Terdzo-PHA-008

From Rinchen Terdzö
Revision as of 15:27, 14 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་སྨིན་བྱེད་གཏོར་མ་ལ་བརྟེན་པའི་བྱིན་རླབས་གཟི་བརྗིད་དཔལ་འབར་

bla ma drag po mthing nag yang khros kyi smin byed gtor ma la brten pa'i byin rlabs gzi brjid dpal 'bar

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཆོས་རྒྱལ་རྡོ་རྗེ་ (Chögyal Dorje)
in cycle  གུ་རུ་དྲག་པོ་མཐིང་ག་ (Gu ru drag po mthing ga)
Volume 14 (ཕ) / Pages 125-139 / Folios 1a1 to 8a6

[edit]

༄༅། །བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་སྨིན་བྱེད་གཏོར་མ་ལ་བརྟེན་པའི་བྱིན་རླབས་གཟི་བརྗིད་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ཀཱ་ལཱ་ཡ། མུན་པ་ཆེན་པོའི་མདངས་འཛིན་ཀྱང་། །ཡེ་ཤེས་མཆོག་ཏུ་གསལ་མཛད་པ། །བདུད་དགྲའི་དཔུང་འཇོམས་དེར་བཏུད་ནས། །བྱིན་རླབས་སྙིང་པོའི་ལག་ལེན་བཤད། །དྲག་པོ་མཐིང་གའི་དབང་བསྐུར་སྙིང་པོ་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱ་བར་འདོད་པས། སྟེགས་བུའི་ཁར་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་རྐང་གསུམ་གྱི་ཁྲིའུ་བཞག །དེ་སྟེང་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་བརྗིད་ལྡན་འཁོར་གྲུ་གསུམ་བཞི་དང་མཐེབ་ཀྱུ་བཅུས་བསྐོར་བ་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་སྔོན་པོས་སྤྲས་པ་བཀོད། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བཤམ། ཕྲིན་ལས་རྒྱས་བསྡུས་གང་བྱེད་དང་མཐུན་པའི་གཏོར་ཚོགས་འདུ་བྱ། དེ་ནས་ལས་བྱང་རྒྱས་པ་བཏང་ན་བདག་དང་གཏོར་མ་དྲག་པོའི་དཀྱིལ་འཁོར་དུ་ལྷག་པར་གསལ་བ་ལས་འཕྲོ་འདུའི་ཏིང་འཛིན་གྱིས་བཟླས་པ་བྱ་ཞིང་། ཚོགས་ཀྱི་བསྒྲལ་སྟོབ་ཡན་གྲུབ་པ་དང་ལས་བྱང་གཤམ་ནས་འབྱུང་བའི་དངོས་གྲུབ་ལེན་པའི་ཚིག་བརྗོད་ལ་བདག་འཇུག་བླང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ནས་དབང་ལ་འཇུག །འོན་ཀྱང་གཏོར་དབང་ཁ་རྐྱང་ཙམ་གྱི་དཀྱུས་ལ་ཕྲིན་ལས་མདོར་བསྡུས་ཉིད་ལེགས་པས་དེ་ལྟར་ན་ལས་བྱང་ཕྲིན་ལས་མྱུར་འགྲུབ་ཀྱི་དབུ་ནས། ན་མོ༔ བླ་མ་བདེ་གཤེགས་སོགས་སྐྱབས་འགྲོ་སེམས་བསྐྱེད། ཧཱུྃ༔ ཡེ་ནས་རང་རིག་སོགས་དོན་དམ་སྲུང་འཁོར། མཆོད་པ་བྱིན་རླབས་ཚིག་ལྷུག་མཐར་སྨན་རག་གཏོར་གསུམ་སྔགས་ཙམ་གྱིས་བྱིན་བརླབས། ལྷ་བསྐྱེད་ནས་བསྟོད་པའི་བར་གཞུང་ལྟར་ལ་དེ་མཚམས། ཧཱུྃ༔ ཐུགས་དམ་མཆོག་གི་སོགས། ཛཔ྄་ཁང་ཕྱེས་ལ། བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུའི་བཟླས་པ་ཅི་འགྲུབ་མཐར་སྟོང་ཚིག་མཆོད་བསྟོད། གཤམ་གྱི་དབང་ལེན་སོགས་བྱས་པས་འགྲུབ་བོ། །དེ་ལྟར་དབང་སྒྲུབ་ཟིན་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་བརླབས་ནས་ལས་བྱང་གི །ཧཱུྃ༔ ང་ནི་དབང་དྲག་སོགས་ཀྱིས་བསྔོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ཡེ་ནས་རང་རིག་སོགས་ཀྱིས་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གདོད་མའི་ཧེ་རུ་ཀ་སངས་རྒྱས་ཐོད་པ་རྩལ་དེ་ཉིད་ཀྱིས་ཞི་བས་མི་འདུལ་བའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་འབར་བ་ཆེན་པོ་ཤིན་ཏུ་ཁྲོས་པའི་ཕྱག་རྒྱར་བཞེངས་པ། པདྨ་ཧེ་རུ་ཀ །དཔལ་ཆེན་རྟ་མཆོག་རོལ་པ། ནཱ་ག་ཀླུ་འདུལ། ཁྲོ་རྒྱལ་འཇིག་རྟེན་མཆོག །གུ་རུ་དྲག་པོ་རིགས་ལྔ་ལ་སོགས་པ་མཚན་དང་དཀྱིལ་འཁོར་གྱི་བཀོད་པ་མཐའ་ཡས་རྣམ་པར་རོལ་པའི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་ཀུན་ཁྱབ་ཅིང་བརྡལ་བ་ལས། སྙིགས་དུས་ཀྱི་མི་སྲུན་པའི་དམ་འགོང་གདུག་འདྲེ་འབྱུང་པོ་རྣམས་ཀྱི་གཉེན་པོར་ཆེད་དུ་ཁྲོས་པ་དྲག་པོ་རིགས་ལྔ་ལས་ཀརྨ་དྲག་པོ་མཐིང་ནག་གི་སྒྲུབ་སྐོར་དང་མན་ངག་མང་པོ་གངས་ཅན་བོད་ཡུལ་གྱི་རྗེ་འབངས་སྐལ་ལྡན་རྣམས་ལ་བསྩལ་པ་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་ཁ་མང་པོར་རྒྱས་བཏབ་པ་ཉིད། བལ་པོ་བཛྲ་མ་ཏི། གཏེར་ཆེན་བསམ་གཏན་གླིང་པ། རིག་འཛིན་རོལ་པའི་རྡོ་རྗེ་སོགས་ཀྱིས་སྤྱན་དྲངས་ཏེ་སྙིགས་དུས་ཀྱི་འགྲོ་སྐྱོབ་སྲོག་གི་གོ་ཆ་ཟླ་མེད་པར་གྱུར་ཅིང་། དེ་དག་ལས་སྐབས་སུ་བབ་པ་ལྷ་སྲས་མུ་ཁྲི་བཙད་པོ་ལ་ཆེད་དུ་བསྩལ་པ་ཀརྨ་དྲག་པོ་གནམ་ལྕགས་ཐོག་གི་སྤུ་གྲི་ཞེས་ཤིན་ཏུ་ཟབ་ཅིང་གཉན་པ་འདི་ཉིད་ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་རིག་འཛིན་གྲུབ་པའི་དབང་ཕྱུག་ཆོས་རྒྱལ་རྡོ་རྗེས་ཟབ་མོ་གཏེར་གྱི་རྒྱ་བཀྲོལ་བར་མཛད་པ་སྟེ། དེའི་སྨིན་བྱེད་སྙིང་པོ་བསྡུས་པ་གཏོར་མ་ལ་བརྟེན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ ཀརྨ་ཁྲག་འཐུང་ཆེན་པོ་ཡི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཀརྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབ་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་ལྷ༔ དཀོན་མཆོག་གསུམ་དངོས་པདྨ་འབྱུང༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ རྒྱལ་བ་དགོངས་བརྒྱུད་བླ་མ་དང༔ རིག་འཛིན་བརྡ་བརྒྱུད་བླ་མ་དང༔ གང་ཟག་སྙན་བརྒྱུད་བླ་མ་དང༔ ཤོག་སེར་གཏེར་གྱི་བརྒྱུད་པ་དང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་རང་བཞིན་དུ༔ རང་རིག་ངང་དུ་སྐྱབས་སུ་མཆི༔ ཀུན་བཟང་ཀློང་དུ་སངས་རྒྱས་ཤོག༔ ལན་གསུམ་བརྗོད། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་དང༔ དུས་གསུམ་དུས་མེད་སེམས་ཅན་རྣམས༔ ཕ་མ་དྲིན་ཅན་ཡིན་པའི་ཕྱིར༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ སྡུག་བསྔལ་མཚོ་ལས་རབ་བསྒྲལ་ཏེ༔ སངས་རྒྱས་སར་འགོད་སེམས་བསྐྱེད་དོ༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ལན་གསུམ། དེ་ནས་དབང་དང་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་རྩེ་གཅིག་པའི་ཡིད་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་བུམ་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སེམས་ཉིད་ཀ་དག་རྫོགས་པ་ཆེན་པོའི་ཀློང་ལས༔ གུ་རུ་དྲག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་མེ་དཔུང་མཚོན་ཆའི་ཐོག་སེར་འབེབ་པ༔ གནོད་བྱེད་རྒྱལ་འགོང་དམ་སྲི་དགྲ་བགེགས་རྡུལ་དུ་བརླག་པ༔ གཡོན་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་དང་ལྡན་པས་དགྲ་བགེགས་དམ་སྲི་ཧབ་ཧབ་ཏུ་ཞལ་དུ་གསོལ་ཞིང་རྗེས་མེད་དུ་བརླག་པ༔ ཞེ་སྡང་མེ་ལྟར་འབར་བ་འཛིན་པ༔ དབུ་སྐྲ་རལ་པ་དམར་པོས་བར་སྣང་ཁེངས་པའི་གསེབ་ནས་ཁྲོ་ཚོགས་མཚོན་ཆ་ལྟར་འབེབ་པ་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པའོ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་ལྡན་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་མནན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ བདུད་དང་ལོག་འདྲེན་ཚར་གཅོད་པ༔ གནས་ལྔར་གོ་ཆ་ལྷ་ལྔ༔ གཞན་ཡང་རིགས་བདག་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྣང་སྟོང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་སོ་སོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་སྦྱོར་རོལ་མོ་སོགས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་མི་འགྱུར་ཆོས་དབྱིངས་ཞིང་ཁམས་ནས༔ མ་འགགས་རང་ཤར་ཀརྨ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་བདུད་འདུལ་དྲག་པོ་རྩལ༔ ལྷ་ཚོགས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་མི་ཉམས་པར་བརྟན་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ནས་དབང་དངོས་གཞིའི་དོན་དུ་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གུ་རུ་དྲག་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཏོར་ཆེན་ཐོགས་ལ། གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་དུ། གཏོར་མ་བདུད་འདུལ་ཧེ་རུ་ཀ་གུ་རུ་ཀརྨ་དྲག་པོ་གཙོ་འཁོར་ཡོངས་སུ་རྫོགས་པར་གསལ་བའི། དཔྲལ་བའི་ཨོཾ་ཡིག་དཀར་པོ་ལས་ཁྲོ་ཆུང་དང་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ལུས་ཀྱི་ལས་ཉོན་དྲི་མ་སྦྱངས༔ སྣང་སྲིད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་རྡོ་རྗེ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དཔྲལ་བར་བཞག །གཏོར་སྣོད་མཐིང་ནག་སོགས་གོང་བཞིན་ལས། མགྲིན་པའི་ཨཱཿཡིག་དམར་པོ་ལས་ཁྲོ་ཆུང་དང་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ངག་གི་ལས་ཉོན་དྲི་མ་སྦྱངས༔ གྲགས་པ་སྔགས་ཀྱི་རང་སྒྲར་ཤར༔ གསུང་གི་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་མགྲིན་པར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་ཁྲོ་ཆུང་དང་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ཡིད་ཀྱི་ལས་ཉོན་དྲི་མ་སྦྱངས༔ རྟོག་ཚོགས་རིག་སྟོང་ཆོས་སྐུར་ཤར༔ ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྙིང་གར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། ལྟེ་བའི་སྭཱ་ཡིག་སེར་པོ་ལས་ཁྲོ་ཆུང་དང་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ རྩོལ་མེད་ཡོན་ཏན་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ སྙོམས་འཇུག་འཕོ་བའི་དྲི་མ་སྦྱངས༔ འགྱུར་མེད་བདེ་སྟོང་ཕྱག་རྒྱས་ཐེབས༔ ཡེ་ཤེས་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ གཏོར་མ་ལྟེ་བར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། གསང་བའི་ཧཱ་ཡིག་ལྗང་གུ་ལས་ཁྲོ་ཆུང་དང་འོད་ཟེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ལས་དབང་ཡུལ་གྱི་དྲི་མ་སྦྱངས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མི་འགྱུར་རྡོ་རྗེའི་སྐུ་འགྲུབ་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ གཏོར་མ་གསང་གནས་སུ་བཞག །དེ་དག་རྣམས་ཀྱིས་གུ་རུ་ཀརྨ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ། སྒོ་གསུམ་གྱི་ལས་ཉོན་ཤེས་བྱ་ཆགས་རྟོག་བྱ་བྱེད་དང་བཅས་པའི་དྲི་མ་དག །ལྷ་སྔགས་ཏིང་འཛིན་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པ་དང་ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་། འབྲས་བུ་སྐུ་ལྔ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་དཔལ་གྱི་གཏོར་ཆེན་འདི་ཉིད་བདུད་འདུལ་ཧེ་རུ་ཀ་གུ་རུ་ཀརྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དངོས་སུ་གསལ་བའི། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བཞིའི་ཡེ་ཤེས་རྩལ་རྫོགས་སུ་བསྐྱེད། རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབ་པ་ཡིན་སྙམ་དུ་དད་མོས་རྩེ་གཅིག་ཏུ་བསྐྱེད་མཛོད། ཨོཾ་ཨཱཿཧཱུྃ༔ གཏོར་མ་རིན་ཆེན་འབར་བ་འདི༔ ཕྱི་ལྟར་ལྷ་ཡི་གཞལ་ཡས་ཁང༔ ནང་ལྟར་དྲག་པོ་རྩལ་ལྷ་ཚོགས༔ གསང་བ་བླ་མའི་ཐུགས་དཀྱིལ་ལྷ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཞི་ཆགས་ཁྲོ་བོའི་རྣམ་རོལ་པའི༔ ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་དམ་པ་འདི་ལ་སྩོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ རང་སེམས་ཆོས་སྐུ་མངོན་གྱུར་པའི༔ བཀའ་བརྒྱུད་བླ་མའི་དབང་ཐོབ་ཤོག༔ ཚེ་འདིར་མཁའ་སྤྱོད་མྱུར་འགྲུབ་པའི༔ པད་འབྱུང་ཡབ་ཡུམ་དབང་ཐོབ་ཤོག༔ དུག་ལྔ་རྣམ་པར་དག་པ་ཡི༔ ཐོད་ཕྲེང་རྩལ་ལྔའི་དབང་ཐོབ་ཤོག༔ སྣང་སྲིད་འཁོར་འདས་དབང་སྒྱུར་བའི༔ དྲག་པོ་རྩལ་གྱི་དབང༴ ལུས་ལ་གཟི་བརྗིད་བསྐྱེད་པའི་ཕྱིར༔ འཇམ་དཔལ་སྐུ་ཡི་དབང༴ ངག་ལ་ནུས་པ་བསྐྱེད་པའི་ཕྱིར༔ གསུང་མཆོག་རྟ་མགྲིན་དབང༴ སེམས་ལ་རྟོགས་པ་བསྐྱེད་པའི་ཕྱིར༔ ཐུགས་མཆོག་ཕྱག་རྡོར་དབང༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར༔ ཁྲོས་མ་ལྷ་ལྔའི་དབང༴ ཕྲིན་ལས་མ་ལུས་མྱུར་འགྲུབ་པའི༔ རྡོ་རྗེ་གཞོན་ནུའི་དབང༴ བདུད་བཞིའི་དགྲ་དཔུང་གཞོམ་པའི་ཕྱིར༔ རིགས་བཞི་ཕོ་ཉའི་དབང༴ ཕྱོགས་བཅུའི་གདོན་བགེགས་འདུལ་བའི་ཕྱིར༔ ཁྲོ་བོ་བཅུ་ཡི་དབང༴ ལས་བཞིའི་ཕྲིན་ལས་འགྲུབ་པའི་ཕྱིར༔ སྒོ་བཞི་སྲུང་མའི་དབང༴ ས་ལམ་བར་ཆད་ཀུན་སེལ་བའི༔ ཆོས་སྐྱོང་སྲུང་མའི་དབང༴ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ བླ་མ་ལྷ་ཡི་རྣམ་རོལ་དུ༔ གཅིག་དང་དུ་མར་གང་ཤར་བ༔ ཡེ་ཤེས་པ་དང་དམ་ཚིག་པ༔ རང་སེམས་ངོ་བོར་རོ་གཅིག་པའི༔ འཕོ་མེད་དོན་དམ་དབང་ཐོབ་ཤོག༔ ཀ་དག་ཀློང་ན་སྐྱེ་འཆི་བྲལ༔ ཀུན་བཟང་ཀློང་ལ་འཕོ་འགྱུར་མེད༔ རང་བཞིན་གཉུག་མ་འགྲོ་འོང་བྲལ༔ རང་གསལ་ལྷུན་གྲུབ་འགག་པ་མེད༔ གདོད་ནས་རང་སེམས་ཡེ་སངས་རྒྱས༔ གཉིས་སྣང་འཁྲུལ་རྟོག་ཀུན་ཟད་པའི༔ ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ དུས་གསུམ་དུས་མེད་སྐྱེ་འགྲོ་དང༔ དེང་འདིར་སྐལ་ལྡན་བུ་སློབ་རྣམས༔ ཨོ་རྒྱན་ཁྱེད་དང་དབྱེར་མེད་ཤོག༔ རྩ་སྔགས་དང་། ཨོཾ་ཤྲཱི་ཀརྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་སྲས་མུ་ཁྲི་བཙན་པོ། རིག་འཛིན་མི་འགྱུར་རྡོ་རྗེ། གཏེར་སྟོན་རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་ཆེན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་སྤྲུལ་བྱེ་བ་གྲངས་ལས་འདས་པའི་རིག་འཛིན་དཔའ་བོ་མཁའ་འགྲོ །བཀའ་བབ་རིག་འཛིན་གྲུབ་ཐོབ། ཆོས་བདག་སྦས་པའི་རྣལ་འབྱོར། བརྒྱུད་འཛིན་ལས་ཅན་སྟོང་དང་རྩ་བརྒྱད། སྡོང་པོ་ལྟ་བུ། ཡལ་ག་ལྟ་བུ། འབྲས་བུ་ལྟ་བུ། མེ་ཏོག་ལྟ་བུ་འབྲེལ་ཚད་དོན་ལྡན། མཐོང་ཐོས་དྲན་གྲོལ་གྱི་བླ་མ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་གུ་རུ་དྲག་པོ་དབང་དྲག་འབར་བའི་ལྷ་ཚོགས། རིགས་བདག་ཐོད་ཕྲེང་སྡེ་ལྔ། ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཊ། སྐུ་མཆོག་འཇམ་དཔལ། གསུང་མཆོག་རྟ་མགྲིན། ཐུགས་མཆོག་ཕྱག་རྡོར། ཡོན་ཏན་མཁའ་འགྲོ་སྡེ་ལྔ། ཕྲིན་ལས་ཡཀྴ་མེ་དབལ། སྤྲུལ་པ་རིགས་བཞིའི་ཁྲོ་རྒྱལ། རྩ་བའི་ལྷ་བཞི། ཐུགས་སྤྲུལ་ཁྲོ་བཅུ་ཡབ་ཡུམ། སྒོ་སྲུང་བཞི་དང་སྤྲུལ་པ་ཡང་སྤྲུལ་ལྷ་ཚོགས། ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། གཟའ་ཀླུ་རྒྱལ་བསེན་དམ་སྲི་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག །མི་ནད་དང་། ཡམས་ནད་དང་། སྡང་དགྲ་གནོད་བྱེད། བྱད་མ་རྦོད་གཏོང་། རྣོ་བའི་མཚོན། སྦྱོར་བའི་དུག །རྨིས་ལྟས་མཚན་ངན། གློ་བུར་ཡེ་འདྲོག །མི་ཁ་བྲ་མཆུ། འཇིགས་པ་བརྒྱད་དང་བཅུ་དྲུག་གི་འཚེ་བ་ཐམས་ཅད་ཞི་བ་དང་བྱང་བར་གྱུར་ཅིག །བསྲུང་བ་དང་སྐྱོབ་པ་དང་ཚེ་དང་བསོད་ནམས་དབང་ཐང་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་གནད་གཅོད་དྲག་པོ་མི་འབྱུང་ཞིང་སངས་རྒྱས་སྣང་བ་མཐའ་ཡས་དང་དབྱེར་མ་མཆིས་པར་བདེ་ཆེན་ཞིང་དུ་སངས་རྒྱས་པར་གྱུར་ཅིག །ཉམས་དང་རྟོགས་པ་རྩ་ཐིག་རླུང་གསུམ་མཐུ་དང་ནུས་པ་ས་ལམ་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་ཡི་དམ་གུ་རུ་དྲག་པོ་རྩལ་དང་དབྱེར་མེད་པར་གྱུར་ཅིག །ཅེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག་ཅིང་གོང་གསལ་རྩ་སྔགས་དང་སྤྱི་དྲིལ་གཉིས་ཀྱི་གཤམ་དུ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ་རཀྵ་རཀྵ་རཀྵ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གུ་རུ་ཀརྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང༔ ཡི་དམ་གུ་རུ་དྲག་པོའི་བདེན་པ་ཡིས༔ སྐལ་ལྡན་འདི་ལ་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ བཛྲ་རཀྵ་རཀྵ༔ ཅེས་བརྗོད་ལ་རྡོ་རྗེ་མགོར་བཞག །གཏོར་མ་སྨན་རཀ་ལྷ་ཚོགས་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྲིད་ཞིའི་དྭངས་བཅུད་ཆེན་པོར་འཁྱིལ་པ་དེ་ཉིད་ལོངས་སྤྱོད་པ་ཙམ་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་འབད་མེད་ཡིད་བཞིན་དུ་ཐོབ་པའི་མོས་འདུན་གྱིས་ཤིག །ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་སྦྱིན། བདུད་རྩི་དཔྲལ་བ། རཀྟ་མགྲིན་པར་བྱུག་པ་དང་འཐུང་དུ་གཞུག །དེ་ནས་མཚམས་སྦྱོར་བཅས་ཤིས་བརྗོད་ཅི་རིགས་པ་བརྗོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། གཏོར་མ་སླར་ཡང་སྐད་ཅིག་གིས་དཀྱིལ་འཁོར་པར་གསལ་བཏབ་ལ་ཕྲིན་ལས་རྒྱས་པ་བཏང་ན་ཚོགས་ལ་རོལ་ཞིང་ལྷག་མ་ནས་བཀྲ་ཤིས་ཀྱི་བར་གཏང་དགོས་ཀྱང་། མདོར་བསྡུས་པའི་སྐབས་སུ་མཆོད་པ་ཁ་གསོས། ལས་བྱང་མཇུག་གི་མཆོད་བསྟོད། བཟོད་གསོལ། བསྡུ་ལྡང་། དགེ་བསྔོ། བཀྲ་ཤིས་ཙམ་བྱས་པས་འགྲུབ་བོ། །ལོག་སྤྱོད་རླུང་གིས་སྤར་བའི་ཞུགས། །མཐའ་འདྲེ་དམ་འགོང་ཚ་ངར་ཀུན། །མཐུ་སྟོབས་དུས་མཐའི་ཆར་པས་བསྙིལ། །འགྲོ་སེམས་ཞི་བའི་རྩལ་རྒྱས་ཤོག །ཅེས་གཏེར་ཆེན་མཆོག་གྱུར་གླིང་པའི་བཀའ་ལྟར་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་མདུན་དུ་ཉིད་ཀྱི་གཏེར་ཆོས་རྣམས་ཀྱི་དབང་ལུང་ཆེད་དུ་ཞུས་པའི་སྐབས་སུ་འདི་ལྟར་བགྱིད་དགོས་པའི་བཀའ་བསྐུལ་ཆེད་དུ་བསྩལ་ཀྱང་ཡུན་རིང་ལུས་པ་ལ། སླད་ཆར་རིན་པོ་ཆེ་གཏེར་གྱི་མཛོད་འགེངས་པའི་ཆ་རྐྱེན་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).