Terdzo-DA-035

From Rinchen Terdzö
Revision as of 01:13, 7 November 2018 by Jeremi (talk | contribs) (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")
(diff) ← Older revision | Latest revision (diff) | Newer revision → (diff)

འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་མཚམས་སྦྱོར་

'jam pa'i dbyangs dngos chos rgyal tshangs pa lha'i me tog gi byin rlabs dbang gi cho ga bdud rtsi'i sprin chen gyi mtshams sbyor

by  དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Dilgo Khyentse Tashi Paljor)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པ་ ('jam pa'i dbyangs dngos chos rgyal tshangs pa lha'i me tog gi bla sgrub ye shes snang ba rgyas pa)
Volume 11 (ད) / Pages 723-738 / Folios 1a1 to 8b5

[edit]

༄༅། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་མཚམས་སྦྱོར་བཞུགས། ། ན་མོ་གུ་རུ་ཤྲཱི་མཉྫཱུ་གྷོ་ཥ་བྲཧྨཱ་པུཥྤེ་དེ་ཝ་ཡེ། ཀུན་གཟིགས་རྗེ་བཙུན་བླ་མའི་དགོངས་གཏེར་ཆོས་རྒྱལ་ཁྲི་སྲོང་གི་བླ་སྒྲུབ་ཟབ་མོའི་དབང་འབོགསཔ་ལ། གཞུང་མཐུན་རྟེན་གྱི་དྲུང་དུ་སྟེགས་མཐོ་བར། ཞི་དཀྱིལ་དབུས་པད་འདབ་བརྒྱད་ལྡན་བཀྲམ་པའི་སྟེང་བུམ་པ་སོ་ལྔའི་རྫས་ལྡན། བདུད་རྩིས་བཀང་བའི་བྷནྡྷ། མེ་ལོང་སིནྡྷུ་རས་བྱུག་པར་ཆོས་འབྱུང་དང་མཚན་སྔགས་བྲིས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དུ་བཤམས། ཉེར་སྤྱོད་སྨན་རཀ་བླ་གཏོར་ཚོགས་མཆོད། བཀའ་སྲུང་མ་གཟའ་དམ་གསུམ་གྱི་མཆོད་གཏོར་བཅས་གཙང་ལ་དག་པར་འདུ་བྱས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། བླ་སྒྲུབ་ཀྱི་སྐྱབས་སེམས་ནས་བརྩམ། བསྙེན་སྒྲུབ་ཀྱི་བཟླས་པའི་བར་བཏང་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་བླ་མའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཞུགས་པའི་སྐུ་ལས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བུམ་ཆུ་དང་རོ་ཅིག་ཏུ་གྱུར། ཅེས་དམིགས་ལ་བསྙེན་སྒྲུབ་ཀྱི་སྔགས་ཅུང་ཟད་བཟླས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས་འོད་ཞུ་བྱ། ལས་བུམ་ཨོཾ་བཛྲ་ཨ་མྲིཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་པའི་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་རྗེས། འོད་ཟེར་ཆུ་རྒྱུན་གཅིག་པའི་དབང་ལེན་གྱི་དམིགས་པ་དང་བཅས་རིག་པའི་མེ་ཏོག་དོར་ཞིང་གནང་བ་ཞུ། དོན་དུ་གཉེར་བའི་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་ནས་དབྱུང་། ནང་དུ་འཇུག་སྟེ་གྲལ་ལ་འཁོད་པ་དང་བགེགས་གཏོར་བཏང། སྲུང་འཁོར་བསྒོམས་ལ། དེ་ལ་འདིར་དོན་དུ་གཉེར་བྱ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཐབས་ཚུལ་ཐམས་ཅད་ཀྱི་ཟབ་ལམ་མྱུར་ཞིང་བྱིན་རླབས་ཀྱི་ཚན་ཆེ་བར་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཡང་ཡང་བསྔགས་པ་བཞིན་དོན་ལའང་གནས་ཤིང་མྱོང་བས་ཀྱང་གྲུབ་པ་ནི་བླ་མའི་རྣལ་འབྱོར་ཏེ། དེ་ལའང་གསར་རྙིང་མཁས་གྲུབ་རྒྱ་མཚོར་བཀའ་བབས་ཀྱི་ཆོས་སྒོ་མཐའ་ཡས་པ་བཞུགས་པ་ལས། སྐབས་སུ་བབས་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཤིང་རྟའི་ལམ་སྲོལ་ཁོ་ན་སྟེ། དེ་ལའང་བཀའ་གཏེར་དག་སྣང་གི་བཀའ་བབས་ཆེན་པོ་གསུམ་དུ་བཞུགས་པ་ལས། འདི་ནི་ཟབ་མོ་དག་སྣང་དང་འབྲེལ་བའི་ཚུལ་ལས་བྱོན་པའི་བླ་མ་སྒྲུབ་ཚུལ་ཏེ་བསྒྲུབ་བྱ་རིག་གསུམ་སྤྲུལ་པའི་ཟློས་གར་ཕན་བདེའི་ཤིང་རྟ་མཁན་སློབ་ཆོས་གསུམ་དུ་གྲགས་པ་ལས། བསྟན་པའི་སྦྱིན་བདག་ཆེན་པོ་འཛམ་གླིང་སུམ་གཉིས་ལ་དབང་བསྒྱུར་བའི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྒྲུབ་སྟེ། དེ་ཉིད་རིག་གསུམ་སྙིང་ཐིག་གི་རྡོ་རྗེའི་ལུང་ལས། བཅོམ་ལྡན་མགོན་པོ་ཀུན་ཏུ་གཟིགས༔ རྒྱལ་སྲས་གཙོ་བོ་འཇམ་དཔལ་དབྱངས༔ བོད་ཡུལ་བསྟན་པ་སྤེལ་བའི་ཕྱིར༔ ཆོས་རྒྱལ་ཆེན་པོའི་རྣམ་པར་སྣང༔ ཞེས་གསུངས་པ་ལྟར་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་བོད་ཡུལ་ཆོས་ཀྱི་ཉིན་བྱེད་འདྲེན་ཕྱིར་བསམ་བཞིན་འཁོར་ལོའི་བསྒྱུར་བ་སའི་ཚངས་པ་ཆེན་པོའི་ཚུལ་དུ་བྱོན་ཏེ། ཐུབ་དབང་རྒྱལ་ཚབ་མཁན་ཆེན་ཤཱནྟ་རཀྵི་ཏ་དང་། སྐུ་ལྔ་ལྷུན་གྲུབ་རྒྱལ་ཀུན་སྤྱི་གཟུགས་སློབ་དཔོན་ཆེན་པོ་སྟེ། མཁན་སློབ་ཉི་ཟླ་ཟུང་གཅིག་སྤྱན་དྲངས། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་ལོ་པཎ་བརྒྱ་རྩ་ཞལ་འཛོམ། བཀའ་བསྟན་ཆོས་ཀྱི་རྒྱ་མཚོ་ཆེན་པོ་སྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ། མདོ་སྔགས་བཤད་སྒྲུབ་ཀྱི་སྡེ་བཙུགས་པས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕྱག་མཚན་དུ་བཞེས་པའི་ཞིང་ཁམས་མཚན་དང་དོན་མཐུན་པ་བྱུང་ཞིང་བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་ཉེར་བཞིའི་ཡ་གྱལ་དུ་གྲགས་པ་བཞིན། དཔལ་གྱི་བསམ་ཡས་མཆིམ་ཕུར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོ་ཕྱེས་ཏེ་བདེ་གཤེགས་སྒྲུབ་པ་ཆེན་པོའི་དབང་ཆེན་ལས་ཅན་སྙིང་གི་བུ་དགུ་ལ་བསྐུར་ནས་མངའ་བདག་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་སྤྱི་དཔལ་ཆེན་པོ་ལ་བབས་ཏེ། བསམ་ཡས་དབུ་རྩེ་རིམ་གསུམ་དུ་བསྒྲུབས་པས་དགོངས་པ་ཆོས་ཉིད་ལས་མི་གཡོ་ཞིང་བོད་ཡུལ་ཆོས་ལ་བཀོད་པའི་གྲུབ་རྟགས་བསྟན་པས་ཐུགས་སྲས་ཐུན་མོང་མ་ཡིན་པར་གྱུར་ནས་རྡོ་རྗེ་རྒྱལ་ཚབ་ཏུ་མངའ་གསོལ། བླ་མེད་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱིས་ནོར་འཛིན་ཐ་གྲུར་བརྡལ་བས་ཨོ་རྒྱན་འཕུར་འགྲོའི་ཞིང་དང་མཉམ་པར་གྱུར། རྡོ་རྗེའི་ས་ལམ་ཡོངས་སུ་རྫོགས་ཏེ་མཐར་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་པདྨ་ཅན་དུ་སངས་རྒྱས་མ་ཆགས་པདྨ་ཅན་གྱི་མཚན་དུ་སངས་རྒྱས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་འཕྲུལ་བདུན་བདུན་གྱིས་བོད་ཁམས་འདུལ་ཞིང་སྐྱོང་བར་ལུང་བསྟན་པ་ནི། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ནི༔ ཡབ་གཅིག་ཁྲི་སྲོང་སྐྱེ་བ་བཅུ་གསུམ་དུ༔ བདག་གིས་བྱིན་བརླབས་གདམས་པ་ཉམས་བླངས་པས༔ གསང་སྔགས་ནང་གི་ས་ལམ་མ་ལུས་བགྲོད༔ མངོན་པར་བྱང་ཆུབ་ཡེ་ཤེས་ཆེ་བརྙེས་ནས༔ སླར་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གྲངས་ཅན་གྲངས་མེད་བསམ་མི་ཁྱབ༔ བོད་ཁམས་མཐའ་དབུས་ཀུན་ཏུ་ཡང་ཡང་འབྱུང༔ ཞེས་པ་ལྟར། མཆོག་གྲུབ་རྒྱལ་པོའི་སྐུའི་སྐྱེ་བ་བཅུ་གསུམ་པ་ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱུང་བའི་དགོངས་གཏེར། ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པའི་དབང་བསྐུར་གྱི་ཆོ་གས་སྨིན་པར་བྱེད་པ་སྟེ། བདག་ཅག་ཁ་བ་རི་པའི་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་གྱི་མཚན་གྱི་རྔ་སྒྲ་ཙམ་ཐོས་སུ་ཡོད་པ་དང་། དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བདུད་རྩིའི་སྣང་བ་ལ་དགའ་མགུར་སྤྱོད་པའང་མངའ་བདག་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་པ་རྗེས་སུ་དྲན་པའི་དད་མོས་དང་བཅས་ཏེ་མཎྜལ་ཕུལ། རིག་འཛིན་བླ་མ་འཇམ་པའི་དབྱངས་དང་ཐ་མི་དད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ། །བླ་མ་འཇམ་དཔལ་དཔའ་བོ་ཡིས། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ལན་གསུམ། དེ་ནས་དཀྱིལ་འཁོར་ཕྱི་འཇུག་གི་སླད་དུ། སྔོན་ཆད་བླ་མ་ཡེ་ཤེས་སྐུ་ཅན་མ་མཇལ་བའི་མཚོན་བྱེད་དུ་མིག་དར་འཆིང་མཛོད། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཡེ་ཤེས་རིགས་ལྔའི་བླ་མ་དང་གཟོད་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཐོགས་པར་མོས་ཤིག །ཨ་ཁཾ་ཝི་ར་ཧཱུྃ། རྗེ་བཙུན་དཔལ་མགོན་བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པས་འདི་ནས་བྱང་ཆུབ་བར་རང་གཞན་ཡིད་ཅན་རྒྱ་མཚོའི་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་ཡིད་ཆེས་དད་པ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ཨ། གཟོད་ནས་སྟོང་པ་སོགས་གསུམ། མཁའ་ཁྱབ་ཀྱི་ཡིད་ཅན་ཀུན་བརྟགས་འཁྲུལ་པའི་མུན་པ་བསལ་ནས་ལས་ཉོན་གྱི་ཁོལ་པོར་མི་འཕྱན་པར་རང་བྱུང་གདོད་མའི་གྲོལ་གཞིར་དབུགས་དབྱུང་བའི་ཆེད་བྱིན་རླབས་ནང་གི་སྨིན་བྱེད་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལམ་དུ་བྱེད་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ ལས་ཉོན་གཞན་དབང་སོགས་གསུམ། རྒྱུད་རྣམ་པར་དག་པའི་ཕྱིར་གསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་ཐུན་མོང་དང་ཐུན་མིན་གྱི་དམིགས་རྣམ་དང་མ་བྲལ་བས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལུས་ཅན་སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་ཕྱིར་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་བཟུང་ཞིང་བསྲུང་ནས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་སློབ་སྙམས་པས་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པའི་ཕྱིར་དམིགས་པ་འདི་བཞིན་མཛོད། ལས་སྔགས་ཀྱིས་བསང་། ཤཱུནྱ་ཏས་སྟོང་པར་སྦྱངས་རྗེས། གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེ་ལས་ཡེ་ཤེས་ཀྱི་རྣམ་རོལ་སྣོད་བཅུད་དག་པ་རབ་འབྱམས་རང་སྣང་ཡེ་ཤེས་ཀྱི་འཁོར་ལོའི་བཀོད་པ་ཚད་མེད་པ་མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་བཞིན་འབྱམས་ཀླས་པའི་དབུས་སུ། ཁྱེད་རང་གི་སེམས་ཉིད་ཨ་དཀར་པོ་ཟླ་བ་ལྟར་དཀར་བ་ཡོངས་སུ་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་གཉིས་ཡེ་ཤེས་གཅིག་ཏུ་འདུས་པའི་ཕྱག་རྒྱ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་འཇམ་དཔལ་གཞོན་ནུ་ཁྲི་སྲོང་ལྡེའུ་བཙན་ཞི་འཛུམ་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་ཞིང་ལང་ཚོ་བལྟ་ན་སྡུག་པའི་གཞོན་ནུའི་ངང་ཚུལ་ཅན། དར་དཀར་གྱི་ལ་ཐོད་དང་རིན་པོ་ཆེའི་པྲོག་ཞུ་ནོར་བུའི་ཏོག་ཅན། ཟ་འོག་གི་ན་བཟའ་རིན་པོ་ཆེའི་རྒྱན་ཆས་སོགས་སའི་ཚངས་པ་ཆེན་པོའི་རྒྱན་ཆས་དུ་མས་སྤྲས་པའི་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་འཛིན་པའི་འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་ཕྱེ་བའི་ཟེའུ་འབྲུར་རལ་གྲི་དང་གླེགས་བམ་གྱིས་མཚན་པ། ཞབས་ཟུང་པད་ཟླའི་སྟེང་ན་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པའི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ནས། ཡེ་ཤེས་ཀྱི་འཁོར་ལོའི་རྡོ་རྗེ་གསུམ་གྱི་གཟི་བྱིན་དབབ་པའི་སླད་དུ། ཐུགས་དབུས་ཡེ་ཤེས་སེམས་དཔའ་རྗེ་བཙུན་འཇམ་དཔལ་གཞོན་ནུ་སྟོན་ཟླ་ལྟར་རབ་ཏུ་དཀར་བའི་ཐུགས་སྲོག་དྷཱིཿཡིག་ལས་བྱུང་བའི་འོད་ཟེར་གྱི་སྣང་བས་མཁའ་དབྱིངས་ཁྱབ་པར་བརྡལ་བས། སྐུ་གསུམ་བླ་མའི་ལྷ་ཚོགས་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོའི་འཁོར་དང་བཅས་པ་ལྷ་སྔགས་ཕྱག་མཚན་གྱི་རྣམ་རོལ་འབྱམས་ཀླས་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། སྤྲོ་ན་ལས་བྱང་གི་བྱིན་འབེབ་དང་། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད་པས་དབབ་ཅིང་ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་བླ་མ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པའི་སྐུ་ལ་ཕུལ་བར་མོས་ལ་སྔགས་འདིའི་རྗེས་ཟློས་བཅས་མེ་ཏོག་བླ་མའི་སྐུ་ལ་དོར་མཛོད། པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ལྟར་ཕུལ་བས་མེ་ཏོག་དགྱེས་པས་བཞེས་ལ་སླར་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་མཛོད། པྲ་ཏི་གྷྲིཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། མིག་ཐུར་ཐོགས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་འཁྲུལ་པའི་སྒྲིབ་གཡོགས་བསལ་ནས་ཡེ་ཤེས་ཀྱི་ལྷ་ཞལ་མངོན་སུམ་དུ་མཐོང་བར་མོས་མཛོད། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། མིག་དར་བསལ། སྒྲིབ་མེད་ཡེ་ཤེས་ཀྱི་སྣང་བ་རྣམ་པར་རྒྱས་པའི་སྤྱན་ཐོབ་པས་རྗེ་བཙུན་རིག་འཛིན་བླ་མའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཇལ་བར་མོས་པས་དད་སྤྲོ་བསྐྱེད་མཛོད། དེ་དག་གི་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པས་སྣོད་རུང་དུ་བྱས་ནས། དངོས་གཞིའི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་འཕོ་བའི་དབང་བཞི་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་རྣམས། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་གྱི་སློབ་དཔོན་སྨིན་མཚམས་ནས། །ཨོཾ་ཡིག་དཀར་པོ་གྲངས་མེད་སྤྲོས། །སློབ་མའི་སྨིན་མཚམས་ཨོཾ་ལ་ཐིམ། །བུམ་དབང་བསྐུར་བའི་སྣོད་རུང་གྱུར། །ཅེས་བྱིན་བརླབས་ཏེ། མདུན་གྱི་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་ཕྱི་ཕན་པ་བུམ་པའི་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཨོཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །མདུན་གྱི་ནམ་མཁར་མངོན་གཤེགས་ཏེ། །མེ་ཏོག་ཆར་འབེབ་རོལ་མོ་འཁྲོལ། །ཤིས་བརྗོད་རྡོ་རྗེའི་གླུ་ལེན་བཞིན། །རྣམ་པར་རྒྱལ་བའི་བདུད་རྩིའི་ཆུས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །གདན་གསུམ་ལྷ་སྐུར་དག་པར་ཤོག །ཀ་ལ་ཤ་ཨ་བྷི་ཥཉྩ་ཨོཾ། ཞེས་པས་དབང་བསྐུར་བདུད་རྩིའི་ཆུས། །ལུས་གང་དྲི་མ་ཀུན་དག་སྟེ། །ཟབ་གསལ་དབྱེར་མེད་ལྷ་ཡི་སྐུ །ཆུ་ཟླ་འཇའ་ཚོན་ལྟ་བུར་གྱུར། །ཞེས་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་གཟུང་བས་བྱིན་རླབས་བརྟན་པར་བྱ། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཛཿཧཱུྃ་བཾ་ཧོས་སློབ་མ་ལ་བསྟིམ་ནས། དེས་རྣམ་སྨིན་གྱི་ལུས་སྐུ་རྡོ་རྗེ་དེ་བཞིན་གཤེགས་པའི་རིགས་སུ་སྨིན་པར་བྱས་པའོ། །གསུང་རྡོ་རྗེའི་བྱིན་གྱིས་བརླབ་པའི་ཕྱིར། སློབ་མའི་སྙིང་ཀག་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཤེས་རབ་ཀྱི། །འཁོར་ལོ་རྩིབས་དྲུག་ལྟེ་བ་རུ། །རལ་གྲི་ཆང་བཟུང་དྷཱིཿས་མཚན་པ། །དེ་ཉིད་ཐིག་ལེ་དཀར་སེར་གྱུར། །རྩེ་གཅིག་ཡིད་ཀྱིས་མཉམ་གཞག་ནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་པ། །ནམ་མཁའ་གང་བར་སྤྲོ་ཞིང་བསྡུ། །ཞེས་གསུངས་པའི་དམིགས་པ་ཡང་ཡང་བསྐྱར། བྱིན་རླབས་བརྟན་བྱེད་བཟླས་ལུང་སྦྱིན་པའི་སླད་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་རལ་གྲིའི་ཆང་བཟུང་ལ་གནས་པའི་དྷཱིཿཡིག་ལས་བསྙེན་སྒྲུབ་ཀྱི་སྔགས་རྣམས་རྒྱུ་སྐར་གྱི་ཕྲེང་བ་བཞིན་བྱུང་བ་རིག་འཛིན་བླ་མའི་ཞལ་ལས་བྱུང་། སློབ་མ་ལྷར་གསལ་བའི་ཁར་ཞུགས་པ་སྙིང་གའི་དྷཱིཿཡིག་ལ་ཐིམ་པར་མོས་ལ་བསྙེན་སྒྲུབ་ཀྱི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ལན་གསུམ། ཨོཾ་ཨཱཿམཉྫུ་ཤྲཱི་བྲཧྨཱ་དེ་ཝ་པུཥྤ་སརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ལན་གསུམ་བཟླ། དེས་ངག་སྨྲ་བརྗོད་གསུང་རྡོ་རྗེ་རླུང་སྔགས་དབྱེར་མེད་དུ་སྨིན་པར་བྱས་པའོ། །ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། དུག་གསུམ་རྟོག་པས་མ་བསླད་པའི་མ་བཅོས་གཉུག་མ་དེ་ཉིད་ཡེ་ཤེས་དོན་གྱི་བླ་མ་རང་སེམས་གཉུག་མའི་གཤིས་ལས་གཤེགས་བཞུགས་བྲལ་བའི་ངང་དུ་མཉམ་པར་ཞོག་མཛོད། དེས་ཡིད་ཐུགས་རྡོ་རྗེའི་ཡེ་ཤེས་སུ་སྨིན་པར་བྱེད་པ་སྟེ། དེ་དག་ནི་ནང་ནུས་པ་འཇུག་པའི་དབང་ཞེས་བུམ་དབང་གི་རྗེས་འབྲེལ་དུ་བསྐུར་བའོ། །དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། བླ་མ་སྐུ་རྡོ་རྗེ་སྣང་བ་ལྷའི་དཀྱིལ་འཁོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་བསྐུར་བའི་སླད་དུ། སློབ་དཔོན་མགྲིན་པའི་ཨཱཿདམར་སྤྲོས། །སློབ་མའི་མགྲིན་པར་ཐིམ་པའི་མོད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །ཞེས་བླ་སློབ་གཉིས་ཀ་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཞི་བ་ལོངས་སྐུའི་བླ་མ་ཡབ་ཡུམ་དུ་གནས་གྱུར་པ་ལ། མདུན་གྱི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ལ་བཞག་པར་མོས། བྷནྫའི་བདུད་རྩི་ཁར་བྱིན་ལ། ཨཱཿ སྣང་བ་རང་གསལ་མཉྫུ་ཤྲཱི། །ཟབ་མོ་སྟོང་པ་དབྱངས་ཅན་ལྷར། །སྙོམས་འཇུག་བདེ་བའི་འོད་དང་སྒྲས། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ། །ནོར་བུའི་ལམ་ནས་པདྨར་འཁྱིལ། །སྨྲ་མེད་བདེ་བའི་བྱང་ཆུབ་སེམས། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ལས་རླུང་ཉི་ཁྲི་ཆིག་སྟོང་ཀུན། །སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །གཞོམ་དུ་མེད་པའི་ནཱ་དའི་སྒྲ །གསུང་གི་རྡོ་རྗེར་རྫོགས་པར་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་བྱིན་པའི་བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་མྱང་བ་ལས། །ལུས་སེམས་ཟག་མེད་བདེ་བས་ཚིམས། ཁྱད་པར་གཏུམ་མོ་འབར་བའི་མེས། །ཧཾ་ཡིག་ཞུ་བདེ་བདེ་ཆེན་གྱིས། །གཉིས་སྣང་རྟོག་པ་བསལ་བར་བསམ། །བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར་རླུང་རོ་ལན་གསུམ་བསལ་ཞིང་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པས་བུམ་པ་ཅན་ཟུངས་ཤིག །བུམ་ཅན་བདུན་ནམ་གསུམ་ཙམ་བྱ། དེ་ལྟར་གསང་བའི་དབང་བསྐུར་པས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། བླ་མ་གསུང་རྡོ་རྗེ་གྲགས་སྟོང་སྔགས་ཀྱི་དཀྱིལ་འཁོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སློབ་དཔོན་ཐུགས་ཀའི་ཧཱུྃ་མཐིང་སྤྲོས། །སློབ་མའི་སྙིང་གར་ཐིམ་པའི་མོད། །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ །བེ་ཅོན་ཐོད་ཁྲག་བསྣམས་པར་གྱུར། །སློབ་མ་འཇམ་དཔལ་ཁྲོ་བོའི་སྐུར་གནས་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ངོ་བོ་རྡོ་རྗེའི་ཡུམ་ཆེན་བཻ་ཏཱ་ལི་ལ་རྣམ་པ་རིག་མ་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་པའི་སྲིན་ལག་ནས་བཟུང་སྟེ་གཏད་པར་མོས་ལ། སིནྡྷུ་རའི་མེ་ལོང་གཏད་དེ། ཧཱུྃ། ཟབ་མོ་སྟོང་ཉིད་རྣམ་ཐར་གསུམ། །གསལ་བ་སྣ་ཚོགས་གཟུགས་སུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐར་པ་བསྟེན་པའི་ལྷ་མོ་འདི། ཁྱེར་ཅིག་འཇམ་དཔལ་ཧེ་རུ་ཀཿ ཁྱེར་ལ་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །སྲིད་པ་དག་བྱེད་དགའ་བ་བཞིའི། །ཡེ་ཤེས་བཞི་པོ་མཚོན་པ་ལས། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་སུ་རོ་གཅིག་པའི། །དཔེ་ཡི་ལྷན་སྐྱེས་མངོན་གྱུར་ནས། །ཐིག་ལེ་དབུ་མར་སྨིན་པར་ཤོག །པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སིནྡྷུ་རའི་ཐིག་ལེ་སྙིང་གར་དགོད། འདུ་ཤེས་གསུམ་གྱི་རབ་སྦྱར་བས། །དགའ་བཞིའི་རྒྱུ་འབྲས་མཐར་སོན་ཏེ། །བཅུ་དྲུག་ཕྱེད་ཕྱེད་ལྷན་སྐྱེས་ཆེ། །བསམ་མི་ཁྱབ་པའི་ངང་དུ་འཇོག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བླ་མ་ཐུགས་རྡོ་རྗེ་བདེ་སྟོང་ཕོ་ཉའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ཚིག་དབང་རིན་པོ་ཆེའི་དོན་དུ། སློབ་དཔོན་ཐུགས་དབུས་ཨ་དཀར་ལས། །ཨ་ཡིག་གཉིས་པ་དཔག་མེད་འཕྲོས། །སློབ་མའི་སྙིང་ནང་ཆར་ལྟར་བབས། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་བསམ། །རྡོ་རྗེའི་ཚིག་གི་དོན་ངོ་སྤྲོད་པ་ནི། ཨ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །ཆོས་ཀུན་སེམས་ཀྱི་རྟེན་འབྲེལ་ཏེ། །སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །ཟབ་མོ་སྟོང་པ་ཉིད་ཀྱི་ངང་། །གསལ་ཆ་འགག་མེད་ཅིར་ཡང་ཤར། །ཤར་ཙམ་ཉིད་ནས་དབྱིངས་སུ་གྲོལ། །ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེ། །བློ་འདས་གཉུག་མའི་གནས་ལུགས་ལྟོས། །སྤྲོ་བསྡུ་བསལ་བཞག་བྲལ་བར་ཞོག །མ་ཡེངས་འཛིན་མེད་ལམ་དུ་ཁྱེར། །མཉམ་རྗེས་ཁོར་ཡུག་ཆོས་སྐུའི་ཀློང་། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ། ཞེས་བརྗོད་ལ། མི་གཡོ་མི་སྨྲ་བརྗོད་བྲལ་ངང་། །མཉམ་པར་བཞག་མཐར་སློབ་མ་རྣམས། །ཨ་ཡིག་དཀར་པོར་འོད་དུ་ཞུ། །བླ་མའི་ཐུགས་ཀར་དབྱེར་མེད་ཐིམ། །ཐུགས་ཡིད་རོ་གཅིག་འདྲེས་པར་བསམ། །ཨ་ཨ་ཨ། ཞེས་ཉམས་བསྐྱངས་ཏེ་ཀློད་པའི་ངང་། སློབ་དཔོན་གྱིས་ཕཊ་ཅེས་དྲག་ལ་ཐུང་བ་བརྗོད་པས་རིག་པ་ཧུར་ཕྱུང་སྟེ་རིག་རྩལ་སྤར་ལ་ཐུགས་ཡིད་བསྲེས། དེ་ལྟར་དབང་བཞི་པ་བསྐུར་པས་སྣང་གསུམ་འཕོ་བའི་སྒྲིབ་པ་དག དབང་བཞི་པ་ཐོབ། བླ་མ་ཡེ་ཤེས་རྡོ་རྗེ་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་གིས་བྱིན་རླབས་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པས་སྣང་གྲགས་རིག་པ་རྡོ་རྗེ་བཞིའི་ལམ་བྱེད་དང་མ་བྲལ་བས་དམ་ཚིག་ཚུལ་བཞིན་སྲུང་སྙམ་པས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། མཎྜལ་དང་ལུས་འབུལ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྲོལ། སློབ་དཔོན་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་ལས་རིམ་རྣམས་མཐར་དབྱུང་བར་བྱའོ། །ཅེས་པའང་རང་ལོ་དྲུག་ཅུ་རྩ་དགུར་སོན་པ་ས་རྟ་ལོར་རིས་མེད་བསྟན་འགྲོའི་ཞབས་ཏོག་ཏུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཆོས་ཀྱི་རིང་བསྲེལ་འཕྲུལ་པར་དུ་བསྐྲུན་པའི་སྐབས་པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་བླ་མ་པདྨ་བཀྲ་ཤིས་ནས་བསྐུལ་བ་བཞིན་ཟབ་གསང་བདུད་རྩིའི་ཉིང་ཁུ་འདི་ཉིད་ལ་མཚམས་སྦྱོར་གསར་སྤྲོས་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པའི་ཕྱག་བཞེས་ལྟར། གངས་ཅན་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུ་ལྷ་ཁང་ནས་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་འགྲོ་ཀུན་རབ་འབྱམས་རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).