས་ཕྱུགས་རྒྱུད་འཕེལ་ནང་གཤིམས། །ཕོ་དཔའ་མོ་འཛངས་འོག་རྟ་མགྱོགས། །གོ་བཙན་མཚོན་རྣོ་ནང་གི་གཡང་། །དེང་འདིར་ཁུ་ཡེ༴ མཁས་གྲུབ་རྩོད་རྒྱལ་དོན་གཉིས་གྲུབ། །ནད་མེད་ཚེ་རིང་རྒྱགས་སྐྱིད་བདེ། །མཐར་ཐུག་འཚང་རྒྱ་དོན་གྱི་གཡང་། །དེང་འདིར་ཁུ་ཡེ༴ ཆོས་དབྱིངས་ཆོས་ཅན་བསླུ་མེད་མཐུས། །བདེན་པའི་ཚིག་ལ་དབང་རྣམས་ཀྱིས། །ཅི་བཏབ་སྨོན་ལམ་འགྲུབ་པའི་གཡང་། །དེང་འདིར་ཁུ་ཡེ༴ ཚོགས་རྫོགས་རྟེན་འབྲེལ་མངའ་ཐང་ལས། །རྫས་རྟགས་རྒྱལ་སྲིད་ཉེར་བཅས་ཀྱི། །འཇིག་རྟེན་དགེ་མཛད་བཀྲ་ཤིས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལོངས་སྤྱོད་བཀྲ་ཤིས་ཕུན་ཚོགས་ཀུན། །གནས་འདིར་བརྟན་པའི་དངོས་གྲུབ་སྩོལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་གསོལ་བ་གདབ། བསྡུ་ན། ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་སོགས་མན་གྱིས་ཆོག །ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་རྟེན་རྫས་སམ། རྒྱབ་རི་འཕན་བཟང་ངམ། གནས་ཁང་བང་མཛོད་སོགས་ལ་བརྟན་པར་བཞུགས་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ་ལ། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་སོགས་ཁྱད་པར་གྱི་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་བྱུང་བ་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་སྐབས་སུ་བབས་པའི་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་དང་བཅས་ཏེ་མེ་ཏོག་གི་ཆར་སིལ་མར་བསྙིལ་བར་བྱའོ། །ཡོན་བདག་ལ་གཡང་གཏད་བྱེད་ན་བརྟན་བཞུགས་ཚར་བའི་རྗེས་སྟན་བཟང་པོ་ལ་འབྲུ་དཀར་གྱི་གཡུང་དྲུང་རིས་བྲིས་པར་ཡོན་བདག་གོས་རྒྱན་བཅས་ཏེ་འཁོད། སྤྲོ་ན་སྦྱོང་བ་གསུམ་གྱིས་བཀྲ་ཤིས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད། གང་ལྟར་ཡང་། སྦྱིན་པའི་བདག་པོ་ནོར་སྦྱིན་བྱེ་བའི་སྡེ་དཔོན་ཛཾ་བྷ་ལའི་སྐུར་གྱུར་པ་ལ་ཕྱྭ་གཡང་ལོངས་སྤྱོད་ཀྱི་རྫས་རྣམས་གཏད་པས་འདོད་རྒུའི་འབྱོར་པའི་དངོས་གྲུབ་ཟད་མི་ཤེས་པ་ལ་ལོངས་སྤྱོད་པའི་དགེ་མཚན་རྒྱས་པར་གྱུར་པའི་མོས་པས། སྔགས་རྣམས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་སྦྲེལ་བ་བཟླ་ཞིང་མེ་ཏོག་འཐོར་བ་དང་བཅས་རྟེན་རྫས་རྣམས་ལག་ཏུ་གཏད། སྤྲོ་ན་གཡང་འགུགས་ཚར་གཅིག་བསྐྱར། གང་ལྟར་ཡང་སྨོན་ལམ་དང་བཀྲ་ཤིས་གོང་དུ་སྨྲོས་པ་ལྟར་རྒྱས་བསྡུས་ཅི་རིགས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་པར་སྦྱར་བས་དགེ་ལེགས་སུ་བྱའོ།། ཞེས་པའང་བརྒྱུད་ལྡན་གྱི་བླ་མ་ལས་རྗེ་གྲུབ་ཐོབ་ཆེན་པོའི་གསུང་གི་ལུང་ནོས་ཤིང་། ལག་ལེན་གྱི་ཟིན་བྲིས་རྙིང་པ་མཐོང་བ་ལ་བརྟེན་མདོར་བསྡུས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་ཡིད་ཅན་ཐམས་ཅད་ཆོས་དང་མཐུན་པའི་དཔལ་འབྱོར་ནམ་མཁའི་མཛོད་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།འདི་ཉིད་སྒེར་དུ་འདོན་པའམ་བླ་མ་རིན་འབྱུང་གི་མཆོད་ཆོག་དང་འབྲེལ་ན་ཤིན་ཏུ་ལེགས་ཤིང་བསང་བརྔན་དང་སྦྲག་ཀྱང་འོས་ཆེ་འོ།། །། ༄༅། །རྒྱལ་པོ་ཆེན་པོ་རྣམ་སྲས་གཙོར་གྱུར་པའི་དབང་རྒྱས་དངོས་གྲུབ་ཀྱི་ལྷ་ལ་བསང་མཆོད་སྟོབ་ཚུལ་འདོད་རྒུ་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་རསྟུ། རྒྱལ་པོ་རྣམ་ཐོས་སྲས་ལ་སོགས་དབང་རྒྱས་དངོས་གྲུབ་ཀྱི་ལྷ་ལ་བསང་མཆོད་འབུལ་བར་འདོད་ན། མཆོད་གཏོར་ཅི་འབྱོར་པ་བཤམས་ལ། བསང་རྫས་མེར་བསྲེགས་པ་ཆབ་ཀྱིས་བྲན་ལ་འདི་སྐད་དོ། །ཧཱུྃ། ཆོས་ཀུན་བདེན་པས་སྟོང་པའི་ཏིང་འཛིན་གྱིས། །དངོས་སྣང་སྒྱུ་མའི་འཁྲུལ་འཁོར་བཤིག་པ་ལས། །མཆོད་གཏོར་རྨི་ལམ་ཡུལ་གྱི་ལོངས་སྤྱོད་བཞིན། །མཆོད་ཡུལ་དགྱེས་པའི་རྫས་སུ་འཆར་གྱུར་ཅིག །ཁྱད་པར་དྲི་ཞིམ་ཤིང་སྣ་ཕྱེ་མར་བཅས། །བྱིན་ཟར་བསྲེགས་པའི་དྲི་དང་དུད་པའི་སྤྲིན། །ཉམས་གྲིབ་མཁོན་དང་འབགས་བཙོག་བྱུར་ངན་ཆག །མནོལ་རྨུགས་ཉེས་སྐྱོན་སེལ་བའི་མཐུ་ལྡན་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་ཅིང་སྤེལ། འོན་ཀྱང་ཆོས་སྐྱོང་གི་བསང་དང་འབྲེལ་ན་བྱིན་རླབས་གོང་དུ་སོང་བ་དེས་འཐུས། སྤྱན་འདྲེན་པ་ནི། རོལ་མོ་དང་བཅས་པས། བཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བྱང་སེམས་རིན་ཆེན་མང་སྤྲུལ་གནོད་སྦྱིན་གཙོ། །འདོད་དགུའི་ཆར་འབེབ་རིན་ཆེན་གཏེར་གྱི་བདག །རྒྱལ་ཆེན་རྣམ་མང་ཐོས་སྲས་གནས་འདིར་བྱོན། །ཡུམ་ཆེན་སྲས་དང་བཅས་པ་གནས་འདིར་བྱོན། །བློན་པོ་རྟ་བདག་བརྒྱད་པོ་གནས་འདིར་བྱོན། །སྟོབས་ཆེན་སུམ་ཅུ་སོ་གཉིས་གནས་འདིར་བྱོན། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་གནས་འདིར་བྱོན། །ལས་བྱེད་གནོད་སྦྱིན་བྱེ་བ་གནས་འདིར་བྱོན། །ནོར་བདག་ཀླུ་ཆེན་བརྒྱད་པོ་གནས་འདིར་བྱོན། །བཀའ་ཉན་ལྷ་སྲིན་སྡེ་བརྒྱད་གནས་འདིར་བྱོན། །རི་རབ་བྱང་ཤར་མཉན་ཡོད་བྱ་གཤོངས་ནས། ཁམས་གསུམ་སྐྱེ་འགྲོ་དབང་སྡུད་བསམ་འཕེལ་དབང་། །བྱེ་རུའི་མདོག་ཅན་རྒྱལ་ཆེན་མདུང་དམར་ཅན། །ལས་བྱེད་བློན་འབངས་བཅས་པ་གནས་འདིར་བྱོན། །ལྕང་ལོ་ཅན་གྱི་ནོར་བུའི་ཁང་བཟང་ནས། །དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ། །རྣལ་འབྱོར་སྒྲུབ་པོའི་དཔུང་གཉེན་མཐུ་རྩལ་ཅན། །རྡོ་རྗེ་བདུད་འདུལ་འཁོར་བཅས་གནས་འདིར་བྱོན། །རྒྱ་ཆེན་སྦྱིན་འབྲས་སྨིན་པའི་གནས་རྣམས་ནས། །འགྲོ་བའི་དབུལ་ཕོངས་སེལ་མཛད་སྙིང་རྗེ་ཅན། །རྨུགས་འཛིན་རིགས་ལྔ་ཨ་པར་ཙི་ཏཱ་དང་། །ལྷ་མོ་དཔལ་ཆེན་འཁོར་བཅས་གནས་འདིར་བྱོན། །ཕུན་ཚོགས་དགེ་ལེགས་འབྱུང་བའི་དཀྱིལ་འཁོར་ནས། །མི་ཟད་ནོར་དང་འབྲུ་ཡི་ཆར་འབེབ་མཁན། །ཡིད་ལ་རེ་བའི་བཀྲ་ཤིས་ཀུན་སྩོལ་མ། །དཔལ་མོ་ནོར་རྒྱུན་འཁོར་བཅས་གནས་འདིར་བྱོན། །ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །མྱུར་མཛད་ཡིད་བཞིན་ནོར་བུ་གནས་འདིར་བྱོན། །ཧ་ཧ་རྒོད་པའི་དུར་ཁྲོད་ལ་སོགས་ནས། །ཞིང་སྐྱོང་བསོད་ནམས་རྒྱས་བྱེད་གནས་འདིར་བྱོན། །དཔལ་ལྡན་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས། །ཙནྡན་རྐང་འཐུང་དཀྲིགས་པའི་དགའ་ཚལ་ནས། །སྲིད་གསུམ་ཟས་ནོར་དབང་སྒྱུར་གནོད་སྦྱིན་མ། །དབྱུག་གུའི་ལྷ་མོ་མཆེད་གསུམ་གནས་འདིར་བྱོན། །ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་ནས། །བཅོམ་ལྡན་རིགས་བྱེད་འཁོར་བཅས་གནས་འདིར་བྱོན། །སུམ་ཅུ་རྩ་གསུམ་ལྷ་ཡི་དགའ་ཚལ་ནས། །ཚོགས་བདག་འཁོར་ལོས་སྒྱུར་བ་གནས་འདིར་བྱོན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །འདོད་རྒྱལ་ཡབ་ཡུམ་འཁོར་བཅས་གནས་འདིར་བྱོན། །གར་བཞུགས་གནས་ནས་ནོར་རྒྱུན་དབང་གི་མདོག །ལྷ་ཆེན་རླུང་ཞགས་ཡབ་ཡུམ་གནས་འདིར་བྱོན། །གཞན་ཡང་ཆོས་བཞིན་སྤྱོད་པའི་གང་ཟག་ལ། །མཐུན་རྐྱེན་འབད་མེད་སྦྱོར་བའི་ནོར་ལྷ་དང་། །སྐྱེ་འགྲོའི་ཡིད་ཀྱི་བརྟན་པ་དབང་མེད་དུ། །འཕྲོག་བྱེད་དབང་གི་ལྷ་ཀུན་གནས་འདིར་བྱོན། །ཀྱེ། གསོལ་ལོ་མཆོད་དོ་དབང་རྒྱས་དངོས་གྲུབ་ལྷ། །སྒྲུབ་བོ་བསྟེན་ནོ་གཏེར་གྱི་བུམ་པ་ཅན། །འབོད་དོ་བསྐུལ་ལོ་དབང་གི་ལྕགས་ཀྱུ་ཅན། །རིངས་པའི་ཚུལ་གྱིས་འདིར་བྱོན་མཆོད་གཏོར་བཞེས། །མེ་ཏོག་ལ་སོགས་ཉེར་སྤྱོད་རྣམ་ལྔས་མཆོད། །འཁོར་ལོས་སྒྱུར་བའི་རིན་ཆེན་བདུན་གྱིས་མཆོད། །བཀྲ་ཤིས་གྲུབ་པའི་རྫས་དང་རྟགས་ཀྱིས་མཆོད། །དབང་པོ་སྒོ་ལྔའི་འདོད་ཡོན་ཚོགས་ཀྱིས་མཆོད། །རོ་བཅུད་བརྒྱ་ལྡན་བཟའ་བཅའ་བཏུང་བས་མཆོད། །སྙན་པའི་དབྱངས་དང་སྣ་ཚོགས་རོལ་མོས་མཆོད། །ཡིད་འཕྲོག་སྤྱན་གཟིགས་ནམ་མཁའ་མཉམ་པས་མཆོད། །བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་པས་མཆོད། ཁྱེད་རྣམས་བདག་གིས་ཕྲིན་ལས་ཞུ་བ་ནི། །བསྟན་པ་རྒྱས་པའི་མཐུན་རྐྱེན་ཁྱེད་ཀྱིས་སྒྲུབས། །དཀོན་མཆོག་མཆོད་པའི་ཡོ་བྱད་ཁྱེད་ཀྱིས་སྦྱོར། །དཔལ་ལྡན་བླ་མའི་ཕྲིན་ལས་ཁྱེད་ཀྱིས་སྤེལ། །རྣལ་འབྱོར་བཅོལ་བའིའདོད་དོན་ཁྱེད་ཀྱིས་སྒྲུབས། །ཀྱེ། ཁྱད་པར་གནའ་བོའི་དྲང་སྲོང་ལུགས་བཞིན་དུ། །ཙནྡན་ཨ་ག་རུ་དང་དུ་རུཥྐ། །གཡུ་ཤུག་མཁན་དཀར་སྟག་པ་གསེར་མདངས་ཅན། །སྦ་སྨྱུགས་ཟངས་མདོག་བ་ལུ་ཕུར་མོང་དང་། །འོམ་བུ་སྤེན་དཀར་ཉ་སྦྲིད་ལ་སོགས་པའི། །དྲི་ཞིམ་ཤིང་སྣ་བཟང་སྨན་ཤིང་འབྲས་ཚོགས། །འབྲུ་སྣ་དར་གོས་རིན་ཆེན་བཟའ་བཏུང་རིགས། །གཙང་ཞིང་གྱ་ནོམ་འདོད་ཡོན་ཀུན་བསྲེགས་པའི། །དུད་སྤྲིན་ས་དང་བར་སྣང་ཁྱབ་པ་ལས། །དབང་པོ་སྒོ་ལྔའི་ལོངས་སྤྱོད་བསམ་ཡས་དང་། །ཐུན་མོང་མིན་པའི་དམ་རྫས་ཀུན་འཕྲོ་བ། །དྲི་ཞིམ་ངད་པས་གདུང་བ་མཐའ་དག་སེལ། །ཉམས་གྲིབ་མནོལ་འཐིབས་བསངས་ནས་ཟག་མེད་ཀྱི། །བདེ་དགའི་ཡེ་ཤེས་བསྐྱེད་ཅིང་གཡར་དམ་སྐོང་། །དེ་ལྟར་ཡོན་ཏན་རྫོགས་པའི་རྟེན་འབྲེལ་གྱིས། །བསྟན་དང་བསྟན་འཛིན་ཆོས་ལྡན་རྒྱལ་པོ་སོགས། །བུ་བཞིན་སྐྱོང་ཞིང་འདོད་དགུའི་རེ་བ་སྐོང་། །བྱང་ཆུབ་སྤྱོད་པས་འགྲོ་བ་འདུལ་མཛད་མགོན། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་བསང་། ཁྲོ་འཛུམ་བཞད་པའི་འོད་ཞགས་དམར་པོ་ཡིས། །འགྲོ་ཀུན་དབང་སྡུད་རྒྱལ་ཆེན་འཁོར་བཅས་བསང་། །སྙན་གྲགས་མཐའ་ཡས་སྐྱེ་སྲིད་ལྔ་པའི་དབྱངས། །སྒྲོག་མཛད་དམར་པོ་ཆོས་དུང་ཅན་དེ་བསང་། །དྲན་པ་ཙམ་གྱིས་ནོར་བུའི་ཆར་འབེབས་ཤིང་། །བགེགས་འཇོམས་རྡོ་རྗེ་བདུད་འདུལ་འཁོར་བཅས་བསང་། །ཛཾ་ལྷ་རིགས་ལྔ་ཨ་པར་ཙི་ཏཱ་དང་། །གཡང་གི་ལྷ་མོ་དཔལ་ཆེན་འཁོར་བཅས་བསང་། །བཅོམ་ལྡན་ནོར་རྒྱུན་དཀྱིལ་འཁོར་ལྷ་ཚོགས་བསང་། །མྱུར་མཛད་མགོན་དཀར་ཡིད་བཞིན་ནོར་བུ་བསང་། །གཉན་མགོན་སེར་པོ་བསོད་ནམས་རྒྱས་བྱེད་བསང་། །རྫོགས་སངས་རྒྱས་ཀྱི་ཐུགས་བསྐྱེད་སྒྱུ་མའི་གར། །ཟས་ནོར་ཆར་འབེབ་ལྷ་མོ་མཆེད་གསུམ་བསང་། །ཕྲིན་ལས་ལྕགས་ཀྱུ་གློག་ལྟར་མྱུར་བ་ཡིས། ཁམས་གསུམ་འགུགས་བྱེད་ལྷ་མཆོག་རྣམ་གསུམ་བསང་། །ནོར་རྒྱུན་དམར་མོ་ལྷ་ཆེན་ཡབ་ཡུམ་བསང་། །མཐུ་ཆེན་འཕྲོག་མ་མ་སྨད་ལྔ་བརྒྱ་བསང་། །ནོར་རྒྱས་སོག་མ་མེད་སོགས་ཀླུ་རྣམས་བསང་། །མདོར་ན་ཚེ་དང་བསོད་ནམས་དཔལ་འབྱོར་ཚོགས། །འཕེལ་ཞིང་རྒྱས་དང་སྐྱེ་འགྲོ་དབང་མེད་དུ། །ཆགས་ཤིང་འདུན་པའི་ལས་སྒྲུབ་འཇིག་རྟེན་དང་། །འཇིག་རྟེན་ལས་འདས་མཆོད་འོས་མ་ལུས་བསང་། །དེ་ལྟར་དྲི་ཞིམ་བསང་མཆོད་ལེགས་ཕུལ་པས། །མནོལ་རྨུགས་འཁྲུགས་པའི་དྲི་མ་སངས་པ་དང་། །ཟག་མེད་བདེ་བ་མཆོག་གིས་རྒྱུད་ཚིམས་ནས། །དགྱེས་འཛུམ་སྤྲིན་དཀར་ཕུང་པོ་གཡོ་གྱུར་ཅིག །ཅེས་དང་། རོལ་མོའི་ཁོངས་སུ་སྤྲོ་ན་ཡིག་བརྒྱ་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧི་རཾ་བི་ན་རཾ་ཤུདྡྷེ་རཾ་ཨ་ཨ་སྭཱ་ཧཱ། ཨོཾ་བི་རསྟི་བི་རསྟི་སྭཱ་ཧཱ། རི་ཁྲུས་ཀྱི་སྐབས་ནས་འབྱུང་བའི་ཁྲུས་སྔགས་ཅི་ཤེས་བཟླ། ཀྱེ། རྒྱལ་བའི་བསྟན་པ་རྙེད་དང་བཀུར་སྟིར་བཅས། །གཙུག་ལག་ཁང་རྣམས་དགེ་འདུན་གྲངས་མེད་བཅས། །རྣམ་བཞིའི་འཁོར་རྣམས་འཁོར་ལོ་གསུམ་དང་བཅས། །བསྟན་པའི་སྦྱིན་བདག་རིགས་རྒྱུད་འབྱོར་པར་བཅས། །དགོས་དོན་དེ་ཀུན་ལྷ་མཆོག་ཁྱེད་རྣམས་ཀྱི། །མཁྱེན་བརྩེ་ནུས་པའི་འཇུག་པ་ལ་རགས་པས། །དེ་ཕྱིར་བསྟན་པའི་མགོན་དུ་མངའ་གསོལ་ལོ། །མཐོ་བར་དཔངས་བསྟོད་དགྱེས་པར་གཟེངས་བསྟོད་དོ། །ཀྱེ། གསོན་ཅིག་དགོངས་ཤིག་འཕགས་མཆོག་ཁྱེད་རྣམས་ཀྱིས། །གྲངས་མེད་བསྐལ་པར་འགྲོ་དོན་གོ་ཆ་བགོས། །རླབས་ཆེན་སྨོན་ལམ་སྦྱིན་པའི་ཕ་རོལ་ཕྱིན། །མི་ཟད་ནམ་མཁའ་མཛོད་ཀྱི་རྣམ་ཐར་བརྙེས། །ད་ལྟ་དུས་ངན་སྙིགས་མའི་ཤུགས་བརྟས་པས། །མི་རྣམས་ཚེ་ཐུང་འཚེ་མང་ལོངས་སྤྱོད་དབུལ། །ཚེ་འདིའི་འདོད་ལ་ཞེན་པས་ངན་འགྲོ་སྒྲུབ། །གནས་ཚུལ་འདི་འདྲ་གཟིགས་པར་མ་གྱུར་ཏམ། །སྟོབས་དང་རྫུ་འཕྲུལ་དབང་བཅུའི་འབྱོར་པ་དང་། །དུས་དྲུག་འགྲོ་ཁམས་འབྱོར་རྒུད་ལ་གཟིགས་པའི། །སྤྱན་དང་མངོན་ཤེས་དོན་དང་ལྡན་སྲིད་ན། །འགྲོ་འདིའི་སྡུག་བསྔལ་འཁོར་ལོ་གཞིག་ཏུ་གསོལ། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །སྔོན་གྱི་ལེགས་སྤྱད་སྨོན་ལམ་ཤུགས་བདོ་བའི། །ལྷ་ཀླུ་གནོད་སྦྱིན་རྫུ་འཕྲུལ་མཐུ་ཆེ་བ། །སྡེ་དཔུང་ཆེ་ལ་སྟོབས་པོ་ཆེ་རྣམས་ཀྱང་། །ཐུབ་པས་བཀའ་བསྒོས་འབྲས་བུ་མཆིས་པར་མཛོད། །ཀུན་ལ་རིང་ནས་བརྣགས་པའི་དོན་ཞུ་བ། །ལུས་ཅན་ཀུན་གྱི་ཕུན་ཚོགས་འབྱུང་བའི་གཞི། །བདེ་གཤེགས་ཞལ་གསུང་རྒྱུ་འབྲས་ཐེག་པ་ཡི། །བཤད་སྒྲུབ་ལྷ་ཆུའི་རྒྱུན་བཞིན་རིང་གནས་མཛོད། །བསྟན་པ་འཛིན་པའི་སྐྱེས་མཆོག་གང་བཞུགས་པ། །ཞབས་པད་བརྟན་ཅིང་ཕྲིན་ལས་མཐར་ཕྱིན་མཛོད། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །བྱ་ཆ་ཀློག་པའི་འཁོར་ལོ་རྒྱས་པར་མཛོད། །བསམ་གཏན་འཁོར་ལོས་སྲིད་པ་ཧྲུལ་བྱེད་པའི། །སྒྲུབ་པོས་ཞི་བའི་ནགས་ཁྲོད་ཁེངས་པར་མཛོད། །ཚོགས་དང་བསེ་རུར་སྤྱོད་པ་དེ་ཀུན་ཀྱང་། །རྙེད་དང་བཀུར་སྟིས་ནམ་ཡང་མི་བྲེལ་མཛོད། །ཆོས་གོས་གནས་མལ་བསོད་སྙོམས་སྨན་ལ་སོགས། །བསམ་པ་ཙམ་གྱིས་མོད་ལ་འབབ་པར་མཛོད། །དཀའ་ཐུབ་དྲག་པོས་ལུས་སེམས་མི་གདུང་བར། །བདེར་གནས་ཡོན་ཏན་ཆོས་ཀུན་རྫོགས་པར་མཛོད། །རྟེན་གསུམ་རྣམས་ཀྱང་བཀུར་སྟི་ཞབས་ཏོག་དང་། །བསམ་ཡས་མཆོད་སྤྲིན་བཅས་ཏེ་བརྟན་བཞུགས་མཛོད། །བསྟན་པའི་སྦྱིན་བདག་ཚེ་དཔལ་འབྱོར་པ་སོགས། །འཛད་མེད་དཔག་བསམ་ཤིང་ལ་འགྲན་པར་མཛོད། །ཡུལ་ཕྱོགས་ཀུན་ཏུ་ཆར་ཆུ་དུས་སུ་འབབ། །ལོ་ལེགས་སྐྱ་རྒྱལ་ཕྱུགས་རྣམས་འཕེལ་བར་མཛོད། །མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ནས། །རྒྱལ་ཁམས་བདེ་ཞིང་དགེ་བཅུར་སྤྱོད་པར་མཛོད། །མི་དབང་རྣམས་ཀྱང་ཆོས་བཞིན་ས་སྐྱོང་ཞིང་། །འབངས་རྣམས་ཁྲིམས་སྲུང་དཀོན་མཆོག་མཆོད་པར་མཛོད། །ཕན་ཚུན་ཕ་བུ་བཞིན་དུ་མཉེས་གཤིན་པས། །རྐུ་ཇག་རྔོན་གསུམ་གཏན་ནས་མི་འབྱུང་མཛོད། ཁྱད་པར་བདག་ཅག་བྱང་ཆུབ་སྒྲུབ་པ་དང་། །བསྟན་པ་སྐྱོང་ཞིང་སྤེལ་བའི་ཆ་རྐྱེན་དུ། །ལྷ་ཀླུ་མི་ཡི་ནོར་བུའི་ཆར་རྒྱུན་གྱིས། །རེ་བའི་ཤིང་རྟ་ཕྱུར་བུར་གང་བར་མཛོད། །བཟའ་བཏུང་གོས་བཟང་རྟ་ཕྱུགས་འདུ་བ་དང་། །འཕེལ་ཞིང་རོ་མཆོག་བཅུད་ལྡན་སྲིས་སྨེ་ཞིང་། །ཟ་འདྲེ་གོད་འདྲེ་སྲི་ངན་ཟློག་པ་དང་། །སྙན་གྲགས་སྐྱེ་ལྔའི་སྒྲ་དབྱངས་གསལ་བར་མཛོད། །ལོངས་སྤྱོད་འཕེལ་བས་ཆོས་སྤྱོད་འགྲིབ་པ་དང་། ཁེངས་དྲེགས་རྩོད་པའི་རྒྱུ་རུ་མི་འགྱུར་བར། །ཕོངས་པའི་སྐྱབས་གྱུར་ཡོངས་འདུའི་ས་བརྟོལ་བཞིན། །བསོད་ནམས་ཚོགས་ཆེན་འབྲས་བུས་ལྕི་བར་མཛོད། །ཆོས་ལྡན་རྒྱལ་བློན་ཁྱིམ་བདག་འབྱོར་ལྡན་སོགས། །སྐྱེ་འགྲོ་མ་ལུས་འདུན་ཅིང་ཆགས་པར་མཛོད། །བློ་གསལ་སློབ་བུ་གྲངས་མེད་འདུ་བ་དང་། །བསྟན་པའི་བྱ་བས་ཉིན་མཚན་འདའ་བར་མཛོད། །ལྷ་ཀླུ་གནོད་སྦྱིན་ལ་སོགས་མི་མིན་དང་། །གདུག་ཅིང་ངན་སེམས་འཆང་བའི་མི་རྣམས་ཀྱང་། །མཐོང་ཐོས་དྲན་པ་ཙམ་གྱིས་དད་གྱུར་ནས། །འཕྲིན་ཡིག་རྣ་བའི་རྒྱན་དུ་འབབ་པར་མཛོད། །མདོར་ན་འདས་དང་མ་འདས་བསང་གི་མགྲོན། ཁྱེད་རྣམས་ཉིད་ལ་མངའ་ཞིང་གང་བརྙེས་པའི། །དབང་རྒྱས་དངོས་གྲུབ་མ་ལུས་ལྷུན་གྲུབ་ནས། །བསྟན་འགྲོའི་དོན་ཀུན་ཆོས་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་སྒེར་བསང་མང་པོ་འདོན་དགོས་པའི་དཀའ་ཚེགས་སྤང་ཕྱིར། རྣམ་སྲས་གཙོར་གྱུར་པའི་ནོར་ལྷ་དབང་སྡུད་ཀྱི་ལྷ་ཐམས་ཅད་ཕྱོགས་བསྡུས་སུ། རང་གིས་སྔར་རྩོམ་པའི་ཆོས་སྐྱོང་སྤྱིའི་བསང་མཆོད་དང་ཚིག་འགྲོས་མཐུན་པར་རྒྱལ་ཁམས་པ་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་འབོད་པས་གླིང་གདུང་རྒྱུད་རིམ་བྱོན་གྱི་ཕོ་བྲང་དང་འདབས་འབྱོར་བའི་ཆོས་སྡེ་མགོ་ཟི་རབ་བརྟན་རྩེའི་ཁྲ་ལེབ་སྒར་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།ཅེས་པ་འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ་ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).