Terdzo-JI-006

From Rinchen Terdzö
Revision as of 10:15, 19 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་

zab bdun bka' srung legs ldan tshogs kyi bdag po'i dbang chog ngo mtshar gsang ba rab 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 37 (ཇི) / Pages 129-152 / Folios 1a1 to 12b4

[edit]

༄༅། །ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ག་ཎ་པ་ཏ་ཡེ། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བསྟན་སྲུང་གཙོ་བོའི་སྐུར་བཞེངས་པ། །ཚོགས་རྗེ་ཚོགས་ཀྱི་བདག་པོར་འདུད། །དེ་སྒྲུབ་འཇུག་པའི་སྒོ་འདི་འོ། །གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་དོན་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། ཉེར་དགུ་ལ་སོགས་པ་ཁྱད་པར་གྱི་དུས་སུ་སྟེགས་བུ་དུག་ཁྲག་གིས་ཆག་ཆག་བཏབ་པ་ལ་བསྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་བཀོད། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་དབུས་སུ་གྲི་གུག་ཡུ་བར་ཧཱུྃ་གིས་མཚན་པ། གཡས་གཡོན་དུ་ཐིག་ལེ་ནག་པོ་ལ་ཧཱུྃ་དང་ཐལ་སྐྱ་ལ་ཀཾ །མདུན་སོགས་ཕྱོགས་བཞིར་ཐིག་ལེ་མཐིང་གར་ཧཱུྃ། དམར་པོར་ཡ། སྨུག་པོར་ཛཿ ནག་པོར་མ་བྲིས་པ། ཟླ་གམ་གསུམ་ལ་དུར་ཁྲོད་ཀྱི་བཀོད་པ། དེ་རྒྱབ་རྡོར་རྭ་མེ་རི་ཟླུམ་པོར་བསྐོར་བའི་དབུས་སུ་ཁྲིའུ་ལ་བུམ་པ་མགུལ་ཆིངས་མཐིང་ནག་བདུད་རྩི་ལྔའི་བཅུད་དང་ལྡན་པའི་ཁར་ཐོད་པ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་དབུས་སུ་ཐིག་ལེ་གཙོ་འཁོར་གསུམ་ཕྱོགས་བཞིར་བཞི་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག །དབུས་དང་གཡས་གཡོན་དུ་གཙོ་འཁོར་བདུན་གྱི་སྐུ་བརྙན། སྔགས་བྱང་། ཕྱག་མཚན་སོ་སོར་བྲིས་པའི་ཙཀླི། མདུན་དུ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་རྟེན་གཏོར་ལྕགས་མཁར་ཟླུམ་པོ་ཁ་བད་ཅན་གྱི་སྟེང་དུ་གཙོ་བོའི་བཤོས་བུ་གྲུ་གསུམ་བརྗིད་བག་ཅན། གཡས་གཡོན་དུ་གྲུ་གསུམ་གཙོ་བོའི་ཕྱེད་ཆར་སླེབ་པ་རེ་རེ། རྨང་གི་ཕྱོགས་གསུམ་དུ་གྲུ་གསུམ་རེ་རེ། རྒྱབ་ཏུ་གྲུ་གསུམ་གཡས་གཅུས་རྣམས་ལ་བཤོས་ཕྲན་དང་མཐེབ་ཀྱུ་མང་པོས་བསྐོར། རྒྱན་སྤྲོས་སྐུ་ཙཀ་དང་མདའ་དར་ནག་པོས་བརྒྱན་པ་བཀོད། རྒྱབ་ཏུ་མཆོད་གཏོར་དང་སྨན་རཀ །མཐར་ཕྱི་མཆོད་གཡས་སྐོར་དུ་བཤམ། མངོན་སྤྱོད་རྗེས་གནང་སྒྲོལ་བའི་ཕུར་བུ། སྲུང་བའི་ཙཀྲ །ཟློག་པའི་ཟོར་གཏོར། སྲེག་པའི་ཧོམ། མནན་པའི་མཆོད་རྟེན་ནག་པོ་རྣམས་དང་། བསྒྲལ་དབང་རྒྱས་པ་བྱེད་ན་ཧོམ་དང་ལིངྒ་ཐུན་རྫས་སོགས་ཀྱང་འདུ་བྱ། གཞན་ཡང་ཚོགས་མཆོད་གཏོར་སྐྱོང་གིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས་དང་པོ་དབང་དོན་སྒྲུབ་མཆོད་བྱ་བ་ནི། བདག་བསྐྱེད་མདོ་སྒྱུའམ་བཀའ་བརྒྱད་རིགས་ཀྱི་དཔལ་ཧེ་རུ་ཀ་གང་ཡང་རུང་བའི་སྒོམ་བཟླས་བྱ། ཟབ་བདུན་སྤྱི་ཆིངས་ལྟར་མཆོད་རྫས་སྤྱི་དང་སྨན་རཀ་གཏོར་གསུམ་བྱིན་བརླབ། དེ་ནས་མདུན་རྟེན་ལ་དམིགས་ཏེ་རང་གཞུང་ཕྲིན་ལས་ཀྱི། མདུན་དུ་ཁྲག་མཚོ་འཁྲུགས་པའི་ཀློང༔ ཞེས་སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། དམ་བསྒྲགས། ཕྱག་མཆོད་བསྟོད་པའི་བར་སོང་ནས་དམ་སྐོང་ཧེ་རུ་ཀའི་ཡིག་བརྒྱ་དང་གོང་གནོན་ཡི་དམ་བཟླས་དམིགས་སྔོན་དུ་འགྲོ་བས། མགོན་པོའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་གྱུར། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་བསྐུལ་བས་དབང་དུ་བསྡུས། ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། བསྙེན་སྒྲུབ་བཟླས་པ་བཞི་འདོད་བུམ་ལས་འབྱུང་བ་ལྟར་རམ། བསྡུ་ན་གཙོ་བོའི་སྒྲུབ་སྔགས། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། ཡུམ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ལས་མགོན་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཅེས་དང་། མགོན་པོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བསྐུལ་བར་གྱུར། ཨོཾ་མ་ཧཱ་ཀྲོ་དྷ་ཀིངྐ་ར་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཨོཾ་ཏྲག་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཙམ་ཕུལ། ཟུར་གསལ་རྟགས་བསྟོད་བྱ། ཕྲིན་ལས་གཤམ་གྱི། ཧོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་ཕྲིན་ལས་གསོལ། བུམ་པ་ལ་གཟུངས་ཐག་གཏད་དེ། གཙོ་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་བདུན་རེ་ཙམ་དང་། འབྲུ་གསུམ་ཉེར་གཅིག ལས་བུམ་ལའང་བདུད་རྩི་འཁྱིལ་པའི་སྔགས་ཇི་ལྟར་འོས་པ་བཟླས་པས་བྱིན་གྱིས་རློབ། དབང་བསྐུར་ཙམ་ལ་ཚོགས་མཆོད་མ་འགྲུབ་ཀྱང་ཆོག་མོད། སྤྲོ་ན་དམ་ཚིག་གི་རྫས་བཤམས་ལ་ཚོགས་མཆོད་ལེའུ་ལྟར་བྱིན་རླབས་སྤྱན་འདྲེན་མཆོད་བཤགས་བསྒྲལ་བསྟབ་བར་བྱ། གང་ལྟར་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ཞུའོ། །གཉིས་པ་དབང་བསྐུར་དངོས་གཞི་བྱ་བ་ནི། འོས་ཤིང་སྣོད་དུ་རུང་བའི་སློབ་མ་ཧ་ཅང་མང་བ་མ་ཡིན་པ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ནས་མཚམས་བཅད་ཕྱག་བཅས་གྲལ་དུ་འཁོད་པ་ལ། ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་བསལ་བ་དང་། མཐུན་རྐྱེན་ལེགས་ཚོགས་འབད་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་ནོད་པར་བགྱིའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསལ་ལེགས་པར་བཏབ་ནས་གསན་འཚལ། དེ་ལ་རང་རེ་རྣམས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་ཕན་ཡོན་ཆེ་བའི་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། ངེས་ལེགས་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་བརྒྱ་ལམ་ན་མཚན་ཙམ་ཡང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཟབ་ལམ་དང་མཇལ་ནས། ཚེ་གཅིག་གིས་ཟུང་འཇུག་ཆེན་པོའི་གོ་འཕང་བསྒྲུབ་རྒྱུ་ཡོད་པའི་སྐལ་པ་འདི་ལྟ་བུ་ནི་འཇིག་རྟེན་ན་མི་སྲིད་པའི་སྲིད་པ་ཐོབ་པ་ཡིན་ཡང་། ཐར་པ་དམ་པའི་ཆོས་ཟབ་མོ་བསྒྲུབ་པ་ལ་འདོད་ཁམས་དབང་ཕྱུག་བདུད་དང་བདུད་ཀྱི་རིས་ཀྱི་འབྱུང་པོ་གཙོ་བོར་གྱུར་པའི་འཚེ་བ་དང་བར་དུ་གཅོད་པ་ཤིན་ཏུ་མང་བས། དེ་དག་ལས་སྐྱོབ་པར་ནུས་པའི་སྲུང་མའི་དབང་པོ་ཁྱད་པར་ཅན་རེ་བསྟེན་པ་གལ་ཆེ་བ་ཡིན་ཏེ། ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ན་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཅེས་གསུངས་པ་ལྟར་ལགས། སྲུང་མའང་དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ་ཡབ་ཡུམ་བསྟན་སྲུང་གི་ཚུལ་དུ་བཞེངས་པ་དཔལ་ལྡན་མགོན་པོ་རྣམས་དང་། མ་མོ་དབྱིངས་ཀྱི་ཡུམ་ཆེན་སོགས་ཡེ་ཤེས་ཀྱི་སྲུང་མ་རྣམས་ཀྱིས་འདི་ཕྱིའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་ནུས་ཤིང་རྩ་གསུམ་རྣམ་དབྱེར་མ་མཆིས་པས་བསྙེན་ཅིང་སྐྱབས་སུ་གཟུང་བར་འོས་ཀྱི། འཇིག་རྟེན་པའི་སྲུང་མ་རང་རྒྱུད་པ་རྣམས་ནི་བསྟེན་ཅིང་མཆོད་ཀྱང་གནས་སྐབས་ཀྱི་འདོད་དོན་ཕྲན་བུ་ཙམ་ལས། རང་ཉིད་འཇིགས་པ་ལས་མ་གྲོལ་བའི་ཕྱིར་འཇིགས་པ་མཐའ་དག་ལས་སྐྱོབ་མི་ནུས་པས། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་བསྟེན་དགོས་པ་ནི་རྒྱུད་ལུང་རྣམས་ཀྱི་དགོངས་པ་དང་རིག་འཛིན་གྲུབ་པའི་ཚོགས་ཀྱི་ཕྱག་བཞེས་ཡིན་པར་གདའ། དེ་ལྟ་བུའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་མ་ནིང་གི་སྡེ་རིགས་མི་འདྲ་བ་དུ་མ་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་ཤིང་སོ་སོའི་མན་ངག་ཀྱང་འཕགས་བོད་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཇི་སྙེད་ཅིག་སྣང་བར་མཛད་པ་ལས། འདིར་སྐབས་སུ་བབས་པ་ནི། ཨ་ནུ་ཀུན་འདུས་རིག་པའི་མདོ་ཆེན་པོ་དང་། མ་ཧཱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ཐལ་བ་རྣམས་ལས་གཙོ་བོར་བསྟན་ཅིང་། སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པའི་དགོངས་པ་ལྟར་རྒྱལ་བས་ལུང་བསྟན་རྒྱལ་པོ་ཛཿདང་སློབ་དཔོན་ཀུ་ཀུ་རཱ་ཛ་སོགས་གྲུབ་པའི་རིག་འཛིན་རྣམས་ཀྱིས་ལེགས་པར་བཀྲལ་ཅིང་། གངས་ཅན་ལྗོངས་སུ་གནུབས་སོ་ཟུར་གྱི་མཁས་གྲུབ་རྣམས་ཀྱིས་འགྲན་ཟླ་དང་བྲལ་བའི་སྲུང་མ་གཅིག་ཆོག་ཏུ་བསྟེན་པ། བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཉིད་གདུལ་བྱ་མི་སྲུན་པ་རྣམས་གདུལ་བའི་དོན་དུ། གཏུམ་ཆེན་ཁྲོ་བོའི་དབང་པོའི་སྐུར་བསྟན་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཚོགས་རྗེ་ཚོགས་ཀྱི་བདག་པོའི་སྨིན་གྲོལ་གྱི་གདམས་སྲོལ་ཁྱད་པར་ཅན་འདི་ནི། འཇིགས་མེད་ཧེ་རུ་ཀ་དཔལ་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གངས་ཅན་ལྷའི་སྲས་པོ་དམ་འཛིན་ཡེ་ཤེས་རོལ་པ་རྩལ་ལ་མདོ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་ཐུགས་དམ་ཟབ་པ་སྐོར་བདུན་ཆ་ལག་དང་བཅས་པ་གདམས་ཤིང་གཉེར་དུ་གཏད། ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་མདོ་ཁམས་ལྗོངས་སུ་ཟབ་མོའི་གཏེར་དུ་སྦས་པ་དུས་སུ་སོན་པ་ན། ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་གནས་རྣམས་ནས་སྤྱན་དྲངས་པའི། བཀའ་སྲུང་ཀུན་གྱི་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་སོགས་སྔོན་དུ་སོང་གྲུབ་པ་ལགས། སློབ་མའི་བྱ་བ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་འགྲེ་བྱས་ལ་མིག་དར་མེ་ཏོག་གཏད། བླ་མ་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དབྱེར་མེད་ཀྱིས༔ བདག་ལ་བྱིན་གྱིས་བརླབ་པ་དང༔ ཡེ་ཤེས་མགོན་པོའི་སྐུ་གསུང་ཐུགས༔ ཡོངས་རྫོགས་དབང་ཆེན་བསྩལ་དུ་གསོལ༔ ཅེས་ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་ཡེ་ཤེས་མགོན་པོའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་ཆད་བསལ་བ་དང་མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་རྟག་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་ལྡན་ཡེ་ཤེས་མགོན་པོའི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་འགྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་བསྲང་། རླུང་ཁ་སྦྱོར་དུ་འཆིང། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་གདོས་བཅས་སྦྱངས་ནས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབ་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་ཤིང་། སྨ་ར་དང་སྨིན་མ་ཁམ་ནག་ལས་སྐར་ཆེན་གྱི་འོད་འཕྲོ་བ། རལ་པ་མུན་ཆེན་ལྟར་གཏིབས་ཤིང་ཕྱག་གཡས་པས་འབར་བའི་གྲི་གུག་དང་གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། མཆན་གཡས་སུ་བིང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་དང་བེང་སྨད་ནས་བདུད་དམག་ཕོ་ཉར་འགྱེད་པ། སྐུ་ལ་དར་ནག་གི་བེར་ཆེན་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚང་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་ཅན། སྦྲུལ་དང་མི་ལྤགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། སག་ཏིའི་ལྷམ་ཡུ་རིང་གསོལ་ནས་འདོར་ཐབས་ཀྱིས་མེ་ཕུང་འབར་བའི་ཀློང་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབས་ཤིག །གནས་གསུམ་དུ་བདུད་རྩིས་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ལྟར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོ་སྐྱེད་ཅིག །དེ་ནས་སློབ་དཔོན་ལ་མོས་གུས་ཚད་མེད་པ་བསྐྱེད་པས་སློབ་དཔོན་དཔལ་ཧེ་རུ་ཀ་དངོས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་ནམ་མཁའི་དབྱིངས་གང་བ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཤ་ཆེན་དང་གུ་གུལ་བདུག །རོལ་མོའི་སྒྲ་དྲག་ཏུ་སྦྱར་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ ཞེས་བཟླ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་སྐྱེད་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། ཧོ༔ ཡེ་ཤེས་ལ་ནི་བཟང་ངན་མེད༔ སྔོན་གྱི་ལས་ཀྱིས་འབྲེལ་བ་ཡི༔ ཡེ་ཤེས་ལས་གྲུབ་སྲུང་མ་ལ༔ བརྟགས་པའི་མེ་ཏོག་འཕོག་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །གང་ལ་ཕོག་པའི་རིགས་ཀྱི་མིང་ངམ་སྤྱི་ཙམ་དུ། ཁྱོད་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་བདག་པོ་ལ་ཕོག་པས། དཔལ་ཧེ་རུ་ཀ་རྡོ་རྗེ་ནག་པོ་ཆེ་ཞེས་བྱ་བ་གསང་བའི་མཚན་དུ་ཟུངས་ཤིག །ཅེས་བརྗོད་ལ་མེ་ཏོག་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ མ་རིག་ལིང་ཏོག་སྒྲིབ་པ་རྣམས༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་བྱ༔ མ་ཧཱ་ཀཱ་ལའི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་དངོས་གྲུབ་ཐོབ༔ འདི་ལྟར་མགོན་པོའི་དཀྱིལ་འཁོར་ཡང༔ རང་གི་སེམས་ལ་རྫོགས་པ་ཡིན༔ ཞེས་གདོང་བསལ། དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་པ་དང་སྤྲོ་བ་སྐྱེད་ཅིག །དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་རིམ་པ་གྲུབ། དངོས་གཞིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེའང་མཆོག་སྒྲུབ་དང་འབྲེལ་བའི་སྟོད་ལས་དབང་བཞི། མངོན་སྤྱོད་ཕྲིན་ལས་ཀྱི་ཆེད་དུ་སྨད་ལས་དྲག་པོའི་རྗེས་གནང་། མཐའ་རྟེན་གཏོར་མའི་བྱིན་རླབས་རྣམས་སུ་ཡོད་པའི། དང་པོ་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་སྦྱང་ཞིང་ལམ་བཞི་སྒོམ་པའི་སྣོད་རུང་དུ་བྱ་བའི་ཕྱིར་དབང་བཞི་རིམ་པར་བསྐུར་བའི་ཐོག་མར། བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་སྩོལ་བའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ མ་ཧཱ་ཀཱ་ལའི་ཚོགས་རྣམས་ཞུ༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ གཙོ་འཁོར་རྣམས་ཀྱི་སྔགས་སྦྲེལ་བའི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་པས་སྣོད་བཅུད་ལྷ་རུ་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་འགྲེ །དེའི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྫོགས་པར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་རང་འདྲ་བ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་རྣམས་ཀྱི་མཐུ་ནུས་ཐོབ་པར་མོས་ཤིག༔ ལྷ་ཙཀ་རྣམས་རིམ་པར་མགོར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ དྲག་ཤུལ་ཅན་གྱི་རྩེ་མོ་ནས༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་སྲས་མཆོག་ཆེ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ གསང་བའི་དུར་ཁྲོད་ཆེན་པོ་ནས༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་མ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ ཁྲོ་བོ་ཆེན་པོ་ཀིང་ཀ་ར༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀྲོ་དྷ་ཀིང་ཀ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ གནོད་སྦྱིན་དམར་པོ་དྲག་ཤུལ་ཅན༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བྱང་ཤར་མུ་ལེ་ཁྲག་མཚོ་ནས༔ དཔལ་ལྡན་ལྷ་མོ་འདོད་ཁམས་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཏྲག་རཀྴ་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྐུ་བསྟིམས་ཤིང༔ དེའི་སྐུར་བསྒོམས་པས་མཐུ་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསུང་ལས་སྔགས་ཀྱི་ཕྲེང་བ་འཕྲོས་སློབ་མའི་མགྲིན་པར་ཐིམ་པས་སྔགས་ཀྱི་ནུས་རྩལ་ཐོབ་པར་མོས་ཤིག །སྔགས་བྱང་རྣམས་མགྲིན་པར་བཞག་ལ། ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ གོང་སྨྲོས་རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷ་མིན་གཡུལ་ཟློག་བདུད་ཀྱི་གཤེད༔ སྲས་མཆོག་མ་ཧཱ་ཀཱ་ལ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མཁའ་འགྲོ་ཀུན་གྱི་ཚོགས་དཔོན་ཆེ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱི་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ དུར་ཁྲོད་སྒྲོལ་གིང་རྣམས་ཀྱི་གཙོ༔ ཕྲིན་ལས་ཐོགས་མེད་ཀིང་ཀ་ར༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཆེ༔ བཙན་གྱི་མགོན་པོ་བེག་རྩེ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ ནམ་མཁའི་ཁམས་ལ་དབང་སྒྱུར་ཞིང༔ སྡེ་བརྒྱད་དྲེགས་པ་རྣམས་ཀྱི་དཔོན༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ ཡམས་ནད་རིམས་ནད་རྒྱུན་གཅོད་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྔགས་བསྟིམས་ཤིང་བཟླས་པ་ལ་བརྩོན་པས་ནུས་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ལས་ཕྱག་མཚན་གྱི་ཚོགས་འཕྲོས་སློབ་མའི་སྙིང་གར་ཐིམ་པས་ཡེ་ཤེས་ཀྱི་སྟོབས་རྩལ་རྫོགས་པར་མོས་ཤིག །ཕྱག་མཚན་རྣམས་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་བིང་ཆེན་ནི༔ སྟོད་ནས་ལྷ་དམག་འབུམ་འགྱེད་ཅིང༔ སྨད་ནས་བདུད་དམག་ཉིས་ཁྲི་དང༔ ཆིག་སྟོང་དག་གི་སྤྲུལ་པ་འགྱེད༔ བེང་ཆེན་ཕུར་བུའི་དབང་བསྐུར་རོ༔ གོང་སྨྲོས་རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྦྲུལ་ཞགས་ཉོན་མོངས་དབྱིངས་སུ་གྲོལ༔ ཐོད་སྐྱོགས་བཅུད་མར་ཁྲག་ཆང་གིས༔ དུག་གསུམ་འཇོམས་ཤིང་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ གྲི་གུག་གཤིན་རྗེའི་ལྕེ་འདྲ་བ༔ ལོག་རྟོག་འཁོར་བ་རྩད་ནས་གཅོད༔ དགྲ་བགེགས་སྲོག་སྙིང་གཏུབ་པ་ཡི༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ མཚོན་ཆའི་འཁོར་ལོ་བསྐོར་བ་ཡིས༔ བདུད་ཀྱི་སྡེ་རྣམས་ཕམ་པར་མཛད༔ དགྲ་བགེགས་སྲོག་ལུས་ཕྲལ་བ་ཡི༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ རལ་གྲི་ཟང་ཡག་མེ་ལྟར་འབར༔ གསེར་མདུང་དགྲ་བོའི་སྙིང་ལ་གཟིར༔ བདུད་བཅོམ་སངས་རྒྱས་བསྟན་པ་སྲུང༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ སྐྱིན་ཐང་སེར་བས་དགྲ་དཔུང་འཇོམས༔ ཆུ་སྲིན་ཞགས་པ་འཕེན་པ་ཡིས༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ ཁྲམ་ཤིང་དགྲ་བོ་རྩིས་ལ་འདེབས༔ ནད་ཀྱི་རྐྱལ་པས་དགྲ་བོ་གསོད༔ རྫུ་འཕྲུལ་མཚོན་ཆ་ལྔ་ཡང་འབེབས༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་བལྟས་ནས་ཕྱག་མཚན་རྣམས་གཏད་པས་དགྲ་བགེགས་ཐོགས་པ་མེད་པར་བསྒྲལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པ་ཡིན་པས། དེང་ཕྱིན་ཆད་གསལ་བརྟན་དག་གསུམ་ལྡན་པའི་ལྷའི་བསྐྱེད་རིམ་བསྒོམ་པ་དང་། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་མི་འབྲལ་ཅིང་། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་གཞག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་འདུན་འདི་ལྟར་མཛོད། བླ་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ཡུམ་ཀྲོ་དྷཱི་ཤྭ་རཱི་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་དམ་རྫས་དང་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་མགོན་པོ་ཡབ་དང་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་གསང་བའི་དབང་བསྐུར་པས་རྩ་རླུང་ཐིག་ལེ་མ་ཧཱ་ཀཱ་ལ་ཡབ་ཡུམ་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། སིནྡྷུ་རའི་དཀྱིལ་འཁོར་མ་ཧཱ་ཀཱ་ལ་མཁའ་འགྲོའི་ཚོགས་དང་བཅས་པར་གསལ་བ། རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་རིག་མ་ལ་ཐིམ་པས་དེ་ཉིད་ཀྲོ་དྷཱི་མ་དངོས་སུ་གྱུར་པ་དང་། སློབ་མ་ཡེ་ཤེས་མགོན་པོར་གསལ་བ་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པར་མོས་ཤིག །བརྡའམ་ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧཱུྃ༔ སྣང་སྟོང་མགོན་པོ་ཡབ་དང་ཡུམ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་རྒྱུད་ལ་སྐྱེས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རྣམས་ལ་ཤེས་རབ་ཡུམ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་བདེ་བ་ཆེན་པོའི་རང་རྩལ་དུ་དབང་དུ་འདུས་པར་གྱུར་ཅིག༔ དབང་བཞི་པ་ཚིག་གིས་ངོ་སྤྲོད་པའི་དོན་དམ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་ཞོག་ཅིག །རང་བྱུང་གི་ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཤེལ་དང་འཇའ་ཚོན་ཇི་བཞིན་དུ༔ ཆོས་ཀྱི་དབྱིངས་ལས་མ་མགོན་ཤར༔ རང་རིག་ཡེ་ཤེས་རྩལ་ལས་གྲུབ༔ གཉིས་སུ་འཛིན་པའི་སྒྲིབ་པ་སྦྱངས༔ རང་རིག་ངང་དུ་རྟོགས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་རིག་པ་རྩལ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་རང་གི་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཤིས་བརྗོད་ཅི་རིགས་བྱ། དེ་རྣམས་ཀྱིས་སྟོད་ལས་ཀྱི་དབང་བཞི་གྲུབ་ནས། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དབང་བའི་ཕྱིར་དུ་སྲུང་ཟློག་གསད་གསུམ་དང་མཐའ་སྡུད་རྣམས་ཀྱི་རྗེས་གནང་བྱིན་པས། རང་གཞན་བར་ཆད་ལས་སྲུང་ཞིང་ཆག་ཆེ་ཉམ་ང་ཟློག་པ་དང་། ཉམས་པ་བདུན་ལྡན་གྱི་ཡུལ་གྱུར་རྣམས་བསྒྲལ་ཞིང་། དགྲ་བགེགས་ཐམས་ཅད་ལྡང་མེད་དུ་གནོན་པ་དང་། འབར་བ་ཧོམ་གྱི་སྦྱོར་བས་སྲེག་པ་དང་། འཕང་བ་ཟོར་གྱིས་བར་ཆད་ཟློག་པའི་ནུས་རྩལ་ཐོགས་མེད་དུ་གྲུབ་པར་མོས་ཤིག །སྲུང་ཟློག་གསད་པ་མནན་སྲེག་འཕང་བའི་ཆས་རྣམས་གཏད་ལ། ཧཱུྃ༔ གསད་པ་སྤུ་གྲི་འབར་བ་དང༔ སྲུང་བ་རྡོ་རྗེ་ཕ་ལམ་ཆེ༔ ཟློག་པ་མཚོན་ཆའི་འཁོར་ལོར་འབར༔ བསྲེག་པ་ཧོམ་གྱི་སྦྱོར་བ་དང༔ འཕང་བ་གནམ་ལྕགས་ཐོག་དང་འདྲ༔ མནན་པ་རི་རབ་འབར་བ་ཡི༔ འཁོར་ལོ་ཐུན་རྫས་གཏད་པ་ཡིས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོད་ཅིང་གཏད་དོ། །བསྡུ་ན་དེ་ཙམ་གྱིས་ཆོག །སྤྲོས་བཅས་རྒྱས་པར་སྤྲོ་ན་དེ་འཕྲོས་སྔགས་པ་བདུད་ཆས་སུ་ཞུགས། ཧོམ་ལིང་བསྒྲལ་ཆས་རྣམས་མདུན་དུ་བཀོད། གསེར་སྐྱེམས། ཆད་མདོ་བསྐུལ་དང་ཟོར་གཏོར་རྣམས་བཤམ། དྲག་པོའི་མེ་ཧོམ་འདུ་བྱ། སློབ་དཔོན་དཔལ་ཧེ་རུ་ཀ་དང་སློབ་མ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྐྱེད་ལ། ཕྲིན་བཅོལ་གྱི་ལེའུ་ལྟར། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔སོགས་ཀྱིས་ཐུགས་དམ་བསྐུལ། ཆད་ཐོ་བསྒྲག །གསེར་སྐྱེམས་སྤྱི་འགྲོ་གཏང་། ཧཱུྃ༔ ཡབ་གཅིག་མགོན་པོ་ནག་པོ་ནི༔སོགས་ཀྱིས་གསད་པའི་ཕྲིན་ལས་བཅོལ་ཞིང་གཟུ་དཔང་གསོལ་བའི་བར་བྱས་ལ། བདེན་བདར་འགུག་གཞུག་ལན་གསུམ་དང་། ཧཱུྃ༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔སོགས་ཀྱིས་བཀུག་བསྟིམ། ལྷ་དབྱེ། ཐུན་རྣམས་རྡེག་ཅིང་གྲི་གུག་གིས་བསྒྲལ་བའི་བར་བཏང་ལ་སློབ་མ་ལའང་ལག་ལེན་བྱར་གཞུག །ཞལ་བསྟབ་སྐབས་ལིང་རོ་ཁྲག་སྐྱེམས་གཏོར་མར་བསྟབ་ཅིང་སློབ་མ་ལའང་སྦྱིན། དུམ་གཉིས་ཟུར་དུ་འཇོག ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔སོགས་དམག་བསྐུལ་འཇུག་ཏུ་ཟོར་གཏོར་གནོད་པའི་ཕྱོགས་སུ་འཕེན་དུ་གཞུག །ཧོམ་སྦར་བའི་མེ་ནང་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བ་ལ་ལིང་རོ་ཁྲག་སྐྱེམས་མཆོད་དུ་གཞུག་ཅིང་སྲེག་པའི་ཕྲིན་ལས་བཅོལ། སྒོ་དྲུང་དུ་དོང་བྲུས་པ་ལ་ལིང་རོ་དུམ་གཅིག་མནན་ལ་དེའི་ཕྲིན་ལས་བཅོལ། སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་བཏབ་ལ་བྲོ་བརྡུང་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །རྒྱས་བསྡུས་གང་བྱས་ཀྱང་མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བ་ནི། རྟེན་གཏོར་དཔལ་འབར་བཙུགས་པ་སློབ་མའི་མགོ་ཐོག་ཏུ་བཟུང་ལ། གཏོར་སྣོད་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་འཁོར་ཚོགས་དང་བཅས་པ་དངོས་སུ་གསལ་བ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་དྲག་ཏུ་བསྐྱེད་པས་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། ཁྱེད་རང་གི་བྱང་ཆུབ་སྒྲུབ་པའི་བར་གཅོད་ནད་གདོན་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་། མཐུན་རྐྱེན་ལེགས་ཚོགས་རབ་ཏུ་སྤེལ་བ་སོགས་ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབ་པ་ཞལ་གྱིས་བཞེས་པར་མོས་ཤིག །ཅེས་བྱས་ལ། ཕྲིན་ལས་ནས་འབྱུང་བ་ལྟར། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔སོགས་ཀྱིས་བསྟོད། ཕྲིན་བཅོལ་ཚིག་ལྷུག་མཇུག་གི་འཁོར་དང་བཅས་པ་ཞེས་པའི་བར་བརྗོད་ལ། ཁྱེད་རྣམས་ཀྱིས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་དཔལ་ནས་རིམ་པར་བྱོན་པའི་རྩ་བརྒྱུད་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་ཆད་མདོ་རྗེས་སུ་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ཅིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་འགྲོགས་ཏེ། ནད་གདོན་བར་ཆད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང་། དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་བརླག་པ་སོགས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པ་སྒྲུབ་པར་མཛད་དུ་གསོལ། ཞེས་པའི་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་བསྒོམ། ཤིས་པ་བརྗོད། དེ་ལྟར་ཟབ་ཅིང་གཉན་པའི་དབང་བསྐུར་ལེགས་པར་ཐོབ་པ་ལ་མགོན་པོ་ཉིད་རྟག་ཏུ་མི་འབྲལ་བར་སྲུང་སྐྱོབ་མཛད་པ་ཆོས་ཉིད་ཡིན་པས། ཁྱོད་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་མགོན་པོའི་རྟེན་སྒྲུབ་མཆོད་པའི་དམ་རྫས་རྣམས་ཚུལ་བཞིན་དུ་འཆང་ཞིང་སྣོད་དུ་མ་གྱུར་པ་ལ་སྐུ་དང་སྔགས་རྒྱ་དམ་རྫས་རྣམས་མི་བསྟན། བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག །དུས་རྟག་ཏུ་མཆོད་གཏོར་སྐོང་བཤགས་ལ་བརྩོན། ཁྱད་པར་ཚེས་བརྒྱད་དང་། བཅོ་ལྔ་དང་། ཉི་ཤུ་དགུ་རྣམས་ལ་དུས་ཀྱི་གཏོར་མ་མ་ཆད་པ་སོགས་ཇི་སྐད་བཤད་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་དགོས་པས་དེ་ལྟར་བགྱི་བའི་བློས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་གཏོར་མ་གསོས་ལ་སྐོང་བཤགས་གཏང་། གོང་དུ་ཚོགས་མཆོད་ཕུལ་ན་དམ་རྫས་རོལ་ཅིང་ལྷག་མ་གཏང་། བསྒྲལ་ལས་རྒྱས་པ་མ་བྱས་ན་བསྐུལ་དང་ཆད་མདོ་གཏང་ལ་བྲོ་བརྡུང་། མཆོད་ཁ་གསོས་ལ། གཏང་རག་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་དང་གཤེགས་གསོལ། དམ་ཚིག་པ་རང་ལ་བསྟིམ་ཞིང་དགེ་བསྔོ་ཤིས་བརྗོད་རྣམས་སྤྱི་ཆིངས་ལྟར་བྱས་པས་གྲུབ་བོ། །རབ་རྒྱས་ཡེ་ཤེས་གཟི་བརྗིད་ཀྱིས། །བདུད་སྡེའི་དཔུང་ཚོགས་ཕྱིར་བསྙིལ་ཏེ། །ཆོས་སྐྱོང་ཚོགས་ཀྱི་རྗེ་བཙན་དང་། །དབྱེར་མེད་ཆེ་བའི་མཆོག་འགྲུབ་ཤོག །ཅེས་སྤྲུལ་པའི་གཏེར་སྟོན་ཆེན་པོས་རྗེས་སུ་གནང་བ་དང་། རྣམ་གསལ་བལྟས་ཆོག་རང་འདྲའི་བློ་དམན་ལ་ཕན་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).