Terdzo-BI-008

From Rinchen Terdzö
Revision as of 16:31, 19 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སད་སྲུང་གི་མན་ངག་ཟབ་དགུ་ཁྱེར་བདེ་བསྡུས་པ་ལོ་ཏོག་ཀུན་ཏུ་དགེ་བའི་སྤྲིན་ཆེན་

sad srung gi man ngag zab dgu khyer bde bsdus pa lo tog kun tu dge ba'i sprin chen

by  ཀུན་བཟང་བློ་གྲོས་ (Kunzang Lodrö)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཐུགས་སྒྲུབ་ཀྱི་ལས་ཚོགས་རིན་ཆེན་ཁང་བུའི་སྐོར་ (Thugs sgrub kyi las tshogs rin chen khang bu'i skor)
parent cycle  བྱང་གཏེར་ (Byang gter)
Volume 45 (བི) / Pages 83-122 / Folios 1a1 to 20b4

[edit]

༄༅། །སད་སྲུང་གི་མན་ངག་ཟབ་དགུ་ཁྱེར་བདེ་བསྡུས་པ་ལོ་ཏོག་ཀུན་ཏུ་དགེ་བའི་སྤྲིན་ཆེན་ཅེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཚོགས་གཉིས་ཕུན་ཚོགས་ཡངས་པའི་ནམ་མཁའ་ལ། །མཁྱེན་གཉིས་སྙིང་རྗེའི་སྤྲིན་ཚོགས་རབ་ཏུ་འཁྲིགས། །སྒྲིབ་གཉིས་ཚ་གདུང་སེལ་བའི་ཆོས་ཆར་འབེབ། །དོན་གཉིས་ལོ་ཏོག་ཕུན་ཚོགས་སྐྲུན་བྱེད་པ། །སངས་རྒྱས་ཆོས་དང་དགེ་འདུན་རིན་ཆེན་གསུམ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །བྱང་སེམས་ཉན་ཐོས་རང་རྒྱལ་དགྲ་བཅོམ་པ། །ལྷ་དང་དྲང་སྲོང་གྲུབ་པ་རིག་པ་འཛིན། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཞི་བདག་བཅས། །ཀུན་ལ་ཕྱག་འཚལ་མཆོད་བསྟོད་དངོས་གྲུབ་སྩོལ། །སངས་རྒྱས་བསྟན་དར་འགྲོ་ཀུན་བདེ་ཞིང་སྐྱིད། །ཆར་ཆུ་དུས་འབབ་ལོ་ཏོག་ཕུན་སུམ་ཚོགས། །ལྷག་བསམ་བཞེད་པའི་དོན་ཀུན་འགྲུབ་པར་མཛོད། །ལོ་ཏོག་སྨན་འབྲུ་རྩི་ཤིང་ས་བོན་ལ། །གནོད་པ་སྲུང་ཞིང་ཕན་པ་སྤེལ་བྱེད་པའི། །ལོ་ཏོག་དགེ་བའི་ཡི་གེ་ཉུང་ངུ་ཞིག །ལྷག་བསམ་རབ་དཀར་དྲི་མ་མེད་པའི་བློས། །འགྲོ་བ་ཀུན་ལ་ཕན་ཕྱིར་འདིར་བྲི་འོ། །དེ་ཡང་ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་ནང་དུ་ལོ་ཏོག་ལ་གནོད་པ་སྲུང་ཞིང་ཕན་པ་སྤེལ་བའི་སད་སྲུང་སོགས་གདམས་པ་མང་དུ་མཆིས་པ་ལས། འདིར་བྱང་གཏེར་ཐུགས་སྒྲུབ་ཀྱི་གསང་མཚན་ཐུགས་སྒྲུབ་དང་། ལས་ཚོགས་རིན་ཆེན་ཁང་བུ་དང་། བླ་མ་དགོངས་འདུས་ཀྱི་འབྲས་བུ་ལོ་ཏོག་ལ་ཕན་བྱེད་དང་། མདོ་ལུགས་ཀྱི་སད་སྲུང་ཉི་ཟླ་འོད་སྤྲིན་ལ་སོགས་བཀའ་དུ་མའི་ནང་ནས་ཐུན་མོང་དུ་གདམས་པ་གོ་བདེ་ཞིང་བྱ་སླ་བའི་སད་སྲུང་གི་རིམ་པ་བསྟན་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དེ་ཡང་དང་པོ་སད་སོགས་འབྱུང་བའི་རྒྱུ་དང་སྲུང་བ་བརྩམ་དགོས་པ་ནི། སློབ་དཔོན་པདྨ་ཉིད་ཀྱི་ཞལ་ནས། སྤྱིར་ཡང་ལྷ་སྲིན་འཁྲུགས་པ་དང༔ ཁྱད་པར་སྡིག་ཆེན་དམ་ལོག་དང༔ བསོད་ནམས་དམན་པའི་འགྲོ་བ་རྣམས༔ དུས་མིན་ཚེ་ཡི་དུས་བྱས་པས༔ སྐྱ་མོ་སད་ཀྱི་འཇིགས་པ་འབྱུང༔ ཐུགས་སྒྲུབ་བསྙེན་པ་ཐེམས་པ་ཡིས༔ དེ་དུས་སྲུང་བའི་ལས་འདི་བརྩམ༔ ཞེས་དང་། མ་འོངས་ལྔ་བརྒྱ་ཐ་མ་ལ༔ མཐའ་དམག་གདུག་པའི་ཁ་རླངས་དང༔ སེམས་ཅན་སྤྱོད་ངན་ཉམས་གྲིབ་ཀྱིས༔ ལོ་ཏོག་དགྲ་མང་སད་ཀྱིས་ཁྱེར༔ མུ་གེས་འགྲོ་བ་ཕོངས་པའི་དུས༔ བོད་ཁམས་སེམས་ཅན་དོན་ཕྱིར་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སད་སྲུང་ཟབ་མོའི་མན་ངག་དང༔ གང་དགོས་ལས་ཚོགས་མ་ལུས་པ༔ ལས་ཅན་བུ་ཡི་དོན་དུ་བཞག༔ སེམས་བསྐྱེད་ལྡན་པས་འགྲོ་དོན་མཛོད༔ ཅེས་གསུངས་སོ། །སྲུང་བའི་རིམ་པ་དགོས་པ་ནི། དེ་ཡང་སློབ་དཔོན་གྱི་གསུང་ལས། སད་སྲུང་སྤྲིན་གྱི་ཆོ་ག་ལ༔ ཐུན་མོང་ཕྱི་ལྟར་སྲུང་བ་དང༔ ཁྱད་པར་ནང་ལྟར་སྲུང་ཐབས་དང༔ ཡང་གསང་གནད་ཀྱི་སྲུང་ཐབས་སོ༔ ཞེས་གསུངས་པ་བཞིན་ཡང་གསང་གནད་སྲུང་སོགས་རྫས་དང་བཅས་དཀའ་བས་གཞན་དུ་ཤེས་སོ། །འདིར་ཐུན་མོང་གི་སྒོ་ནས་གདམས་པ་གཅེས་བསྡུས་སིལ་བུར་བཤད་པའོ། །དེ་ཡང་སློབ་དཔོན་གྱི་ལུང་ལས། ཐུན་མོང་ཕྱི་ཡི་སྲུང་བ་ནི༔ ཡུལ་ཕྱོགས་གང་སྲུང་དགེ་ཁྲིམས་བཅའ༔ གསུང་རབ་ཀློག་ཅིང་ཆུ་གཏོར་གཏང༔ སྤྲིན་ཆེན་ཀླུ་གཟུངས་འདོན་བྱ་ཞིང༔ ཡུལ་ལྷ་མཆོད་ཅིང་ཕྲིན་ལས་གཞོལ༔ དེ་ལྟར་བྱས་ན་སད་ལས་སྐྱོབ༔ ཅེས་གསུངས་ཤིང་འདི་རྣམས་སླ་ཆོས་སུ་མ་སོང་བར་ལག་ཏུ་ལོན་པ་ཤིན་ཏུ་གཅེས། དེ་ཡང་དང་པོ་རྫས་གསག་ཅིང་བཅའ་གཞི་བསྡུ་བ་ནི། ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གསུམ། ལྔ། བདུན། བརྒྱད། བཅུ། བཅུ་གཅིག །བཅུ་གསུམ་གང་རུང་ནས་རྫས་གསག །ཞི་གཟའ་ཟླ་བ་ལྷག་པ་དར་བའི་དུས་དང་། སྔགས་བོན་ལ་དགེ་བའི་གཟའ་ཕུར་བུ་དར་བ་ལ་གཅེས། སྐར་མ་ཡང་ནབས་སོ། །རྒྱལ་སྟོད་སྨད་དང་ས་ཆུ་གཉིས་ཀྱི་སྐར་མ་དགོས། བཀྲ་ཤིས་པའི་ཉི་མ་དང་འགྲུབ་སྦྱོར་སྦྱོར་ཉི་བདུད་རྩི་སྦྱོར་བ་དང་ལོངས་སྤྱོད་སྦྱོར་བ་འཛོམས་པ་སོགས་དང་བསྟུན་ནོ། །ཡང་ན་ཀླུ་ཐེབས་དང་བསྟུན། ཀླུ་ལྡོག་དུས་འཛེམ་པར་བྱ། ཟིན་ཕུང་ཁྲ་ཚ་པི་ལིང་ཀིང་ཀང་ཉི་ནག་སོགས་ས་བདག་རྒྱུ་བ་ངན་པ་སོགས་ལ་ཤིན་ཏུ་འཛེམ་པར་བྱའོ། །ཀླུ་སྨན་གསག་པ་ནི། བལ་དཀར་མེ་ཏོག །ཐང་ལོ། སྨྱུག་ལོ། རྨ་བྱའི་མདོངས། རེ་རལ་དཀར་ནག །དབང་ལག །ཆུ་སྲིན་སྡེར་མོ། ཛཱ་ཏི། རྒྱ་སྤོས། རྒྱ་མཚོའི་ལྦུ་བ། ཨུཏྤལ་སྔོན་པོ། རྒྱ་མཚལ། དུང་ཕོར། སྤོས་དཀར། སྙིང་ཞོ་ཤ །ཟླ་གོར་ཞོ་ཤ །མཁལ་མ་ཞོ་ཤ །པུ་ཤེལ་ཙེ། ཆུ་དག་དཀར་པོ། སུག་སྨེལ། རས་སྐུད་དམར་པོ། སྦྲུལ་གྱི་པགས་པ། རྡོ་རྒྱུས། ནཱ་ག་གེ་སར། ཏིལ་དཀར་ནག །གུ་གུལ། ཙནྡན་དཀར་དམར། ཀ་ར། བུ་རམ། སྦྲང་རྩི། གསེར། དངུལ། དུང་། ཟངས། མུ་ཏིག །འབྲུ་སྣ་ཚོགས། དར་སྣ་ཚོགས། འདི་རྣམས་ལྕགས་སྣོད་དང་བསེ་ལ་སོགས་པའི་སྣོད་དུ་མི་རུང་ངོ་། །ཟངས་སྣོད་དུ་བསགས་ལ་ཞིབ་པར་བཏགས་ནས། གྲོ་རྗེན་གྱི་ཕྱེ་ཞིབ་མོ་ལ་གཞི་བླང་། བ་དམར་མོ། ར་དཀར་མོ། འབྲི་ཟལ་མོ་གསུམ་གྱི་འོ་མས་སྦྲུས་ལ། རིལ་བུ་སྣུམ་གྱིས་མ་གོས་པ་ལུག་རིལ་ཙམ་བྱའོ། །ནམ་མཁའ་དང་མེ་ཉིས་མ་ཕོག་པ་བྱའོ། །རས་དཀར་གྱི་ཁུད་དུ་གྲིབ་སྐམ་བྱ། ནམ་དུ་ཡང་ཤ་ཆང་སྒོག་ཙོང་གི་དྲི་དང་། གླ་རྩི། གུ་གུལ་སོགས་ཀླུ་མི་དགའ་བའི་དྲི་ཙམ་ཡང་མ་སོང་བར་ཤིན་ཏུ་གཙང་སྦྲ་དང་ལྡན་པ་གལ་ཆེའོ། །སྐམ་ནས་རས་དཀར་གྱི་ཁུག་མར་བླུག །འདི་ལྟ་བུའི་རིལ་བུ་ནི་ཆར་འབོད་སད་སྲུང་འཁྲུགས་བཅོས་སོགས་ཀུན་ལ་མཁོ་བས། རིལ་བུ་བླང་དུས་ནམ་བསིང་དུས་ལག་རྗེན་གྱིས་མ་རེག་པར་དགོས་དུས་བླང་ངོ་། །སད་སྲུང་རང་ལ་མཁོ་བའི་སྒེར་རྫས་ནི། ཅུ་གང་། གུརྒུམ། ལི་ཤི །ག་པུར། ཛཱ་ཏི། ཀ་ཀོ་ལ། ཀ་ར། བུ་རམ། སྦྲང་རྩི། དབང་ལག །སྔོ་རྟག་ངུ། ཆུ་ཤིང་། རིན་པོ་ཆེ་གང་འཛོམ་བྱས་བཅང་ངོ་། །དེ་ནས་སྣོད་གསག་པ་ནི། ཟངས་གསར་པ་སྔར་མ་སྤྱད་པའམ། རྫ་མ་གསར་པ་དམར་པོ་ཆེ་བ་ཞིག་ཁ་ཆོད་བཅས་སྟ་གོན་བྱས་ལ། གོང་གི་གཟའ་སྐར་དགེ་བའི་དུས་སུ། མི་འབྱུང་བ་ཆུ་ཁམས་པ་མིང་བཟང་བ་ཅན་གྱིས་ཀླུ་གནས་ངེས་ཀྱི་ཆུ་མིག་ལུང་པ་བཅུ་གསུམ་གྱི་ཆུ་སྣ་ཤིང་རྩི་བཅས་བསྡུའོ། །ཀླུ་ཁང་གསར་པ་བཟོས་ལ་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་དགུ་སོ་སོར་བཅས་ལ་ཀླུ་ཆེན་བརྒྱད་ཀྱི་ཙཀླི་བཙུག །མཐའ་ཤིང་ཏོག་དང་འབྲུ་སྣ་སྨན་སྣ་དཀར་མངར་གྱིས་བརྒྱན་པའོ། །ཟངས་རྫ་མ་གང་ལོན་ནང་དུ་ཆུ་སྣ་རྣམས་བླུག །སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ལ་ཁྲུས་གསོལ་གྱི་ཆུ་ཡང་བསྲེ། བ་དམར་ར་དཀར་གྱི་འོ་མ་ཅུང་ཟད་བླུགས་ལ་གོང་གི་སད་སྲུང་རྫས་དང་ཀླུ་སྨན་རིལ་བུ་ཡང་ལྔ་བདུན་སོགས་བཏབ་ནས་ཁ་ཆོད་དང་ལྡན་པར་བྱའོ། །ཤུག་པ་རྩེ་རྒྱལ་མདའ་གང་ལ་ཡིག་འབྲུ་ཡཾ་ཁཾ་བཾ་ལཾ་ཨེ་བྲིས་ལ་ཆུ་དཀྲུག་པར་བྱའོ། །དེ་ཡང་སློབ་དཔོན་གྱི་གསུང་ལས། སྔོན་འགྲོ་གཙང་མས་ཁྲུས་ཆོག་བྱ༔ ལྷ་ཀླུ་གཞི་བདག་གྲིབ་ནས་བཏོན༔ ཀླུ་གནས་རི་རྩེ་དབེན་ཁང་སྟེང༔ ཁྲོ་འམ་ཟངས་སམ་རྫ་མ་གསར༔ ལོངས་མ་སྤྱད་པའི་སྣོད་ནང་དུ༔ རབ་ཏུ་ལུང་པ་བཅུ་གསུམ་ཆུ༔ འབྲིང་བདུན་ཐ་མ་ལུང་གསུམ་ཆུ༔ བླུགས་ནས་བཟང་དྲུག་ཀླུ་སྨན་དང༔ དཀར་གསུམ་མངར་གསུམ་ཆུ་ཤིང་དང༔ རིན་ཆེན་ལྔ་དང་དར་སྣ་ལྔ༔ འབྲུ་སྣ་ཚོགས་ཚད་བླུག་པར་བྱ༔ བྱིན་རླབས་ལྡན་པའི་རྟེན་གསུམ་ལ༔ ཁྲུས་གསོལ་ཆུ་ཡང་དེ་ལ་བསྲེ༔ ཞེས་གསུངས་པ་བཞིན་ནོ། །ཀླུ་ཁང་སོགས་སྒྲུབ་ཁང་གི་ཡང་སྟེང་དབེན་པ་ནམ་མཁའ་རྒྱ་ཆེ་ཞིང་ཡུལ་མཐོ་སར་བྱེད་པ་གནད་ཡིན། ཀླུ་ཁང་གི་ཉེ་ཕྱོགས་སུ་ཟངས་རྫ་འཛུགས་པའི་བསང་ཐབ་སྒྱེད་པུ་ལེགས་པར་བཅའ་ཞིང་བལ་དཀར་དང་ཤིང་རྩི་སོགས་འོག་ཏུ་དགོས་པའི་རྫས་རྣམས་ཀྱང་ཤིན་ཏུ་ཚང་བར་གསག་གོ །སད་སྲུང་སོགས་ལ་ཕན་པའི་ཡིག་ཆ་ནི། ཀླུ་གཏོར་གདེངས་ཅན་འདོད་འཇོ། ཀརྨ་ཆགས་མེད་ཀྱིས་བྱས་པའི་འཁྲུགས་བཅོས་བསྡུས་པ། ལོ་གླུད་ཡི་གེ །ཆ་གསུམ་གཏོར་ཆོག །སྤྲིན་མདོ། སྣང་བརྒྱད། བཀྲ་ཤིས་བརྩེགས་པ། རྡོ་རྗེ་གནམ་ལྕགས་མཆུ་ལ་སོགས་པའི་ཡིག་ཆ་འདི་རྣམས་འཛོམ་པར་བྱ། དེ་ནས་ཀུན་གྱི་སྔོན་དུ་ཀུན་མཁྱེན་ཀློང་ཆེན་པའམ། གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་བསང་བརྔན་ཆེན་པོའང་སྔ་དྲོ་གཞུང་བཞིན་རྒྱས་པར་གཏང་། ཕྱི་དྲོ་ཆ་གསུམ་གཏོར་མ་གཏང་། ལོ་གླུད་འཇལ། བཀའ་བསྒོ་འདོད་གསོལ་རྒྱས་པར་བྱའོ། །དེ་ནས་དངོས་གཞི་ལ་འཇུག་པ་ནི། གཟའ་སྐར་བཟང་བ་བཞིན་སྔ་དྲོ། དུས་རྒྱུན་དུ་ནངས་ཞོགས་པར་ལངས་ཏེ་ཆུ་གཙང་གིས་ཁ་ལག་གདོང་གསུམ་བཀྲུས་ལ་སྟན་བདེ་བར་འཁོད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཏིང་ཤག་བརྡུང་ཞིང་སྔོན་འགྲོ་ཆོས་སྤྱོད་ལ་འདི་ལྟར་འཇུག་གོ །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ་བརྗོད། ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། མཆོད་པ་བྱིན་གྱིས་བརླབ་པ་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ནས་རྒྱལ་བ་འཁོར་བཅས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲང་བ་ནི། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །དེ་ནས་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་གསན་དབབ་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡི་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་པ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱི་འོ། །ཁྲུས་གསོལ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་བགྱི་འོ། །སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །དེ་ནས་གོས་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དེ་ནས་ཡན་ལག་བདུན་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཚང་བར་བརྗོད། མཎྜལ་འབུལ་བ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་པས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །དེ་ནས་བདག་བསྐྱེད་བྱ་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བཞུགས་པའི་གཡས་སུ་སྤྱན་རས་གཟིགས་དབང་། གཡོན་དུ་འཕགས་པ་འཇམ་དཔལ་གཉིས་ཀྱང་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཅན་ལ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་འབྱམས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་དཔག་ཏུ་མེད་པ་ནས་རིགས་གསུམ་མགོན་པོ་ལ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་སྤྱན་དྲངས་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས་དབང་བསྐུར་བྱིན་གྱིས་བརླབས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་སརྦ་པཱུ་ཛ་ཧོཿ ཞེས་མཆོད་ཅིང་བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཐུ་སྟོབས་རྡོ་རྗེ་འཛིན། །ཐུགས་རྗེའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས། །མཁྱེན་རབ་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས། །སྲས་བཅས་རྒྱལ་བ་མ་ལུས་ཀུན་ལ་བསྟོད། ཁྱེད་ལ་རྩེ་གཅིག་དད་པས་གསོལ་བཏབ་ཅིང་། །གསང་སྔགས་རྒྱལ་པོ་མཆོག་གི་སྙིང་པོ་འདི། །བཟླ་འོ་བདག་གཞན་སྒྲིབ་པ་ཀུན་སྦྱངས་ནས། །དབང་སྐུར་བྱིན་རློབས་སྨིན་ཅིང་གྲོལ་བར་གསོལ། །ཞེས་གསོལ་བཏབ་འདུན་པ་རྩེ་གཅིག་པའི་སྒོ་ནས། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་སྔགས་རེ་ལ་སོ་སོར་ཕྲེང་སྐོར་ལྔ་རེ་མི་ཚིག་གིས་བར་མ་ཆོད་པར་བཟླས་ལ། བཅོམ་ལྡན་རིགས་གསུམ་མགོན་པོའི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་སྣ་ཚོགས་དང་། །གསང་སྔགས་སྙིང་པོ་ཛཔ྄་ཀྱི་མཆོད་པ་འབུལ། ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །དགེ་རྩ་མཁའ་མཉམ་འགྲོ་བའི་དོན་དུ་བསྔོ། །དེ་ཡང་རིགས་གསུམ་མགོན་པོ་ནི་རྩ་བ་གསུམ་སྟེ་བླ་མ་ཐུགས་རྗེ་ཆེན་པོ། ཡི་དམ་འཕགས་པ་འཇམ་དཔལ་དབྱངས། མཁའ་འགྲོ་ལག་ན་རྡོ་རྗེའི་བདག་ཉིད་དོ། །འདི་ཡན་ཞོག་པ་ལ་གྲུབ་ནས་སྐབས་འདིར་བཟའ་བཏུང་སོགས་ལ་འཇུག་གོ། དེ་ནས་ཉི་མ་རྩེ་ཤར་ལ་མདུན་བསྐྱེད་ལ་ཀླུ་ཡི་བསྙེན་སྒྲུབ་ནི། ཀླུ་ཁང་གི་མདུན་དུ་ཀླུ་སྨན་དཀར་གསུམ་མངར་གསུམ་སྤོས་དང་མར་མེ་སོགས་མཆོད་རྫས་ཐམས་ཅད་ཚོགས་པར་བཤམས་ལ། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། མདུན་གྱི་ཀླུ་ཁང་མི་དམིགས་པར་སྟོང་པར་གྱུར་པའི་ངང་ལས་བྷྲཱུྃ་འོད་དུ་ཞུ་བ་ལས་མཚོ་དང་རྫིང་བུ་ནེའུ་གསིང་སྐྱེད་མོས་ཚལ་ལ་སོགས་པས་བསྐོར་བ། མཛེས་ཤིང་ཡིད་དུ་འོང་བའི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་རྒྱ་ཆེ་བའི་དབུས་སུ་ཀླུའི་རྒྱལ་པོ་ཝ་རུ་ཎ་དཀར་པོ། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་པདྨ་དཀར་པོ། ནུབ་ཏུ་འཇོག་པོ་དཀར་པོ། བྱང་དུ་ནོར་རྒྱས་ལྗང་གུ །ཤར་ལྷོར་དུང་སྐྱོང་དཀར་པོ། ལྷོ་ནུབ་ཏུ་སྟོབས་རྒྱུ་ལྗང་གུ །ནུབ་བྱང་དུ་རིགས་ལྡན་སྔོན་པོ། བྱང་ཤར་དུ་པད་ཆེན་སེར་པོ་སྟེ་ཐམས་ཅད་ཀྱང་སྟོད་ལྷའི་ལུས་ཅན་མཛེས་འཛུམ་སྦྲུལ་མགོའི་གདེངས་ཀ་ཅན་ཕྱག་གཉིས་ཐལ་མོ་སྦྱར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་འཁོར་དུ་ཀླུ་རིགས་བསམ་གྱིས་མི་ཁྱབ་པ་དང་ནོར་བུའི་རིགས་དང་དཀོར་ནོར་སྣ་ཚོགས་པས་བསྐོར་བའོ། །རང་ཉིད་ཡི་དམ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་མདུན་གྱི་ཀླུ་རྒྱལ་རྣམས་ཀྱི་ཐུགས་སྲོག་ཕུཿདཀར་པོ་ལ་ཕོག་པས། འོད་འཕྲོས་ཏེ་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཀླུ་རིགས་འཁོར་བཅས་གྲངས་མེད་པ་བྱོན་ནས་ཐིམ་པར་གྱུར། ཨོཾ་ནཱ་ག་རཱ་ཙ་བཛྲ་ས་མ་ཡ་ཛ་ཛཿ ཞེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ། ཀླུ་རྣམས་དངོས་སུ་བཞུགས་པར་མོས་ལ། དེ་ནས་ཀླུའི་མཆོད་གཏོར་ཟླུམ་པོ་འབྲུ་སྣ་དཀར་གསུམ་གྱིས་བརྒྱན་པ་དང་། འོ་ཕུད་བཅས་བཤམས་ལ་ཆུ་གཙང་གིས་བྲན་ནས། ཨོཾ་བཛྲ་ཡཀྴ་ཧཱུྃ། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཀླུ་རྣམས་དགའ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ནཱ་ག་རཱ་ཙ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་ལེ་ལཱེ་དུཾ་པ་ལེ་ལཱེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ་ལ་ཕྲིན་ལས་བཅོལ་བ་ནི། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང་སྣང་ཞིང་སྲིད་པའི་ལྷ་ཀླུ་གཞི་བདག་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་མཛད་དུ་གསོལ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ་ཅིག །ཁྱད་པར་དུ་ཆར་ཆུ་དུས་སུ་ཕོབ་ཅིག །ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དང་། ཁྱད་པར་ཡུལ་འདི་ཕྱོགས་སུ་བཙའ་སད་སེར་གསུམ་སོགས་ལོ་ཏོག་གི་འཚེ་བ་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། འབྲས་བུ་ལོ་ཏོག་གི་རིགས་སྨིན་ཞིང་རྒྱས་པར་མཛད་དུ་གསོལ། ཧ་ཅང་ཆར་ཆེ་བ་དང་། ཞོད་རྒྱས་པ་དང་། ཆུའི་འཇིགས་པ་མ་གཏང་། དཀོན་མཆོག་གསུམ་གྱི་བཀའ་དང་དམ་ཚིག་དྲན་པར་མཛོད་ཅིག །ཅེས་བྱས་ལ་བཟླས་པ་ནི། རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཀླུ་རྣམས་ཀྱི་ཐུགས་སྲོག་ཕུཿལ་ཕོག་པས། འདོད་དོན་གསོལ་བ་ལྟར་གྱི་ཕྲིན་ལས་སྒྲུབ་ཅིང་ཁྱད་པར་དུ་ཀླུའི་སྦྲུལ་མཇུག་རྣམས་ཀྱིས་རྒྱ་མཚོ་དཀྲུགས་པས་རྦ་རླབས་ཆི་ལི་ལི་འཕྱོ་ཞིང་ཟེགས་མ་ཆར་དུ་བབས། ས་དང་བར་སྣང་ཐམས་ཅད་སྤྲིན་དང་ན་བུན་གྱིས་གཏིབས་ནས་རྩི་ཤིང་ལོ་འབྲས་རྣམས་སྔོ་ལྷུབས་ལྷུབས་སྐྱེས་པར་བསམ་ལ། ཨོཾ་ནཱ་ག་ལེ་ལཱེ། དུམ་པ་ལེ་ལཱེ། ནཱ་ག་རཱ་ཙ་ཧཱུྃ་ཕཊ། ཅེས་སྨྲ་བ་བཅད་དེ་ལྔ་བརྒྱ་བཟླ་འོ། །མཐར། ཨོཾ་ནཱ་ག་རཱ་ཙ་སརྦ་བ་སུ་སིདྡྷི་སྭཱ་ཧཱ། ཞེས་ཉེར་གཅིག་བཟླ་འོ། །མཐར་དབྱངས་གསལ་ཡེ་དྷར་ཚར་གསུམ་བརྗོད། སྣང་ཞིང་སྲིད་པའི་ལྷ་ཀླུ་གཞི་བདག་ནོར་ལྷ་འཁོར་དང་བཅས། ཛམ་ལྷ་ཁྱེད་རྣམས་ལོ་ཏོག་འབྲུ་སྨན་རྣམས་ཁྱིམ་དུ་མ་འདུས་ཀྱི་བར་དུ་སྐུ་གཟུགས་རྟེན་རྫས་རྣམས་དང་དབྱེར་མེད་དུ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་བཀྲ་ཤིས་བྱིན་ཆགས་པར་མཛད་དུ་གསོལ། ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཐམས་ཅད་འདུ་བར་མཛད་དུ་གསོལ། ཞེས་བརྟན་བཞུགས་བྱའོ། །འདི་ཡན་ཆར་འབོད་སད་སྲུང་གང་ལའང་གྱིས། །དེ་ནས་ཉི་མ་རྩེ་ཤར་ལ་བསང་བཏང་ནས་འབྲུ་སྣ་སྨན་སྤོས་ཀྱི་ཕྱེ་མ་མཆོད། ཀློང་ཆེན་པས་མཛད་པའི་བརྔན་བསང་གིས་ཁོག་ཕུབ། འཁྲུགས་བཅོས་བསྡུས་པ་ཆགས་མེད་ལུགས་སོགས་རྒྱས་པར་འདོན། བསང་གྲུབ་འཕྲལ་ནས་ཀླུ་གཏོར་རྒྱས་པ་གཏང་གྲུབ་པར་བྱེད། དེ་ནས་སླར་ཡང་བསང་ཁ་གསོས་ལ། བླ་མ་དགོངས་འདུས་ལས་བྱུང་བའི་ཡུལ་ལྷ་མཆོད་པ་འདི་ཡང་གྱེར་དགོས་ཏེ། དེ་ནས་གཞི་བདག་ལ་བལ་ཤུག་ལ་སོགས་པའི་ཤིང་སྣའི་དུད་པ་རྒྱ་ཆེར་གཏང་། ཆང་ཕུད་གསེར་སྐྱེམས་གཡག་ལུག་ར་གསུམ་སོགས་ཀྱི་གཟུགས་ཁྲ་ཡག་བཅས་བཤམས་ལ་ཆུ་གཙང་བྲན། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་ཆང་ཕུད་ཕྱོགས་མཚམས་མཆོད་ལ་འདི་སྐད་དོ། །ཀྱེ། སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །གནས་ཤིང་རྟེན་བཅས་ས་བདག་ཀླུ། །ལྷ་མོ་བརྟན་མས་གཙོ་བྱས་པའི། །ལྷ་ཀླུ་དགེ་བསྙེན་ས་བདག་དང་། །ཡུལ་ལྷ་གཞི་བདག་མ་ལུས་པ། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱིས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། ཁྱེད་རྣམས་རྫུ་འཕྲུལ་སྟོབས་དང་ལྡན། །རྒྱ་མཚོ་ཆུ་ཀླུང་བྲག་རི་ནགས། །ས་དང་བར་སྣང་ཀུན་གྱི་བདག །ལེགས་ཉེས་གཉིས་ཀྱི་ཤན་འབྱེད་ཅིང་། །འགྲོ་བ་མི་དང་ལྷན་ཅིག་གནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དཀར་གསུམ་རྫས་ཀྱི་མཆོད་པ་འབུལ། །མངར་གསུམ་རྫས་ཀྱི་མཆོད་པ་འབུལ། །རང་རང་དགྱེས་པའི་མཆོད་པ་འབུལ། ཁྱད་པར་ཡུལ་བདག་གཉན་དང་ཀླུ། །ཡུལ་ལྷ་ས་བདག་འཁོར་དང་བཅས། །འདིར་གཤེགས་དཀར་མངར་མཆོད་པ་བཞེས། །འབྲས་དཀར་གཡག་ལུག་ར་གསུམ་འབུལ། །སྨྱུག་རྒོད་དར་སྣ་རིན་ཆེན་འབུལ། །གསེར་གཡུ་མདའ་དར་དར་ཚོན་འབུལ། །ཕྱེ་མར་ཆང་ཕུད་འབྲུ་སྣ་འབུལ། །མཁན་ཤུག་སུར་དཀར་བསང་དུད་འབུལ། །གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུར་ལྡན་གྱུར་ཅིག །ཁྱེད་ཀྱི་འདོད་པ་ཚིམས་ནས་ཀྱང་། །བདག་གི་འདོད་པའི་དོན་རྣམས་སྒྲུབས། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། ཧོཿ ས་ཡི་ལྷ་མོ་བརྟན་མ། ས་བདག་དབང་ཆེན། ས་འཛིན་ལག་པ་ཆེན་པོ། སྟོང་གསུམ་ཛམ་བུ་གླིང་ལ་གནས་པའི་ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། ཁྱད་པར་དུའང་ཡུལ་ཕྱོགས་འདི་སྐོར་ལ་གནས་ཤིང་བདག་ཅག་སྒྲུབ་པ་པོ་ལ་འགོ་ཞིང་སྡོང་གྲོགས་བྱེད་པའི་ལྷ་ཀླུ་གཞི་བདག་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། གསེར་སྐྱེམས་བདུད་རྩིའི་མཆོད་པ་དང་བདུད་རྩི་བསང་གི་མཆོད་པ་འདོད་ཡོན་གཏོར་མའི་མཆོད་པ་འདི་རྣམས་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྲིན་ལས་དམ་པ་མཛོད། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ཁྱད་པར་དུ་ཡུལ་ཕྱོགས་འདི་རུ་བཙའ་སད་སེར་གསུམ་འབུ་སྲིན་སོགས་ལོ་ཏོག་ལ་གནོད་ཅིང་འཚེ་བ་མཐའ་དག་སྲུངས་ཤིག །མ་གཏང་ཞིག །གཞན་ཡང་ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་ཞིང་མི་འབྱུང་བར་མཛོད་ཅིག །ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས་ཤིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལོ། །གཞི་བདག་མིང་ཆེ་བ་གདུག་རྩུབ་ཅན་ཡིན་ན་དམར་གཏོར་ཤ་ཁྲག་བྲན། འཛོམ་ན་བཤོས་ཟླུམ་དཀར་གསུམ་འབྲུ་སྣས་བརྒྱན་པ་སོ་སོར་གང་དགྱེས་སུ་མཆོད་དགོས་པ་དང་། བསང་གསེར་སྐྱེམས་ནི། སྤྱི་མཆོད་ཡིན་ན་དགོངས་འདུས་ནས་གསུངས་པའི་ལག་ལེན་འདིར་བྱ། ཞི་བའི་རིགས་ལ་དཀར་གཏོར་མར་ཐུད་འབྲུ་སྣས་བརྒྱན་པ་དང་། གསེར་སྐྱེམས་གཙང་མ། དྲག་པོའི་རིགས་ལ་སྣོད་གཅིག་ཏུ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་དང་། ཡང་སྣོད་གཅིག་ཏུ་བགེགས་རིགས་ལན་ཆགས་སྤྱི་ལ་བགེགས་གཏོར་ཏིང་ལོ་ཆངས་བུ་ཤ་དུམ་ལ་ཕུག་འབྲུ་སྣ་དྲུག་གིས་བརྒྱན་པ་བཤམ། ཡོ་བྱད་ཡོད་པ་བཞིན་སེར་སྣ་དང་བྱས་ཆོག་ཏུ་མ་སོང་བར་གཏོར་མ་བཟང་མང་ཆེ་བར་བྱས་ན་རྟེན་འབྲེལ་བཟང་ངོ་། །དེ་རྣམས་བཤམས་ནས་སྤྱི་ཁྱབ་ཏུ་བྱིན་བརླབ་པ་ནི། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གཏོར་མ་འདོད་ཡོན་སྣང་ཞིང་སྲིད་པའི་ལྷ་ཀླུ་མི་མ་ཡིན་གཉུག་མར་གནས་པ་དང་། འདྲེ་སྲིན་ལན་ཆགས་དང་བཅས་པའི་འདོད་འབྱུང་གི་ཇི་ལྟར་མཁོ་བའི་མཆོད་སྦྱིན་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་སོགས་ལན་གསུམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། མཆོད་སྦྱིན་གཏོར་མ་དམ་པ་འདི། །མང་པོར་ཏིང་ངེ་འཛིན་གྱིས་སྤེལ། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད། །ཡོན་བཞེས་འདོད་པའི་བསམ་པ་སྒྲུབས། །ཞེས་ལན་གསུམ་གྱིས་བསྔོས་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ ཕྲིན་ལས་འདི་ལ་དད་དང་མ་དད་པའི། །འདས་དང་མ་འདས་སྡེ་བརྒྱད་མི་མིན་ཚོགས། །མགོན་སྐྱབས་གྲོགས་མཛད་སྲུང་ཕྱིར་མཆོད་པ་བཞེས། །མ་དད་བགེགས་རིགས་ལན་ཆགས་འདོད་ཡོན་ཁྱེར། །ཡོངས་ཁྱབ་ལྷ་སྲིན་སྒྲུབ་པའི་གྲོགས་མཛོད་ཅིག །གང་བསམ་འདོད་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ལན་གསུམ་བརྗོད། འདི་ནི་ཀློང་གསལ་གཏེར་བྱོན་གུར་དྲག་ཡེ་ཤེས་རབ་འབར་ལས་བྱུང་བའོ། །ཆ་གསུམ་བསྡུས་པའི་གོ་ཡང་འདིས་ཆོད་སྙམས་ཤིང་ཕྱི་དྲོ་སད་རྟགས་བྱུང་ན། ཡང་དགོང་ཀ་གཏོར་མ་འདི་དགོས་ངེས་ཅན་ཡིན་ནོ། ༈ །རྒྱས་པར་སོ་སོར་བསྔོ་བ་ལ་ཐོག་མར་གསེར་སྐྱེམས་འབུལ་བ་ནི། གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་ཉིད་སྐད་ཅིག་གིས་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དཔལ་མགོན་བདུན་ཅུ་ལྷ་མོ་བརྟན་མ་སོགས་ལྷ་ཀླུ་གཞི་བདག་ཐམས་ཅད་མདུན་དུ་འཁོད་པར་མོས། ཧཱུྃ་ཧྲཱི༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང༔ དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས༔ བདུདདང་སྲིན་པོ་མ་མོ་གཟེད་སྨན་དང༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་བཞི་བདག་གནས་བདག་གཏེར་བདག་དང༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་དི་སྣོམས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྟོངས་གྲོགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་ནི་བླ་མེད་བྱང་ཆུབ་མཆོག་བསྒྲུབ་ཅིང༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི༔ ས་བདག་རྗེ་བློན་འཁོར་དང་བཅས་རྣམས་ཀྱང༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་སྣོམས་ལ༔ བདག་གི་བསམ་པའི་དོན་འདི་མ་འགྲུབ་བར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་བསྒྲུབས་ལ་རེ་བ་བསྐངས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་དགོངས་འདུས་ལྟར་དང་། ཁྱད་པར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང་། །ཡུལ་ཕྱོགས་འདི་ཡི་ཕུ་མདའ་ཉིན་སྲིབ་ལ། །བཙའ་དང་སད་སེར་གནོད་འཚེ་མ་གཏང་ཞིག །ལོ་ཏོག་འབྲུ་སྨན་འཕེལ་ཞིང་རྒྱས་པར་མཛོད། །ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད། །བཅོལ་པའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར། པྲྀ་ཐི་དེ་ཝཱི་ལོ་ཀ་པཱ་ལ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་ནས་ཤབྡའི་བར་དུ་མཆོད། དེ་ནས་དཀར་གཏོར་མཆོད་པ་ནི། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །རིག་འཛིན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བོད་ཁམས་སྐྱོང་བའི་སྐྱོང་མ་དང་། །བརྟན་མ་ཆེན་མོ་བཅུ་གཉིས་དང་། །མ་མོ་འབྱུང་པོ་ཤ་ཟའི་ཚོགས། །སྲིན་པོ་ཡི་དྭགས་སྨྱོ་བྱེད་དང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །གཞི་བདག་ཚོགས་རྣམས་ཐམས་ཅད་དང་། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །དེ་ནས་དྲིལ་བུ་གསུམ་དུ་བརྡུང་བར་བྱས་ལ། མཆོད་སྦྱིན་གཏོར་མ་སོགས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཁྱད་པར་ཡངས་པའི་རྒྱལ་ཁམས་སོགས་གོང་ལྟར་བྱ། དེ་ནས་ཆོས་ཀྱི་སྦྱིན་པ་ནི། ཡེ་དྷརྨཱ་སོགས། སྡིག་པ་ཅི་ཡང་མི་བྱ་སོགས། ཞེས་པས་གཏོར་མ་གཙང་སར་འབུལ། དེ་ནས་དམར་གཏོར་བཤམས་ལ་འབུལ་བ་ནི། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ཁྲག་རུས་པའི་ཕུང་པོ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཤ་ཁྲག་དམར་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་ཅན་གྱི་རིགས་སུ་གྱུར་པ་མཐུ་ཆེ་ཁ་དྲག་དབང་བཙན་རྣམས་དང་། ཁྱད་པར་ཡུལ་ཕྱོགས་འདིར་གནས་ཀྱི་རྒྱལ་བཙན་བདུད་སོགས་སྡེ་བརྒྱད་མཐུ་བོ་ཆེ་སྡེ་དགོན་དབེན་གནས་གཉན་པོའི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །དགྱེས་པར་བཞེས་ལ་ཀོ་ལོང་དང་རུ་ང་ཕྲག་དོག་གདུག་སེམས་མ་མཛད་ཅིག །ཅེས་དང་གཏོར་མ་གཙང་སར་གཤེགས། ལན་ཆགས་བགེགས་རིགས་ཀྱི་གཏོར་འབུལ་ནི། རང་ཉིད་པདྨ་དྲག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་བགེགས་རིགས་ལན་ཆགས་འབྱུང་པོ་ཐམས་ཅད་སྐད་ཅིག་གིས་མདུན་དུ་འུབ་ཀྱིས་འདུས་པར་གྱུར། སརྦ་བྷཱུ་ཏ་ཨཱ་ཀརྴ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། དཀར་པོ་དགེ་བའི་ལས་སྒྲུབ་པ་དང་སྐྱེ་འགྲོ་སེམས་ཅན་ཀུན་ལ་གནོད་ཅིང་འཚེ་བར་བྱེད་པའི་བགེགས་རིགས་ལན་ཆགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་བསྔོ་འོ།། སྦྱིན་ནོ། །ཚིམ་པར་གྱུར་ཅིག །ཁྱད་པར་དུ་ཡང་ས་ཕྱོགས་ཡུལ་རིས་འདི་དག་ཏུ་འབྲས་བུ་ལོ་ཏོག་ལ་གནོད་ཅིང་འཚེ་བར་བྱེད་པ་གཏོང་མཁན་རྒྱ་འདྲེ་དམ་སྲི་འབྱུང་པོ་བསེ་རག་གི་རིགས་སུ་གྱུར་པ་རྣམས་དང་། གནམ་ས་བར་གསུམ་གྱི་འགོང་པོ་སྤུན་དགུ་སོགས་སད་འདྲེའི་རིགས་ཐམས་ཅད་ལ་བསྔོ་འོ། །སྦྱིན་ནོ། །ཚིམ་པར་གྱུར་ཅིག །འགོང་པོ་སད་འདྲེ་ཁྱེད་རྣམས་ཀྱི་ཟ་ཁ་བསྟན་དགྲའི་ཡུལ་ཞིང་འབྲོག་གསུམ་ལ་ཐོབས་ཤིག །བཏུང་སྣ་དགྲ་བོ་ཐམས་ཅད་ཀྱི་ཡུལ་ཞིང་འབྲོག་གསུམ་རྩ་ཆུ་ཤིང་གསུམ་ལ་ཟ་ཁ་སྟོན་ལ་གནས་ཆོས་ཤིག །བདག་ཅག་དཔོན་སློབ་བསྲུང་བྱ་དམིགས་ཡུལ་རྣམས་ལ་གནོད་འཚེ་མ་གཏང་ཞིག །བཀའ་དང་དམ་ལས་མ་འདའ་ཞིག །དེ་བས་གླུད་ཀྱི་གཏོར་མས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་སོང་ཞིག །བྱེར་ཅིག །དེངས་ཤིག །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་བཤིག་ཅིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བའི་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །རྒྱལ་འགོང་བསེན་མོ་དམ་སྲི་ཤ་ཏྲཱུན་མཱ་ར་ཡ་རྦད་ནན། བསམ་སྦྱོར་ངན་པ་ཐམས་ཅད་འདིས་ཐུལ་ཅིག །ཅེས་བདེན་སྟོབས་བརྗོད། དམར་གཏོར་དང་བགེགས་གཏོར་འདི་ཕྱི་དྲོ་སད་རྟགས་སོགས་བྱུང་དུས་ཤིན་ཏུ་གཅེས་པས་བྱའོ། །བསང་ཀླུ་གཏོར་དཀར་གཏོར་གསེར་སྐྱེམས་དམར་གཏོར་བགེགས་གཏོར་སོགས་གཞུང་འདིར་ཡོད་པ་རྣམས་ཡོད་བཞིན་དུ་སེམས་བསྐྱེད་ལྡན་པས་བརྩོན་པར་བྱས་ན་འདི་ཁོ་ནས་ཀྱང་སད་ལས་སྐྱོབ་བོ། །དེ་བས་གཅེས་པར་གྱིས་ཤིག །དེ་ནས་སྤྲིན་མདོ་དང་སྣང་བརྒྱད་བཀླག །གཞན་ཡང་ཉེས་པ་ཀུན་སེལ་སོགས་ལོང་ཁྱབ་དང་བསྟུན་ནོ། འདི་ཡན་ཕྱི་དྲོ་དང་སྔ་དྲོའང་བྱ་བ་སྟེ་ཉིན་བཞིན་མ་ཆག་པ་གལ་ཆེའོ། །དེ་ནས་སྤྲིན་མདོ་ཚར་རེ་དང་སྣང་བརྒྱད་ཚར་རེ་བཀླག་གོ །དེ་ནི་ཉི་དྲོས་ཡན་ཆད་ཀྱི་འདོན་བསྒོམ་རྣམས་ཏེ་ཤིན་ཏུ་གལ་ཆེ་ཞིང་ཉིན་བཞིན་དུ་ཆག་མེད་བྱའོ། ༈ དེ་ནས་སྔགས་བསྒྲང་བ་ནི། ཆར་འབོད་ཀྱི་དུས་ཡིན་ན་སྔགས་ཐོག་མར་འདི་བཟླ་འོ། །ཨོཾ་ནཱ་ག་ལེ་ལཱེ། དུམ་པ་ལེ་ལཱེ། ནཱ་ག་རཱ་ཙ་ཧཱུྃ་ཕཊ། ཞེས་མང་དུ་བཟླས་ལ་ཆར་འབེབ་ཀྱི་སྔགས་ནི། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛཿ ཕྲོཾ་ཕྲོཾ། ཕོབ་ཕོབ། ནཱ་ག་རཱ་ཙ་ཆར་ཕོབ་ཕོབ། ནཱ་ག་རཱ་ཙ་རྦུད་རྦད་ཆར་ཡ་རྦད། ནཱ་ག་རཱ་ཙ་རྦུད་ཆར་ཡ་རྦུད། ནཱ་ག་རཱ་ཙ་བསྐུལ་ཆར་ཡ་བསྐུལ། ནཱ་ག་རཱ་ཙ་ཕྲོཾ་ཕྲོཾ། ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། ཅེས་དྲག་ལ་མང་བར་བཟླ་ཞིང་སད་སྲུང་དུས་འདི་མི་དགོས། ༈ དེ་ནས་སད་སྲུང་དངོས་གཞི་ལ་འཇུག་པ་ནི། ཐོག་མར་སྔ་དྲོའི་སྐབས་སུ་ལྷོ་སྤྲིན་རྟོད་ལ་མནན་པའི་སྔགས་ནི། ཨོཾ་ནཱ་ག་རཱ་ཙ་ཕུ་རཏྣ་ས་མ་ཡ་ཛ་ཛཿ ལན་བདུན། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ཁྱོད་ལྷོ་སྤྲིན་ཡལ་དུ་མ་འཇུག་པར་སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་ས་མ་ཡ་ཛ་ཛཿ ལན་ལྔ། ཤར་གྱི་ཀླུ་རྒྱལ་བ་སུ་ཀི །ལྷོ་སྤྲིན་རྟོད་ལ་མནན་ནས་ཀྱང་། །སྤྲིན་ཚོགས་ཡལ་དུ་མ་འཇུག་པར། །སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཨོཾ་ནཱ་ག་རཱ་ཙ་པདྨ་ས་མ་ཡ་ཛ་ཛཿ ལན་བདུན། ཤར་ལྷོའི་ཀླུ་རྒྱལ་པདྨ་ཡིས། །ལྷོ་སྤྲིན༴ འགྲེའོ། །ཨོཾ་ནཱ་ག་རཱ་ཙ་ཕུ་ཨུ་ལི་ཀ་ས་མ་ཡ་ཛ་ཛཿ ལན་ལྔ། ལྷོ་ཡི་ཀླུ་རྒྱལ་པད་དཀར་གྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཛ་ཕུ་དྷུ་ན་ས་མ་ཡ་ཛ་ཛཿ ལན་བདུན། ལྷོ་ནུབ་ཀླུ་རྒྱལ་མཐའ་ཡས་ཀྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཀརྐོ་ཊ་ས་མ་ཡ་ཛ་ཛཿ ལན་བདུན། ནུབ་ཏུ་ཀླུ་རྒྱལ་ཀརྐོ་ཊས། །ལྷོ་སྤྲིན༴ ཨོཾ་ན་ག་རཱ་ཙ་ཕུ་ཙན་དུ་ས་མ་ཡ་ཛ་ཛཿ ལན་ལྔ། ནུབ་བྱང་ཀླུ་རྒྱལ་རིགས་ལྡན་གྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཏཀྵ་ཀ་ས་མ་ཡ་ཛ་ཛཿ ལན་ལྔ། བྱང་གི་ཀླུ་རྒྱལ་འཇོག་པོ་ཡིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཧུ་ལ་ཕུ་ས་མ་ཡ་ཛ་ཛཿ ལན་བདུན། བྱང་ཤར་ཀླུ་རྒྱལ་དུང་སྐྱོང་གིས། །ལྷོ་སྤྲིན་རྟོད་ལ་མནན་ནས་ཀྱང་། །སྤྲིན་ཚོགས་ཡལ་དུ་མ་འཇུག་པར། །སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཅེས་ལེགས་པར་བཟླ་འོ། ༈ །དེ་ནས་ས་གཞི་དྲོད་འབེབ་ཀྱི་སྔགས་ནི། དེ་ཡང་སད་འོང་བའི་རྐྱེན་ནི། མི་རྣམས་ཀྱི་བག་མེད་དང་སྤྱོད་པ་རྩིང་པོས་རི་གཉན་ཆུ་མིག་གཉན་པོར་ཐབ་ཤོར་བ་དང་། འཁྲུག་རྩོད་བྱས་པ་དང་སྡིག་ཅན་བསོད་ནམས་ཞན་པའི་མི་རྣམས་གུམ་པའི་རྐྱེན་གྱིས་སད་འབྱུང་བར་གསུངས་པས། ཡུལ་ཕྱོགས་རི་རྒྱ་དང་ཀླུང་རྒྱ་བསྡམ། དགེ་ཁྲིམས་བཅའ། གཞི་བདག་ལ་ཕོག་ཐུག་མི་འགྲོ་བའི་བསླབ་བྱ་བྱའོ། །ཕྱི་དྲོ་དང་དགོང་ཀ་སད་འོང་བའི་རྟགས་ནི། ཕྱི་དྲོ་སད་མདའ་འོང་བ་དང་། སྤྲིན་དང་ན་བུན་ཡལ། སྐར་མ་འདར། བྱང་ནས་རླུང་སི་རི་རི་འོང་ན་ངེས་པར་སད་འོང་བས་སྔགས་རྒྱུན་ལ་འབད་པར་བྱའོ། །བྱང་སྤྲིན་རྣམས་ལྷོར་འགྲོ་བ་དང་། སད་བླ་རླུང་དང་བུ་ཡུག་འཚུབ་པ་དང་། སྤྲིན་ནག་པོ་མི་མགོ་འདྲ་འུར་འུར་རྡུལ་རྡུལ་ལྷོར་འགྲོ་བ་དང་། རླུང་དང་ལྷགས་པ་ངད་གྲང་ཤར་དང་བྱང་ནས་འོང་ཞིང་ལྷགས་པ་ཚ། དགུ་ཚིགས་དྲི་མ་དང་བྲལ་ན་ངེས་པར་སད་འོང་བས་མཚན་དེ་ལ་ཆུ་སྣའི་ཟངས་ཞབས་སུ་མེ་དུད་རྒྱུན་ཆད་མེད་པར་བྱ། སྔགས་དང་དམིགས་པ་དཔོན་སློབ་གཉིས་གསུམ་གྱིས་ནན་ཏན་བྱས་པས་ངེས་པར་ཐུབ་བོ། །སད་རྟགས་འདི་བརྟག་པར་ཤིན་ཏུ་གཅེས་པར་བྱའོ། །ལེ་ལོ་སྙོམ་ལས་བྱས་ན་འབྲས་བུ་འབྱུང་དཀའ། བསམ་པ་སེམས་བསྐྱེད་ཀྱིས་ཁོག་ཕུབ། དཀོན་མཆོག་ལ་གསོལ་བ་བཏབ་ཅིང་བཀའ་བསྒོ་བདེན་པ་བརྗོད་ལ་ནན་ཏན་བྱའོ། ༈ །ས་གཞི་དྲོད་འབེབ་སོགས་སད་སྲུང་དངོས་གཞིའི་རྫ་མ་ཟངས་ཆུའི་སྔགས་དང་དམིགས་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྫ་ཟངས་བྷྲཱུྃ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པའི་ནང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ཀླུའི་ཕོ་བྲང་ཆེན་པོར་གྱུར་པའི་ནང་དུ། ཀླུ་ཆེན་བརྒྱད་སྦྲུལ་མགོའི་གདེངས་ཀ་ཅན་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། འཁོར་དུ་ཀླུ་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས་ཀྱི་སྦྲུལ་མཇུག་གིས་རྒྱ་མཚོ་དཀྲུགས་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་སྤྲིན་དང་ན་བུན་གྱིས་གཏིབས། འོག་ཏུ་མེ་ཡི་དྲོད་ཀྱིས་གཡོས་པས་ནང་གི་ཆུ་ལས་སྨུག་པ་མཆེད། དེ་ལས་ནམ་མཁའ་ལ་སྤྲིན་འཁྲིགས་པར་གྱུར། དམིགས་པ་ནན་ཏན་བྱ་ཞིང་སྔགས་འདི་བཟླ། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལཱེ༔ དུམ་པ་ལེ་ལཱེ༔ ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་སརྦ་མེ་གྷ་སྡུས་སྭཱ་ཧཱ༔ ཉིན་མཚན་ཀུན་ཏུ་མང་དུ་བཟླ་འོ། །དེ་ནས་རྫ་ཟངས་ཆུ་སྣ་ཞབས་སུ་མེ་བཏང་ནས་ཆུ་དཀྲུགས་རིང་སྔགས་འདི་བཟླ་འོ། །ཨོཾ་བྷི་ཏ་ལིང་ཐིབ་ཐིབ༔ བྷ་ཐ་ལིང་ཐིབ་ཐིབ༔ སེ་བ་ལི་ཐིབ་ཐིབ༔ སེར་འདུས༔ རླངས་འདུས༔ སྤྲིན་འདུས༔ སོ་ཏ་པ་ལ་སོ་ཏ་པ་ལ༔ དེ་ནས་ནམ་ཕྱེད་ནས་ཉི་མ་རྩེ་ཤར་བར་དུ་སྔགས་འདི་བཟླ་སྟེ། ཟངས་ཆུའི་ཞབས་སུ་ཤིང་སྤ་མ་སོགས་ཤིང་སྣའི་མེ་འབུད་ལ་ཆུ་སྔགས་ཐུན་བཟུང་གིས་བཟླས་པ་ནི། དྷེ་ཝ་རར་སྡུས་རྣྲི་འུབས་སྡུས༔ སྤྲིན་སྡུས༔ རཀྴ་སྡུས་སྭཱ་ཧཱ༔ ཞེས་བརྒྱ་སྟོང་བཟླ། ཆུ་ལྷོག་བུད་ནས་སྔགས་འདི་བཟླ། ཨོཾ་ཨ་མ་ཧཱུྃ༔ ཐུམ་རིལ་སྡུས༔ པྲ་ཏི་པྲ་ཏི་བྷ་རི་སྭཱ་ཧཱ༔ ཨོཾ་ནཱ་ག་མུ་ལ༔ བྷ་རི་ཤ་ཡ༔ གྲི་ན་ཡ་བྷི་རི༔ ནག་པོ་ཐིབ་ཐིབ༔ འདྲེ་ཡ་ཡེ༔ སྤྲིན་སྡུས་སྡུས༔ སྔགས་འདི་ནི་དགོང་མོ་ནས་ཉི་མ་མ་ཤར་བར་དུ་བཟླ། ཁྱད་པར་ཐོ་རངས་དུས་བརྩོན་འགྲུས་བསྐྱེད་ལ་བཟླས་ན་སད་ངེས་པར་ཐུབ་པ་གལ་ཆེན་གནད་དམ་པ་ཡིན་ནོ། །ས་གཞི་དྲོད་འབེབ་ཀྱི་སྐབས་སུ་བྱིས་པ་ལོ་བཅུ་གསུམ་མན་ཆད་ཀྱི་གཙང་མས་ཆུ་མིག་ལུ་མ་དགུན་མི་འཁྱགས་དབྱར་བསིལ་བ་ནས་ཆུ་གཙང་མ་མང་ཙམ་བླངས་ལ་ཆུ་སྣ་རྫ་མ་ནང་དུ་བླུགས་ཞབས་སུ་ཤིང་སྣའི་དུད་པ་བཏང་ནས་ཀླུ་ཆེན་བརྒྱད་བསྐྱེད་བསྒོམ་མོ། །སྔགས་གོང་གི །ཨོཾ་ནཱ་ག་ཀཱ་ལ་སོགས་དང་། སརྦ་མེ་གྷ་སྡུས་སོགས་ཅི་མང་བསྒྲང་བ་གནད་ཡིན། ࿊ རཏྣའི་གཏེར་བྱོན་གུར་དྲག་གི་ལས་ཚོགས་ལས་བྱུང་བའི་སད་སྲུང་ནི། ནམ་མཁའ་རྒྱ་ཆེ་ཞིང་ཡུལ་མཐོང་ཞིང་གཙང་སར་བྱ། སྣོད་ནི་ཟངས་ཆེན་པོའམ་རྫ་མ་དམར་པོ་མ་སྤྱད་པ་ཆེན་པོའི་ནང་དུ་གཙང་པོའི་ཆུ་དང་ཀླུ་གནས་ཀྱི་ཆུ་བླངས་ལ་བཀང་། རྫས་ནི། རྟག་ངུ་། དཀར་གསུམ་མངར་གསུམ། བ་དམར་མོ་དང་ར་དཀར་མོའི་འོ་མ་བླུག །དེ་འོ་མའི་རྒྱ་མཚོ་ཆེན་པོར་བསྒོམ། ནམ་མཁའ་རྒྱ་ཆེ་ཞིང་མཐོང་སར་འོག་ཏུ་སྒྱེད་བུ་བཙུགས་ལ། བོང་བའི་མེ་དུག་གིས་རླངས་ཐུལ་བྱ།་་་འདི་ངེས་ངེས་མ་བྱུང་ཡང་ཤུག་པ་སྤ་མས་ཆོག །སྔོན་འགྲོ་བརྔན་བསང་གསེར་སྐྱེམས་གཏོར་མ་སོགས་རྒྱས་པར་བཏང་ལ། ནུས་པ་ཅན་མི་ལྔས་སྔགས་འདི་ནན་ཏན་བྱས་ལ་བཟླ། མདུན་གྱི་ཆུ་སྣའི་རྫ་མ་དྲོས་པ་ལས་རླངས་པ་བྱུང་བས་སྨུག་པ་མཆེད། དེ་ལས་ནམ་མཁའ་ལ་སྤྲིན་གྱིས་གང་བར་གྱུར། སྔགས་ལ། ཨོཾ་ཨཱཿཧཱུྃ། ཨེ་ཧུར་ཐུཾ་དྲིལ། སྡུས་སྣ་ཐི་ར་ཐཾ་བམ་སྭཱ་ཧཱ། ཞེས་སྔགས་རྒྱུན་བྱས་པས་སད་ལས་ཐུབ་པར་འགྱུར་རོ། །ཞེས་དྲག་པོའི་བསྙེན་སྒྲུབ་ཐེམས་པ་རྣམས་ཀྱིས་སྟོན་ཟླ་འབྲིང་པོའི་གཟའ་ཚེས་དགེ་བ་ནས་མགོ་བརྩམ་སྟེ་བསྒྲུབ། ལོ་དུས་ཀྱི་ཚེས་གྲངས་སྐར་མ་སོགས་སད་སྲི་ཞུགས་པ་སོགས་ཡོད་དུས་དང་དུས་ལ་བབས་ཚེ་བྱ་འོ། །ཡང་འདིའི་འཕྲོ་ལས་བྱུང་བའི་བཙའ་སོགས་ལོ་ནད་ཐུབ་པའི་སྲུང་བ་ནི། ཆུ་འགྲམ་ཀྱི་བྱེ་མ་ལ་སྔགས་འདི་བཟླ་འོ། །མེ་ཁུ་ཆུ་སོད་ཕུ་ཤེལ་ཀ་ལི་ནན། བྷྲཱུྃ་བཾ་ལཾ་རཾ་ན་སོད། ཅེས་མང་དུ་བཟླས་ལ་ནངས་ཞོགས་སྔ་མོ་ཞིང་ལ་ཁྱབ་པར་གཏོར་བས་ཐུབ་ངེས་སོ། །ཞེས་གསུངས་སོ། ༈ དེ་ནས་རླུང་སད་བསྲུང་བ་སོགས་རླུང་གནོན་པ་ནི། གྲོ་ག་ལ་རླུང་ལྷ་ཤ་བ་ཡུ་མོ་ཉལ་བ་ལ་ཞོན་པ་སྐུ་མདོག་དུད་ཁ་ལག་ཏུ་བ་དན་བསྙལ་ནས་འཛིན་པ་བྲིས་པའི་སྙིང་ཁར། རླུང་ལྷ་རླུང་དང་བཅས་ནོན་ནོན་སཏྭམ་བྷ་རཀྵ་ཧཱུྃ༔ ཞེས་པའི་མཐར། ཡཾ་བརྒྱ་རྩ་བརྒྱད་ཀྱིས་བསྐོར། ཨོཾ་བྷ་ཡ་བྷེ༔ ཨ་ཏཾ༔ ཨི་སཏྭཾ༔ བྷ་ཡུ་སཏྭཾ་བྷ་ཡ་ནན༔ རླུང་ལྷ་སཏྭཾ་བྷ་ཡ་ནན༔ བྷ་ཡ་བྷེ༔ བྷནྡྷ་བྷནྡྷ༔ བྷནྡྷ་ཡ་བྷནྡྷ་ཡ༔ སཏྭཾ་བྷ་སཏྭཾ་བྷ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ཡཾ་ཡཾ་ནན་ལཾ་ལཾ་ནན༔ ཧཱུྃ་ཧཱུྃ་བྷ་ཡུ་སཏྭཾ་བྷ་ཡ་ཛ་ཛ༔ ནན་ནན༔ ཕཊ་ཕཊ༔ རླུང་སད་གཏོང་མཁན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སཏྭཾ་བྷ་ཡ་ནན༔ ཞེས་ཚར་གསུམ་བྲིས་ལ་མཐའ་བསྐོར། །དེ་ནི་རླུང་གནོན་གྱི་ཙཀྲ་འོ། །དེ་ནས་ལུས་བྱ་མགོ་ཅན། སྤྲེལ་མགོ་ཅན། སྦྲུལ་མགོ་ཅན་གསུམ་བྲི། སྙིང་གར་ཏྲི་རེ་བྲི། དེ་ཡི་མཐར་བགེགས་རིགས་འགོང་པོ་སྤུན་དགུ་ནན་བྲི། དེའི་མཐར། བསྟན་པ་དང་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པའི་གནམ་ས་བར་གསུམ་གྱི་འགོང་པོ་སྤུན་དགུ་རྒྱ་འདྲེ་དམ་སྲི་བསེན་མོ་བསེ་རག་འབྱུང་པོའི་རིགས་སུ་གྱུར་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་སཏྭཾ་བྷ་ཡ་ནན༔ ཞེས་བྲིས་མཐར་ཛཿཁྲོམ་གྱིས་བསྐོར་ལིང་ག་རྣམས་ལ་རང་གི་དྲ་དྲི་མ་སོང་བར་སྦྱོང་བ་བྱས་ནས། མདུན་དུ་ལྕགས་སྣོད་ནང་དུ་བཞག་ལ། ན་མོ། མཆོག་གསུམ་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་ལྷག་བསམ་རྣམ་པར་དག་པའི་བདེན་སྟོབས་ཀྱིས། རླུང་དང་རླུང་ལྷ་རླུང་སད་གཏོང་མཁན་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཅེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ་སྟེ་སོ་སོར་ལྟེབ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ། རྫ་མའི་གྭའུ་གྲུ་གསུམ་དུ་བཅུག །ནང་ཐམས་ཅད་ཚ་ཚཱ་ཞིག་པའམ་སས་བཀང་སྟེ་གྭའུ་ཡང་ཚོན་སྐུད་ཀྱིས་དཀྲིས་ལ་སྒྲུབ་ཁང་གི་ནུབ་བྱང་དུ་དོང་བྲུས་ལ་ནང་ན་མནན། སྟེང་ན་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དེའི་སྟེང་དུ་ཐོ་བརྩེགས་ལ་ཚ་ཚཱ་རབ་གནས་ཅན་གྱིས་མནན་པར་བྱའོ། །འགོང་པོའི་ལིངྒ་ཡང་ཚོན་སྐུད་ཀྱིས་བཅིངས་གྭའུ་གྲུ་གསུམ་ནང་དུ་བཅུག་ལ་མཆོད་རྟེན་ནམ་ལྷ་ཁང་ཐེམ་འོག་ཏུ་མནན་ནོ། །དེ་ནས་རླུང་འོང་བའི་དུས་སུ་འདི་ལྟར་བྱའོ། །རི་ཡི་རྒྱལ་པོ་རི་རབ་ཀྱི་འོག་ཏུ་རླུང་དང་རླུང་ལྷ་རླུང་བདག་རླུང་སད་གཏང་མཁན་ཐམས་ཅད་ཆིལ་གྱིས་མནན་པར་གྱུར། ཨོཾ་ཆར་ཡ་ཆུར་ཡ་བྷ་ཡུ་སཏྭཾ་བྷ་ཡ་ནན༔ ཞེས་ལྔ་བརྒྱ་བཟླ། ཡང་། ཨོཾ་ཌྷྲིཥྚ་རས་ཊ་ཡ་སྭཱ་ཧཱ༔ ཨོཾ་བི་རུ་པཱཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བྷི་རུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བྷཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ སད་སྲུང་བ་ལ་བར་དུ་གཅོད་པར་བྱེད་པའི་རླུང་སད་གཏོང་མཁན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སཏྭམ་བྷ་ཡ་ནན། ཞེས་ཉེར་གཅིག་བརྗོད། སྲི་མཱ་ར་ཡ་སད་བྱེད་པྲ་མ་ནན། སྲི་མཱ་ར་ཡ་སད་སྨུ་ཙི་ནན། སྲི་མཱ་ར་ཡ་སད་བྱེད་ས་མ་ཤག་ཙེ་ནན། མཁའ་ལ་རྒྱུ་བའི་ཡི་དྭགས་འབྱུང་པོ་ནན། མུ་སྟེགས་ཀྱི་བུ་མོ་སད་འདྲེ་སྤུན་གསུམ་སཏྭཾ་བྷ་ཡ་ནན། འབྲས་བུ་ལོ་ཏོག་ལ་བར་དུ་གཅོད་པའི་འགོང་པོ་བྱ་སྤྲེལ་སྦྲུལ་མགོ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་སཏྭམ་བྷ་ཡ་ནན་ནན། ཞེས་མང་དུ་བཟླ་ཞིང་སྟེང་ནས་ཐུན་སོགས་ཀྱིས་བྲབ་བོ། །འདི་ཡན་བྱང་གཏེར་དང་བླ་མ་དགོངས་འདུས་སོགས་ཀྱིས་ཁོག་ཕུབ། ཞལ་ཤེས་མན་ངག་རིགས་ཁ་སྐོང་དང་བཅས་སྦ་བསྲི་མེད་པར་བཀོད་པའོ།། ༈ །།ཡང་ནམ་མཁའ་མཛོད་ཀྱི་སྒོ་ནས་སད་སྲུང་ལུགས་གཅིག་ནི། བཅས་དང་རྫས་བསགས་ནས་རྒྱུན་གྱི་དུས་སུ་སྒྲུབ་ཅིང་དགོས་དུས་ལས་ལ་སྦྱར་བར་གསུངས་པའི་ཁྱད་པར་ཅན་མཆིས་པ་ལས། བཅས་སོགས་རྒྱས་པ་ནི་ཉི་ཟླ་འོད་སྤྲིན་སད་སྲུང་རང་གཞུང་དུ་གསལ། འདིར་ཀླུ་བུམ་ནང་དུ་ཆུ་སྣ་དྲི་བཟང་སྨན་སྣ་ཀླུ་སྨན་གྱིས་བཀང་བ་ཤིང་རྩིའི་ཁ་རྒྱན་དང་བཅས་བཤམས་ལ། ཕྱི་དྲོ་དགོང་ཀ་ཆ་གསུམ་སོགས་བཏང་གྲུབ་ནས་སྐྱབས་སེམས་བསྡུས་པ་ཞིག་བྱ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རིག་ཡི་གེ་མུཾ། །དེ་ལས་འོད་ཕྲོས་འཕགས་མཆོད་དོན་གཉིས་བྱས། །ཚུར་འདུས་འཇམ་དཔལ་སྐུ་མདོག་དམར་སེར་མདོག །ཞལ་གཅིག་ཕྱག་གཉིས་གཡས་པས་ཤེས་རབ་ཀྱི། །རལ་གྲི་འོད་འབར་འོད་ཀྱིས་བར་ཆད་སྲུང་། །ཕྱག་གཡོན་ཨུཏྤལ་དམར་སེར་སྟེང་ཉིད་དུ། །ཆོས་སྐུ་ཡུམ་ཆེན་དབྱེར་མེད་གླེགས་བམ་ལ། །སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར། །དེ་དག་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི། །མེ་འོད་འབར་བས་ཕྱོགས་མཚམས་ཐམས་ཅད་ཁྱབ། །སད་ཀྱི་གནོད་པ་མ་ལུས་བསྲུང་བར་གྱུར། །ཐུགས་ཀར་ཟླ་སྟེང་མུཾ་ལས་སྔགས་ཕྲེང་འཁོར། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཡོངས་སུ་རྫོགས། །སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་བཞིན། །སྣང་སྲིད་མ་ལུས་སྐུ་ཡི་བཀོད་པས་ཁྱབ། །དེ་ལྟར་བདག་ཉིད་འཇམ་དཔལ་གསལ་བ་ཡི། །སྤྱི་བོར་ཕྱག་ན་རྡོ་རྗེ་མཐིང་། །མགྲིན་པར་སྤྱན་རས་གཟིགས་དབང་དཀར། །སྤྱན་གཟིགས་ཕྱག་མཚན་བུམ་པའི་ནང་། །པད་འདབ་དབུས་སུ་འོད་དཔག་མེད། །འདབ་མར་རྟ་མགྲིན་དམར་པོ་གསལ། །འཇམ་དཔལ་ཐུགས་ཀར་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་འཇིགས་པར་བསྒོམ། །མདུན་གྱི་ནམ་མཁར་སེང་ཁྲིའི་སྟེང་། །བླ་མ་ཤཱཀྱ་ཐུབ་པ་ལ། །སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར། །ལྷ་ཚོགས་རྣམས་ཀྱི་མཐའ་སྐོར་དུ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བསྐོར། །ལྷ་རྣམས་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་མཆོག་གསུམ་རྩ་གསུམ་དང་། །མཁའ་འགྲོ་ཆོས་སྐྱོང་སྐྱབས་གནས་རྣམས། །སྤྱན་དྲངས་དབྱེར་མེད་བཞུགས་བྱིན་བརླབས། །ཕྱི་ནང་གསང་མཆོད་སྣ་ཚོགས་འབུལ། །རིགས་གསུམ་མགོན་པོའི་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །འབྲས་བུ་ལོ་ཏོག་བསྲུང་བྱ་རྣམས། ཁྱེད་ལ་འབུལ་ལོ་སྐྱབས་སུ་གསོལ། །དཀོན་མཆོག་ཐུགས་རྗེའི་སྐྱབས་འོག་ནས། །སད་ཀྱི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ལ་སྔགས་འདི་བཟླ། ལྷ་རྣམས་ཐུགས་ཀར་ཉི་ཟླའི་སྟེང་། །ས་བོན་རྣམས་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་རང་གཞན་དོན་གཉིས་བྱས། །སད་ཀྱི་འཇིགས་པ་སྐྱོབ་པར་གྱུར། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། ཨོཾ་ཡ་མཱནྟ་ཀ་ཧཱུྃ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླ། མདུན་དུ་བུམ་བསྐྱེད་ནི། མདུན་དུ་བྷྲཱུྃ་ཡིག་ལས་བྱུང་བུམ་པའི་བཅུད། །མཐའ་ཡི་རྒྱ་མཚོའི་དབུས་ཉིད་དུ། །རྒྱ་མཚོ་ལྦུ་བ་རི་རབ་ཙམ་གྱི་དབུས། །པད་དཀར་འདབ་བརྒྱད་དབུས་ཀྱི་ཟེ་འབྲུའི་སྟེང་། །ཤ་བ་ཡུ་མོའི་ཁྲི་སྟེང་ཡིག་འབྲུ་ཨེ། །བདག་ཉིད་ཡི་དམ་ཐུགས་ནས་འོད་ཟེར་འཕྲོས། །མདུན་དུ་ཡིག་འབྲུ་ཨེ་དཀར་དེ་ལ་ཕོག །འོད་ཟེར་སྣ་ཚོགས་འཕྲོས་པས་ཨེ་ལ་ཐིམ། །སྣང་སྲིད་ལྷ་ཀླུ་བཞི་བདག་ཐམས་ཅད་ཀྱི། །ནུས་མཐུ་གཅིག་བསྡུས་སྲིད་པ་ཆགས་བྱེད་པ། །ལྷ་མོ་དཀར་མོ་མཛེས་འཛུམ་རྒྱན་གྱིས་སྤྲས། །ཞལ་གཅིག་ཕྱག་གཉིས་གསེར་གྱི་བུམ་པ་བསྣམས། །དར་ཟབ་གསེར་གཡུ་རིན་ཆེན་རྒྱན་ཆས་སྤྲས། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ཆེན་ལས། །དགོས་འདོད་སྤྲིན་འཁྲིགས་ཡིད་བཞིན་ཆར་པ་འབེབ། །ཕྱེད་སྐྱིལ་ཤ་བ་ཡུ་མོའི་ཁྲི་ལ་བཞུགས། ཁྲི་ཟུར་ལྔ་ལ་འབྱུང་ལྔའི་ལྷ་མོ་ནི། །དཀར་སེར་དམར་ལྗང་མཐིང་མདོག་རིན་ཆེན་བརྒྱན། །དར་ཟབ་གོས་བཀླུབས་མཛེས་པའི་ཚུལ་གྱིས་བཞུགས། །བཞུགས་ཁྲིའི་ཞབས་འོག་པད་འདབ་བརྒྱད་པོ་ལ། །སོག་མ་མེད་སོགས་ཀླུ་རྒྱལ་བརྒྱད་པོ་བཞུགས། །འཁོར་དུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །སྡེ་བརྒྱད་མཐུ་རྩལ་ཅན་དང་གཞི་བདག་སོགས། །སྣང་སྲིད་ལྷ་ཀླུ་གཞི་བདག་ཡོད་ཚད་གསལ། །གཙོ་འཁོར་ཀུན་གྱི་ཕྱག་གཉིས་ཐལ་སྦྱར་དབུས། །བདུད་རྩིའི་བུམ་པ་བསྣམས་ཏེ་དགྱེས་པར་བཞུགས། །བདག་ཉིད་ཡི་དམ་ཐུགས་ལས་འོད་ཟེར་འཕྲོས། །སྲིད་པ་ཆགས་བྱེད་ལྷ་མོའི་ཐུགས་སྲོག་གི །ཨེ་ལ་ཕོག་པས་སྣང་སྲིད་འབྱུང་ལྔའི་བཅུད། །མ་ལུས་བསྡུས་ཤིང་དངོས་གྲུབ་བསྩལ་བར་གྱུར། །ཤ་བ་ཡུ་མོའི་མཁའ་གསང་ལམ་གསུམ་ནས། །ཆར་སྤྲིན་བྱུང་བས་བར་སྣང་ཁེབས་པར་གྱུར། །ཅེས་རིགས་གསུམ་མགོན་པོའི་སྙིང་པོ་བཟླས་ཤིང་། ཨོཾ་ཨ་ལ་ཐུ། ཐུམ་རིལ་སྡུས། པྲ་ཏི་པྲ་ཏི་བྷ་རམ་སྭཱ་ཧཱ། རྒྱུན་བསྙེན་བྱའོ། །སད་སྲུང་དངོས་ལ་ནམ་མཁའ་དབང་སྡུད་དང་། ཆུ་རྟ་ཀླུ་འབྲུག་བར་སྣང་སྤྲིན་སྡུད། ས་གཞི་དྲོད་འབེབ་རྣམས་ལས། དགོང་མོ་སད་ཀྱི་རྟགས་བྱུང་ན་འདི་ལྟར་རོ། །ཡུལ་ཕྱོགས་འདི་ཡི་ཞིང་ཐོག་འབྲུ་ཡི་སྟེང་། །སེང་ཆེན་བརྒྱད་དང་རིན་ཆེན་ཁྲི་སྟེང་དུ། །སངས་རྒྱས་བྱང་སེམས་རྒྱལ་བ་སྲས་བཅས་བཞུགས། །ཆོས་ཀྱི་སྒྲ་དབྱངས་ནམ་མཁའ་གང་བར་སྒྲོག །བགེགས་རིགས་འབྱུང་པོའི་གནོད་སེམས་ཀུན་ཞི་ནས། །བྱང་ཆུབ་སེམས་ལྡན་ངང་དུ་འཁོད་པར་གྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བསྒྲང་། ཡང་། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་ཧྲཱིཿལས་དཔལ་ཆེན་རྟ་མགྲིན་ཁྲོས། །ནམ་མཁའ་བར་སྣང་ས་གཞི་ཀུན་ཁྱབ་སྟེ། །རྒྱལ་འགོང་འབྱུང་པོ་སད་འདྲེ་རྡུལ་བརླག་གྱུར། །ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། བརྒྱ་བསྒྲང་ནས། ཨེ་ཡཾ་བཾ་རཾ་ལཾ་སྤྲིན་སྡུས་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དང་། ཡང་། ཨོཾ་བཛྲ་པཱ་ཎི་ཧཱུྃ། ནཱ་ག་ཕུ་མི་ཤོག༔ ཕུ་ནཱ་ག་ཀུ་རུ་ཤོག་གོ་གྷིར་ཏ་ནཱ་ག་ལེ་ལཱེ་བཾ་བཾ་སྭཱ་ཧཱ། ཅི་མང་བཟླ། ཡང་། བདག་ཉིད་འཕགས་པ་འཇམ་དཔལ་གཞོན་ནུར་གསལ། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་རུ་གསལ། །སྒྲ་གྲགས་ཐམས་ཅད་ཡིག་འབྲུ་འུར་དིར་སྒྲོག །ལོ་ཏོག་སྙེ་མ་རེ་རེའི་སྟེང་དུ་ནི། །འཇམ་དཔལ་སྒྲོལ་མ་སྤྱན་རས་གཟིགས་དབང་དང་། །རྟ་མགྲིན་གཤིན་རྗེ་གཤེད་དང་གསང་ཡེ་རྣམས། །ཐབས་ཤེས་ཟུང་འཇུག་བདེ་སྟོང་མེ་འོད་འབར། །དེ་ཡི་འོད་ཀྱིས་ལོ་ཏོག་ས་གཞི་དང་། །རྒྱ་མཚོ་ཆུ་མིག་མ་ལུས་ཀུན་དྲོས་ནས། །བདུད་རྩིའི་སྤྲིན་འཁྲིགས་ན་བུན་ཆར་རྒྱུན་འབེབ། །མེ་ལྕེའི་ཟེར་གྱིས་འབྱུང་པོ་ཀུན་བསྲེགས་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨ་ཡཾ་ནན་ཧུར་དྲིལ་ལཾ་སྭཱ་ཧཱ། ཞེས་དང་། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་ཧྲཱིཿཔུ་ཁམ་པྲ་ཏི་པ་རཾ་སྭཱ་ཧཱ། ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། ཨེ་ཧུར་ཐུམས་དྲིལ་སྤྲིན་སྡུས་པྲ་ཏི་བཾ་སྭཱ་ཧཱ། ཞེས་སྔགས་རྣམས་རེས་མོས་སུ་བརྒྱ་སྟོང་བགྲང་། དམིགས་པ་ཡང་ཡང་གསལ་གདབ། གཞན་ཡང་ཀླུའི་རྒྱལ་པོ་རྒྱལ་མོ་བྱང་ཆུབ་སེམས་དང་ལྡན་པ་ཁྱེད་རྣམས་ཀྱིས། ལྷོ་སྤྲིན་ལྷོ་ནས་སྡུས། ནུབ་སྤྲིན་ནུབ་ནས་སྡུས། བྱང་སྤྲིན་བྱང་ནས་སྡུས། ཤར་སྤྲིན་ཤར་ནས་སྡུས། ཆར་ཆེན་པོ་ཕོབ་ཅིག །ཅེས་བརྗོད་དོ། །གཞན་ཡང་ཕྱི་ནང་གསང་བའི་དམིགས་པ་འགའ་མཆིས་ཀྱང་འདིར་དེ་ཙམ་མོ། །འདི་ཡང་ནམ་མཁའ་མཛོད་ལུགས་ཀྱི་སྲུང་བ་གོ་སླ་ཁྱེར་བདེ་ཤིན་ཏུ་ཟབ་པ་གཅིག་གོ། ༈ །།ཡང་བྱང་གཏེར་ཐུགས་སྒྲུབ་ལས་བྱུང་བའི་སྤྲིན་སྒྲོག་ཏུ་གཞུག་པའི་མན་ངག་ནི། དགོང་མོ་སྤྲིན་གྱིས་སད་འདྲ་ན། རྟ་གྲོ་དཀར་གཅིག་ལ་ཆུ་གཙང་གཏོར། ཤུག་པ་དང་ཤིང་སྣའི་བསང་དུད་ཀྱིས་བདུག །ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། ན་མོ་དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྲིན་དང་ན་བུན་གྱི་ལྷ་ཐམས་ཅད་གཟུགས་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ དེ་ནས་སྒྲོག་ལ་སྔགས་འདི་བཏབ། ཨོཾ་ནཱ་ག་ཀ་ཁོ་ཧཱུྃ་ཡ་ཕཊ༔ ཅེས་མང་དུ་བཟླས་ཏེ་བཏབ། སྒྲོག་དེ་རྟ་ལ་བརྒྱབས་ནས། སྤྲིན་དང་ན་བུན་གྱི་རྟ་སྒྲོག་ཏུ་བཅུགས་པར་བསམ། སྤྲིན་རྟོད་ལ་མནན་པའི་མན་ངག་ཟབ་བོ། །རྟ་དངོས་མ་འབྱོར་ན་འདི་ས་གཙང་མ་ལ་སྨན་སྤོས་རིན་པོ་ཆེ་བསྲེས་ནས་རྟ་གཟུགས་བྱས་ལ་བསང་སྦྱང་བྱིན་རླབས་གོང་ལྟར་བྱའོ། །ཟབ་བོ། ༈ །ཡང་བྱང་གཏེར་སད་སྲུང་གི་ཞལ་ཤེས་ཟིན་བྲིས་ལས། ཅིས་ཀྱང་སྤྲིན་མ་འདུས་ཤིང་གཡེར་ན། ནམ་མཁའ་རྒྱ་ཆེར་མཐོང་སར་ཉལ་མར་བཅའ། སྟན་མཐུག་པོ་བཏིང་ལ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་བློ་ལིང་གིས་བཀལ། མཁའ་འགྲོ་ཆོས་སྐྱོང་ལ་བཀའ་བསྒོ་བདེན་པ་བརྡར། སྒྲུབ་པ་པོ་རང་ཉིད་སྟེང་གོས་ནག་པོ་ཡོད་ནའང་བཟང་། གོས་དྲོ་བར་བྱས་ལ་ཡིད་གཉིས་ཐེ་ཚོམ་མེད་པར་རྟོག་མེད་ཀྱི་ངང་དུ་ཉི་མ་མ་ཤར་བར་དུ་ཉལ་བས་ལུས་ལ་རྔུལ་བྱུང་ཚེ་གསང་བའི་རྟགས་ཡིན་པས་ཐེ་ཚོམ་མེད་པར་ཐུབ་ཅེས་གསུངས་སོ། །སྔགས་སོགས་ཡིད་བཟླས་བྱས་ན་རུང་བར་སེམས་སོ། །བསང་ཀླུ་གཏོར་ཆ་གསུམ་སྔ་རྒྱུན་ལྟར་ལ་ཐུན་འཇོག་པའི་སྐབས་སུ་སེམས་ཅན་ལ་ཕན་པའི་བསྔོ་བ་སྨོན་ལམ་བཀྲ་ཤིས་ཚིགས་བཅད་རྒྱ་ཆེར་བྱ། ༈ དེ་ནས་སད་འདི་ལ་འགོང་པོ་ཁ་བསྒྱུར་མ་ཤེས་ན་རང་ལ་གནོད་པར་གསུངས་པས། གོང་དུ་བགེགས་གཏོར་སྐབས་བཤད་པའི་གཏོར་མ་བཞིན་གསར་ཐོག་སྲུས་དང་ཤ་དུམ་སོགས་ཟས་སྣའི་རིགས་མང་པོས་བརྒྱན་ལ་ཡང་ཡང་བསྔོས་ན་རང་ལ་མི་ལྡོག་གོ །དེ་མ་བྱས་ན་གསར་བུ་བྱིས་པ་རྣམས་ལ་ངེས་པར་གནོད། ཁྱབ་གདལ་གྱིས་མཛད་པའི་སྒྲུབ་ཆེན་དམ་སྲི་མནན་པ་བཞིན་དུ་ལག་ལེན་ཐེམ་པ་བྱས་ན་ཤིན་ཏུ་བཟང་། །དེའི་དམོད་མོའི་སྐབས་སུ་འགོང་པོ་སད་འདྲེ་རྣམས་ཞེས་པ་འཛུད་པར་བྱའོ། །ཟླ་བའི་ཡར་ངོ་མར་ངོ་དང་གལ་ཆེན་གྱི་དུས་ཐམས་ཅད་དུ་ལོ་གླུད་དང་ཆ་གསུམ་གཏང་། དགོང་མོའི་དུས་སུ་ནམ་མཁའ་རླུང་དང་གྲང་ངར་འོང་ཕྱོགས་ཀྱི་ཕྱོགས་མཚམས་རྣམས་སུ་ཕུར་པས་གཟིར། པདྨ་དྲག་པོའི་ཏིང་ངེ་འཛིན་གྱིས་དྲག་སྔགས་སོ་ལྔ་དང་དྲག་པོའི་སྔགས་མང་དུ་བཟླས་ཤིང་ཡུངས་དཀར་དང་ཐུན་ཕྱོགས་མཚམས་སུ་འཕང་། རྫས་རྒོད་བདུག །སྔགས་རྒྱུན་ལེ་ལོ་བཏང་སྙོམས་སུ་མ་སོང་བར་བརྩོན་འགྲུས་བསྐྱེད། འདི་ཤིན་ཏུ་གནད་ཆེའོ། །ཀླུའི་སྨན་རྫས་ཆུ་སྣ་ཀླུ་ཁང་ཡོད་ཕྱོགས་སུ་བུད་མེད་དང་མི་གྲིབ་ཅན་འཛེམ། ཤ་ཆང་སྒོག་ཙོང་མུ་ཟི་གླ་རྩིའི་དྲི་སོགས་ལ་འཛེམ་པ་གལ་ཆེ། མཐར་ལོ་ཏོག་བར་ཆད་ལས་གྲོལ་ནས་རླུང་ལྷའི་མནན་པ་སོགས་འདོན། ཀླུ་དང་གཞི་བདག་རྣམས་ལ་གཏང་རག་གི་མཆོད་པ་རྒྱ་ཆེར་བྱས་པས་ཕྱིས་སུ་ཡང་སད་སྲུང་སླ་བའི་དགོས་པ་ཡོད་དོ། །ཆུ་རྟ་ཆུ་སྣ་ཀླུ་ཐེབས་དང་བསྟུན་ལ་གཙང་སར་གཤེགས། བསྔོ་སྨོན་བཀྲ་ཤིས་སོགས་རྒྱ་ཆེར་བྱའོ། །དེ་ལྟར་རང་འདོད་མེད་པའི་ལྷག་བསམ་བཟང་པོས་རྒྱལ་བའི་བཀའ་དང་འཁྲུལ་མེད་ཀྱི་ཡི་གེ་བཞིན་དུ་སད་སྲུང་བ་ལ་འབད་དགོས་ཏེ། དེ་ཡང་རྒྱལ་ཁམས་སྤྱི་ལ་གནོད་ཅིང་འཚེ་བར་བྱེད་པ་ནི། དམག་དང་མུ་གེ་འཁྲུག་རྩོད་ནད་ཡམས་ཡིན་ཏེ། ཐང་ཡིག་ལས། རྒྱལ་ཁམས་སྤྱི་ལ་དམག་དང་མུ་གེས་སྡུག །གསུངས་པ་ལྟར་ཡིན་ནོ། །དེ་རྣམས་འོང་བའི་རྐྱེན་ནི་ལྷ་ཀླུ་གཞི་བདག་འཁྲུགས་པ་ལས་བྱུང་བ་ཡིན། དེ་བསྲུངས་པའི་ཕན་ཡོན་ནི། འདིར་མིང་སད་སྲུང་དུ་བཏགས་ཀྱང་། དོན་ལ་ལྷ་ཀླུ་གཞི་བདག་དགའ་བའི་མཆོད་སྐོང་བཤགས་པ་བརྔན་ཁོ་ན་ཡིན་ཅིང་རྒྱལ་ཁམས་སྤྱི་བཅོས་ཀྱི་རིམ་གྲོ་ཁྱད་འཕགས་ཡིན་ནོ། །འདི་ལྟ་བུ་ལ་རྒྱུན་ལྡན་བྱས་པའི་བྱིན་རླབས་གཞི་བདག་ཐམས་ཅད་དགྱེས་ནས་ཆར་ཆུ་དུས་སུ་འབེབ་ཅིང་ལོ་ལེགས་པ་དང་། འཁྲུག་རྩོད་ཞི་བ་དང་ནད་ཡམས་མི་འབྱུང་བ་སོགས་གནས་སྐབས་མཐར་ཐུག་ཀུན་ཏུ་ཕན་ཡོན་དཔག་ཏུ་མེད་ཅིང་། སྒྲུབ་པ་པོ་རྣམས་ལ་ཡང་འདི་ཕྱི་ཤིན་ཏུ་ལེགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ཡིན་གྱིས་སེམས་བསྐྱེད་ལྡན་པའི་སྐྱེས་བུས་འབད་པར་བྱའོ། །འདིར་སྨྲས་པ། ཨེ་མ་བདག་བློའི་མཁའ་དབྱིངས་ཡངས་པ་ལ། །གཞན་ཕན་ལྷག་བསམ་སྙིང་རྗེའི་སྤྲིན་འཁྲིགས་ནས། །རྒྱལ་ཁམས་ཡོངས་ལ་ཕན་པའི་སད་སྲུང་གི །ཡིག་ཆ་དགོས་འདོད་ཆར་འབེབ་འདིར་བྲིས་སོ། །འགྲོ་ཕན་ལྷག་བསམ་ལྡན་པའི་སྐྱེས་བུ་རྣམས། །རང་འདོད་མེད་པར་གཞན་ཕན་བསམ་པ་ཡིས། །ཡི་གེ་འདི་བཞིན་ལག་ཏུ་ལོངས་མཛོད་དང་། །རང་གཞན་དོན་གཉིས་འགྲུབ་པ་ཆོས་ཉིད་ལགས། །འདི་ནི་ཀུན་གྱིས་ལག་ལེན་འཇུག་བདེ་སྟེ། །ཐུན་མོང་མ་ཡིན་ཡང་གསང་བཙན་ཐབས་ཀྱིས། །སྲུང་བ་ཟབ་མོ་མཆིས་ཀྱང་དེང་སང་སྐབས། །ཕལ་ཆེར་སྤྱོད་ཡངས་རྫས་ཀྱང་འཛོམ་པར་དཀའ། ཁེ་ཉེན་ཆེ་བས་འདི་རུ་མ་བྲིས་སོ། །དད་བརྩོན་ཤེས་རབ་ལག་ཏུ་ལོན་བསམ་རྣམས། །དགོངས་འདུས་སད་སྲུང་ནཱ་ག་འབྲུག་སྒྲོག་དང་། །བྱང་གཏེར་རིན་ཆེན་ཁང་བུའི་ལས་ཚོགས་དང་། །གསང་མཚན་ཐུགས་སྒྲུབ་གསུམ་པོ་གང་རུང་གི །ཡིག་ཆ་གཟིགས་ལ་གཞན་ཕན་རྒྱ་ཆེར་མཛོད། །སྟོང་ཉིད་སྙིང་རྗེ་ལས་བྱུང་ལྷག་བསམ་གྱི། །རྨད་བྱུང་དགེ་བའི་སྤྲིན་ཕུང་རྒྱ་ཆེན་འདིས། །འགྲོ་ཀུན་ལས་ཉོན་ཉེར་འཚེའི་གྲང་རེག་ཀུན། །སྐྱོབ་པའི་གྲིབ་བསིལ་ཆེན་པོ་འབྱུང་བར་ཤོག །ཡངས་པའི་རྒྱལ་ཁམས་མ་ལུས་ཐམས་ཅད་དུ། །ནད་མུག་འཁྲུག་རྩོད་མི་དགེ་ཀུན་ཞི་ནས། །བསྟན་པ་དར་ཞིང་སེམས་ཅན་བདེ་སྐྱིད་ལྡན། །ཀུན་ཀྱང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་སད་སྲུང་གི་རིམ་པ་གཏེར་ཁ་གོང་འོག་དང་ཡིག་ཆ་དུ་མ་ཞིག་ལས་བཏུས་ཤིང་། མཚམས་སྦྱོར་འོས་རིགས་རྣམས་རང་གིས་ཁ་སྐོང་བྱས་ཏེ་སྦྱོར་དངོས་རྗེས་གསུམ་གྱི་ལག་ལེན་འདོན་བྱ་ཐམས་ཅད་ཚང་ཞིང་། མན་ངག་ཞལ་ཤེས་རྣམས་གབ་སྦས་སྦ་བསྲི་མེད་པར་ཡི་གེ་འདི་གཅིག་པུས་ཆོག་པའི་བལྟས་ཆོག་ནག་པོ་འགྲོ་ཤེས་སུ་བྲིས་ན་རིས་མེད་པའི་འགྲོ་བ་རྣམས་ལ་ཕན་དུ་རེ་བའི་ལྷག་བསམ་བཟང་པོས། སྣ་ཚོགས་དབྱིག་ཅེས་ཤིང་མོ་སྦྲུལ་ལོ་གྲོ་ཞུན་ཟླ་བའི་ཡར་ཚེས་དགེ་བར་གླིང་གཤིས་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་དུ་ཤཱཀྱའི་དགེ་སྦྱོང་ཀུན་བཟང་བློ་གྲོས་པས་སྦྱར་བའི་ཉེས་འགལ་ནོར་འཁྲུལ་དུ་གྱུར་པ་རྣམས་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། དགེ་བས་སེམས་ཅན་ཐམས་ཅད་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).