Terdzo-SIDDHAM-018
རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་
by འགྱུར་མེད་ཚེ་དབང་བསྟན་འཕེལ་ (Gyurme Tsewang Tenpel)
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle སྔགས་གསོ་བདུད་རྩིའི་རོལ་མཚོ་ (Sngags gso bdud rtsi'i rol mtsho)
parent cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 67 (སིདྡྷཾ) / Pages 417-425 / Folios 1a1 to 5a6
Tibetan Text
རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་བཞུགས་སོ། །ན་མོ་གུ་རུ་པདྨཱཀ་ར་མ་ཧཱ་ནི་དྷི་ཤཱནྟི་ཀྲོ་དྷ་ཡེ། བླ་མ་རིག་འཛིན་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལ་བརྟེན་སྔགས་ཀྱི་གསོ་སྦྱོང་ཚུལ། །དེ་ཡང་སྒྲུབ་པ་ཆེན་པོ་དང་འབྲེལ་བའི། །རེག་ཟིག་མཐོང་བས་ཁོང་ཆུད་འདིར་གསལ་བྱ། །དེ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བ་ནི། འཇམ་མགོན་སངས་རྒྱས་གཉིས་པ་ཡོན་ཏན་རྒྱ་མཚོས་བསྩལ་པའི་ཡན་ལག་གི་ཐུགས་སྒྲུབ་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་ཉིད་འཇུག་པ་བདེ་ཞིང་འཚམ་པར་འགྱུར་བས་ན། དེ་ཉིད་ལས་གསུངས་པའི་རྟེན་སྒྲུབ་མཆོད་པའི་རིམ་པ་དང་། སྔགས་གསོ་རང་གཞུང་ལས་ཇི་ལྟར་འབྱུང་བ་རྣམས་ཚོགས་པར་བྱས་ལ།། ༈ །།གཉིས་པ་དངོས་གཞི་ལ་འཇུག་པའི་ཉིན་དང་པོར་སྒྲུབ་ཁོག་དབུ་ནས་བརྩམ་སྟེ་བྱ་ཞིང་། ལྷ་སྟ་གོན་གྱི་སྐབས་མཎྜལ་གསུམ་འདུ་བྱ་བར། དང་པོ་ཐུགས་སྒྲུབ་ལ་ནི་ཁོག་དབུབ་གཞུང་གསལ་ལྟར་དང་། ༈ མཎྜལ་གཉིས་པར་ཞི་བའི་ལྷ་ཚོགས་ནི། དབུས་སུ་ཀུན་བཟང་ཡབ་ཡུམ་ལ་ཚོམ་བུ་གཅིག་བཀོད་དེ། ཧཱུྃ་ཨ། ས་མ་ཡ་སྟྭཾ། ཞེས་བཏགས་པ་བརྗོད། དེས་མཚོན་ཏེ། དབུས་མདུན་དང་ཕྱོགས་བཞིར་ཚོམ་བུ་གཡས་སྐོར་དུ་བཀོད་ཅིང་། རིགས་ལྔ་ཡབ་ཡུམ་གྱི་ས་བོན་སྙིང་པོ། ཧཱུྃ་མཱུཾ། ཨོཾ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། བཅས་སོ་སོར་ཤམ་བུ་བཏགས་ནས་བརྗོད། དེ་བཞིན་རིགས་འགྲེས་ཀྱི་ཕྱི་རོལ་དུ། མཚམས་ལ་ཚོམ་བུ་བརྒྱད་ཉིས་རིམ་དུ་བཀོད་བཞིན། སེམས་དཔའ་ཡབ་ཡུམ་བཅུ་དྲུག་གི་ས་བོན། ཀྵིཾ་ཧཱུྃ། ཏྲཱཾ་ཏྲཱཾ། ཧྲཱིཾ་ཧྲཱིཾ། ཛྲིཾ་ཨཱཿ མཻ་ཛཿ ཐིཾལྷ་ཧཱུྃ། ཧཱུྃ་བཾ། མཱུཾ་ཧོ། ཞེས་པ་རྣམས་ཀྱི་མཐར་ཤམ་བཏགས་ཏེ་བརྗོད། དེའི་ཕྱིར་ཤར་ནུབ་གཉིས་སུ་བྱ་བྱེད་ལ་ཚོམ་བུ་རེ་འགོད་ཅིང་། ཧཱུྃ་ཨ། ལ་ཤམ་འདོགས། ཁྱམས་ལ་ཐུབ་དྲུག་ལ་ཚོམ་བུ་དྲུག་བཀོད་ཅིང་། ཀྲེཾ། སྲུཾ། ཀྵཾ། བྲཾ། ཧཱུྃ། ཏྲུཾ། ཡེ། ཞེས་པ་རྣམས་སྦྲེལ་མཐར་ཤམ་སྦྱར། སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད་ལ་ཚོམ་བུ་བརྒྱད་བཀོད་ཅིང་རང་སྔགས། ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བཾ། ཧཱུྃ་ཧོ། ཞེས་ཤམ་བཅས་བརྗོད། ༈ མཎྜལ་གསུམ་པར་ཁྲག་འཐུང་ལྷ་ཚོགས་ནི། དབུས་སུ་ཆེ་མཆོག་ཡབ་ཡུམ་ལ་ཚོམ་བུ་གཅིག་བཀོད་དེ། ཧཱུྃ་ཧཱུྃ། ས་མ་ཡ་སྟྭཾ། ཞེས་བཏགས་པ་བརྗོད། དེས་རིགས་འགྲེས་ཤེས་པར་བྱ་སྟེ། དབུས་མདུན་དང་ཕྱོགས་བཞིར་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ་ལ་ཚོམ་བུ་ལྔ་བཀོད་ཅིང་། ཧཱུྃ་ཧཱུྃ། གཉིས་སྦྲེལ་ཤམ་བཏགས་པ་ཚར་ལྔ་བརྗོད། དེ་ཕྱིར་ཕྱོགས་མཚམས་བརྒྱད་དུ་གནས་མ་བརྒྱད་ལ་ཚོམ་བུ་བརྒྱད་བཀོད་བཞིན། ཧ་བརྒྱད་དལ་བར་བརྗོད་མཐར་སྔགས་ཤམ་སྦྱར། དེ་ཕྱིར་ཡུལ་མ་བརྒྱད་ལ་ཚོམ་བུ་དེ་གྲངས་བཀོད་བཞིན། ཧེ་བརྒྱད་ཤམ་བཏགས་བརྗོད། དེ་ཕྱིར་ཕྱོགས་བཞིར་ནང་གི་སྒོ་མ་བཞི་མཚོན་བཀོད་དེ། ཕཊ྄་བཞི་ཤམ་བཅས། དེ་ཕྱིར་ཕྱོགས་སུ་ཞི་མཛད་དབང་མོ་དྲུག་ལ་ཚོམ་བུ་དེ་ཡི་གྲངས་མཚུངས་སུ་བཀོད་བཞིན། བྷྱོ་དྲུག་དལ་བུས་བརྗོད་མཐར་ཤམ་བཏགས། དེ་ལྟར་ལྷོ་ཕྱོགས་སུ་རྒྱས་མཛད་དྲུག །ནུབ་ཕྱོགས་སུ་དབང་མཛད་དྲུག །བྱང་ཕྱོགས་སུ་དྲག་མཛད་དྲུག་བཅས་གོང་མཚུངས་ལྟར་བཀོད། དེ་ཕྱིར་ཕྱིའི་ཕྱོགས་བཞིར་སྒོ་མ་བཞི་མཚོན་བཀོད་ལ། བྷྱོ་བཞིའི་མཐར་ཤམ་བཅས་བརྗོད། ཚོམ་བུ་རྣམས་མ་འདྲེས་གསལ་བར་བཀོད་ལེགས་སུ་བཀྲམ་ཞིང་། སྟེགས་གོང་འོག་གསུམ་གྱི་རིམ་པའི་དཀྱིལ་འཁོར་གྱི་གོ་རིམ་ལྟར་མཎྜལ་གསུམ་བཀོད། ལྷ་བསྐྱེད་སྐབས་ཕྲིན་ལས་སྙིང་པོའི། དམར་པོ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ ཞེས་པའི་མཚམས། གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང་དཀྱིལ་དུ། །ཞི་བ་བཞི་བཅུ་རྩ་གཉིས་ཚོམ་བུར་བཞུགས། །དེ་ཡི་རང་རྩལ་དུང་ཁང་མེ་འོད་ཀློང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རོལ་པར་བཞེངས། །ཕྱི་རོལ་འདབ་བཞི་པདྨའི་གེ་སར་ལ༔ སོགས་ནས་སྦྲེལ། དེ་ལྟར་ཞི་ཁྲོ་ལུས་དཀྱིལ་ལ་ཚོམ་བུ་ལོགས་སུ་འགོད་དགོས་པའི་ངེས་པ་མ་མཆིས་མོད་ཀྱང་། དཀྱིལ་འཁོར་སོ་སོ་བཞིན་སུམ་བརྩེགས་སུ་བཀྲམ་པར་གསུངས་པས་སོ། །བུམ་པ་སྟ་གོན་གྱི་སྐབས་ལྷ་བསྐྱེད་རྒྱས་པར་བྱ་བའི་ཚེ་བཤད་མ་ཐག་པ་ཇི་བཞིན་དུ་ཞི་ཁྲོའི་བསྐྱེད་བཟླས་བཅས་སྦྱར་ཞིང་། བསྡུས་པའི་ཚེ་ན་གཞུང་དང་ཞི་ཁྲོའི་སྤྱི་སྔགས་བཟླ་བ་ཙམ་ལས་དམིགས་སུ་བྱར་མེད་དོ། །སྒྲུབ་རྫས་རྒྱན་འགོད་སྐབས་སྒྲུབ་ཁོག་གཞུང་བསྟན་གྱིས་མི་འཐུས་པ་མེད་རུང་། སྐབས་ཕྱེད་པའི་སླད་དུ་ཐུགས་སྒྲུབ་ཀྱི་སྐུ་རྟེན་བཀོད་རྗེས། ཞི་བའི་ལྷ་ཚོགས་ཀྱི་ཞལ་ཐང་ཙཀླི་སོགས་བཀྲམ་སྟེ། ཧཱུྃ༔ བླ་མ་ཆོས་སྐུ་ཀུན་བཟང་ཡབ་དང་ཡུམ༔ བདེ་བར་གཤེགས་པ་རིགས་ལྔ་ཡབ་ཡུམ་བཅུ༔ བྱང་ཆུབ་སེམས་དཔའ་ལྕམ་དྲལ་བཅུ་དྲུག་དང༔ འགྲོ་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ མཐར་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད་ལ་སོགས༔ ངོ་བོ་སྟོང་པའི་གཙོ་ལ་རང་བཞིན་འཁོར༔ ཐུགས་རྗེ་སྣ་ཚོགས་སྣང་བས་འགྲོ་དོན་མཛད༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང༔ རང་གི་དབྱིངས་ལས་གཞན་དུ་མ་གྲུབ་པའི༔ རྫོགས་པ་ཆེན་པོའི་ཀློང་དུ་བཞུགས་ནས་ཀྱང༔ ཀ་དག་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས༔ ཞེས་དང་། ཞི་བ་སྤྱི་སྔགས་ཀྱི་ཛཔ྄་དབྱངས་བྱ། ཁྲོ་བོའི་སྐུ་རྟེན་བཀོད་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཡབ་དང་ཡུམ༔ ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རྣམ་པ་བཅུ༔ གནས་ཀྱི་མ་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད༔ སྒོ་མ་བཞི་དང་དབང་ཕྱུག་ཉེར་བརྒྱད་སོགས༔ རིག་རྩལ་རོལ་པའི་ཁྲོ་བོའི་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་བཞུགས་ནས༔ ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་ཁྲོ་བོ་སྤྱི་ཛཔ྄་གྱི་སྔགས་དབྱངས་བྱ། དེ་ནས་ཁོག་དབུབ་ཀྱི་རྒྱན་བཀོད་པ་སོགས་ལ་འཇུག་གོ། ༧ དངོས་གཞི་སྒྲུབ་པ་གཞུང་ལ་ཐུན་བཞིའི་རིམ་པས་འཇུག་པ་སྟེ། དེའང་ཉིན་དང་པོ་ནངས་སྔ་བར་ཁྱམས་སུ་ཕྱིར་བཅོས་བྱ་ཞིང་། གྲལ་ལ་འཁོད་ནས་སྔགས་གསོ་གཞུང་ལྟར། གསོལ་འདེབས་རྒྱས་པ་ལེའུ་བདུན་མ་ཕྱག་བཞེས་ལྟར་སྐབས་སྦྱར་ཞིང་། གཏེར་ཆེན་རྣམ་ཐར་གསོལ་འདེབས་གཙོས་བསྡུས་པའི་རིགས་དང་། བརྒྱུད་འདེབས་ནས་བརྩམ་སྟེ། བསང་ཆུ། རྡོར་དྲིལ། ཕུར་བུ། ཕྲེང་བ། རྔ་རོལ་བཅས་བྱིན་རླབས་རྣམ་ལྔ་ཕྲིན་འབྲིང་ལྟར་སྦྱར། དཀར་གཏོར་ནས་གཞུང་དངོས་བསྟན་ཇི་ལྟ་བ་བཞིན་གྱིས། བསྙེན་བཟླས་ཀྱི་ཐོག་མར་ལས་རྡོར་པས་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཚབ་གཉིས་ལ་གཟུངས་ཐག་ཕྱག་ལེན་ལྟར་ཕུལ་ནས། ཐུགས་སྒྲུབ་ཀྱི་བསྙེན་པ་སྐུ་གསུམ། སྒྲུབ་པ་སྤྱི་དྲིལ། ལས་སྦྱོར་བཅས་གྲུབ་མཚམས། སྐུ་གསུམ། སྤྱི་དྲིལ། ཞི་ཁྲོའི་སྤྱི་སྔགས། ཁྱད་པར་ཉམས་ཆག་སྦྱོང་ཕྱིར་རྡོར་སེམས་སྙིང་པོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་འབྲུ་དྲུག་པ་སྦྲེལ་ཏེ་ཛཔ྄་དབྱངས་དང་ལྡན་པས་བསྙེན་རྒྱུན་འཛུག་ཅིང་། དེ་ཙམ་སྤྲོས་པས་མི་ལྕོགས་ན་སྤྱི་དྲིལ་ཞི་ཁྲོ་ཙམ་གྱིས་འཐུས་སྙམ། གང་ལྟར་རྒྱལ་པོའི་གཟུངས་ཐག་ཐུན་དཔོན་ལ་སྲོལ་བཞིན་སྤྲད། རྒྱལ་ཚབ་དེ་རེ་ཞིག་བསྡུས་ལ་ཛཔ྄་མཆོད་སོགས་ལ་འཇུག་ཅིང་། དེའང་སྒྲུབ་གཞུང་གྲོལ་ལ་ཉེ་བའི་ཞག་གཅིག་གི་གོང་ནས། རྡོར་སེམས་སྙིང་པོ་བཞག་ལ་དཔའ་བོ་རིགས་བཞིའི་ལས་སྦྱོར་གྱི་བཟླས་པ་སྦྱོར་ཤེས་པར་བྱའོ། །ཞི་ཁྲོའི་བསྐྱེད་བཟླས། ལས་སྦྱོར་གྱི་རིམ་པ། མཆོད་བསྟོད། ནོངས་བཤགས། འདོད་གསོལ་སྨོན་ལམ་བཅས་གྲུབ་མཚམས། སྒྲུབ་ཁོག་ནང་གི་ཉུ་ལེ་བསྐྲད་ཅིང་བྱིན་འབེབ་བསྡུས་པའི་ལུགས་ལྟར་དང་། སྔགས་དབྱངས་ལན་གསུམ་བཅས་ཀྱིས་ཐུན་དང་པོ་གྲུབ་ནས། ༧ ཐུན་གཉིས་པར། ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་གང་རིགས་དང་འབྲེལ་བའི་ཞི་ཁྲོའི་བསྐྱེད་བཟླས། ཛཔ྄་མཆོད་རྗེས་བུམ་བཟླས་ལ་འཇུག་ཅིང་། དབང་ལེན་བསྡུས་པ་བཞག་ནས་སྲུང་མའི་གཏོར་ཆོག་རིགས་དང་། སྤྲོ་ན་ཐུགས་སྒྲུབ་སྤྱིའི་བཀའ་གཏེར་སྲུང་མ་ཚེ་རིང་མ་བསྡུས་པ་གཞུང་གི་མལ་དུ་རྒྱས་པ་ཉིད་གཏང་གྲུབ་ན་ལེགས། སྐབས་གང་བདེར་ཐོ་གསོ་བ་དང་། ཕྱི་རོལ་དུ་ཆ་གསུམ་གཏོང་བ་དང་བཅས་དཔོན་སློབ་ཁ་ཤས་ནས་བྱ། དེ་ནས་བདག་འཇུག་གསོ་སྦྱོང་གི་བཤགས་ཡུལ་གསལ་གདབ་ནས་གཟུང་ཆད་ཐོའི་མཐའ་བར་གཏང་ཞིང་། ཟོར་བསྐུལ་ནི། ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ མ་ལུས་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལས་ལ་འདུས༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་རྒྱུགས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ གདུག་པའི་དགྲ་བགེགས་རྣམས་ཀྱི་སྟེང་དུ་འཕེན༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་མཛོད༔ གཞན་ཡང་ཕྱི་ནང་གསང་བའི་སྡུག་བསྔལ་དང༔ བྱད་ཕུར་རྦོད་གཏོང་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དྲག་པོའི་གཏོར་མ་འདི་ཡིས་ཟློག༔ མངོན་སྤྱོད་དམོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་གཏོར་མ་དགྲ་ཕྱོགས་སུ་འཕེན་ལ། བརྟན་སྐྱོང་ནས་རྗེས་རིམ་མཐར་དབྱུང་ཞིང་སྨོན་ལམ་རྒྱས་པར་བྱ། ཁོབ་དབུབ་ལྟར་ཉུ་ལེ་བསྐྲད་ལ། ཕྲིན་ལས་ཆེན་མོའི་བྱིན་འབེབ་སོགས་བགྱིས་པས་ཉིན་གྱི་ཐུན་གྲུབ་བོ། ༧ །མཚན་ཐུན་སྔོན་མར་གསོལ་འདེབས་བསྡུས་ཙམ་དང་། བརྒྱུད་འདེབས་མཚམས་བསང་ཆུ་དཀར་གཏོར་བཞག་ཆོག །སྐྱབས་འགྲོ་ནས་བརྩམ་སྟེ་བུམ་བཟླས་ཡན་དང་། རྗེས་ཆོག་མཆོད་བསྟོད་ནས་བཀྲ་ཤིས་བར་དབྱུང་། བསྐྲད་འབེབ་བསྡུས་པ་ཛཔ྄་དབྱངས་བཅས་བྱ། ཐུན་ཕྱི་མར་ཐུགས་སྒྲུབ་ཕྲིན་ལས་སྙིང་པོ་དང་འབྲེལ་བའི་ཞི་ཁྲོའི་བསྐྱེད་བཟླས་སོགས་མཚན་ཐུན་དང་པོ་ཇི་ལྟ་བ་བཞིན་ལ། དབང་ལེན་བསྡུས་པ་དང་སྲུང་ཕྲིན་བཞག་ནས། བརྗོད་མེད་དོན་བཤགས། བརྒྱ་ཕྱག །རྡོར་སེམས་སྒོམ་བཟླས། སྨྲེ་བཤགས། ཀློང་བཤགས། དམ་ཚིག་ཉེར་བརྒྱད་བཤགས་པ། སྒོ་གསུམ་ཁྲུས་བསྡུས། ཚོགས་བྱིན་རླབས་ནས་ཐ་མ་ཡན་དང་། དེ་མཚམས་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། འཁོར་གསུམ་སྤྲོས་བྲལ་གྱི་བསྐང་བ་རྣམས་གཏང་ཞིང་། དམ་བཅའ། ཚོགས་རོལ། མར་མེ་སྨོན་ལམ། ལྷག་མའི་མཐར་རྗེས་ཀྱི་མཆོད་བསྟོད་ཕྱིན་མཐའ་དབྱུང་ཞིང་། ཉུ་ལེ་བསྐྲད་ཆོག་དང་བྱིན་འབེབ་སོགས་རྒྱས་པར་བགྱིས་ལ་སྨོན་ལམ་གྱིས་མཐའ་བརྒྱན་པས་གྲུབ། གོང་གི་དབང་ལེན་སྐོར་ནས་གསོལ་གདབ་ཀྱི་རིགས། སོ་བྱང་སྔགས་གསུམ་གྱི་བཤགས་པ། སྡོམ་གཟུང་སྐོར། རིགས་དྲུག་གནས་སྦྱོང་། སྒོ་གསུམ་སོ་སོའི་ཁྲུས་དབང་གི་རིགས་རྣམས་དོར་བས་ཆོག་གམ་སྙམ། དངོས་གཞིའི་ཉིན་གཉིས་པ་ནས་གཟུང་གཞན་རྣམས་ལ་ལྟུང་བ་ཕྱིར་བཅོས་མི་དགོས་པའི་ཁྱད་པར་ཙམ་ལས། ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ཐམས་ཅད་ཉིན་དང་པོའི་འགྲོས་ཇི་བཞིན་ཉིད་དུ་བྱའོ།། ༈ །།གསུམ་པ་རྗེས་ཀྱི་དངོས་གྲུབ་ལེན་པའི་ཉིན་ནངས་སྔ་བར་ཚོགས་ནས། ཉིན་ཐུན་དང་པོ་ཇི་ལྟ་བར་ཐུགས་སྒྲུབ། ཞི་ཁྲོ་སོར་བཞག་བུམ་བཟླས་བཅས་བྱ། ཐུན་དཔོན་པས་གཟུངས་ཐག་རྡོ་རྗེ་རྒྱལ་པོ་ལ་ཕྱག་ལེན་ལྟར་འབུལ་བཞེས་དང་། ཐུན་པ་རྣམས་ནས་ཁ་སྐོང་དབྱངས་གསལ་ཡིག་བརྒྱ། སྟོང་ཚིགས་འབུལ་བ་དང་བཅས་བསྙེན་རྒྱུན་སྔ་མ་གྲོལ། སྐུ་གསུམ་སྤྱི་དྲིལ་ཞི་ཁྲོ་བཅས་ཀྱི་སྙིང་པོའི་མཐར་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ྄་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བཏགས་པ་རྒྱུན། དབང་ལེན་བསྡུས་པ་བཞག་ནས་སྲུང་མའི་གཏོར་ཆོག་རིགས་གཏང་། སྐབས་འདིར་དམ་པ་རྣམས་ཀྱིས་བཞེད་སྲོལ་འདྲ་མིན་དུ་སྣང་སྟེ། དེའང་དངོས་གྲུབ་ལེན་པས་དབང་ལེན་དོན་ཐོབ་ཏུ་འགྱུར་བའི་བཞེད་པས། གཏེར་གཞུང་ཚིག་རིས་ལས་ཀྱང་དབང་བླང་གི་རྗེས་ཐོག་ཏུ། ཡང་ན་རྟགས་མཐོང་དངོས་གྲུབ་གསོལ༔ ཞེས་འབྱུང་བ་བཞིན་དགོངས་པ་དང་། འགའ་ཞིག་དངོས་གྲུབ་ལེན་པའི་དོན་གཙོ་བོ་དབང་ལེན་དགོས་པའི་ཁྱད་པར་དུ་གསུངས་པས་གང་འཐད་ཕྱོགས་ཆེ་རུང་། འདིར་ནི་ཕྱི་མ་ཉིད་ཀྱི་རྗེས་སུ་འབྲང་སྟེ། དངོས་གྲུབ་ལེན་བྱའི་གཙོ་བོ་དང་གསོ་སྦྱོང་གི་རྩ་བ་དབང་དུ་ངེས་ཕྱིར་བདག་འཇུག་ལེན་པར་བྱ་སྟེ། གོང་འཕྲོས་བརྗོད་མེད་དོན་བཤགས་ནས་བརྩམ་ཉིན་སྔ་མ་རྣམས་ལྟར་ཚོགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། དངོས་གྲུབ་ཀྱི་བགེགས་བསལ་བ་ནས། མཇུག་གི །བདེ་བླག་གི་ཚུལ་གྱིས་ཐོབ་པར་གྱུར་པར་བསམ་པའི་བར་བྱས་ལ་འདི་སྐབས་རྒྱས་པའི་སྦྱིན་སྲེག་ཀྱང་བྱ། དེ་ནས་དབང་བླང་བའི་མཎྜལ་འབུལ་ཞིང་། མིག་དར་མེ་ཏོག་ནས་གཟུང་ལས་གཞུང་ཇི་ལྟར་གྱིས་བདག་འཇུག་གྲུབ་མཚམས་ཙམ་ལ་ཛཔ྄་རྒྱུན་ཡང་གྲོལ། དེ་ནས་ཚོགས་ལ་རོལ་པ་ནས་རྗེས་རིམ་མཐར་བྱུང་ཞིང་། བསྐྲད་འབེབ་མི་དགོས་སོ། ༧ །ཉིན་ཐ་མར་སྔགས་གསོའི་ཐུགས་སྒྲུབ་ཀྱི་ལས་གཞུང་བསྲངས་ཤིང་། ལྷ་སྐྱེད་སྐབས་སྐུ་གསུམ་མཚམས་གོང་གསལ་སྟ་གོན་སྐབས་ཀྱི་ཞི་ཁྲོའི་ཚིག་རིས་སྦྱར་ནས། བཟླས་པའི་ཚེ། སྤྱི་དྲིལ་རྗེས། ཞི་ཁྲོའི་སྤྱི་སྔགས་བཟླ། ལས་སྦྱོར་ནས་མཆོད་བསྟོད་ནོངས་བཤགས། རིག་མེ་དོར། བསང་བརྔན་བྱེད་ན་འདོད་རྒུའི་རྒྱ་མཚོ་ལྟར་འདིར་བྱ། དེ་ནས་སྲུང་མའི་གཏོར་ཆོག་རིགས། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐའ་བར་དང་། ཚོགས་ལ་རོལ་ཅིང་། གླུ་གར་མཚམས་མར་མེ་སྨོན་ལམ་བཞག་ལ། ལྷག་མ་བསྔོ་ཞིང་སྔར་གྱི་ལྷག་མ་བཙོན་འཛིན་བཅས་འབུལ། ཆད་ཐོའི་སྐབས་སྲུང་མའི་གཏོར་མ་རྒྱུན་བཞག་ལས་འབུལ་འོས་རྣམས་གཤེགས། བརྟན་མ་ནས་བསྡུ་ལྡང་ཡན་གྲུབ་པ་དང་ཁོག་དབུབ་ཀྱི་བུམ་གཏེར་སྦས། རྒྱལ་ཐོ་སྒོ་བྱང་འགྲོལ། ཕུར་གདབ་ཕྱུང་། རྡུལ་ཚོན་བསྡུ་བ་བཅས་བྱ། དེ་ནས་རྡུལ་ཚོན་ཆུར་གཤེགས་ཀྱི་ཀླུ་ཆོག་དགོངས་པ་ཀུན་འདུས་ལྟར་བྱས་ལ། ཁོག་དབུབ་ཀྱི་མར་མེ་སྨོན་ལམ་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པའི་མཐའ་བརྒྱན་པས་ལེགས་པར་གྲུབ་པར་གྱུར་ཏོ། །སྨྲས་པ། སྒྲུབ་ཆེན་དངོས་གྲུབ་འབྱུང་བའི་བུམ་བཟང་དུ། །གསོ་སྦྱོང་བདུད་རྩིའི་རོལ་མཚོས་ལེགས་གཏམས་པས། །ཐེག་ཆེན་ལམ་ཞུགས་རྒྱུད་ལ་ནོངས་པའི་དྲི། །ཡོངས་སྦྱངས་རྣམ་བཞིའི་རིག་འཛིན་འགྲུབ་བྱེད་ཤོག །ཅེས་པ་འདི་ལྟར་སྒྲུབ་བརྒྱུད་སྙིང་པོ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་འཆང་བ་རྩེ་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་ནས་སྔགས་གསོའི་སྒྲུབ་ཆེན་གསར་འཛུགས་མཛད་པའི་ཉེར་མཁོའི་ཆ་རྐྱེན་དུ། ཟླ་ཚང་སྲས་སྡེ་སྣོད་འཛིན་པ་དགེ་ཕུན་ཚོགས་རྒྱལ་མཚན་ནས་བསྐུལ་མ་གནང་བཞེད་ཀྱིས་བྲི་གཞིའི་ཤོག་བུ་བཅས་བསྩལ་བར་བརྟེན། སྔོན་དུ་དགེ་བའི་བཤེས་གཉེན་ཇོ་སྐྱབས་ནས་བསྐུལ་བས་གཅེན་པོ་བླ་མ་དམ་པ་བསམ་གཏན་རྒྱ་མཚོས་བསྩལ་པ་ཉིད་གཞིར་བཞག་ཐོག་འདིར་ཡང་འཐད་འོས་འགའ་ཞིག་གིས་བརྒྱན་ཏེ། མཆོག་གླིང་གཏེར་སྲས་སྤྲུལ་མིང་འགྱུར་མེད་ཚེ་དབང་བསྟན་འཕེལ་དུ་འབོད་པས་སུག་བྲིས་སུ་བསྟར་ཏེ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ།། །།
Footnotes
Other Information
- RTZ Volume 67
- 'gyur med tshe dbang bstan 'phel
- Rin chen gter mdzod
- Rin chen gter mdzod Shechen Edition
- Sngags gso bdud rtsi'i rol mtsho
- Bla ma'i thugs sgrub bar chad kun sel
- Mchog gyur gling pa
- Tibetan Texts
- Tibetan Publications
- Notes - zin bris
- Revelations - gter ma
- Ritual and Liturgical Texts - cho ga phyag len
- Concluding Materials
- RTZ-Volume-67