Terdzo-HAA-008

From Rinchen Terdzö
Revision as of 13:53, 25 October 2018 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་

'du shes gsum ldan spong ba pa'i gzugs brnyan pad+ma gar gyi dbang phyug phrin las 'gro 'dul rtsal gyi rtogs pa brjod pa'i dum bu smig rgyu'i bdud rtsi
Alternate Title: འཁྲུངས་རབས་རྣམ་ཐར་ ('khrungs rabs rnam thar)

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 65 (ཧཱ་) / Pages 805-876 / Folios 1a1 to 36b6

[edit]

༄༅། །ཏྲི སཾ ཛྙཱ བཱཾ བྷཻ ཀྵུ ཀ པྲ ཏི བི མྦ པ དྨ ན རྟྟེ ཤྭ ར ཀ རྨ ག ཏ ད མ ཀ བི ཀྲཱ ནྟ སྱཱ བ དཱ ན ཤ ལྐ མ རཱི ཙཱ མྲྀ ཏ ནཱ མ བི ཧ ར ཏི སྨ །། ༄༅། །འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།


       ༄༅། །ནམོབཛྲདྷརཔདྨདིཔཱཀརནྡྲསྱཔཱདཽཏྲིམུཁམཧཱབནྡཻཿ
   ༄༅། །རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།


      ༄༅། །བྷྲཱནྟིརྨནྨཐྱརཎཱདྦཻཛཡནྟྱཾ། སཾསྠཱབྲྀཏྱཱབྷྲམཏཱདྷརྨཀཱཡཾ། །
   ༄༅། །འཁྲུལ་སྣང་ཡིད་སྲུབ་གཡུལ་ལས་རྣམ་རྒྱལ་ཏེ། །འཁྲུལ་མེད་ཆོས་སྐུའི་གནས་ལུགས་རྗེན་ཅར་དུ། །


         དྲྀཥྚཻརུདྒྷཱིཡུགཔདྦུདྡྷམོཀྵཱ། ཛྙཱཔཾཀྟྱདྷིཥྛིཏརཏྣེནདེཧི། 
   གཟིགས་པས་རྟོགས་གྲོལ་དུས་མཉམ་མཆོག་བརྙེས་པ། །བཀའ་བརྒྱུད་རིན་ཆེན་རྣམས་ཀྱིས་བྱིན་རླབས་སྩོལ། །

སྐྱེ་བས་ཐོབ་དང་སྦྱོར་བརྩོན་མཐར་ཕྱིན་པས། །ས་ལམ་ཡོན་ཏན་ཇི་བཞིན་བརྙེས་རྣམས་ཀྱི། །མངོན་ཤེས་སྟོབས་ཀྱིས་གདུལ་བྱའི་ཁམས་གཟིགས་ནས། །རྣམ་ཐར་ཕྱོགས་ཙམ་མཚོན་དེས་འགྲོ་མང་འདུལ། །སོ་སྐྱེ་རང་བློ་ཙམ་ཡང་ལྐོག་གྱུར་པས། །ཆོས་བརྒྱད་དབང་གིས་ཡོན་ཏན་མེད་བཞིན་དུ། །ཡོད་པར་རློམས་དང་གཞན་གྱི་མཐུར་བརྟེན་ནས། །རང་ཉིད་སྒྲོག་རྣམས་ཆོས་འགལ་ཁུར་པོ་ལྕི། །སྙིགས་དུས་ལོག་ལྟའི་ཤུགས་བརྡོལ་བླུན་པོའི་བློ། །དྲང་དོན་དགོས་པ་གཟིགས་ནས་སྙིང་རྗེ་ཡི། །སྟོབས་ལྡན་དམ་པ་འགའ་ཡིས་ཉིང་འཁྲུལ་གྱི། །རྟོགས་པ་བརྗོད་པའི་རེ་ཁཱ་གསལ་བར་མཛད། །དེ་འདྲའི་རྗེས་སུ་ཕྱིན་པའི་མཐུ་མེད་ཀྱང་། །རྩ་གསུམ་བྱིན་རླབས་མི་བསླུ་མཚོན་པ་དང་། །གྲུབ་མཆོག་གཞན་གྱི་ཡོན་ཏན་ཞར་བྱུང་དུ། །ཕྱོགས་ཙམ་གསལ་ཕྱིར་སྦ་འོས་ཅུང་ཟད་བརྗོད། །དེ་ལ་མིའི་ཆོས་བླ་མའི་ཡོན་ཏན་དང་ལྡན་ངེས་པ་དག་གིས་ཀྱང་སྐབས་སུ་མ་བབས་པར་རང་ཉིད་ཀྱིས་བསྒྲག་པར་བྱ་བ་མ་ཡིན་ཏེ། རྒྱལ་སྲས་འཕགས་པའི་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པས་མ་གནང་བར་དུ་རང་ཉིད་ཀྱི་ཡེ་ཤེས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ལ་སོགས་པ་ཐུན་མོང་དུ་སྟོན་པར་མི་མཛད་པ་དང་། རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ལས་དྲོད་ཐོབ་པའི་རྟགས་ནི་དེ་ལས་ཀྱང་གསང་ཞིང་སྦ་བར་རྡོ་རྗེ་འཆང་གི་བཀས་བཅད་པས་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་ཀྱིས་སྐལ་ལྡན་གྱི་གདུལ་བྱ་འདུལ་བའི་ཆེད་དུ་ཕྱོགས་ཙམ་སྟོན་པ་ལས། སྦྱོར་ལམ་ལ་གནས་པ་མན་ཆད་ཀྱིས་ཁྱབ་བརྡལ་དུ་མི་བསྒྲག་པའི་དམ་ཚིག་ཡིན་པ་དང་འགལ། ཡོན་ཏན་མེད་པ་ལ་ཡོད་པར་བརྫུ་བའི་ལྷ་མཐོང་འདྲེ་མཐོང་མངོན་ཤེས་རྫས་སྔགས་ཀྱི་གྲུབ་རྟགས་ལ་སོགས་པ་སྡོམ་ལྡན་གྱིས་བྱས་ན་སྡོམ་པ་རྩད་ནས་འཇིག་པས་དངོས་གྲུབ་ཀྱི་སྐལ་པ་ཆད་ཅིང་ཚ་དམྱལ་གྱི་སྡུག་བསྔལ་ཚད་མེད་པ་མྱོང་དགོས་པའི་ཕྱིར་ལས་འབྲས་ཤེས་པ་དག་གིས་སྲོག་ལ་བབས་ཀྱང་སྨྲ་སྤོབས་པར་མི་སྣང་ཞིང་། ཕལ་པ་སྡོམ་པ་ཉམས་རྒྱུ་མེད་ཀྱང་རྫུན་སྨྲ་བ་ཉིད་རང་བཞིན་གྱིས་ཁ་ན་མ་ཐོ་བ་མི་དགེ་བའི་ལས་ཡིན་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཁྲེལ་ཞིང་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་དང་། སྔོན་ལས་བསོད་ནམས་ཀྱི་འཕྲོ་སྨིན་པ་ཁ་ཅིག་ནག་ཕྱོགས་འབྱུང་པོས་གྲོགས་བྱས་ཏེ་རེ་ཞིག་རྫུན་ཚིག་ཐོག་ཏུ་ཁེལ་ནས་སྐལ་དམན་བསོད་ནམས་ཆུང་བའི་སྐྱེ་བོ་དང་ཟས་གོས་འདུ་བ་ལྟར་སྣང་ཡང་། མཐར་སྨྲ་བ་པོའི་རྫུན་མཚང་བརྡོལ། རང་དང་འབྲེལ་ཚད་འདི་ཕྱི་གཉིས་ཀར་ཕུང་ལ་སྦྱོར་བ་མཐོང་ཆོས་སུ་གྲུབ་པས། མིན་པ་ལ་ཡིན་པ་དང་མེད་པ་ལ་ཡོད་པར་བརྫུ་བ་ལྟ་ཅི་སྨྲོས། བདེན་པའི་དངོས་པོ་བརྗོད་པ་ལའང་དུས་དང་སྐབས་ཕྱེད་དགོས་པར་སྣང་བས། བདག་ལྟ་བུའི་སོ་སྐྱེ་ཤིན་ཏུ་ཐ་ཤལ་བ་ཚོགས་ལམ་ཙམ་གྱི་སྣེ་ལེགས་པར་མ་ཟིན་པ་ཞིག་ལ་འཕགས་པའི་ཆོས་ཀྱི་ཡོན་ཏན་གསང་འོས་པ་ནི་གང་ཡང་མི་སྣང་བས་དབུལ་པོའི་མཛོད་དུ་དཀོར་ནོར་བཞིན་ཡེ་གསང་ཐབས་ཀྱིས་ཆོད། སྟབས་ལེགས་ཀྱིས་ལྟས་བཟང་ཕྲན་ཚེགས་དང་རྨི་ལམ་ཟ་ཟི་ཙམ་རེ་ནི་ལམ་གྱི་དྲོད་རྟགས་སམ་སྐྱོན་ཡོན་གང་ཡང་མ་ཡིན་པས་དེ་ལྟ་བུ་གསང་ན་དངོས་གྲུབ་ཐོབ་པའི་རེ་བའང་མེད་ལ། བཤད་པས་གོ་འཕང་ཉམས་པའི་དོགས་པའང་མ་མཆིས་པ་དང་། སྐྱེ་བ་དང་རྣམ་འཕྲུལ་དུ་གྲགས་པ་ལ་རང་ཉིད་ཀྱིས་ནི་སྐྱེ་བ་སྔ་མ་ལྟ་ཅི་སྨྲོས། ཚེ་འདིའི་འདུན་སྤྱོད་ཀྱང་ཉིན་རེ་བཞིན་དུ་སྔ་མ་ཅི་བྱས་དང་གང་སྨྲས་ཕལ་ཆེར་བརྗེད་ངས་སུ་སོང་ནས་དྲན་ལམ་དུ་མི་སྣང་བས་སྐྱེ་བ་དྲན་པའི་རེ་བ་ཟད་ཅིང་། གལ་ཏེ་དྲན་དུ་ཟིན་ནའང་། འཕགས་པ་དང་དམ་པའི་རྣམ་ཐར་འཛིན་པའི་གང་ཟག་མཆོག་གི་སྐྱེ་བ་ནི་དྲན་རྒྱུས་ཕོངས་པར་སྣང་སྟེ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་ཅི་འགྱུར་ད་ལྟའི་ལས་ཀྱིས་བྱེད། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་གསུངས་པ་ལྟར་སྔོན་གྱི་ཚེ་རབས་མང་པོ་ལ་དགེ་བའི་རྩ་བ་བསགས་པས་ད་ལྟ་ཆོས་ལྡན་གྱི་མི་ལུས་རྣམ་པར་དག་པ་ཐོབ་ཏུ་ཟིན་ཀྱང་རྒྱུད་ཉོན་མོངས་པའི་གཞན་དབང་ཁོ་ནར་འཆེལ་བ་ལས་རྗེས་སུ་དཔག་པའི་རིག་པས་གཞལ་ན། སོ་སྐྱེ་འཁོར་བ་ཐོག་མེད་ནས་བག་ཆགས་ཁ་བརྒྱུད་དེ་ཁམས་གསུམ་དུ་འཁོར་ཞིང་། ད་དུང་འཁོར་བ་མཐའ་མེད་དུ་འཁོར་ཞིང་འཁྱམས་པའི་རང་བཞིན་ཅན་ཉིད་དུ་ངེས་པ་རྙེད་ཀྱང་། མི་བསླུ་ངེས་པའི་དཔལ་ལྡན་བླ་མ་ཆོས་དང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་རང་རང་གི་དགོངས་པ་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྩ་བ་གསུམ་གྱི་བརྡ་དང་ལུང་ལ་བརྟེན་ནས་འཕགས་ཆེན་རྣམས་ཀྱི་རྣམ་འཕྲུལ་དུ་ལྐོག་ན་མོར་མ་ཡིན་པར་ཡོངས་གྲགས་ཁྱབ་བརྡལ་དུ་ལུང་བསྟན་རྗེས་སུ་གནང་བས་དབུགས་དབྱུང་བསྩལ་བ་ཐོབ་པ་ལ་བརྟེན། མཆོག་དམན་ཕལ་མོ་ཆེས་གང་ཟག་དམ་པར་བཟུང་སྟེ་བསོད་ནམས་སྤེལ་བའི་གནས་སུ་བྱེད་པ་དང་། དག་སྣང་གི་སྤྱན་རས་ཡངས་ཤིང་རང་ཉིད་ལ་བླ་མར་འཛིན་པ་རྣམས་ཀྱིས་དྲང་དོན་ཉིད་ངེས་པའི་དོན་དུ་བཟུང་ནས་རེ་འདུན་ཆེ་བ་དང་། ཁྱད་པར་ཚེ་རབས་སྔ་མར་ཡབ་སྲས་གོང་མ་རྣམས་སོགས་སྐྱེས་ཆེན་རྣམས་ལ་བཟང་འབྲེལ་ཐོགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་འཕེན་ཤུགས་ལྟ་བུས། རྒྱལ་བ་ཀར་འབྲུག་སི་ཏུ་ཡབ་སྲས་གཙོས་སྐྱེས་ཆེན་ཡོངས་གྲགས་མང་པོ་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་དང་གཞུང་ལུགས་རིག་གནས་ཡན་ཆད་ཀྱི་ཞབས་འདེགས་ཞུ་བ་པོར་ཡང་གྱུར་གཤིས། གཅིག་ཏུ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་ལུང་གཡས་ཆུང་རས་ཆོད་ཆུད་ཟོས་སུ་བཏང་བ་མི་རིགས་ཤིང་། དེ་ཙམ་ལ་ས་བོན་དུ་བྱས་ནས་དོན་དམ་དུ་བཟུང་ན་རྡོ་རྗེའི་གསུང་ལ་བསླུ་བ་མི་སྲིད་པས་མ་འོངས་པར་ངེས་དོན་དུ་འགྱུར་བའི་རྟེན་འབྲེལ་འགྲིགས་པར་འགྱུར་བ་དང་། གཉིས་སུ་མོས་ལྡན་རྣམས་ཀྱིས་ཀྱང་དད་པ་བྱས་ན་ཁྱི་སོ་ལ་རིང་བསྲེལ་གྱི་དཔེ་བཞིན་དམ་པ་དེ་དག་གི་རྣམ་འཕྲུལ་དུ་ཡིད་ཆེས་པས་གསོལ་བ་བཏབ་ན་ཚེ་རབས་ཀུན་ཏུ་དམ་པ་རྣམས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་འགྱུར་བ་དང་། གསུམ་དུ་ཐ་མལ་པའི་སོ་སྐྱེ་མངོན་རྗེས་ཚད་མས་གྲུབ་པའི་མཚན་ཉིད་དང་ཡོན་ཏན་གང་ཡང་མེད་པ་ཞིག་ཡབ་སྲས་སྐྱེས་ཆེན་དེ་དག་གིས་སྟེས་དབང་ཙམ་གྱིས་བླ་མར་བསྟེན་ན་ཆོས་དང་མི་མཐུན་པའི་རྣམ་ཐར་དུ་འགྱུར་བས་ཡུལ་མཆོག་དེ་རྣམས་ཀྱིའང་ཞབས་འདེགས་སུ་འགྱུར་བའི་ཕྱིར་འདིར་བརྗོད་པར་བྱ་བ་ལ་གསུམ། དམ་པ་རྣམས་ཀྱི་སྐྱེས་རབས། ལུང་བསྟན་རྣམས་ནས་ཟིན་ཚུལ། ཟབ་མོ་གཏེར་གྱི་དངོས་གྲུབ་ཆ་ཤས་ཙམ་ཐོབ་པའི་ཚུལ་བརྗོད་པའོ། །དང་པོ་ནི། དེའང་ཁོ་བོ་ཅག་ཐོག་མ་མེད་པའི་དུས་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐད་ཅིག་མ་ལ་བརྟེན་ནས་འཁྲུལ་པའི་གཞན་དབང་དུ་འཕྱན་ཏེ་ཁམས་གསུམ་གྱི་གནས་རིས་ཀུན་ཏུ་ལུས་གྲངས་མེད་པ་བླངས། ཉོན་མོངས་པས་བསྐྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་བསགས། མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་སྡུག་བསྔལ་གསུམ་གྱི་རྦ་རླབས་ཀྱིས་རྟག་ཏུ་གཡེང་བཞིན་པར་གནས་པས་ད་དུང་དུའང་ལམ་སྣ་ཙམ་ཡང་མ་ཟིན་པ་ལ། འཕགས་པ་དང་དམ་པའི་སྐྱེ་བ་དང་སྤྲུལ་པ་སོགས་རང་བློ་ལྐོག་ཏུ་མ་གྱུར་པས་རེ་བ་ག་ལ་ཡོད་ཅིང་། མཁས་པ་རྣམས་ཀྱིས་བརྟགས་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཚད་མས་མ་གྲུབ་པས་མིན་པ་ལ་ཡིན་པ་དང་། མེད་པ་ལ་ཡོད་པར་བརྫུས་པའི་མི་ཆོས་བླ་མའི་རྫུན་གྱིས་དམྱལ་བའི་ས་བོན་ཆེད་དུ་བསྒྲུབ་པ་ནི་སེམས་ལྡན་སུ་ཞིག་གིས་སྤོབས། འོན་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་དཔལ་ལྡན་བླ་མ་རྣམས་དང་། ཚད་མར་གྱུར་པའི་སྐྱེས་ཆེན་རྣམས་ཀྱིས་ངོ་བསྟོད་དང་གཅམ་བུ་ཙམ་མ་ཡིན་པར་ལུང་བསྟན་དང་། ཁྱད་པར་ལྐོག་གྱུར་གྱི་གནས་ལ་སངས་རྒྱས་གཉིས་པ་པདྨཱཀ་རའི་གཏེར་ལུང་ལ་མཆོག་དམན་ཀུན་གྱིས་ཚད་མར་གྱུར་པས་དེའི་དབང་དུ་བྱས་ཏེ་ཕྱོགས་ཙམ་འགོད་པ་ཡིན་ནོ། །དེའང་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་དང་། རྒྱལ་དབང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་སྨིན་གླིང་གཏེར་ཆེན་གྱི་རྣམ་འཕྲུལ་ཡིན་པར་གསུངས་ཤིང་སྔ་མས་ཞབས་བརྟན་དང་ཕྱི་མས་སྐྱེས་རབས་གསོལ་འདེབས་མཛད་པ་ལས་རྟོགས་པར་ནུས། མཁན་ཆེན་ཟླ་བཟང་སྤྲུལ་པའི་སྐུས་ཐུགས་དམ་བརྟགས་པར་དེ་དོན་ཤིན་ཏུ་གསལ་བར་གཟིགས། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུགས་དམ་བརྟགས་པར། ཀུན་དགའ་བོ། བཻ་རོ། ཀླུ་མེས། ཟུར་ཆེན་རྣམས་དང་། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་རྣམས་ཡིན་པར་གཟིགས་ཤིང་། མནལ་ལམ་ཞིག་ཏུ་མུས་ཆེན་སངས་རྒྱས་རིན་ཆེན་དང་བ་ཡོ་ཆོས་བཟང་ཡིན་པ་དང་། སྙེ་མདོ་ཀུན་དགའ་དོན་གྲུབ་ཡིན་པ་གསལ་བར་དྲན་གསུངས། དགོངས་པའི་གསལ་སྣང་ངམ་རྒྱུ་མཚན་མ་གསུངས་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་ཡིན་པར་དུས་རྒྱུན་ཐུགས་ཐག་བཅད། གཏེར་ཆེན་མཆོག་གྱུར་གླིང་པས་བཻ་རོའི་རྣམ་འཕྲུལ་ཡིན་པའི་རྟགས་དང་རྒྱུ་མཚན་འབྲེལ་ཆགས་པ་དང་། བ་ཡོ་ཆོས་ཀྱི་བློ་གྲོས་ཡིན་པའི་གསལ་སྣང་ཤར། འོན་ཀྱང་དམ་པ་རྣམས་ཀྱི་གསུང་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་དུ་མཆིས་ཏེ། དགོངས་གཞི་ནི། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོགས་རྒྱས་པར་བསྟན་པ་ལྟར་ཡ་གི་ཐོག་མའི་མགོན་པོ་ནས་མ་ཀི་འཇག་མིག་གི་སྲིན་བུ་ཡན་གྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ལ་ཆེ་ཆུང་བཟང་ངན་འཕེལ་འགྲིབ་མེད་པར་བཞུགས་པས་བཻ་རོ་ཙམ་དུ་མ་ཟད་རྣམ་པར་སྣང་མཛད་ཡིན་བྱས་ཀྱང་གཞི་མ་གྲུབ་པའི་རྫུན་གསུང་བར་མི་འགྱུར་ལ། རྣམ་པ་གཅིག་ཏུ་ན། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་གཏེར་གྱི་ཆོས་ལ་མོས་པ་ཀུན། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན། །ཞེས་གསུངས་པས་གུ་རུ་རིན་པོ་ཆེ་དང་ལོ་ཆེན་བཻ་རོ་རྣམས་བོད་ཡུལ་དུ་ཞལ་བཞུགས་པའི་སྐབས་མི་ལུས་ཐོབ་ནས་ཞལ་མཐོང་འབྲེལ་བ་ཅུང་ཟད་ཐོབ་པའི་ཐུགས་རྗེ་ལ་བརྟེན་ནས། ད་ལྟ་དལ་འབྱོར་ཐོབ་ཅིང་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་བ་རྣམས་བདེ་བླག་ཏུ་མཇལ་ཞིང་དམ་པ་དེ་དག་གི་བྱིན་རླབས་འཇུག་པའི་སྣོད་རུང་ཙམ་ཡིན་པར་བྱས་ནའང་མི་འཐད་པ་མེད་ལ། དགོས་པ་ནི། རྒྱན་ལས། གང་ཞིག་སེམས་ཅན་མིར་གྱུར་པས། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་སངས་རྒྱས་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས་པ་ལྟར་སེམས་ཞུམ་པ་བསལ་བས་རང་གཞན་གྱི་དོན་སྒྲུབ་པ་ལ་སྤྲོ་བའི་མཐུ་བསྐྱེད་པ་དང་། ཐོས་བསམ་སྒོམ་པའི་ཡོན་ཏན་ཅུང་ཟད་ཡོད་ན་བསྟན་པ་ལ་ཕན་པའི་ལག་རྗེས་འགྲུབ་པ་དང་། སྐལ་མཉམ་གཞན་དག་གིས་དམ་པའི་སྐྱེ་བ་དང་སྤྲུལ་པའི་སྐུར་གྲགས་པ་ལ་དད་མོས་བསྙེན་བཀུར་གྱིས་བཟང་པོའི་འབྲེལ་བ་ཐོགས་ཤིང་མི་མཐུན་པའི་བར་ཆད་ཉུང་བར་འགྱུར་བ་དང་། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བར་སྨིན་འདོད་པ། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཅེས་གསུངས་པ་ལྟར་བཟང་པོའི་བག་ཆགས་འདི་ཙམ་གྱི་ས་བོན་ལ་བརྟེན་ནས་མ་འོངས་པ་ན་དམ་པ་དེ་དག་གི་དགོངས་པ་སྐོང་བའི་ཕྲིན་ལས་ཀྱི་བྱེད་པོར་ཡང་འགྱུར་བར་རུང་བས་སོ། །དངོས་ལ་གནོད་བྱེད་ནི། བདག་ལྟ་བུའི་སོ་སྐྱེ་ཐ་ཤལ་བ་ཉོན་མོངས་པའི་འདམ་རྫབ་ཏུ་ཆུད་པ་ཞིག་དམ་པ་དེ་དག་གི་སྐྱེ་བའམ་རྣམ་འཕྲུལ་དུ་སོན་པ་ལྟ་ཅི། བྱིན་གྱིས་བརླབས་པ་ཙམ་ཡིན་པའི་རེ་བ་རྨི་ལམ་དུའང་མེད་མོད། གོང་དུ་སྨྲོས་པ་ལྟར་རྡོ་རྗེའི་གསུང་རྣམས་ལ་དགོས་པ་སོ་སོར་མཆིས་པས་གཡས་ཆུང་དུ་མི་བོར་བར་རགས་བསྡུས་སུ་འགོད་ན། ལོ་ཆེན་བཻ་རོ་ཙ་ན་ནི་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་དགོངས་པ་མཉམ་ཉིད་དུ་བཞུགས་ཤིང་སྐུ་ཚེ་དེ་ཉིད་ཀྱིས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས་གཞོན་ནུ་བུམ་པ་སྐུར་བྱང་ཆུབ་སྟེ་ཁྱབ་བདག་རྣམ་པར་སྣང་མཛད་དང་དགོངས་པ་རོ་གཅིག་ཏུ་འཁྱིལ་ཀྱང་། སེམས་ཅན་གྱི་ཁམས་ལ་ཟད་པ་མི་མངའ་བས་གང་ལ་གང་འདུལ་གྱི་རྣམ་པར་འཁྲུལ་པ་རྒྱུན་ཆད་མི་མངའ་སྟེ། རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཅེས་གསུངས་པ་དང་། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཅིང་། །བཟོ་དང་སྐྱེ་བར་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །ཞེས་བཟོ་དང་སྐྱེ་བ་དང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པ་ཅིག་ཅར་དུ་སྟོན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དུ་ངེས་པ་སྟེ། ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག །རབ་འབྱམས་གསལ་བ་མང་པོས་ལོ་ཏོག་རྣམ་སྨིན་བྱེད་པ་ལྟར། །དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞིར་བྱེད་པ་ཆོས་ཀྱི་འོད། །རབ་འབྱམས་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམ་སྨིན་མཛད། །ཅེས་གསུངས་པ་ལྟར་གདོད་མའི་མགོན་པོའི་རྒྱལ་སར་མངོན་པར་བྱང་ཆུབ་ནས་གདུལ་བྱ་འདུལ་བའི་རྣམ་འཕྲུལ་གཅིག་ལས་དུ་མར་སྤྲུལ་པ་དང་། དུ་མ་གཅིག་ཏུ་སྡུད་པ་སོགས་སོ་སོ་སྐྱེ་བོའི་བློས་ཚད་གཟུང་མི་ནུས་པས་བཻ་རོའི་རྣམ་འཕྲུལ་ཡོངས་སུ་གྲགས་པ་རྣམས་ཀྱང་དུས་གཅིག་ལ་མང་དུ་བྱོན་པ་དང་། མི་ཚེ་གཅིག་གི་ཐོག་མཐའ་བར་གསུམ་དུ་བྱོན་པ་སོགས་མང་བས་ཚུར་མཐོང་གི་བློས་དཔྱད་པར་དཀའ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྟོགས་པ་རྣམས་ནི་ངོ་མཚར་བསྐྱེད་པར་འགྱུར་བས་འོག་ཏུ་འབྱུང་བ་འདི་རྣམས་ཀྱང་རྒྱུ་མཚན་དེ་ལྟར་ཤེས་པར་བྱ་དགོས་སོ། །དེ་ལ་གཏེར་སྟོན་ཤེས་རབ་འོད་ཟེར་སྔོན་དུ་བྱོན། དེ་རྗེས་མི་རབས་གཉིས་ཙམ་གྱི་སྐབས་སྐུ་སྤྲུལ་སྣ་ཚོགས་རང་གྲོལ། གསུང་སྤྲུལ་གཏེར་བདག་གླིང་པ། ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པ་རྣམས་གཅིག་གི་སྐུ་ཚེའི་སྨད་ལ་གཅིག་བྱོན་པ་ལྟར་མི་ཚེ་གཅིག་ལ་བྱོན། དེ་བཞི་པོའི་སྐྱེས་རབས་ཀྱང་གཞི་གཅིག་ལ་མི་འདྲ་བའི་ཁྱད་པར་མང་དུ་སྣང་། དེ་ལས་ཤེས་རབ་འོད་ཟེར་འགྲོ་འདུལ་གླིང་པ་ནི། ཤཱནྟ་པུ་རིར་བཞུགས་པའི་དཔའ་བོ་ཐོད་པ་རྩལ་གྱི་ཐུགས་ལས་སྤྲུལ་པར་གསུངས་ཤིང་དེའང་ལོ་ཆེན་བཻ་རོ་ཙ་ན་ཉིད་འབྲས་བུ་མཐར་ཕྱིན་པའི་རྣམ་འཕྲུལ་གྱི་བཀོད་པ་གཅིག་ཏུ་མངོན། འདིའི་འཁྲུངས་རབས་སུ། སྤྲུལ་གཞི་རྣམ་སྣང་། སྤྲུལ་པ་རྡོ་རྗེ་ཆོས། ཀུན་དགའ་བོ། རྒྱལ་པོ་ཛཿ ཨིནྡྲ་བོ་དྷི། ཐུ་མི་སཾ་བྷོ་ཊ། བཻ་རོ་ཙ་ན། ཙ་མི་སངས་རྒྱས་གྲགས། ལོ་ཙཱ་རིན་ཆེན་བཟང་པོ། རྔོག་བློ་ལྡན་ཤེས་རབ། བྱ་འདུལ་བ་འཛིན་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཞང་བརྩོན་འགྲུས་གྲགས་པ། དཔལ་ཆེན་ཆོས་ཡེ། རོག་དོལ་པ་ཤེས་རབ་རྒྱ་མཚོ། གཡག་སྡེ་པཎ་ཆེན། པཎ་ཆེན་འབུམ་ཕྲག་གསུམ་པ་རྣམས་ཡིན་པར་གསུངས་ལ། སྨིན་གླིང་གཏེར་ཆེན་གྱི་སྐྱེས་རབས་ཡོངས་གྲགས་བཅུ་བཞི་མ་ནི་གཙོ་བོ་རགས་བསྡུས་ཡིན་པར་འདུག་ཅིང་། གཏེར་གཞུང་དང་རང་ཉིད་ཀྱི་མཁྱེན་ངོར་གསལ་བ་ནི་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལས་འདི་ལྟར་འབྱུང་སྟེ། ཀུན་དགའ་བོ་ཡན་ཆད་སྔ་མ་ལྟར་ལ། དེ་ནས་ཨིནྡྲ་བྷཱུ་ཏི་ཆེན་པོ། ཆོས་རྒྱལ་ཟླ་བ་བཟང་པོ། རྒྱལ་པོ་ཛཿའམ་ལུང་བསྟན་རྡོ་རྗེ། ཤཱནྟིཾ་གརྦྷ། ཐུ་མི་སཾ་བྷོ་ཊ། གྲུབ་ཆེན་ནག་པོ་སྤྱོད་པ། རྒྱལ་མོ་རོང་དགེ་སློང་པཱུརྞ། ལོ་ཆེན་བཻ་རོ། ཟུར་ཆེན་ཤཱཀྱ་འབྱུང་གནས། གྲྭ་མངོན་དབང་ཕྱུག་འབར། རོང་ཟོམ་ཆོས་ཀྱི་བཟང་པོ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྟ་ནག་བོན་པོ་ལྷ་འབུམ་མམ་གུ་རུ་རྣོན་རྩེ། སྤྲུལ་སྐུ་ར་ཤག་ཆེན་པོ། གྲུབ་ཐོབ་དངོས་གྲུབ། ཞིག་པོ་ཉི་མ་སེང་གེ །བསྟན་པ་གཞུང་འཛིན། དགེ་བཤེས་ཉམས་བྲོ་བ། གུ་རུ་ཇོ་དར། ཡེ་ཤེས་ཁྱུང་གྲགས། ས་སྐྱ་པཎ་ཆེན། ཀློང་ཆེན་རབ་འབྱམས། དབུས་པ་སངས་རྒྱས་འབུམ། གཡག་སྡེ་པཎ་ཆེན། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྲག་ཐོག་པ་བསོད་ནམས་བཟང་པོ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ། སྤྲུལ་སྐུ་མཆོག་ལྡན་མགོན་པོ། སྲིན་པོ་ཆོས་ཀྱི་གོ་ཆ། ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བཀོད་པར་སྣང་། རྩེ་ལེའི་སྐྱེས་རབས་ཀྱང་ཕྱོགས་མཚུངས་ཤིང་གང་ཟག་གཞན་ཡང་སྣང་། ཁྱད་པར་ཉིད་ཀྱི་གོང་མ་དངོས་ནི་རྩེ་ལེ་ཨོ་རྒྱན་བསྟན་འཛིན་ཞལ་སློབ་མཚུངས་མེད་བསྟན་འཛིན་རྡོ་རྗེ་ཞེས་རྩེ་ལེའི་གདན་ས་ཐོག་མར་འདེབས་པ་པོ་དེ་ཡིན་པར་འདུག །པདྨ་བདེ་ཆེན་གླིང་པའི་སྐྱེས་རབས་སྤྱི་ཁོག་དེ་དག་དང་མཚུངས་པ་ལས་ལ་སྟོན་ནམ་མཁའ་རིན་ཆེན་སོགས་ལྷག་པོ་འགའ་ཞིག་དང་། སྐྱེ་བའི་གོང་མ་དངོས་ནི་ཀཿཐོག་བླ་རབས་བཅུ་གསུམ་གྱི་ཕྱི་མ་བུ་འབོར་བཀྲ་ཤིས་རྒྱ་མཚོ་ཡིན་པར་གསུངས་སོ། །ཇོ་ནང་རྗེ་བཙུན་གྱི་སྐྱེས་རབས་ཐོག་མར་ཐུགས་བསྐྱེད་པ་ནས་བརྩམ། སྐྱེ་བ་དང་སྤྲུལ་པ་མང་དུ་བྱོན་པ་ལས་གཙོ་བོ་སྤྲུལ་སྐུ་བཅུ་གསུམ་དུ་གྲགས་པ་སྟེ། འཕགས་ཡུལ་དུ་གྲུབ་ཆེན་ནག་པོ་སྤྱོད་པ་དང་། ར་ཏན་བྷ་ཧུ་ལ། བོད་དུ་རོང་ཟོམ་ཆོས་བཟང་། འབའ་རོམ་པ་དར་མ་དབང་ཕྱུག །ས་སྐྱ་གྲགས་རྒྱལ་སློབ་མ་ཨ་བ་དྷཱུ་ཏི་ར། ཞང་སྟོན་འབྲུག་སྒྲ་རྒྱལ་མཚན། གཉོས་སངས་རྒྱས་རས་ཆེན། གཉོས་སཾ་གྷ་བྷ་དྲ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། སིངྒ་ལའི་པཎ་ཆེན་ཆོས་ཀྱི་ཉིན་བྱེད། རྗེ་བཙུན་ཀུན་དགའ་གྲོལ་མཆོག །འཕགས་ཡུལ་དུ་དགའ་བྱེད་ས་སྐྱོང་། དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཞེས་བགྲང་བར་མཛད་དོ། །དེ་དག་ལས་གསར་རྙིང་གཉིས་སུ་ཡོངས་སུ་གྲགས་པ་རྣམས་ནི་སྨྲོས་མ་དགོས་ལ། གཏེར་ཆེན་སྐྱེས་རབས་སུ་བསྟན་པ་གཞུང་འཛིན་དང་དགེ་བཤེས་ཉམས་བྲོ་བ་གཉིས་ཀྱི་ལོ་རྒྱུས་ནི་མ་འཚལ། གུ་རུ་ཇོ་དར་ནི། གཏེར་སྟོན་གུ་རུ་ཇོ་རྩེའི་མཚན་ཇོ་བོ་ཚེ་དབང་དར་པོ་ཡིན་པས་དེ་ཉིད་ཡིན་ནམ་སྙམ། དེ་དག་སྤྲུལ་གཞི་རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུར་མཉམ་པ་ཉིད་དུ་བྱང་ཆུབ་པ་ལས་འོག་མིན་སྟུག་པོ་བཀོད་པར་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་རྣམ་སྣང་ཡེ་ཤེས་གང་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་དཔག་ཏུ་མེད་པར་སྣང་བའི་ནང་ཚན། མི་མཇེད་ཀྱི་འཇིག་རྟེན་འདིའི་སྟོང་གསུམ་གྱི་གཟུགས་ཁམས་ཀྱི་འོག་མིན་རྣམས་སུ་བཞུགས་པའི་རྣམ་སྣང་ནི། རྒྱུད་ལས། འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་དང་ལངྐར་གཤེགས་པ་ལས་ཀྱང་དེ་དང་མཐུན་པར་གསུངས་ཤིང་དབུ་མ་པ་ཆོས་བཤེས་ཀྱིས། བྱང་སེམས་མཐོང་ལམ་པ་ཡན་ཆད་ཀྱི་སྤྱོད་ཡུལ་སྤྲུལ་སྐུ་ཁྱད་པར་བ་ལ་ལོངས་སྐུར་བཏགས་པ་ཡོད་པར་བཤད་པ་དབང་ཕྱུག་ཆེན་པོ་རྣམས་ཀྱི་དབུས་སུ་ཆོས་བསྟན་པར་མཛད་པའི་སྤྲུལ་པ་རྒྱ་ཆེན་པོའི་སྐུ་འདི་ཉིད་དོན་ལ་རྣམ་སྣང་ཆེན་པོའི་རོལ་པ་ཡིན་ཀྱང་། རྣམ་པ་དུ་མར་སྟོན་པ་ཉིད་སྤྲུལ་གཞིར་འཐད་ཅིང་། སྔ་འགྱུར་ལུགས་སུའང་། ཆོས་ཀྱི་སྐུ་ནང་གསལ་ཆོས་ཉིད་དུ་བཞུགས་པ་དེ་ཉིད་རང་སྣང་གི་ཡུལ་ལ་ཕྱིར་གསལ་དུ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཡེ་ཤེས་ཚད་མེད་པ་ལ་ལོངས་སྤྱོད་པའི་རང་སྣང་ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ་དེ་ཉིད། ཅུང་ཟད་དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་རྣམས་ལ་རིགས་ལྔའི་ཞིང་ཁམས་སུ་སྣང་བ་ཕྱེད་སྣང་། རང་བཞིན་སྤྲུལ་པ་དང་། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་གདུལ་བྱའི་ཁམས་དང་མཐུན་པར་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པར་བཤད་པ་དང་དགོངས་པ་གཅིག་པའི་ཕྱིར་རོ། །རྡོ་རྗེ་ཆོས་ནི། གསང་བ་འདུས་པ་ལས་རྡོ་རྗེ་ཆོས་ལ་རྒྱུད་གཏད་པར་གསུངས་ཤིང་དེ་ནི་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ཅིང་དབང་བསྐུར་བའི་མཚན་ཡིན་པར་བཞེད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙན་གཅིག་ཏུ་བསྡུས་པའི་རང་གཟུགས་སུ་དཔལ་དུས་འཁོར་ལས་གསུངས་པ་དང་། ཡེ་ཤེས་ཐིག་ལེ་ལས། ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀཿཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་བདེ་བར་གཤེགས་པའི་བསྟན་པ་མཐའ་དག་འཛིན་པ་པོར་གསུངས་ཤིང་། ཨ་ཏི་ཡོ་ག་ལས་རྡོ་རྗེ་སེམས་དཔའ། ཨ་ནུ་ལས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར། མ་ཧཱ་ལས་རྡོ་རྗེ་ཆོས། དགྱེས་རྡོར་ལས་རྡོ་རྗེ་སྙིང་པོ། དུས་འཁོར་སྡུད་པ་པོ་ཟླ་བ་བཟང་པོ་སོགས་ཡེ་ཤེས་གཅིག་ཉིད་དུ་མའི་རོལ་གར་བསྒྱུར་བ་ཡིན་ལ། དོན་དམ་པར་ནི། དཔལ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཅེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་གསང་བའི་བདག་པོ་སྡུད་པ་པོའི་རྣམ་པར་བསྟན་ཀྱང་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ལས་ལོགས་སུ་གཞག་པར་བྱ་བ་མེད་པར་བཤད་ཅིང་། དེ་མཚུངས་དགྱེས་རྡོར་སོགས་གཞན་ལས་ཀྱང་འབྱུང་ངོ་། །ཀུན་དགའ་བོ་ནི། གསང་བའི་བདག་པོའི་རྣམ་པར་འཕྲུལ་པ་ཤཱཀྱའི་རིགས་ཀྱི་སྲས་སུ་འཁྲུངས་ནས་བསྙེན་པར་རྫོགས། ཤཱཀྱའི་དབང་པོའི་ཉེ་བར་གནས་པའི་ཞབས་འབྲིང་བ་མཛད་ཅིང་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དགྲ་བཅོམ་པར་གྱུར་ནས་མདོ་སྡེ་རྣམས་ཀྱི་བཀའི་བསྡུ་བ་དང་གཏད་རབས་གཉིས་པའི་མཛད་པ་སྐྱོང་སྐབས་སངས་རྒྱས་དང་མཚུངས་པའི་ཉན་ཐོས་ཆེན་པོ་ཞེས་བསྔགས་པར་མཛད་པ་དེའོ། །ཨིནྡྲ་བྷཱུ་ཏི་ནི། སངས་རྒྱས་ཉིད་བཞུགས་པའི་སྐབས་སུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱུང་། བཅོམ་ལྡན་འདས་ཀྱི་མཚན་ཐོས་པས་དད་གུས་ཀྱིས་ཕྱག་འཚལ་ཞིང་ཡིད་ཀྱིས་གསོལ་བ་བཏབ་པས་བཅོམ་ལྡན་འདས་མངོན་དུ་བྱོན། གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་སྤྲུལ་ནས་དབང་གནང་། འདོད་ཡོན་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཞུས་པ་བཞིན་རྒྱུད་བསྟན་ཅིང་གདམས་པས་རྗེས་སུ་བཟུང་། རྒྱལ་པོས་ཀྱང་དོན་རྣམས་ཐུགས་སུ་ཆུད་ནས་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བརྩམས་པས་འཁོར་དང་བཅས་པས་རིག་པ་འཛིན་པའི་ས་བརྙེས་སོ། །ཆོས་རྒྱལ་ཟླ་བ་བཟང་པོ་ནི། ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་ཀྱི་སྲས་སུ་འཁྲུངས་ནས་དགུང་ལོ་དགུ་བཅུ་རྩ་དགུ་བཞེས་པའི་སྐབས། བཅོམ་ལྡན་འདས་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྡོ་རྗེ་སེང་གེའི་ཁྲིར་བཞུགས་པའི་སྤྱན་སྔར་འཁོར་དཔག་ཏུ་མེད་པ་དང་བཅས་རྫུ་འཕྲུལ་གྱིས་བྱོན་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མ་ལུས་པ་གསལ་བ་སངས་རྒྱས་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་སྟོན་པར་གསོལ་བ་བཏབ་པས། འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བསྟན། རྒྱུད་གཞན་རྣམས་ཀྱི་རྩ་རྒྱུད་ཀྱང་ཞུ་བ་པོ་སོ་སོའི་ངོར་གསུངས། ཟླ་བ་བཟང་པོས་སྤྱིར་རྒྱུད་ཐམས་ཅད་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད། གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་གི་སྐྱེ་བོ་སྐལ་ལྡན་རྣམས་ལ་དབང་བསྐུར་ཅིང་རྒྱུད་བཤད། ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་བཞེངས། སྲས་ལྷ་དབང་སེང་གེ་ཁྲིར་བཀོད་ནས་ཆོས་སྟོན་པར་དབང་བསྐུར་ཏེ་ལོངས་སྐུར་བཞེངས་སོ། །རྒྱལ་པོ་ཛཿནི། སྤྱི་མདོ་དགོངས་འདུས་སོགས་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གྲངས་བརྒྱད་དམ་བཅུ་གཉིས་ནས་རྒྱལ་པོ་ཛཿཞེས་བྱ་བ་འབྱོན་པར་འགྱུར་བ་ལུང་བསྟན་པ་ལྟར། ས་ཧོ་རའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཨིནྡྲ་བྷཱུ་ཏི་བར་པའམ་མཚན་གྱི་རྣམ་གྲངས་རྒྱལ་པོ་ཛཿར་གྲགས་པ་དེ་རྒྱུད་སྡེ་འོག་མའི་རྣལ་འབྱོར་ལ་བཞུགས་པའི་ཚེ་ངོ་མཚར་བའི་རྨིས་ལྟས་བདུན་བྱུང་བ་དང་མཐུན་པར་མ་ཧཱ་ཡོ་གའི་རྒྱུད་སྡེའི་གླེགས་བམ་རྣམས་ཆར་དུ་བབས། སྒྲུབ་པ་མཛད་པས་རྒྱུད་དོན་མཁྱེན་ཀྱང་སློབ་དཔོན་མེད་པར་རང་གར་འཇུག་པ་དགག་པའི་ཕྱིར། རྡོ་རྗེ་སེམས་དཔས་རྗེས་སུ་བཟུང་བའི་སློབ་དཔོན་ཀུ་ཀུ་རཱ་ཛ་སྤྱན་དྲངས་ཏེ་རྒྱུད་རྣམས་གསན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བསྒོམས་པས་འཁོར་སྟོང་ཕྲག་དང་བཅས་པ་རིག་པ་འཛིན་པའི་ས་གྲུབ་པའོ། །སློབ་དཔོན་ཨཱརྻ་དེ་བ་ནི་སིངྒ་གླིང་གི་རྒྱལ་པོ་པཉྩ་ཤྲྀ་གའི་སྲས། མཁན་པོ་ཧེ་མ་དེ་བ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཕྱིས་ཀླུ་སྒྲུབ་ལ་བརྟེན་ཏེ་དངོས་གྲུབ་མང་པོ་བརྙེས། སྙིང་པོ་དོན་གྱི་བསྟན་པ་གཏད། བྲམ་ཟེ་མ་ཁོལ་བཏུལ་བ་སློབ་དཔོན་དཔའ་བོར་གྲགས། ཆོས་གཞི་མང་དུ་བཙུགས་ཤིང་བཤད་ཉན་རྒྱ་ཆེན་པོས་བསྟན་པ་སྤེལ་བས་ཛམ་གླིང་རྒྱན་དྲུག་ཏུ་གྲགས་པའི་ཡ་གྱལ་དེའོ། །གྲུབ་ཆེན་ནག་པོ་སྤྱོད་པ་ནི། རྒྱལ་པོས་དངོས་གྲུབ་འགྲུབ་ཅིང་བར་དོར་འཚང་རྒྱ་བར་ལུང་བསྟན་པ་སྟེ། གྲུབ་ཆེན་ཛ་ལནྡྷ་རཱི་བས་རྗེས་སུ་བཟུང་ཞིང་དངོས་གྲུབ་བརྙེས། རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་ཁྱད་པར་བདེ་མཆོག་གི་སྒྲུབ་པའི་རྒྱུན་རྒྱ་ཆེར་སྤེལ། ཡི་དམ་གྱིས་ལུང་བསྟན་པ་བཞིན་ནག་པོ་གཞུང་དྲུག་མཛད་པས་ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས། དེ་རྗེས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ནག་པོ་སྤྱོད་པ་ཆུང་བར་གྲགས་པ་ཞིག་ཀྱང་བྱོན་ནོ། །ཤཱནྟིཾ་གརྦྷ་ནི། སྔ་འགྱུར་བཀའ་བབས་ཀྱི་རིག་འཛིན་ཆེན་པོ་བརྒྱད་ཀྱི་ནང་ཚན་དམོད་པ་དྲག་སྔགས་ཀྱི་བཀའ་བབས། བསམ་ཡས་ས་འདུལ་གྱི་སྐབས་བོད་དུ་བྱོན་པར་བཤད་ལ། དཔལ་ཆེན་སྟོབས་ལྡན་ནག་པོའི་ཕྱག་རྒྱའི་མཆོག་གྲུབ་པ་ཞིག་གོ །ཐུ་མི་སཾ་བྷོ་ཊ་ནི། འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་གྱི་ཚུལ་འཛིན། རྒྱ་གར་དུ་བྱོན་ནས་པཎྜི་ཏ་རྣམས་ལས་སྒྲ་སོགས་རིག་པའི་གནས་རྣམས་བསླབས། བོད་ཀྱི་ཡི་གེ་དང་བརྡ་དག །ཀློག་ལ་སྦྱོར་བ་སོགས་ཐོག་མར་སྲོལ་གཏོད་པ་པོ་ཡིན་པས་བོད་ལ་བཀའ་དྲིན་དང་ངོ་མཚར་ཆེ་བ་འདི་ལྟ་བུ་ནི་སུའང་མ་བྱུང་བར་སྣང་ངོ་། །སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ནི། འདྲ་འབག་དང་ཐང་ཡིག་དང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་རྣམས་སུ་མི་མཐུན་པ་ཅི་རིགས་ཡོད་འདུག་ཀྱང་འདྲ་འབག་ཞལ་གསུང་མ་ཡིན་པར་གསུངས་པས་དག་པར་བྱེད་དགོས་པས་དེ་ལྟར་ན། ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ་དུ་ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང་ཡུམ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས་ཤིང་མཚན་གན་ཇག་ཐང་ཏར་གསོལ། པ་གོར་ཧེ་འདོད་ཨ་ཁུ་ཡིན་པས་ཡབ་འདས་རྗེས་སུ་དེས་བསྐྱངས་པའང་བཤད། དགུང་ལོ་བརྒྱད་ལོན་པའི་སྐབས་སུ་ཉི་ཟེར་ལ་ཞོན་ནས་ཕེབས་པ་དང་། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབ་པར་མཁྱེན་པ་སོགས་རྟགས་ངོ་མཚར་ཅན་བསྟན། ཆོས་རྒྱལ་ཁྲི་སྲོང་གིས་ཆོས་སྒྱུར་བའི་ལོ་ཙཱ་བ་སྡུད་པའི་སྐབས། གུ་རུ་རིན་པོ་ཆེས་ཀུན་དགའ་བོའི་སྐྱེ་བ་བཻ་རོ་དང་སྐ་ཅོག་རྣམས་ལུང་བསྟན་པ་ལྟར་སྤྱན་སྔར་བོས་ཏེ་སྒྲ་སྐད་སོགས་བསླབ་སྦྱོང་མཛད། མཁན་ཆེན་བོ་དྷི་སཏྭ་ལས་བོད་མི་རབ་ཏུ་བྱུང་བའི་ཐོག་མ་སད་མི་མི་བདུན་གྱི་ནང་ཚན་ཡིན་ཅིང་། མཚན་ཡང་བཻ་རོ་ཙ་ན་རཀྵི་ཏ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་རྒྱལ་པོས་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་རྒྱ་གར་དུ་ཡོད་པར་གསན་ནས་དེ་ཚོལ་བའི་ཕྱིར་བཻ་རོ་གཙང་སྔོན་ལེགས་གྲུབ་གཉིས་བཏང་། སྲོག་ལ་ཐུག་པའི་དཀའ་བ་ཆེན་པོ་བཅུ་དྲུག་སྤྱད་ནས་རྒྱ་གར་དུ་བརྟོལ། མན་ངག་གི་ཆོས་སུ་མཁས་དང་གྲུབ་པ་ཐོབ་པ་སུ་ཡོད་རྩད་བཅད་པས། དྷ་ཧེ་ནའི་འདུ་ཁང་དུ་སློབ་དཔོན་ཤྲཱི་སེང་ཧ་བཞུགས་པ་ཉིད་མཁས་གྲུབ་འཛོམ་པར་ཁ་མཐུན་པས་ཐབས་དུ་མས་བཙལ་ནས་དེར་སླེབས་པ་ན་ཆུ་ལེན་རྣལ་འབྱོར་མས་གྲོགས་བྱས། སློབ་དཔོན་དང་མཇལ་ནས་གསེར་གྱི་མཎྜལ་ཕུལ་ཏེ་ཚེ་འདི་ཉིད་ལ་འཚང་རྒྱ་བའི་རྩོལ་མེད་ཨ་ཏི་ཡོ་ག་གནང་བར་ཞུས། དེའི་གོང་དུ་བོད་ལ་རྩོལ་མེད་ཀྱི་ཆོས་འཆོར་བའི་ལྟས་མང་དུ་བྱུང་བས་སུས་ཀྱང་མན་ངག་སྟེར་དུ་མེད་པའི་ཁྲིམས་བསྡམས། ཐུན་མོང་མ་ཡིན་པའི་རྒྱུད་མན་ངག་པཎ་གྲུབ་རྣམས་ཀྱི་ཐུགས་ལ་བཞུགས་པ་མ་གཏོགས། ཐུན་མོང་བའི་རྒྱུད་སྡེ་མན་ངག་དང་བཅས་པ་རྡོ་རྗེ་གདན་གྱི་འོག་ཏུ་པཎྜི་དང་རྒྱལ་པོས་རྒྱ་རུ་སྤྲོད་ཀྱིས་བཏབ་པས། ཤིན་ཏུ་མ་གསང་ན་སྲོག་ལ་ཉེན་ཡོང་བའི་ཚུལ་གསུངས་པས་ཉིན་པར་པཎྜི་ཏ་རྣམས་ལས་རྒྱུ་འབྲས་ཀྱི་ཆོས་གསན། མཚན་མོ་གཞན་གྱིས་མི་རྟོགས་པའི་ཐབས་དང་རྟེན་འབྲེལ་མཛད་ནས་སེམས་ཀློང་མན་ངག་གི་སྡེ་རྣམས་རིམ་པར་གནང་། སློབ་དཔོན་དགའ་རབ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཡང་མཇལ་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་བརྒྱུད་ཐོབ་ཅིང་རྟོགས་གྲོལ་དུས་མཉམ་དུ་གྱུར། དེ་ནས་རྐང་མགྱོགས་བསྒྲུབས་ནས་བོད་དུ་བྱོན་ཏེ་ཉིན་མོ་ཐུན་མོང་དུ་རྒྱུ་འབྲས་ཀྱི་ཆོས་དང་། མཚན་མོ་རྒྱལ་པོ་ལ་རྫོགས་པ་ཆེན་པོའི་སྐོར་ལྐོག་ཆོས་སུ་གསུངས། སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། རྒྱ་གར་བས་གདམས་ངག་བོད་དུ་ཤོར་བ་ལ་ཕྲག་དོག་གི་ཕྲ་མ་དང་བཙུན་མོ་དང་བློན་པོ་ཆོས་ལ་གནག་པ་རྣམས་ཀྱི་གཞན་དབང་གི་རྐྱེན་གྱིས་རྒྱལ་མོ་ཚ་བ་རོང་དུ་བྱོན་དགོས་པར་བྱུང་། དེར་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་རྗེས་སུ་གཟུང་བ་སོགས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་རྫོགས་པ་ཆེན་པོའི་སྐོར་གསུངས། སྟོང་ཁུད་རོང་གི་བྲག་དམར་དགོན་རྫོང་དུ་སྤང་སངས་རྒྱས་མགོན་པོ་ལ་རྣ་བརྒྱུད་རྡོ་རྗེ་ཟམ་པ་གནང་། སླར་བོད་དུ་ཕེབས་ནས་པཎ་ཆེན་བི་མ་མི་ཏྲ་དང་ཞལ་འཛོམ། བོད་ཀྱི་རྒྱལ་བློན་འབངས་འཁོར་དང་བཅས་པས་ཡོན་ཏན་དྲན་པའི་གུས་པ་ཆེན་པོས་མཆོད་བསྟོད་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་ཕུལ། གཉགས་ཛྙཱ་ན་ཀུ་མཱ་ར་དང་ལི་བཟའ་ཚུལ་ཁྲིམས་སྒྲོན་མར་རྫོགས་པ་ཆེན་པོ་གནང་བ་དང་སྔ་མ་གསུམ་བཅས་རིམ་པ་ལྔར་གྲགས། ཆོས་ཐམས་ཅད་བསྒྱུར་བའི་ཞུ་ཆེན་པ་མཛད་ཅིང་རྫོགས་པ་ཆེན་པོའི་སྐོར་ནི་ཉིད་ཁོ་ནས་བསྒྱུར། དེ་དུས་ལོ་ཙཱ་མང་དུ་འཚོགས་པའི་ཁྱད་པར་འབྱེད་པ་ལ་བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་ཤིན་ཏུ་བསྒྱུར་དཀའ་བས་དུམ་བུར་བགོས་ཏེ་བསྒྱུར་བཅུག་པས་བཻ་རོས་བསྒྱུར། གཞན་རྣམས་ཀྱིས་བསྒྱུར་མ་ཐུབ་པར་ལུས་པར་གྲགས། མཐར་འཁོར་རྣམས་ལ་གདམས་ངག་ཞལ་ཆེམས་མང་དུ་བསྩལ། སྦྲགས་ཡང་རྫོང་གི་རི་རྩེར་ཕེབས་ནས་འོད་ཀྱི་ཕུང་པོར་གཤེགས་པས་དེང་སང་ཡང་བཻ་རོ་འོད་ལུས་སུ་གཤེགས་པའི་ཕུག་པ་མཇལ་དུ་ཡོད་པ་དང་། འདྲ་འབག་ལས་ལི་བཟའ་ཚུལ་ཁྲིམས་སྒྲོན་མ་དང་ལྷན་ཅིག་ཏུ་ལི་ཡུལ་དུ་གཤེགས། དགོངས་པ་ལ་ཡུན་རིང་དུ་བཞུགས་ནས་མཐར་སྤྲུལ་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བསྡུས་སོ། །ཞེས་གསུངས་ཏེ་མདོར་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའོ། །ལོ་ཆེན་བཻ་རོའི་རྣམ་འཕྲུལ་བོད་ཀྱི་ལྗོངས་འདིར་དགེ་བའི་བཤེས་གཉེན་མཁས་པ་དང་བཙུན་པ་དང་གྲུབ་པ་ཐོབ་པ་དང་། ཁྱད་པར་གཏེར་སྟོན་རིག་པ་འཛིན་པ་མང་དུ་བྱོན་ཅིང་སྦས་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའང་མཐའ་ཡས་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་སོ་སོའི་སྐྱེ་བོའི་ལས་དང་བག་ཆགས་ཀྱི་ལུས་ལྟར་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པས། ཆུ་སྣོད་ཟླ་གཟུགས་ཀྱི་ཚུལ་དུ་ཤར་བ་མཐའ་དག་བརྗོད་པར་ག་ལ་སྤོབས་ཀྱང་འདིར་བླ་མ་དྲི་མེད་ཡེ་ཤེས་ཀྱི་སྤྱན་ལྡན་ནས་རང་ལ་དམིགས་བསལ་དུ་ལུང་བསྟན་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ནི། སྡིག་སྤྱོད་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ནས་བོད་ཡུལ་དུ་དགེ་སློང་གི་སྡེ་མེད་པའི་སྐབས་དབུས་གཙང་མི་བཅུས་མདོ་སྨད་དུ་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པར་ཡོད་པར་ཐོས་ནས་ཁམས་སུ་ཕྱིན་ཏེ་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོས། མཁན་པོའི་ཞལ་ནས་ཀླུ་མེས་བཙུན་པས་མཁན་པོ་གྱིས། ཞེས་སོགས་ཁོང་རྣམས་བསྐོས་བཞག་སོ་སོར་མཛད། ཡར་ལོག་ཁར་མཆོད་གནས་ཞིག་ཞུས་པས་དབུ་ཞྭ་ཕུད་ནས། འདི་གྱོན་ལ་ང་མ་བརྗེད་པར་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བཀོན། བསམ་ཡས་སུ་སྣ་གཏད་ནས་ཕྱིན་པས་དེར་བཞུགས་པའི་བཙད་པོས་ཀྱང་སྣ་ལེན་བྱས། ཁྱེད་རྣམས་ཀྱི་དཔོན་གང་ཡིན་དྲིས་པ་ལ་ཀླུ་མེས་ཡིན་སྨྲས་པས་དབུ་རྩེ་སོགས་ཀྱི་ལྡེའུ་མིག་གཏད་ཀྱང་། ང་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་གསུངས་ནས་མ་བཞེས་ཤིང་ཀ་ཆུ་ཁོ་ན་བཞེས། ཕྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེའི་ཞིག་གསོས་ལེགས་པར་མཛད། ལ་མོ་ཆག་དེའུ་སོགས་གནས་གཞི་མང་པོ་བརྩིགས། ཕྱིས་སློབ་བརྒྱུད་ཀྱིས་རིམ་པར་བརྩིགས་པས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་ལྡན་མང་པོ་འདུས་ནས་རབ་ཏུ་བྱུང་བས་དགེ་འདུན་གྱི་སྡེ་མང་པོ་འཕེལ། སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་གྲངས་ལས་འདས་པ་བྱུང་སྟེ་འདུལ་བའི་བསྟན་པ་ཕྱི་དར་གྱི་རྩ་བ་བཙུགས་ཏེ་མྱ་ངན་ལས་འདས་པའི་སྐུ་གདུང་མ་ཉམས་པར་མཆོད་རྟེན་འོད་ཅན་ན་བཞུགས་པར་བཤད་དོ། །དེ་ནས་འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་སྐྱེས་རབས་སྔགས་གསར་མའི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ཡོངས་སུ་གྲགས་ཀྱང་མཚོན་ཙམ་བརྗོད་ན། བོད་དུ་བསྟན་པ་དངོས་གཞི་ཉམས། སྔགས་ལོག་དར་བར་གྱུར་པའི་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་པ་སྤེལ་བའི་ཆེད་དུ་རྒྱ་གར་དུ་བཏང་བ་ལོ་ཆེན་རིན་ཆེན་བཟང་པོས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། མཁས་པའི་མཐར་ཐུག་པར་གྱུར། མཚན་ཉིད་ཐེག་པ་དང་རྒྱུད་སྡེ་བཞི་ཀ་ནས་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་ཀྱི་སྐོར་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། སྔགས་ལོག་སུན་འབྱིན་མཛད་ནས་སྦྱོར་སྒྲོལ་དུས་མིན་དུ་སྤྱོད་པ་བཀག །ནག་ཕྱོགས་ཀླུ་སྐར་རྒྱལ་གྱིས་བརླམས་པའི་ར་རྫི་རྫུ་འཕྲུལ་ཅན་བཏུལ་ནས་ཆོས་ལོག་ཐམས་ཅད་བསྣུབས། བསྟན་པ་ཕྱི་དར་གྱི་འགྱུར་འགོ་ཚུགས། ཕྱིས་སྒྲུབ་ཁང་རིམ་པ་གསུམ་པར་སྒྲུབ་པ་མཛད་ནས་མཁའ་སྤྱོད་དུ་འོད་ཀྱི་གོང་བུར་གཤེགས། ངོ་མཚར་གྱི་ལྟས་དཔག་ཏུ་མེད་པ་བྱུང་། ཤུལ་དུ་རིང་བསྲེལ་འོལ་མ་སེའི་མདོག་ལྟ་བུ་གསུམ་བྱུང་བའང་རེ་ཞིག་ནས་འབྲུག་སྒྲ་ལྟ་བུ་དང་བཅས་ཏེ་ནམ་མཁར་སོང་ངོ་། །རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་ནི། རྒྱལ་བས་ལུང་བསྟན་པར་ཡང་གྲགས་ཤིང་། ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་དུ་འཁྲུངས། ཤེས་རབ་ཀྱི་རྩལ་ཕུལ་དུ་བྱུང་། ཁ་ཆེར་ལོ་བཅུ་བདུན་ཙམ་བཞུགས། མདོ་སྔགས་ལ་གསན་པ་རྒྱ་ཆེར་མཛད། འགྱུར་མཛད་པ་ཤིན་ཏུ་མང་ཞིང་དག་ཅིང་དོན་བཟང་བའི་ཚད་དུ་འཇོག །བཤད་གྲྭ་མང་དུ་མཛད་པས་སྲས་ཀྱི་ཐུ་བོ་བཞི་སོགས་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། གསང་ཕུའི་གདན་སར་སེང་ཆེན་བརྒྱད་སོགས་རིམ་པར་བྱོན་ཅིང་ཕྱིས་གླིང་སྟོད་ཀྱི་གདན་རབས་ཀྱང་བྱོན་ཏེ་བཤད་གྲྭའི་ཆུ་འགོ་ཡོངས་གྲགས་སུ་གྱུར་པའོ། །བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། འབྲེ་ཤེས་འབར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་ཞང་གཡེངས་ལས་དབུ་ཚད། ཟངས་དཀར་ལོ་ཙཱ་བ་དང་སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊཱིཀ་ལ་བསླབ་གཉེར་བྱེད་པ་རྣམས་ཀྱི་གྲོགས་བྱེད་པར་ཁས་བླངས། ལོ་དགུར་འཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་བར་འདུག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི། ཐོག་མར་ཡབ་ཆོས་བོན་ལ་མཁས། སློབ་མ་བདུན་བརྒྱ་ཙམ་བྱུང་། ཡི་དམ་གྱི་ལྷ་མང་པོ་གཟིགས་ཀྱང་ཐུགས་ལ་མ་སོང་སྟེ། རྫོགས་ཆེན་དང་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། དེ་དག་གིས་ཀྱང་ཐུགས་མ་ཚིམས་པར་འཕགས་ཡུལ་དུ་ལན་གསུམ་བྱོན། མཁས་གྲུབ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་ཀྱི་ཆོས་མ་ལུས་པ་གསན། རྡོ་རྗེ་གདན་པ་བར་པ་ལས་རབ་ཏུ་བྱུང་། ཁྱད་པར་རྡོ་རྗེ་འཆང་དངོས་ལ་ཐུག་ཅིང་ཟག་མེད་ཡེ་ཤེས་ཀྱི་སྐུ་བརྙེས་པ་མཁའ་འགྲོ་ནི་གུ་དང་སུ་ཁ་སིདྡྷིས་རྗེས་སུ་བཟུང་སྟེ་གསེར་ཆོས་ལྔའི་གདམས་པ་གསན། བོད་དུ་གླང་རི་ཐང་པ་ལས་བསྙེན་པར་རྫོགས། རྒྱལ་བ་མཻ་ཏྲི་པ་དང་གྲུབ་ཆེན་རཱ་ཧུ་ལ་རྣམས་ལས་མགོན་པོ་དཀར་མཐིང་གི་གདམས་ངག་གསན། སྐུའི་གནས་ལྔར་རྒྱུད་སྡེ་ལྔ་དངོས་སུ་བཀོད་པ་སོགས་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བསྟན། སློབ་མ་ཁྲི་ཚོ་བཅོ་བརྒྱད་སྨིན་པར་མཛད་པའི་གཙོ་བོ་སྔ་བུ་ལྔ་དང་ཕྱི་བུ་ཆིག་བརྒྱུད་ཀྱི་བཀའ་བབས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་རྣམས་བྱོན། དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་གྲགས་ཤིང་རིན་ཆེན་བདུན་བརྒྱུད་སྔ་ཕྱི་གཉིས་ཀ་སྲིད་མཐའི་བྱང་སེམས་ཀྱི་ཕྲེང་བ་དང་། ཆོས་བརྒྱུད་ཀྱིས་འཛམ་བུའི་གླིང་ཁྱབ་པར་མཛད་དེ་འདིའི་བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས་སོ། །ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ནི། མི་ཉག་འགའི་ཡུལ་དུ་འཁྲུངས། གཞོན་ནུ་ནས་རྒྱ་གར་དུ་ཐེག་སྟེ། དུས་ཞབས་པ་དང་། ཨ་བྷཱ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས་རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་ཤིང་འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན། པཎྜི་ཏ་ཐམས་ཅད་ཀྱིས་འདྲི་གཏུགས་དང་། འབེལ་བའི་གཏམ་གྱི་དཔང་པོ་དང་མན་ངག་ལེན་པའི་གནས་སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས། རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེ་ཡི་རིག་འཛིན་གྲུབ་པས། ཨ་བྷཱ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས། རྡོ་རྗེ་གདན་དང་། ནཱ་ལེནྡྲའི་མཁན་པོ་མཛད་དེ་བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བས་དུས་འཁོར་འགྲེལ་ཆེན་ལ་རང་འགྱུར་མཛད་ནས་འཁྲིད་པར་མཛད་དེ། མདོར་ན་བོད་ཀྱི་གང་ཟག་གིས་འཕགས་ཡུལ་རྡོ་རྗེ་གདན་གྱི་ཆོས་ཀྱི་ཁྲི་སྲུང་བ་འདི་ཉིད་ཙམ་སྟེ་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནོ། །ཞང་བརྩོན་འགྲུས་གྲགས་པ་ནི། སྐུ་ཆུང་ངུ་ནས་ཆོས་ལ་བག་ཆགས་སད་པས་བསགས་སྦྱོང་མང་དུ་མཛད། དྭགས་པོ་རིན་པོ་ཆེའི་དབོན་སྒོམ་ཚུལ་ཁྲིམས་སྙིང་པོ། དཔལ་ཆེན་རྒྭ་ལོ། མལ་ཡེར་པ་བ། དངུལ་ཆུ་བཻ་རོ་བ་སྟེ་ཡིན་ངེས་ཀྱི་བླ་མ་རྣམ་བཞི་ལས་གདམས་པ་གསན་ཅིང་སྦྱངས་པ་མཐར་ཕྱིན། ཁྱད་པར་དབོན་སྒོམ་ལས་རྟོགས་པ་དོན་གྱི་ཡེ་ཤེས་བརྙེས་ཏེ་གྲུབ་པ་ཆེན་པོའི་སར་གཤེགས། གནས་བརྒྱད་དུ་སྐུ་བརྒྱད་མཚན་བརྒྱད་དུ་བསྟན་པ་སོགས་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་རྣམས་ཀྱི་ངོར་གྲུབ་པའི་སྤྱོད་པ་བློར་མི་ཤོང་བ་མང་པོས་གཞན་དོན་རླབས་ཆེན་མཛད། གུང་ཐང་གི་གཙུག་ལག་ཁང་དུ་འབུམ་མོ་ཆེ་རྣམས་བཞེངས། སློབ་མ་འོད་བཞི་ལ་སོགས་པས་གཞན་དོན་རྒྱ་ཆེར་བསྐྱངས། མཉམ་མེད་ཤཱཀྱ་ཡེ་ཤེས་ནས་གདན་རབས་རིམ་པར་བྱོན་པ་རྣམས་ལ་ཚལ་པ་བཀའ་བརྒྱུད་དུ་གྲགས་སོ། །རོག་དོལ་པ་དམར་ཞུར་བ་ཤེས་རབ་རྒྱ་མཚོ་ནི། འབྲོམ་སྟོན་གྱི་སློབ་མ་སྐུ་མཆེད་གསུམ་ལས་པུ་ཏོ་བའི་སློབ་མ་བཀའ་གདམས་གཞུང་པའི་བརྒྱུད་འཛིན་ཡིན་ཅིང་། རྒྱ་འདུལ་ལས་འདུལ་བའང་གསན། གྲྭ་པ་སྟོང་ཕྲག་ཙམ་བསྐྱངས། པུ་ཏོ་བའི་གསུང་སྒྲོས་སྐྱེས་བུ་གསུམ་གྱི་ལམ་རིམ་བེ་བུམ་སྔོན་པོ་ཞེས་པའང་མཛད་དོ། །དཔལ་ཆེན་ཆོས་ཡེ་ནི། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་སློབ་མ་གྲུབ་ཐོབ་གཉོས་མགར་ཆོས་གསུམ་དུ་གྲགས་པའི་ཡ་གྱལ་ཏེ། ཐོག་མར་ཆོས་རྗེའི་ཉེ་གནས་ཡུན་རིང་མཛད། ཉམས་རྟོགས་ལ་བོགས་དབྱུང་བའི་ཕྱིར་ཙ་རི་ཏྲར་གསང་སྔགས་ཀྱི་ཀུན་སྤྱོད་མཛད་པས་ཡོན་ཏན་ཁྱད་པར་ཅན་མང་པོ་སྐྱེས། རིན་པོ་ཆེ་བཞི་འགྲོས་བྱ་བ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། འདི་ལ་འབྲི་གུང་ནག་ཚང་བར་གྲགས། གཡག་སྡེ་པཎ་ཆེན་ནི། གསང་ཕུ་བ་བློ་གྲོས་མཚུངས་མེད། རིག་འཛིན་ཀུ་མཱ་རཱ་ཛ། གཡུང་སྟོན་པ། ཞུ་དོལ་གཉིས་སོགས་བླ་མ་བརྒྱ་རྩ་བསྟེན། མདོ་སྔགས་གསར་རྙིང་ཐམས་ཅད་ལ་མཁྱེན་པ་རྒྱས། མངོན་པར་ཤེས་པ་དང་ལྡན་པས་གཞན་དོན་རྒྱ་ཆེར་མཛད། ཨེ་ཝཾ་གྱི་དགོན་པ་བཏབ། རི་ཁྲོད་པ་མགོན་པོ་ཡེ་ཤེས་སོགས་ཕྲིན་ལས་ཅན་གྱི་སློབ་མ་མང་དུ་བྱོན། པཎྜི་ཏ་འབུམ་ཕྲག་གསུམ་པའི་མཚན་ཅན་སྔ་རྗེས་གཉིས་ཙམ་བྱོན་པར་སྣང་ཡང་འདི་ནི་བོ་དོང་ཨེར་ཕེབས་པ་དེ་ཡིན་འདྲའང་རྣམ་ཐར་ཞིབ་པ་མ་མཐོང་ངོ་། །དེ་ནས་སྨིན་གླིང་གཏེར་ཆེན་གྱི་སྐྱེས་རབས་ལྟར་ན། ཟུར་ཆེན་ཤཱཀྱ་འབྱུང་གནས་ནི། ཉང་ཡེ་ཤེས་འབྱུང་གནས། རོག་ཤཱཀྱ་འབྱུང་གནས་སོགས་མཁས་གྲུབ་མང་པོའི་མན་ངག་བླངས། གདམས་ངག་ཉམས་འོག་ཏུ་ཆུད། མདོ་སྔགས་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་བྱང་ཆུབ། སློབ་མ་རྣམས་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་མཛད། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་དཔལ་ཆེན་པོ་དང་རྣམ་དབྱེར་མེད་པའི་གྲུབ་པ་བརྙེས། གཞན་དོན་དུ་ཤངས་མདར་དཔལ་ཆེན་ཡང་དག་གི་སྐུ་རྫུ་འཕྲུལ་གྱིས་བཞེངས་ནས་མཐར་ཉིད་ཀྱང་དེའི་ཐུགས་ཀར་འོད་ཀྱི་གོང་བུར་ཐིམ། སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་ཐམས་ཅད་ཀྱང་གྲུབ་པ་ཐོབ་པའི་རྟགས་མངོན་དུ་སྟོན་པ་ཤ་སྟག་བྱུང་། བསྟན་པ་ཕྱི་དར་ལ་སྔ་འགྱུར་བསྟན་པའི་རྩ་བ་བཙུགས། ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཐོག་མའོ། །གྲྭ་པ་མངོན་ཤེས་ནི། འཁྲུངས་ཡུལ་གྲྭ། མངོན་པ་ལ་མཁས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར། ཛཾ་དམར་དང་ཞང་བློན་སྐོར། གསོ་རིག་རྒྱུད་བཞི་རྣམས་གཏེར་ནས་སྤྱན་དྲངས། ཛམྦྷ་ལའི་དངོས་གྲུབ་ལ་བརྟེན་ནས་གྲྭ་ཐང་གི་ཆོས་སྡེ་གཙོར་བྱས་གནས་གཞི་མང་དུ་བཞེངས། གྲྭ་ཐང་དང་བསམ་ཡས་ཀྱི་ཆོས་གྲྭའི་བདག་པོའང་མཛད་པས་དགེ་བཤེས་ཆེན་པོར་གྲགས། རོང་ཟོམ་ཆོས་ཀྱི་བཟང་པོ་ནི། སྤྲུལ་པའི་སྐུར་རྩོད་མེད་དུ་གྲགས་པའི་པཎྜི་ཏ། གནས་སྐབས་དེར་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་བསྟོད་ཅིང་འདུད་པའི་གནས། རྒྱ་གར་གྱི་པཎ་ཆེན་མང་དུ་བསྟེན་ནས་རྒྱུད་སྡེ་མང་པོ་བསྒྱུར་པའང་འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས་ཤིང་པཎ་ཆེན་རྣམས་ཀྱིས་ཀྱང་བསྔགས། མདོ་རྒྱུད་བསྟན་བཅོས་མཐའ་དག་ཐུགས་སུ་ཆུད་ནས་མི་མཁྱེན་པ་གང་ཡང་མི་སྲིད་པས་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་སོགས་གཏིང་ཟབ་ལ་གོ་དོན་སློང་ཆེ་བའི་བསྟན་བཅོས་མཐའ་ཡས་པ་མཛད། ཇོ་བོ་རྗེ་དང་མཇལ་བའི་ཚེ་ཞལ་ནས། རྒྱ་གར་གྱི་ཨཱ་ཙརྻ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་འདི་ཁོ་ན་ཡིན་པས་ཁོ་བོས་འདི་དང་ཆོས་གཏམ་ག་ལ་ནུས་ཞེས་རྩོད་མེད་དུ་གྲགས། མངོན་ཤེས་དང་གྲུབ་པའི་རྟགས་མཐུན་སྣང་དུ་གྲུབ་པར་བསྟན། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། སྲས་རྒྱུད་ཕུར་པའི་གྲུབ་བརྙེས་བརྒྱུད་མར་བྱོན། སློབ་མ་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གྲུབ་ཐོབ་སུམ་ཅུ་རྩ་ལྔ། རྣལ་འབྱོར་དབང་པོ་བརྒྱ་བརྒྱད་ཅུ། གདུགས་ཐོགས་ལྔ་བརྒྱ་སོགས་བྱོན་པར་གྲགས། བོན་པོ་ལྷ་འབུམ་ནི། གཙང་རྟ་ནག་ཏུ་འཁྲུངས་ཤིང་རྟ་ནག་དུང་ཕོར་བྲག་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་གཏེར་ཁ་རྒྱ་ཆེར་སྤྱན་དྲངས་ཀྱང་གཞན་རྣམས་རྒྱུན་མ་བཞུགས། བོན་པོ་རྣམས་ལ་གུ་རུ་རྣོན་རྩེར་གྲགས་ཤིང་མ་རྒྱུད་ཐུགས་རྗེ་ཉི་མའི་བསྐྱེད་རྫོགས་ཀྱི་སྐོར་དེང་སང་ཡང་བཞུགས་པར་སྣང་། སྤྲུལ་སྐུ་ར་ཤག་ཆེན་པོ་ནི། བཻ་རོ་དང་འབྲོག་མི་དཔལ་ཡེ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཡར་འབྲོག་སྒང་དུ་བྱོན། ཆུང་ངུ་ནས་མདོས་དང་གསོ་རིག་ལ་མཁས། འཆི་མེད་རིག་འཛིན་བརྙེས་པའི་སྔགས་ཀྱི་རྣལ་འབྱོར་ཆེན་པོར་བཞུགས། སྤ་གྲོ་བཅལ་གྱི་བྲག་ནས་མ་མོ་སྒང་ཤར་དང་། བོན་དང་མདོས་ཆོག་སྨན་དཔྱད་སོགས་གཏེར་ཁ་རྒྱ་ཆེར་བཞེས། གྲུབ་ཐོབ་དངོས་གྲུབ་གཙང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ། ཚེའི་དངོས་གྲུབ་བརྙེས་པས་ལོ་སུམ་བརྒྱ་ལྷག་པ་བཞུགས། མངའ་བདག་ཉང་གིས་བཀའ་བརྒྱད་བཀའ་མ་རྫོང་འཕྲང་འདི་ལས་གསན། ར་ས་འཕྲུལ་སྣང་ནས་རྒྱལ་པོ་བཀའ་ཆེམས་གཏེར་ནས་བཞེས་པས་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་བྱུང་། ཞིག་པོ་ཉི་མ་སེང་གེ་ནི། དམ་པའི་ཞི་བྱེད་ཀྱི་བརྒྱུད་པ་འཛིན་པའི་གྲུབ་ཐོབ། ཞི་བྱེད་ལ་བསྟན་བཅོས་ཀྱང་མང་དུ་མཛད་པར་སྣང་། གུ་རུ་ཇོ་རྩེས་ཟང་ཡག་བྲག་ནས་ཆོས་གཏེར་དང་གཏེར་རྫས་རྒྱ་ཆེར་སྤྱན་དྲངས། རིང་བསྲེལ་དང་གཏེར་རྫས་རྣམས་ཀྱིས་དེང་སང་བར་འགྲོ་དོན་མཛད་པར་སྣང་། ཡེ་ཤེས་ཁྱུང་གྲགས་ཀྱིས་སྤོས་དཀར་དང་སྦྲང་རྩི་ལ་བརྟེན་པའི་སྣང་བ་དབང་སྡུད་ཀྱི་གཏེར་ཕྲན་བཏོན་པ་ཙམ་ལས་ལོ་རྒྱུས་ཞིབ་པར་མ་མཐོང་། ས་སྐྱ་པཎ་ཆེན་དང་ཀློང་ཆེན་རབ་འབྱམས་རྣམས་ཀྱི་རྣམ་ཐར་ནི་ཡོངས་སུ་གྲགས་པས་འདིར་སྨྲོས་མ་དགོས། དབུས་པ་སངས་རྒྱས་འབུམ་ནི། སྣར་ཐང་པ་རིག་པའི་རལ་གྲི་དང་འཇམ་དབྱངས་རལ་གྲི་གཉིས་ལ་བསྟེན་པས་མཁས་པར་གྱུར། དེ་གཉིས་ཀྱི་བཀས་བསྐུལ་ཏེ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གཉིས་ཀྱི་ཕྱི་མོ་ཡོད་དོ་ཅོག་བཙལ་ནས་ལེགས་པར་བཞེངས་ཏེ་འཇམ་ལྷ་ཁང་དུ་བཞུགས་པ་ལས་རིམ་པར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དུ་རྒྱ་ཆེར་འཕེལ་ཞིང་ལུང་གི་རྒྱུན་ལའང་བློ་གསལ་ཁོ་ན་བཀའ་དྲིན་ཆེ་བར་སྣང་། རྡོ་རྗེ་གླིང་པ་ནི། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར། །ཅེས་ལུང་བསྟན་པའི་གསུམ་པ་སྟེ། བཻ་རོའི་དུས་ཀྱི་བག་ཆགས་སད་པས་སྒྲ་སྐད་ཡིག་རིགས་སུམ་བརྒྱ་དྲུག་ཅུ་མཁྱེན་པར་གྲགས། མདོ་སྔགས་གསར་རྙིང་གི་ཆོས་མང་དུ་གསན་པས་མཁྱེན་པ་རྒྱས། དགུང་ལོ་བཅོ་ལྔ་པར་བྱིང་མདའ་ཨོ་དཀར་བྲག་གི་གཏེར་སྒོ་ཕྱེས་པའི་སྐབས་སྒྲུབ་ཕུག་ཤིན་ཏུ་ཡངས་པར་སོང་བའི་ནང་དུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་དང་དབང་རྫས་བཀོད་པས་དབང་བསྐུར། ཤོག་སེར་རེ་རེའི་དབུ་ནས་ལུང་བསྩལ། སྐུ་ཚབ་བཞི། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་རྫས་གྭའུ་བཅས་ཕྱག་གིས་གནང་བས་མཚོན། གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་བརྒྱ་དང་བརྒྱད་བཞེས། གཏེར་སྤྱན་དྲངས་པའི་སྐབས་གུ་རུ་རིན་པོ་ཆེ། མཚོ་རྒྱལ། བཻ་རོ་རྣམས་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་པ་དང་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་སོགས་རྣམ་ཐར་གཏེར་འབྱུང་རྣམས་སུ་གསལ་བ་ལྟར་རོ། །ཀུན་སྐྱོང་གླིང་པ་ནི། རྡོ་རྗེ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ཤངས་ཟབ་བུ་ལུང་གི་མདའ་མ་ཚོར་རྡོ་རྗེ་སྐྱེ་བྲག་གི་གཡང་ལ་ཁྲོམ་འཚོགས་མང་པོའི་དབུས་ནས་བྱ་འཕུར་བ་བཞིན་བྱོན། སྒྲུབ་ཕུག་ཕན་ཚུན་ནས་གཏེར་རྒྱ་ཆེར་བཞེས། སྔགས་སྲུང་མ་དང་དམ་ཅན་སོགས་གཏེར་སྲུང་རྣམས་ཀྱིས་བུད་མེད། ཨཱ་ཙ་ར། སྤྲེའུ། མོན་པ་ལ་སོགས་པར་སྤྲུལ་ནས་གཏེར་རྫས་རྣམས་ཁྲོམ་དཀྱིལ་དུ་དངོས་སུ་སྐྱེལ་བའི་ཞབས་ཕྱི་ཞུས་པས་སྙན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་གདུལ་བྱ་ཕྲིན་ལས་ཤིན་ཏུ་རྒྱས། མངོན་ཤེས་ཆགས་ཐོགས་མེད། གྲུབ་མཐའ་རིས་མེད་ཀྱི་དམ་པ་རྣམས་ཀྱིས་ཀྱང་ཆོས་དང་དམ་རྫས་ཅི་ཐོབ་ཏུ་ཞུས་པར་སྣང་། བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ནི། མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཤིང་མི་བརྗེད་པའི་གཟུངས་ཐོབ། གྲུབ་པ་ཆེན་པོའི་སར་གཤེགས་པས་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་དབང་བསྒྱུར། རྡོ་རྗེ་སེམས་དཔའ་ཕག་མོ་དབྱངས་ཅན་མ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་བས་དེ་ཉིད་འདུས་པ་ཆེན་པོ་གླེགས་བམ་སངས་རྒྱས་ཀྱི་མཚན་དཔེའི་གྲངས་ཀྱི་བརྒྱ་དང་བཅུ་གཉིས་མཛད། གདན་ས་རིམ་བརྒྱུད་རྣམས་ཀྱང་མཁས་གྲུབ་དུ་མ་བྱོན་པར་སྣང་། བྲག་ཐོག་པ་བསོད་ནམས་བཟང་པོ་ནི། དཔལ་ལྡན་ས་སྐྱ་པའི་བརྒྱུད་འཛིན་མཁས་བཙུན་བཟང་པོའི་མཐར་སོན་པ་དང་། བློ་གྲོས་རྒྱལ་མཚན་ནི། མཁྱེན་རྟོགས་ཀྱི་རྩལ་རྫོགས་ཤིང་ནུས་པས་བོད་ཁམས་ལ་འཚེ་བའི་མཐའ་དམག་བཟློགས་པས་སོག་ཟློག་པ་ཞེས་ཡོངས་སུ་གྲགས། སྔ་འགྱུར་རྙིང་མའི་ཆོས་རྒྱུན་ལའང་ཕྲིན་ལས་རྒྱ་ཆེར་མཛད། མཆོག་ལྡན་མགོན་པོ་ནི། ཀུན་སྐྱོང་གླིང་པའི་ཡང་སྲིད་དེ་ངོ་མཚར་བའི་རྣམ་ཐར་མཐའ་ཡས། པདྨ་གླིང་པས་ཐུགས་བརྩེ་ཆེན་པོས་བསྐྱངས། མངའ་རིས་གུང་ཐང་རྒྱལ་པོ་དང་དབུས་གཙང་གི་སྡེ་དཔོན་ཕལ་ཆེར་གྱིས་ཞབས་ནས་བཏེགས། ལྷ་སར་མཐའ་དམག་ཟློག་པ་བཙུགས་པས་གཏོར་མར་མེ་འབར་ཞིང་ནམ་མཁར་སོང་བའི་ཆོ་འཕྲུལ་བསྟན་པ་སོགས་ཀྱིས་ཆོས་དང་ཟང་ཟིང་གི་ཕྲིན་ལས་ཤིན་ཏུ་རྒྱས་པར་བྱུང་། བཀའ་ཐང་དུ་ལུང་བསྟན་པའི་མདོ་སྔགས་གླིང་པ་འདི་ལ་ངོས་བཟུང་ཡང་རྩ་བའི་རྟེན་འབྲེལ་འཆུགས་པའི་དབང་གིས་གཏེར་མ་ཐོན་ཅིང་རྐྱེན་ངན་གློ་བུར་བས་སྐུ་གཤེགས་པར་སྣང་། དེའི་རྣམ་པར་འཕྲུལ་པ་ནི་ད་ལྟའི་བར་དུ་བརྒྱུད་མར་བྱོན་པར་སྣང་ལ། སྤྲུལ་གཞི་ཟངས་མདོག་དཔལ་རིར་སྲིན་པོའི་རིགས་ལས་གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་རིག་འཛིན་ཆོས་ཀྱི་གོ་ཆ་ཞེས་པའི་སྐྱེ་བ་འཛིན་པར་གསུངས། ཨོ་རྒྱན་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། སྨྱོས་རིགས་རྡོ་རྗེ་འཛིན་པའི་ཕྲེང་བ་བར་མ་ཆད་པའི་རིགས་སུ་འཁྲུངས། ཡབ་རྗེ་གསང་བདག་ཕྲིན་ལས་ལྷུན་གྲུབ། རྒྱལ་དབང་ལྔ་པ་རིན་པོ་ཆེ་སོགས་ཡོངས་འཛིན་སུམ་ཅུ་རྩ་གྲངས་ལས་གསར་རྙིང་བཀའ་གཏེར་སྤྱི་དང་ཁྱད་པར་རྒྱུན་ཕྲ་བ་རྣམས་འབད་པ་དུ་མས་གསན། སྒོམ་སྒྲུབ་ཉམས་བཞེས་མཐར་ཕྱིན་པར་མཛད་པས་དབང་བཞིའི་རྟོགས་པ་གོང་འཕེལ་དུ་གྱུར་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཤ་འུག་སྟག་སྒོ་ནས་བདེ་གཤེགས་ཀུན་འདུས་གཙོས་གཏེར་ཁ་ལྔ་ཙམ་སྤྱན་དྲངས་ཤིང་ཐུགས་ཉམས་སུ་ཚུལ་བཞིན་བཞེས། ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་རྩ་མཐུད། ཁྱད་པར་སྔ་འགྱུར་རྙིང་མ་མདོ་སྒྱུ་སེམས་གསུམ་གཙོས་བཀའ་མ་རྣམས་དང་། གཏེར་ཁ་གོང་འོག་གཙོས་གཏེར་རྙིང་རྣམས་དང་ཉིད་ཀྱི་གཏེར་གསར་རྣམས་ལ་སྒྲུབ་དཀྱིལ་ཁྲིད་ཡིག་གིས་མཚོན་སྔོན་མེད་པའི་ལེགས་བཤད་དུ་མ་གསར་སྤེལ། སྨིན་གྲོལ་འཆད་སྤེལ་འབྱམས་ཀླས། ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་པོ་བཙུགས་པས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་འགོ་གཅིག་པུ་པར་གྱུར་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་སྤེལ་བའི་ཕྲིན་ལས་འགྲན་ཟླ་དང་བྲལ། ཆོས་བདག་སློབ་མའི་ཚོགས་ཀྱང་གངས་ཅན་ན་ཡོངས་སུ་གྲགས་པའི་བླ་ཆེན་ཕལ་མོ་ཆེ། མདོ་ཁམས་རྙིང་ལུགས་ཀྱི་བསྟན་འཛིན་རྣམས་དང་། གདན་སར་བཞུགས་པའི་ཞལ་ངོ་རྣམས་སོགས་བཟང་ལ་གྲངས་མང་བ་བྱོན་ཅིང་སྔ་འགྱུར་བཀའ་གཏེར་གྱི་རྒྱུན་ཁུངས་བཙུན་ཐམས་ཅད་ཕྱོགས་འདི་ནས་མ་བརྒྱུད་པ་མེད་པ་ལྟ་བུར་སྣང་། སྐྱེ་བ་འདིའི་འོག་ཏུ་དག་པའི་ཞིང་ཁམས་པདྨས་བརྒྱན་པར་རྣམ་རོལ་མཐའ་ཡས་ཞེས་བྱ་བར་འཚང་རྒྱ་བ་རྒྱལ་ཚབ་མ་ཕམ་པས་ལུང་བསྟན་ཅིང་། སྤྱིར་བཻ་རོ་ཉིད་བསྐལ་བཟང་སངས་རྒྱས་སྟོང་གི་ཕྱི་མ་དེ་བཞིན་གཤེགས་པ་མོས་པའམ་སྣང་མཛད་དུ་འགྱུར་བ་གཏེར་ལུང་རྣམས་སུ་གསལ་བར་གསུངས་པས་ས་བཅུའི་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་གནས་སོ། །ཇོ་ནང་རྗེ་བཙུན་གྱི་སྐྱེས་རབས་སྤྲུལ་སྐུ་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་སྟེ། དང་པོ་གྲུབ་ཆེན་ནག་པོ་སྤྱོད་པ་ནི་གོང་དུ་སོང་། གཉིས་པ་འཕགས་ཡུལ་རྒྱལ་པོ་ཞིག་གི་སྲས་ར་ཏན་བྷ་ཧུ་ལ་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་བྱུང་། གསུམ་པ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའང་གོང་དུ་སོང་། བཞི་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་ཐུགས་སྲས་བཀའ་བརྒྱུད་ཆེ་བཞིར་གྲགས་པའི་ནང་ཚན་འབའ་རོམ་པ་དར་མ་དབང་ཕྱུག །ལྔ་པ་ས་སྐྱའི་གྲགས་པ་རྒྱལ་མཚན་གྱི་ཞལ་སློབ་གྲུབ་པའི་དབང་ཕྱུག་ཨ་བ་དྷཱུ་ཏི་པ། དྲུག་པ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བབས་ཞང་སྟོན་འཁྲུལ་ཞིག་ཆེན་པོ་འབྲུག་སྒྲ་རྒྱལ་མཚན། བདུན་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་གཉོས་སངས་རྒྱས་རས་ཆེན་ནམ་རྒྱལ་བ་ལྷ་ནང་པ། བརྒྱད་པ་དེ་ཉིད་བསམ་བཞིན་དུ་སྐྱེ་བ་བཞེས་པའི་མཁས་གྲུབ་ཆེན་པོ་གཉོས་སངྒ་བྷ་དྲ། དགུ་པ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སློབ་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་འདེབས་པ་པོ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། བཅུ་པ་སིངྒ་ལའི་གླིང་དུ་སྐུ་འཁྲུངས་ཤིང་བོད་ཡུལ་འདིར་ཡང་ཞབས་གཅགས་པའི་པཎྜི་ཏ་ཆོས་ཀྱི་ཉིན་བྱེད། བཅུ་གཅིག་པ་སྤྱོད་འཆང་དབང་པོའི་ཡང་སྲིད་ཡོངས་སུ་གྲགས་ཤིང་མཐོང་ཐོས་དྲན་རེག་ཐམས་ཅད་ངན་འགྲོ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་དཔལ་ཇོ་མོ་ནང་གི་གདན་ས་མཛད་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ། བཅུ་གཉིས་པ་འཕགས་ཡུལ་རྒྱལ་པོའི་སྲས་སུ་བལྟམས་ཤིང་། ཆུང་ངུའི་དུས་ནས་རང་བྱུང་རྣལ་འབྱོར་དབང་ཕྱུག་ཏུ་སྣང་བ་རྒྱལ་བུ་དགའ་བྱེད་ས་སྐྱོང་། བཅུ་གསུམ་པ་རྗེ་བཙུན་རིན་པོ་ཆེ་ཞེས་འདྲེན་པར་སྣང་ངོ་། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནི། སྔོན་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་དྲུང་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད། བདག་ཅག་གི་སྟོན་པའི་སྤྱན་སྔར་བྱང་སེམས་ལྔ་བརྒྱའི་དབུས་སུ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་གྱུར་ནས་ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་མེད་དུ་སྤེལ་བའི་གོ་ཆ་བཞེས། དེ་ནས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བ་ལས་སྐབས་འདིར་ཡང་། ཤར་ཕྱོགས་ཀྱི་ཞིང་ཁམས་མྱ་ངན་བྲལ་བར་དེ་བཞིན་གཤེགས་པ་ཙམྦྷ་ཀའི་དྲུང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རི་བོའི་རྩེ་མོ་སོགས་སྐུའི་བཀོད་པ་བརྒྱད་ཀྱིས་མཚོན། འཇིག་རྟེན་གཞན་དང་བོད་ཡུལ་འདིར་ཡང་སྤྲུལ་པ་མང་དུ་ཡོད་པར་གསུངས། དངོས་ཀྱི་སྤྲུལ་གཞི་ཨོ་རྒྱན་དཔའ་བོ་བིཥྞུ་རཱ་ཛ་ལས་སྤྲུལ་པའི་སྐུར་བསྟན་ཏེ་གཙང་དུ་རྭ་ལོ་ཙཱ་བའི་གདུང་རྒྱུད་དུ་འཁྲུངས། བྱིས་པའི་སྐབས་སྐུ་ཁམས་ཤིན་ཏུ་འཁྲུགས་པའི་ཚེ་འཕགས་ཡུལ་ནས་གྲུབ་ཆེན་ཛྭ་ལ་ནཱ་ཐ་དངོས་སུ་བྱོན་ནས་བར་ཆད་བསལ། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོ་དང་ལྷག་པར་རྡོ་རྗེ་ཐེག་པའི་རིགས་སད་པས་སྔགས་ཀྱི་ལྷ་དང་སྒྲུབ་ཐབས་མང་པོ་སུས་ཀྱང་མ་བསླབ་པར་ཐོལ་གྱིས་གསུངས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྔོན་གནས་གསལ་བར་གསུངས་པས་ཇོ་ནང་དུ་སྤྱན་དྲངས། ཡོངས་འཛིན་དམ་པ་རྣམས་ལས་སྡོམ་པ་གསུམ་རིམ་པར་ནོད་ཅིང་མདོ་རྒྱུད་ཀྱི་བཀའ་དང་བསྟན་བཅོས་ཐམས་ཅད་གསན་པ་ཙམ་གྱིས་ཐུགས་སུ་ཆུད། འཆད་རྩོད་རྩོམ་གསུམ་གྱི་གནས་ལ་འགྲན་པའི་ཟླ་དང་བྲལ། སློབ་དཔོན་པདྨཱཀ་རས་ཧེ་རུ་ཀའི་དཀྱིལ་འཁོར་དུ་བཅུག །ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་མོའི་བརྡ་དབང་བསྐུར་བ་ལ་བརྟེན། ཕྲེང་བ་སྐོར་བཞི་ཞེས་གསང་བ་སྒྱུ་འཕྲུལ་གྱི་ལམ་རིམ་ཆེན་མོའི་གཏེར་ཁ་བབས་ཀྱང་གཞན་རྐྱེན་གྱིས་ཕྱག་ཏུ་བཞེས་པ་མ་གྲུབ་ཀྱང་། རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་ཆེན་པོ་དྲངས་ཏེ་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་ལ་མཛད་པ་རླབས་སུ་ཆེ་བ་འདི་རེ་རེའང་གཏེར་ཆོས་ཚམ་ཚེམ་དུ་མ་ལས་དགའ་བས་གཏེར་ཁ་ཕྱག་ཏུ་མ་སོན་ཀྱང་མི་ནོངས་པར་འདུག །བླ་མེད་རྒྱུད་སྡེ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་མཐར་ཕྱིན། ཆོས་སྐུ་ལྷ་དབང་གྲགས་པ་ལས་བདེ་སྟོང་འགྱུར་མེད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་མཛད། གྲུབ་ཆེན་ཞི་བ་སྦས་པའི་ཞལ་སློབ་འཕགས་ཡུལ་གྱི་སློབ་དཔོན་སངས་རྒྱས་སྦས་པའི་མགོན་པོ་སོགས་རྣམ་པ་གསུམ་ལས་གདམས་ངག་གི་བཅུད་གསོལ་ཏེ་རྒྱུད་སྡེ་རྣམས་ཀྱི་དགོངས་པའི་གཏིང་ཕྱིན། དཔལ་ཧེ་རུ་ཀཿགསང་བའི་མཛོད་གཏད། ཐུབ་པའི་དབང་པོས་ཆོས་ཀུན་གྱི་བདག་པོར་རྗེས་སུ་གནང་། ཉེ་བའི་སྲས་བརྒྱད་ཀྱིས་མདོ་རྒྱུད་མ་ལུས་པའི་འབྱུང་གནས་སུ་བྱིན་གྱིས་བརླབས། རྗེ་བཙུན་སྒྲོལ་མས་རྟག་ཏུ་ཞལ་སྟོན་ཅིང་ལུང་བསྟན་པ་དང་ཡེ་ཤེས་སྤོར་བར་མཛད། འཕགས་ཡུལ་ཤིང་རྟ་ཆེན་པོ་བཅུ་དྲུག །གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པས་བྱིན་གྱིས་བརླབས་ཤིང་གསོལ་བ་བཏབ་རེས་དངོས་སུ་གདམས་པ་དང་རྗེས་སུ་གདམས་པ་བསྩལ། དེ་བཱི་ཀོ་ཊིར་ཡེ་ཤེས་མཁའ་འགྲོ་ནི་གུ་མས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་པ་ལྟར་ཆོས་དྲུག་ཁྲིད་ཡིག་ཟབ་དོན་ཐང་བརྡལ་མ་མཛད། ཨོ་ཌཱི་ཡ་ནར་ཨིནྡྲ་བོ་དྷི། ཟངས་མདོག་དཔལ་རིར་པད་འབྱུང་། ཤམྦྷ་ལར་རིགས་ལྡན་རྒྱལ་པོ་རྣམས་དང་མཇལ་ནས་ཞལ་ལུང་བདུད་རྩི་གསོལ། དུས་འཁོར་གསང་འདུས་རྡོ་རྗེ་ཕག་མོ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ཅིང་རྒྱུད་སྡེའི་དོན་རྣམ་པར་འགྲེལ་བ་ལ་ལེགས་སོའི་དབུགས་དབྱུང་བསྩལ། རྡོ་རྗེ་ཐེག་པའི་རིང་ལུགས་རྣམས་ལ་འཁྲུལ་པས་བསླད་པ་ཐམས་ཅད་བསལ། ཤིང་རྟ་ཆེན་པོའི་ལུགས་སྲོལ་གང་ཡིན་པ་དེ་ཉིད་མ་ཉམས་པར་སྤེལ་བའི་བསྟན་བཅོས་རྒྱ་ཆེར་མཛད་པས་འཕགས་ཡུལ་དུ་ཨ་བྷཱ་ཡ་དང་མཚུངས་པར་བོད་འདིར་རྡོ་རྗེ་ཐེག་པའི་བསྟན་པ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་ཉི་མ་གསལ་བ་ལྟར་མཛད། ཆོས་འཁོར་བསྐོར་བ་དང་དབང་དང་ཚོགས་འཁོར་རབ་གནས་མཛད་པ་སོགས་ཀྱི་སྐབས་འཇའ་འོད་དང་མེ་ཏོག་ཆར་པ། མཁའ་འགྲོའི་བརྡ་གླུ། དྲི་བཟང་ངད་པས་ཁྱབ་པ་སོགས་རྟག་ཏུ་འབྱུང་། སྤྱིར་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྒོས་སུ་རྟག་བརྟན་ཕུན་ཚོགས་གླིང་གི་རྟེན་བརྟེན་པར་བཅས་པ་གསར་དུ་བསྐྲུན། རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱོན། དུས་སྐབས་དེའི་བསྟན་འཛིན་གྱི་སྐྱེས་ཆེན་མཐའ་དག་གིས་ཞབས་ཀྱི་པདྨོར་བཏུད་པར་སྣང་། རེ་ཞིག་མཛད་པ་མཐར་ཕྱིན་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྤྲུལ་པའི་བཀོད་པ་བསྡུས། ཕྱི་མར་ཨོ་རྒྱན་གྱི་གནས་སུ་བཱིརྻ་རཱ་ཛ། བཻ་ཌཱུརྻ་དང་བདེ་བ་ཅན་དུ་ས་བཅུའི་དབང་ཕྱུག །འགྲོ་ལྡིང་གི་གནས་སུ་བདེ་བའི་མགོན་པོ་ཞེས་པས་མདོ་སྒྱུ་སེམས་གསུམ་སོགས་ཀྱི་བསྟན་པ་སྤེལ་ཞིང་བོད་ཡུལ་འདིར་ཡང་སྤྲུལ་པ་དང་བྱིན་གྱིས་བརླབས་པ་འགའ་ཞིག་འབྱུང་བར་གསུངས་ཤིང་། དངོས་ཀྱི་སྐྱེ་བ་གསུམ་ནས་འཇིག་རྟེན་འོད་ལྡན་ཞེས་པར་དེ་བཞིན་གཤེགས་པ་ནམ་མཁའི་ཐིག་ལེར་འཚང་རྒྱ་བའི་ལུང་བསྟན་བརྙེས་པར་སྣང་ངོ་། །དམ་པ་དེ་དག་གི་སྐྱེས་པ་རབས་ཀྱི་རྣམ་པར་ཐར་པ་མདོ་ཙམ་མོས་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར་རང་བཞིན་བྲིས་པ་ཡིན་ལ། ད་ནི་དམ་པ་དེ་གསུམ་དང་བཟང་འབྲེལ་ཙམ་ཐོབ་པར་མོས་པའི་ཐ་ཤལ་བ་རང་ཉིད་ལ་ཀུན་མཁྱེན་བླ་མ་དམ་པས་བཀའ་བསྩལ་དམིགས་སུ་གནང་བ་རྣམས་ལས་ཀླུ་མེས་སྔར་བརྗོད་ཟིན། སྙེ་མདོ་ཐམས་ཅད་མཁྱེན་པ་ཀུན་དགའ་དོན་གྲུབ་ནི། རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་བའི་སྲས་ཆུང་བར་འཁྲུངས། ཡབ་དང་གཅེན་པོ་རྣམས་ལས་གསར་རྙིང་གི་རྒྱུད་གདམས་ངག་ཡོངས་རྫོགས། ཞི་བྱེད་སྐོར་གསུམ་རྣམས་གསན། ཀརྨ་པཀྴི། ཐར་ལོ་གྲགས་པ་སོགས་དམ་པ་མང་པོ་བསྟེན་ནས་རིག་པའི་གནས་ལྔ་དང་མདོ་རྒྱུད་མཐའ་དག་མཁས་པར་སྦྱངས། ཁྱད་པར་གྲུབ་ཆེན་ཨོ་རྒྱན་པ་ལས་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་དང་བཅས་པ་ཚར་གཉིས་གསན། སྦྱོར་དྲུག་ཞི་ཕྱག་རྫོགས་གསུམ་རྣམས་ལ་རྡོ་རུས་འཕྲོད་པའི་སྒྲུབ་པ་ཉམས་བཞེས་མཛད་པས་མཉམ་རྗེས་མེད་པའི་རྟོགས་པ་འཁྲུངས། ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། རྗེ་རང་བྱུང་རྡོ་རྗེ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་དང་བཅས་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞི། སྔ་འགྱུར་རྙིང་མ། ཞི་བྱེད། ལམ་འབྲས། མདོ་ཕྱོགས་ཀྱི་སྐོར་བཅས་རྫོགས་པར་ཕུལ། དེ་དག་གི་སྐབས་སུ་རྗེ་རང་བྱུང་བ་ལ་དག་སྣང་ཁྱད་པར་ཅན་མང་དུ་ཤར། གཞན་ཡང་མཁས་བཙུན་དཔོན་རིགས་ཆེ་རྒུ་མང་པོ་ལ་དུས་ཀྱི་འཁོར་ལོའི་གཙོས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། བསྟན་བཅོས་ཀྱང་འགའ་ཞིག་མཛད་པར་སྣང་། བཀའ་བཞི་པ་རཏྣ་བྷ་དྲའམ་རིག་པའི་རལ་གྲི་ནི། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་ཡོངས་འཛིན་དུ་ཕེབས་ཏེ་བཀའ་བརྒྱུད་གསེར་གྱི་ཕྲེང་བར་བཞུགས་པ་སྟེ་རྣམ་ཐར་རེའུ་མིག་བརྒྱ་རྩ་བརྒྱད་རྗེ་དྲུག་པ་ཉིད་ཀྱིས་བཀོད་པ་ལས་གསལ། དེའི་གོང་མ་གཉན་རས་དགེ་འདུན་འབུམ་ནི། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སློབ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀརྨ་པའི་ཆོས་སྐོར་ཡོངས་རྫོགས་གསན་པའི་ཡུལ་ལོ། །བ་ཡོ་ཆོས་ཀྱི་བློ་གྲོས་ནི། ཀོང་པོ་བ་ཡོའི་གདན་ས་བ་རྟོགས་ལྡན་མཁའ་སྤྱོད་དབང་པོ་དང་རྗེ་རོལ་པའི་རྡོ་རྗེའི་ཞབས་ཟིན། གཏེར་ཆེན་སངས་རྒྱས་གླིང་པ་སྐུ་ཆུང་ངུའི་དུས་ཀྱི་གཉེར་སྐྱོང་དང་བླ་མ་མཛད་ཅིང་ཕྱིས་བླ་མ་དགོངས་འདུས་ཀྱི་ཆོས་བདག་བུམ་འཛིན་ཉེར་གཅིག་གི་གཙོ་བོར་ལུང་ནས་ཟིན་པ་ལྟར་ཕྲིན་ལས་བསྐྱངས། བ་ཡོ་ཆོས་ཀྱི་བཟང་པོ་དེའི་སྐྱེ་བ་དེ་མ་ཐག་པ་ཡིན་པ་འདྲ། ཞྭ་དམར་གསུམ་པ་ཆོས་དཔལ་ཡེ་ཤེས་ཀྱི་སློབ་མར་གྱུར་ཅིང་བ་ཡོ་དང་སྟག་རྩེ་གཉིས་ཀའི་གདན་ས་བསྐྱངས། ཕྱིས་སུ་ཞྭ་དམར་བརྒྱད་པའི་ཡོངས་འཛིན་གོ་ཤྲཱི་དོན་གྲུབ་སྙིང་པོའང་འདིའི་སྐྱེ་བ་ཡིན་པར་གསུངས། མུས་ཆེན་སངས་རྒྱས་རིན་ཆེན་ནི། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་དབོན་དུ་འཁྲུངས། སེམས་དཔའ་ཆེན་པོ་དེ་ཉིད་དང་གྲུབ་ཆེན་དཀོན་མཆོག་བློ་གྲོས། ཀུན་མཁྱེན་བསོད་ནམས་སེང་གེ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་སོགས་ལས་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་རྒྱུད་བསྡམས། མདོ་སྔགས་ཀྱི་གསན་བསམ་མཐར་ཕྱིན་པར་མཛད། རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལས་སྐུ་གསུམ་ངོ་སྤྲོད་གསན། ན་ལེནྡྲའི་གདན་ས་ཡུན་རིང་མཛད། ངོར་གྱི་གདན་སར་ཡང་ཕེབས་ཏེ་རྗེ་ལྷ་མཆོག་སེང་གེ་རྒྱལ་ཚབ་ཏུ་དབང་བསྐུར། ཐུགས་དམ་གྱི་རིམ་པ་དང་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་མཛད། གསུང་ངག་རིན་པོ་ཆེ་ལན་ལྔ་བཅུ་ང་གཅིག་གིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར། སྤྱན་རས་གཟིགས་ཀྱི་ཞལ་རྟག་ཏུ་མཐོང་བའི་སྨྱུང་གནས་པ་བྱམས་པ་ཆོས་འོད་ལ་འཕགས་པས་རྗེ་འདི་ས་བཅུ་པ་ལ་གནས་པའི་བྱང་སེམས་ཡིན་པར་ལུང་བསྟན། དུས་རྒྱུན་དུ་མངོན་པར་ཤེས་པ་སྒྲིབ་མེད་དུ་མངའ་ཞིང་བདུད་རྩི་རིལ་བུ་ལན་གཉིས་སྒྲུབ་པའི་སྐབས་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་པར་བྱུང་བ་སྣང་། སློབ་མའི་ཚོགས་ཀྱང་། ས་སྐྱ་བདག་ཆེན་བཅུ་གཅིག །ངོར་གྱི་ཁྲི་བཞུགས་གསུམ། རྡོ་རིང་ཀུན་སྤངས་པ་སོགས་དབུས་གཙང་ཁམས་གསུམ་གྱི་དཔལ་ལྡན་ས་སྐྱ་པར་གཏོགས་ཚད་ཀྱི་བསྟན་འཛིན་རྣམས་དང་། ངམ་རིང་། སྣར་ཐང་། ཇོ་ནང་སོགས་ཀྱི་གདན་ས་པ། སྨྱུག་ལ་པཎ་ཆེན། ཀརྨ་ཕྲིན་ལས་པ་སོགས་ཡང་སློབ་བརྒྱུད་འཛིན་བགྲང་བ་ལས་འདས་པ་བྱོན། སྐུའི་སྐྱེ་བ་ཕྱི་མ་མུས་ཆེན་སངས་རྒྱས་རྒྱལ་མཚན་ཡིན་པར་སྣང་ངོ་། །རྩེ་ལེ་མཁས་མཆོག་པདྨ་ལེགས་གྲུབ་སྣ་ཚོགས་རང་གྲོལ་ནི། ལོ་ཆེན་བཻ་རོ་ཙ་ནའི་སྐུའི་རྣམ་འཕྲུལ་དུ་ལུང་གིས་ཟིན། མཚུངས་མེད་བསྟན་འཛིན་རྡོ་རྗེའི་ཡང་སྲིད་དུ་གྲགས་པས་དེས་བཏབ་པའི་ཐང་འབྲོག་གྲྭ་ཚང་དུ་སྤྱན་དྲངས། གངས་ར་ལོ་ཆེན་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་གསར་རྙིང་གི་གཞུང་ལུགས་གདམས་པ་ཐུགས་སུ་ཆུད་པར་མཛད། སྐུ་ཤིན་ཏུ་བཙུན་པས་ཚོགས་ཆང་ལའང་ཆུ་དང་བུ་རམ་བསྲེས་པ་ལས་ལྗགས་ལ་མི་རེག །སྐུ་ཚེའི་སྨད་དུ་དཔལ་རི་རྒོད་ཚང་དང་ལྷོ་བདེ་གཤེགས་ཚེའི་ཕུག་པ་སོགས་སུ་བཞུགས། ཕྱག་རྫོགས་ཀྱི་རྟོགས་པ་མཐར་ཕྱིན། ཞལ་སློབ་ཀྱང་སྒམ་པོ་པ་བཟང་པོ་རྡོ་རྗེ། བམ་སྟེང་ཆོས་རྗེ་མི་ཕམ་པ། ཏའུ་པདྨ་བློ་གྲོས་སོགས་བྱོན་པར་སྣང་ངོ་། །ལོ་ཆེན་བཻ་རོའི་ཐུགས་ཀྱི་སྤྲུལ་པ་རོང་སྟོན་ལྕགས་རྣ་ཅན་དུ་གྲགས་པ་པདྨ་བདེ་ཆེན་གླིང་པ་ནི། གསེར་ཐར་དུ་སྐུ་འཁྲུངས། ཐོག་མར་གསེར་པ་ཡེ་ཤེས་རྒྱལ་མཚན་ལ་བརྟེན་ནས་ཕྱག་ཆེན་གྱི་ཉམས་རྟོགས་ཕུལ་དུ་ཕྱིན་པར་མཛད། པེ་ཧར་གྱིས་བར་གཅོད་བརྩམས་ནས་དགོངས་གཏེར་དང་གནམ་ཆོས་མང་དུ་བྱུང་། རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་ཕ་བུ་འཕྲད་པ་ལྟ་བུའི་བརྩེ་བས་བསྐྱངས། གུར་དྲག་ཡེ་ཤེས་རབ་འབར་གནང་ནས་སྒྲུབ་པ་མཛད་དུ་བཅོལ་བས་སྔར་གྱི་བར་ཆད་ལས་གྲོལ་ནས་ས་གཏེར་གྱི་ཁ་བྱང་དང་ལུང་བསྟན་ཐོབ། རྨུ་རྡོ་བྲག་ནས་མཁའ་འགྲོ་སྙིང་ཐིག་དང་། བཙན་རི་ནས་བཀའ་འདུས་ཡིད་བཞིན་ནོར་བུ་སོགས་སྤྱན་དྲངས། ཉིད་ཀྱི་དབང་སྐལ་དངོས་རི་བོ་ཕག་ཞལ་དུ་མཁའ་འགྲོ་དགོངས་འདུས་བཞུགས་པར་འདུག་ཀྱང་ཕྱག་ཏུ་མ་སོན། ཀློང་གསལ་ནས་ཉིད་ཀྱི་རྒྱལ་ཚབ་ཏུ་ཀཿཐོག་གདན་སར་མངའ་གསོལ་བར་བཞེད་ཀྱང་དབོན་པོ་སོགས་ཀྱིས་ཆགས་སྡང་ཆེ་བར་གཟིགས་ནས་དགོངས་ཁྲོལ་ཞུས་ཏེ་བཙན་རི་གནས་ནང་དུ་གདན་ས་མཛད། བརྒྱུད་འཛིན་སློབ་མ་རིག་འཛིན་ཚེ་དབང་ནོར་བུ་དང་། སྐུའི་སྲས་མཆེད་སོགས་ཁྱད་པར་ཅན་བྱོན། དེའི་སྐུའི་སྐྱེ་བ་དེ་མ་ཐག་པ་ནི་རྟའུ་རོག་རྗེ་གླིང་པ་དང་། དེ་རྗེས་ཞེ་ཆེན་རི་ཁྲོད་དུ་བཞུགས་པའི་བླ་མ་ཤེས་རབ་ཡར་འཕེལ་བྱ་བ། དགུང་ལོ་བཅུ་དགུའི་སྐབས་ནས་ཡིག་དྲུག་དུང་ཕྱུར་འགྲུབ་པས་ཐུགས་རྗེ་ཆེན་པོས་ཞལ་གཟིགས། བརྒྱད་སྟོང་པ་སྟོང་ཕྲག་གཅིག་དང་བརྒྱ་རྩ་གསུངས་པས་ཤེས་རབ་ཕར་ཕྱིན་རྟོགས་པ་མངོན་དུ་གྱུར་ནས་འདིར་སྣང་གི་འཁྲུལ་པ་ཞིག་པ་ཞིག་བཞུགས་པ་དེས་ཁོང་རོང་སྟོན་ལྕགས་རྣ་ཅན་གྱི་སྐྱེ་བ་ཡིན་པ་གསལ་བར་དྲན་གསུངས་ཀྱང་དེ་ཕྱོགས་རོང་སྟོན་གྱི་རྒྱུས་མེད་པས་སུ་ཡིན་མ་འཚལ་བར་སྣང་། དེ་ཉིད་ཞི་བར་གཤེགས་པའི་ཕྱི་ལོ་དེར་ཁོ་བོ་བཙས་པར་སྣང་བས་བླ་རྒན་དེའི་སྐྱེ་བ་ཙམ་ཡིན་རྒྱུར་བྱས་ན་གུང་འགྲིགས་ཤིང་སྟབས་ལེགས་ཙམ་གྱི་རྒྱུ་མཚན་ཕྲན་བུའང་འདུག་གོ། །།གཉིས་པ་ལུང་གིས་ཟིན་ཚུལ་ནི། སྤྱིར་རྒྱལ་བས་ལུང་བསྟན་པ་ནི་འཕགས་ཡུལ་དུ་རྒྱན་དྲུག་གཙོས་སློབ་དཔོན་ཁ་ཤས། བོད་འདིར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་འབྲོམ་སྟོན་རྣམས་གསལ་བར་ལུང་བསྟན་པ་ལ་སུས་ཀྱང་བསྙོན་དུ་མེད། འཇམ་དཔལ་རྩ་བའི་རྒྱུད་ལས་བོད་ཀྱི་རྒྱལ་པོ་རྣམས་ཁྲིགས་ཆགས་སུ་འབྱུང་། དགའ་ལྡན་དང་བློ་བཟང་གི་མིང་རྣམས་ཀྱང་གསལ་བར་འབྱུང་། གཞན་བསྟན་པ་གསལ་བར་བྱེད་པའི་སྐྱེས་ཆེན་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱང་དེང་སང་བོད་དུ་བཞུགས་པའི་མདོ་རྒྱུད་རྣམས་ལས་ལུང་བསྟན་གསལ་བར་མ་མཐོང་། སོ་སོའི་རྗེས་འཇུག་རྣམས་ནས་མཚན་སྒྲ་མཐུན་པ་ཙམ་དང་། འཇམ་དཔལ་རྩ་རྒྱུད་ལས་ཡི་གེའི་མགོ་འབོད་གསུངས་པ་རྣམས་རྡོ་ཆག་ལྷུ་གཏུགས་ཀྱིས་བསྒྲིགས་པ་དང་། ཁ་ཅིག་གིས་ནི་བོད་དུ་མ་བྱོན་པའི་མདོ་རྒྱུད་ལས་ལུང་བསྟན་ནོ་སྐད་པའི་བོད་རྩོམ་གཤའ་མའི་ཚིགས་བཅད་ཁ་ཤས་ལུང་འདྲེན་བྱེད་པ་སོགས་ཀྱང་སྣང་ཞིང་། ཁོ་བོ་ལྟ་བུ་ལ་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་རེ་བ་རྨི་ལམ་དུའང་ག་ལ་ཡོད་ཅིང་། གཏེར་ལུང་རྣམས་ཀྱང་གོང་དུ་སྨྲོས་པ་ལྟར་དགོངས་པ་ཅན་གྱི་གསུང་ལོས་ཡིན་སྙམ་པ་ལས་ངེས་དོན་ཡིན་པའི་ཐག་ཆོད་དང་རློམས་སེམས་གཏན་ནས་མེད་ངེས་ཅན་ཡང་། སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་པའི་དཔལ་ལྡན་བླ་མ་དམ་པས་འཁོར་བ་ལས་སྒྲོལ་བའི་དབུགས་འབྱིན་བསྩལ་བ་དེ་སོ་སྐྱེའི་བློ་རྟོག་གིས་རས་ཆོད་བྱེད་པ་ཆོས་ལུགས་སྤྱིར་འགལ་བ་དང་། ཁྱད་པར་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་ལུགས་སུ་རྩ་བའི་བླ་མས་མེ་ལ་ཆུ་དང་ཆུ་ལ་མེ་ཡིན་གསུངས་ཀྱང་དེ་ལ་ཐེ་ཚོམ་དང་ལོག་ལྟ་སྤུ་ཙམ་མི་བྱེད་པར་རྡོ་རྗེའི་གསུང་དུ་གོ་ན་རྟེན་འབྲེལ་འགྲིགས་པར་གསུངས་པས་དེའི་དབང་དུ་བྱས་ཏེ་དགོད་ན། ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཞེས་དང་། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་མདོ་ལས། འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཞེས་གསུངས་པའི་དོན་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་འཕགས་བོད་གཉིས་ཀར་བློ་གྲོས་མཚན་ཅན་གྱི་སློབ་དཔོན་མང་དུ་བྱོན་ཀྱང་མཐའ་ཡས་དང་འབྲེལ་བ་ཅན་བཀའ་གཏེར་ལོ་རྒྱུས་གང་ནས་ཀྱང་མ་གཟིགས་པས་ཁྱེད་རང་གི་མིང་དང་ཤིན་ཏུ་འབྲེལ་གསུངས་ནས་མཛད་བྱང་མང་པོ་ཡང་དེ་ལྟར་གནང་འདུག་པ་དང་། སྤྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སྟོང་བསྐལ་བཟང་སངས་རྒྱས་རྣམས་སུ་ལུང་བསྟན་པའི་རྗེས་མ་གཞོན་ནུ་བློ་གྲོས་མཐའ་ཡས་སངས་རྒྱས་མོས་པ་སྣང་མཛད་དུ་འགྱུར་བ་དེ་ལོ་ཆེན་བཻ་རོ་ཡིན་པར་སྣང་བས་སྔོན་ལུང་བསྟན་པའི་མཚན་དེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་གནས་སྐབས་ཐམས་ཅད་དུ་ཡོད་པར་སྨྲ་བ་ཙམ་ལ་ནི་འབྲེལ་མི་ཆགས་པའང་མི་སྣང་ངོ་། །འཕགས་པ་ལངྐར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཤེས་བྱ་ལྔ་རིག་པའི་གནས་ལྔ་སོགས་ལ་བྱས་ན་རྒྱ་བོད་མཁས་པ་ཀུན་གྱིས་སྤྱི་ནོར་ཡིན་པས་ལུང་བསྟན་ཡུལ་གྱི་ཁྱད་ཆོས་སུ་མི་འགྱུར་བས་མཛོད་ཆེན་ལྔ་པོ་སྔར་མ་བྱུང་བའི་ཁྱད་པར་ཅན་གྱི་ཕྱིར་འདིའང་ཤིན་ཏུ་འབྲེལ་ཅེས་རྗེ་རིན་པོ་ཆེ་དེ་ཉིད་བཞེད་པར་མཛད་ཀྱང་། རྒྱལ་བའི་གསུང་རྣམ་པ་ཐམས་ཅད་པ་ཞེས་སྒྲ་ཤིན་ཏུ་ཡངས་པས་འབྲེལ་གང་དུ་ཆགས་པ་དེར་ཁྱེར་ཆོག་པས་འདི་ལ་མི་འོས་སྙམ་པ་དང་གཞན་ཞིག་ལ་འཐད་ཀྱང་འདིར་འཐེན་ཁྱེར་བྱས་འདུག་སྙམ་པའི་ཁོང་ཁྲོ་དང་གུ་དོག་གཏན་ནས་མི་དགོས་སོ། །སྔ་འགྱུར་སྒྱུ་འཕྲུལ་ཀལྤ་དུམ་བུའི་རྒྱུད་ལས་ཀྱང་། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་དང་། གཏེར་ཆེན་པདྨ་གླིང་པའི་ལུང་བསྟན་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམ་ནས་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་ཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་གསུངས་པ་ལྕགས་རྟ་ལོར་གཡུ་ལུང་གངས་ར་གཉིས་པ་བཀྲ་ཤིས་ཉི་ཟླ་དཔལ་ཕུག་ཏུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་བགྱིས་པ་སོགས་དང་དུས་འགྲིགས་ཤིང་། རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ལས། མ་འོངས་དུས་མཐར་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཅེས་ཟབ་ཆོས་འདིའི་རྒྱུན་ཆད་པ་རྗེ་བླ་མར་བཀའ་བབས་ནས་ཐོག་མར་སྤེལ་བའི་སྣོད། བཻ་རོའི་སྤྲུལ་པ་རྒན་པོར་ངོས་བཟུང་། རྡོ་རྗེ་གླིང་པ་དང་བདུད་འདུལ་རྡོ་རྗེ་སོགས་གཏེར་ཁ་སྔར་བྱོན་རྣམས་སུའང་ཐོར་བུ་ཅི་རིགས་སྣང་ཞིང་། ཁྱད་པར་རྗེ་བླ་མ་རིན་པོ་ཆེ་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་བྱོན་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ཚེ་ཐོག་མའི་སྐལ་ལྡན་ནི༔ རྣམ་པར་སྣང་མཛད་ལོ་ཙཱ་བས༔ བྱིན་བརླབས་ཞི་བའི་བློ་གྲོས་ཀྱིས༔ ཟབ་རྒྱས་ཚིག་དོན་གཏན་ལ་འབེབ༔ ཅེས་གསུངས་པ་ལྟར་རྩ་བའི་སྟེང་ནས་ལྗགས་བཤད་ཞིབ་པར་བསྩལ། འགྲེལ་པ་ཞིག་ཅིས་ཀྱང་བགྱིད་དགོས་པར་དངོས་དང་བརྒྱུད་ནས་བཀའ་གནང་བ་ལྟར་ཚིག་འགྲེལ་ཞིག་ཀྱང་བྲིས། ཇོ་མོ་སྨན་མོའི་ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ལུང་བྱང་ལས། སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཅེས་འབྱུང་བའི་དོན་ཐོག་མར་ཁོ་བོས་ཡི་གེ་པ་ཞུས་ཤིང་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ཕྱིས་ནས་རང་གིས་བསྙེན་སྒྲུབ་སྐོང་ཆོག་སྒྲུབ་ཆེན་སོགས་དང་གཞན་ལའང་འཆད་སྤེལ་ཅི་ནུས་བགྱིས་པ་ཡིན་ཅིང་། གཞན་ཡང་དགོངས་གཏེར་སྙན་བརྒྱུད་ཡང་གཏེར་རྣམས་སུ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་འབྱུང་བར་བསྡམས་ནས་བསྟན་པ་རྣམས་ཀྱི་ནང་ནས་བཻ་རོ་གར་བཞུགས་ཁོ་བོ་ལ་ངོས་འཛིན་མཛད་ནས་སྨིན་གྲོལ་ཐོག་མར་བཀའ་དྲིན་དུ་བསྩལ་བ་ཐོབ་པས་སྐལ་པ་ནི་ཤིན་ཏུ་བཟང་བར་སེམས། མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལུང་བྱང་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཀླུ་གདོན་གྲོལ་བའི་རྐྱེན་དུ་བྱེད༔ ཅེས་གསུངས་པ་དེ་སྐབས་འཆད་རྩོམ་གྱི་བྱ་བ་ཆེར་མེད་ཀྱང་ཕྱིས་སུ་མངོན་དུ་གྱུར་པ་དང་། འོག་གདོན་གྱི་ནད་གཞི་གྲོལ་བའི་རྐྱེན་ཆོས་འདི་ལས་བྱུང་བ་རྣམས་ནི་ཐོག་ཏུ་ཁེལ། ཆོས་འདིའི་བཀའ་སྲུང་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་གཤམ་དུའང་། བཻ་རོའི་སྐྱེ་མཐའ་གཡུང་དྲུང་མིང༔ བློ་གྲོས་མཐའ་ཡས་རྩལ་འཆང་བ༔ དེ་ཡིས་སྙིང་པོའི་བསྟན་པ་ལ༔ ཕན་པའི་བཙས་སུ་སྣང་བར་བྱེད༔ ཅེས་གསུངས་པའང་ཆུང་ངུའི་དུས་སྨན་རིའི་མཁན་པོས་བསྟན་འཛིན་གཡུང་དྲུང་དུ་བཏགས་པ་དེ་ཉིད་ཕྱིས་དཔལ་སྤུངས་སུ་མ་ཕྱིན་བར་མིང་བླ་དྭགས་སུ་ཆགས་པ་ཡིན་ལ། དེ་བཞིན་དུ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། ནུབ་ནས་བཻ་རོའི་སྐྱེ་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཟབ་རྒྱས་མཛོད་ལ་རང་དབང་བསྒྱུར་བ་འབྱུང༔ ཞེས་གསུངས་པའི་ཕྱོགས་ནི་གཏེར་ཁ་འདི་ཉིད་གཏན་ལ་འབེབ་པའི་གནས་སྡེ་དགེ་ལྷུན་གྲུབ་སྟེང་ཡིན་པས་དེའི་ནུབ་དྲང་པོར་རང་ཉིད་སྐྱེས་པའི་ཡུལ་ཡོད་པ་ལ་དགོངས་པ་རེད་ཅེས་གཏེར་ཆེན་ཉིད་ནས་གསུངས་ཤིང་མིང་སྒྲ་ནི་སྨྲོས་མ་ཐག་པ་ལྟར་རོ། །ཟབ་པ་སྐོར་བདུན་གྱི་ལུང་བྱང་ལས། གཤིན་རྗེའི་གཤེད་འདི་བསྟན་པའི་ལྕགས་རི་སྟེ༔ བཻ་རོའི་སྤྲུལ་པ་རབ་བྱུང་བྱ་ཡི་ལོ༔ དབང་གི་མིང་ཅན་གནས་ལྔའི་རིག་པར་མཁས༔ ཞེ་དྲུག་དུས་སུ་ཤིན་ཏུ་འཕྲང་དམ་པས༔ འདི་ཉིད་ཉམས་བླང་ཁྱད་པར་ཕྱག་རྡོར་བསྒྲུབ༔ ལྔ་བཅུའི་བར་དུ་སྒྲུབ་པ་སྙིང་པོར་བྱེད༔ དེ་ནས་མདོ་ཁམས་ཕྱོགས་སུ་བསྟན་པ་སྤེལ༔ ཅེས་གསུངས་པའང་རབ་བྱུང་གི་མིང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་དང་། སྔགས་ཀྱི་གསང་མཚན་པདྨ་གར་དབང་ཞེས་པ་རྣམས་ཀྱི་མིང་ཟུར་ཡིན་པར་གསུངས། རྫོགས་ཆེན་སྡེ་གསུམ་ལུང་བྱང་ལས། བཻ་རོའི་ཡང་སྤྲུལ་བློ་གྲོས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ཞེས་དང་ཕན་ཚུན་གབ་སྤྲད། བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་སྤྲོད༔ ཅེས་གསུངས་པས་གཏེར་ཆེན་ཉིད་ནས་ཁོང་གི་གཏེར་གསར་ཐམས་ཅད་ལ་ཆོག་སྒྲིག་གིས་མཚོན་ཡིག་ཆ་གང་དགོས་ཐམས་ཅད་ཁྱོད་ནས་བགྱིད་དགོས་པར་ལན་མང་དུ་གསུངས་པ་ཡིན། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱི་སྲིད་པ་བར་ཁུག་གི་ཁ་བྱང་ལས། ཁྱུང་པོའི་གདུང་རྒྱུད་འབྱུང་ཚུལ་བཤད་པའི་རྗེས་སུ། དེ་ལས་ལྡེའུ་མིག་ཟབ་གཏེར་འདི༔ ས་སྟེང་འབྱུང་བའི་དུས་མཉམ་དུ༔ ཁྱད་པར་འཕགས་པའི་སྐྱེས་བུ་ནི༔ དགེ་སློང་ཀུན་དགའི་སྤྲུལ་པ་སྟེ༔ བློ་གྲོས་རྒྱ་མཚོ་ལྟ་བུ་ཡི༔ ཤེས་བྱ་མཐའ་ཡས་ཅན་དུ་འབྱུང༔ འབུམ་ཕྲག་ལྔ་ཡི་འགྲོ་བ་འདྲེན༔ གང་མཇལ་ཐར་པའི་ལམ་བྱེད་འགྱུར༔ མཐའ་མི་དབུས་སུ་མི་ཉེ་བའི༔ བརྟུལ་ཞུགས་སྤྱོད་པ་རྒྱུན་དུ་སྐྱོང༔ སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད༔ ཅེས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་བསྡེབས་ནས་བཀའ་གཏེར་གྱི་བསྟན་པ་ལ་བྱ་བ་བྱེད་པའི་ཚུལ་སོགས་རྒྱས་པར་སྣང་ངོ་།། །།གསུམ་པ་ཟབ་མོ་གཏེར་གྱི་བཀའ་བབ་པ་ཕྱོགས་མཚོན་ཙམ་བྱུང་བའི་ཚུལ་ནི། ལོ་གྲངས་བཅོ་ལྔ་པར་རྨི་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ཞིང་བྱིན་རླབས་ཐོབ། དེ་རྗེས་རིམ་པར་སྒྲུབ་ཐབས་སོགས་བྲི་རྒྱུ་མང་པོ་ཞིག་དྲན་པ་བྱུང་བ་ལས། ཞེ་ཆེན་སྡོད་སྐབས་དཔལ་ལྡན་ལྷ་མོའི་སྐོང་མདོས་སྐོར་སོགས་མི་བྲི་ཀ་མེད་བྱུང་བས་དབུ་བཞག་ཙམ་བྲིས་པར། དེ་སྐབས་དཔྱིད་ཀ་ཡིན་ཡང་ཉེ་སྐོར་དུ་ཐོག་ལྷུང་བ་སོགས་འཚུབས་ལྟས་ཆེ་ཙམ་བྱུང་། དེ་རྣམས་གྲུབ་རྗེས་རྡོ་རྗེ་བེ་ཅོན་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བཙན་རྒོད་མཆེད་གསུམ་གྱི་སྒྲུབ་སྐོར་རྣམས་ཀྱང་བྲིས། དབོན་སྤྲུལ་རིན་པོ་ཆེར་གཟིགས་ཕུལ་བ་ཁོང་ཉིད་དག་སྣང་གི་སྤྱན་རས་ཤིན་ཏུ་ཡངས་པའི་སྟབས་ལེགས་སོའི་བསྔགས་བརྗོད་གནང་། ལུང་གསན་ནས་ཐུགས་ཉམས་སུ་ཅུང་ཟད་བཞེས་པས་དགེ་མཚན་གསལ་བར་གཟིགས། ལྷ་མོའི་སྐོར་དེ་དེང་སང་གི་མི་ཕྱུགས་ནད་རིགས་ལ་ཕན་པ་དང་། རྡོ་རྗེ་བེ་ཅོན་སྙིགས་དུས་ཀྱི་དམ་གྲིབ་སེལ་བ་ལ་ཟབ་པར་འདུག་ཅེས་ཀྱང་གསུངས། དེ་སྐབས་བསླབ་གཉེར་སྦྱོང་བརྩོན་ཁོ་ན་དོན་གཉེར་དུ་སོང་བས་ཉམས་ལེན་གཙོས་དགོས་བྱའི་རིགས་དུས་ལས་ཡོལ། དེ་གའི་གནས་ནང་སྐོར་དུ་གཏེར་སྒོ་ཆེས་གསལ་བར་མཐོང་ཡང་བཏང་སྙོམས་སུ་བཞག །དེ་རྗེས་དཔལ་སྤུངས་སུ་ཕྱིན་ཏེ་རབ་བྱུང་ཞུས། བཀའ་བརྒྱུད་རིན་པོ་ཆེའི་ཆོས་སྒོར་ཞུགས་པ་ནས་བརྩམ་བླ་མ་དང་མཆེད་གྲོགས་རྣམས་ཀྱི་བཀའ་བསླབ་གཙོར་བཟུང་ནས་གསར་མའི་ཞེན་ཕྱོགས་ཇེ་ཆེར་སོང་། དགོངས་གཏེར་སོགས་ལའང་ཡི་ག་ལྡོག་པ་ལྟར་གྱུར། སྔར་བྲིས་པ་དེ་དག་གཟིགས་པའི་ཆེན་པོ་འགའ་ཞིག་ནས་ཀྱང་སྒྲོ་སྐུར་གྱི་གླེང་གཞི་བྱུང་བས་དཔེ་རྣམས་མེ་ལ་བསྲེགས་པ་དང་ཆབས་ཅིག་དམ་བཅའ་སྨོན་ལམ་བྲིས་པ་རྩོམ་པོད་ཐོར་བུར་གསལ། དེ་ཀས་རྐྱེན་བྱས་ཏེ་རིམ་པར་རྨིས་ལྟས་འཁྲུགས་པ་དང་བགྲང་བྱ་སུམ་ཅུ་པར་ངོས་མི་ཟིན་པའི་བྲོ་ནད་ཤིན་ཏུ་ལྕི་བས་ཟིན། ད་རེས་འཆི་བ་རེད་སྙམ་པ་ཉིན་རེ་བཞིན་དུ་རྟག་ཏུ་བྱུང་། དེ་སྐབས་ནུབ་ཅིག་དངོས་སམ་རྨི་ལམ་མི་འབྱེད་པར་སྐྱེ་བ་འཕོས་ཏེ་གུ་རུ་ཡབ་ཡུམ་མཇལ་ནས་ཞུ་ལན་འགའ་ཞིག་གི་མཐར་སླར་ཡང་སྐྱེ་སྲིད་གཟུང་དགོས་པའི་བཀའ་ནན་བསྩལ་བ་ལྟར་རང་མལ་དུ་ཞུགས་པའི་སྣང་བ་བྱུང་བའི་ཕྱིར་ཉིན་ཞག་ཁ་ཤས་བར་དོའི་སྐབས་ཡིན་སྙམ་པའི་འདུན་པ་ཡུད་དེ་བའང་བྱུང་། བཅའ་ཁ་ཕྲན་བུ་གང་ཡོད་སྤང་དག་བྱས་ནས་བླ་མ་དགོངས་འདུས་ཀྱི་ཞལ་ཐང་གྲ་ཚར་བཅུ་གསུམ་གཙོས་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཀྱིས་རིམ་པར་ནད་ཁམས་དྭངས་ནས་རི་ཁྲོད་དུ་སྒྲུབ་པ་ལ་ཞུགས་པས་ལུས་ཁམས་རླུང་ནད་ཀྱིས་བཟུང་བས་ཞན་ཀྱང་ཉམས་རྨིས་ལེགས། ད་དུང་སྐབས་སུ་འཚུབས་རེའང་འབྱུང་འདུག་པས་རྫོང་སར་ནས་རྗེ་བླ་མ་རིན་པོ་ཆེས་ལྷ་མོའི་སྐོང་མདོས་དེ་གལ་ཆེ་འདྲ་གསུངས་པ་དང་། རང་གི་རྨི་ལམ་དུ་དམ་ལྡན་སློབ་མ་ཀརྨ་ཉི་འོད་ནས་ཁྱོད་ཀྱིས་ལྷ་མོའི་སྐོང་མདོས་དེ་མ་བཅས་ན་ནད་འདི་ཇི་ལྟར་བྱས་ཀྱང་དྲག་དཀའ་བ་རེད་ཟེར་བ་རྨིས་ཀྱང་སྐོང་མདོས་ནི་དེར་ཟད། བཀའ་དྲིན་ལྷ་མོའི་གསོལ་ཁ་ཟེར་བ་ཞིག་ཡིད་ལ་ཤར་ནས་བྲིས་པ་དེ་ཉིན་ནམ་མཁའ་མཐིང་ནག་གི་ནང་དུ་འཇའ་ཚོན་གུར་ཁྱིམ་ཟླུམ་པོ་བཀྲག་མདངས་ཅན་ཤར་བའི་བཀྲ་ལྟས་ལེགས། གསོལ་ཁ་དེ་ཚར་གྲངས་ཁ་ཤས་བཏོན་པས་དེ་ཕྱིན་ཇེ་དྭངས་སུ་སོང་། ཕྱིས་སུ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ལམ་ཡོངས་གྲགས་ཚེ་དབང་གྲགས་པར་འབོད་པ་ཉིད་ཉེ་སྐོར་དུ་ཕེབས་སྐབས་ཕ་ཡུལ་གཅིག་པའི་སྟབས་ཀྱིས་གཏུགས་འགྲུལ་བྱུང་ན་ཅི་འོས་རྗེ་མཁྱེན་བརྩེ་རིན་པོ་ཆེར་བཀའ་བརྟགས་ཞུས་པ། གཏེར་སྟོན་ཚད་མ་ཡིན་འདུག་ཀྱང་འཚུབས་ཆ་ཆེ་བས་སྤྱིར་འབྲིང་ཙམ་ལས་མི་འབྱུང་ཡང་ཁྱེད་རང་དང་འཕྲད་ན་སྔོན་གྱི་རྟེན་འབྲེལ་ཉམས་པ་དེ་སོར་ཆུད་པར་འདུག་གསུངས་ཀྱང་དེ་རེས་མཇལ་འཕྲད་མ་བྱུང་། རང་ལོ་སོ་བདུན་པར་གེགས་འཕྲང་ཆེ་ཞིང་ནད་ཁམས་འགའ་ཞིག་ཀྱང་བྱུང་བར་བསྙེན་སྒྲུབ་མང་པོ་དང་ཁྱད་པར་བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་སྐབས་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་མཇལ་བ་ལ་གུས་པ་ཆེན་པོས་བཏུད་དེ་བྱིན་རླབས་ཞུས་པར་སྔགས་ཚིག་འགའ་ཞིག་གིས་བྱིན་རླབས་བསྩལ་ནས། ཁྱོད་ཀྱི་ད་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ངེད་རང་དངོས་དང་འཕྲད་འོང་བས་བསླབ་བྱ་རིམ་པར་བྱེད་ཆོག་གསུངས་པ་ཞིག་བྱུང་། དེ་རྗེས་རང་ལོ་བཞི་བཅུ་པར་གཏེར་ཆེན་མཆོག་གྱུར་གླིང་པ་ཐོག་མར་མཇལ་བ་ཙམ་ནས་ཕ་བུ་འཕྲད་པ་ལྟར་གྱུར། རིམ་པར་གཏེར་སྟོན་ཉིད་རྩོད་མེད་ཡོངས་གྲགས་སུ་གྱུར་པ་ནས་སྤང་བླང་གི་ལུང་བྱང་སྔ་རྗེས་མང་པོ་བྱུང་བ་རྣམས་གནང་བར་མཛད། འདི་སྐོར་ནས་རིན་ཆེན་གཏེར་མཛོད་སྡུད་རྩོལ་གྱི་དབུ་ཚུགས་ཀྱང་ཚེ་འཕྲང་དོགས་གཞི་ཆེ་བར་ཚོགས་ཀྱི་འདུ་བ་རྒྱ་གང་ཆེ་དང་མི་ཁ་མ་ཁྱོགས་པ་ཞིག་བྱུང་ན་ཚེ་ཚད་མཐར་ཕྱིན་པའི་ལུང་དོན་རྣམས་ཀྱང་ཞུམ་མེད་དུ་བསྒྲུབས། ཁྱད་པར་རྫོང་ཤོད་གནས་སྒོ་ཐོག་མར་འབྱེད་པའི་སྐབས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གཏེར་ཆེན་མཆོག་གླིང་། བདག་ཅག་དང་བཅས་པས་བཀའ་བརྒྱད་སྒྲུབ་ཆེན་གྲུབ་པའི་རྗེས་ཐོག་དེར། གཏེར་ཆེན་རྣམ་པ་གཉིས་ནས་ཙིཏྟ་གསང་ཕུག་ཏུ་རྡོའི་ཁྲི་མཐོན་པོ་བརྩིགས། གདན་བཏིང་བ་ལ་བཀོད། སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོའི་མཎྜལ་བཅས་བསྩལ་ནས་ཉིད་ལ་གུ་རུ་རིན་པོ་ཆེས་གསོལ་བའི་མཚན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཡིན་པས་ཕྱིན་ཆད་མཚན་དེ་ལྟར་འདོགས་པ་དང་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་གསུང་ནན་བཅས་ཞབས་བརྟན་གནང་བར་མཛད། དེ་རྗེས་ཀུན་གཟིགས་བླ་མས་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ལ་བཀའ་བསླབ་གནང་བ་ལྟར་ཁོང་ནས་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་བཞེས་ཏེ་རང་ཉིད་ལ་སྤྲད། རང་གི་ཡིད་ངོར་ཡང་གསལ་སྣང་མང་དུ་བྱུང་བ་ལྟར་རང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨོ་བཀོད་པ་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། འཕགས་པ་ཀུན་དགའ་བོའི་སྐུ་ཆོས། སློབ་དཔོན་ཧཱུྃ་ཀ་རའི་གསང་གོས་སོགས་སྤྱན་དྲངས། དེ་རྗེས་རིམ་པར་ཨ་ཏཱ་རོང་གི་གཡོན་ཕྱོགས་སྐུ་མཆོག་བདེ་ཆེན་ཕུག་ནས་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ། གུ་རུ་ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་རྡོག་ལྔ། རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསང་གོས། གཏེར་རྒྱ་ལས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་བཅས་ཐོན། འདི་སྐབས་གཏེར་ཕུག་བྲག་སྐམ་པོ་ལས་བདུད་རྩིའི་ཟིལ་ཐིག་ཆེས་མང་དུ་བབས་པའི་ངོ་མཚར་ཡང་བྱུང་། ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ནང་ཚན་པདྨ་རིགས་ཀྱིས་འདུལ་བའི་གནས་མཆོག་པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་བླ་སྒྲུབ་སྐོར་བཞིའི་སྐུ་རྟེན་ཁྱད་པར་དུ་འཕགས་པ་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར། རྩ་གསུམ་དགོངས་འདུས་བླ་མའི་སྒྲུབ་སྐོར་གྱི་རྒྱབ་ཆོས། གུ་རུ་རིན་པོ་ཆེའི་དབུ་ལྗོན་རྩ་གསུམ་ཡོངས་རྫོགས་ཉག་མ་བདུན། ཆོས་འཁོར་ནོར་བུའི་རྡུལ། བྲག་ཕུག་མཱ་ར་ཏི་ཀར་གུ་རུ་རིན་པོ་ཆེ་ལ་ཚེ་དཔག་མེད་ཀྱིས་འཆི་མེད་བདུད་རྩི་བསྩལ་པ་ལ་ཕྱག་སོར་ལྔ་ཡིས་རིལ་བུར་བསྒྲིལ་པ་རྡོག་ལྔ། མཁན་ཆེན་བོ་དྷི་སཏྭའི་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རེགས། ཕྱོགས་བཅུའི་སངས་རྒྱས་སྟོང་གི་གདུང་རིལ། ལོ་ཆེན་བཻ་རོའི་ཐུགས་དམ་རྟེན་འཇམ་དབྱངས་སྐུ་ཚོན་གང་བ། བཻ་རོའི་ཐུགས་ཏིག་སྡེ་ལྔའི་ཤོག་སེར་བཅས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་གཙོ་བོ་རྫོགས་པའི་སངས་རྒྱས་ཀྱི་ཚེམས་དང་སྐུ་མཚལ་བཞུགས་པའི་སྒྲོམ་བུ་སྤྱན་དྲངས་ཀྱང་རྟེན་འབྲེལ་གནད་གཅིག་མ་བྱུང་བས་གཏེར་སྲུང་གིས་སླར་ཁྱེར། རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས། ཚེ་ཡུམ་མགྱོགས་མ་ཙཎྜ་ལཱིའི་སྒྲུབ་སྐོར། ཡེ་ཤེས་མཚོ་རྒྱལ་དབུ་ལྗོན་འཇའ་འོད་མ་ལན་བུ་གཅིག །ལྷ་ལྕམ་མནྡཱ་རཿབའི་གསང་གོས། ཐོད་ཕྲེང་སྡེ་ལྔའི་བྱང་སེམས་རིལ་བུ། འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཆོས་སྨན་བཅས། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་གྱི་སྒྲུབ་སྐོར་ཤོག་སེར། མནྡཱ་རཿབའི་ཚེ་རིལ། དྲེགས་པ་ཀུན་འཇོམས་རྫས་རྒོད་ཀྱི་ཕབས་གཏའ་བཅས། གཙང་རོང་བཀྲ་ཤིས་བརྩེགས་པའི་རྫོང་ནས་ཉེ་བའི་སྲས་ཆེན་བརྒྱད་སོ་སོའི་བྱིན་རླབས་ཀྱི་རྫས་ཁྱད་པར་ཅན་དང་། སྒྲུབ་ཐབས་ཤོག་སེར་བཅས། ཆོས་བཀའ་འདི་ནི་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་ཐུགས་ཆེན་སེམས་ཉིད་ངལ་གསོའི་ཆ་ལག་ཡིན་པར་སྣང་། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་སྐོར་བདུན་ལས་བླ་སྒྲུབ་འོད་ཀྱི་ཐིག་ལེ། མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་སྒྲུབ་སྐོར་གྱི་ཤོག་སེར་མཚན་ལྡན་མཁའ་འགྲོ་རྣམ་ལྔའི་དར་ཤམ་གྱིས་དྲིལ་བ་བཅས། བླ་མའི་དམ་རྫས་བྱིན་རླབས་སྤྲིན་ཕུང་། བྲམ་ཟེ་ཨཱརྻ་སིདྡྷིའི་སྐུ་ཤ །འཆི་མེད་རིག་འཛིན་ཆེན་པོ་བཅུ་གསུམ་གྱིས་བསྒྲུབས་པའི་ཚེ་རིལ་སོགས་དམ་རྫས་ཁྱད་པར་ཅན་མང་ཞིག་ཀྱང་ལག་ཏུ་སོན། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ནང་དུ་ཐོག་མར་བགྲོད་སྐབས་གསུང་གནས་རྟ་མགྲིན་ཕུག་ནས་གུ་རུ་རིན་པོ་ཆེས་བམ་སྒྲུབ་མཛད་པའི་མྱང་གྲོལ་སྨན་མཆོག་ལག་ཏུ་སོན། རིག་འཛིན་བརྒྱད་ཀྱི་བྱིན་རྫས་སོགས་བཞུགས་པ་སྔ་ཕྱི་མང་དུ་གསལ་སྣང་ལ་ཤར་ཡང་ཐོག་མར་བཏང་སྙོམས་སོང་སྟབས་དུས་ཚོད་འཕྱུགས་པས་ཕྱིས་ནས་ཐོན་ཇེ་དཀའ་སོང་བ། རྨིས་ལྟས་ལ་བརྟེན་གཏེར་སྟོན་ལས་རབ་གླིང་པ་ལ་གྲོགས་དན་བཅོལ་ཞིང་། རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲགས་དང་ལས་རབ་གླིང་པར་བསླབ་སྟོན་བསྩལ་བ་ལྟར། རང་ཉིད་དང་ལས་གླིང་ལྷན་འཛོམ་གྱིས་དཔལ་དེའུ་ནས་འཕགས་ཡུལ་རིག་འཛིན་བརྒྱད་སོ་སོའི་སྒྲུབ་ཐབས། དམ་རྫས་རིགས་དེ་མཚུངས་བཅས་སྤྱན་དྲངས། འདིའང་རྗེ་བླ་མ་རིན་པོ་ཆེའི་རྩ་གསུམ་བཀའ་འདུས་བཞེས་གྲུབ་ན་དེའི་ཆ་ལག་ཡིན་པར་འདུག །ཐུགས་གནས་ནས་རིག་འཛིན་བརྒྱད་ཀྱི་ན་བཟའ་དང་ཐུགས་རྟེན་ཁྱད་པར་ཅན། གསུང་གནས་ནས་བོད་ཀྱི་བཀའ་བབས་གྲུབ་ཆེན་མི་དགུའི་དབུ་ལྗོན། ཤར་གནས་ཡང་ལེ་ཤོད་ནས་རིག་འཛིན་བརྒྱད་ཀྱི་སྐུ་ཚབ་དང་སྐྱེ་བདུན་བརྒྱ་རྩ་བརྒྱད་ཀྱི་གདུང་རིལ། རྩ་གསུམ་དགོངས་འདུས་ཀྱི་བཅུད་ཕུར་བརྒྱུད་གསུམ་ཀུན་འདུས་དམ་རྫས་ཡིད་བཞིན་འཕྲུལ་གྱི་སྙིང་པོ་རྣམས་ཐོན། གཞན་ཡང་རང་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱི་ལག་ཏུ་མ་ལོན་པ། ཡེལ་ཕུག་ནམ་མཁའ་མཛོད་ནས་གསང་མགོན་སྨུག་པོའི་སྐུ་བརྙན་མེ་འབར་མ། མགོན་པོ་ཕྱག་དྲུག་པའི་སྒྲུབ་སྐོར་རྣམས་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རང་ཉིད་ལ་གནང་། ཙི་ཀེ་ནོར་བུ་སྤུན་གསུམ་ནས་གུ་རུ་རིན་པོ་ཆེའི་སྐུ་ཚབ། ཟབ་ཆོས་ནོར་བུ་སྐོར་བདུན། རང་གི་སྒོས་ལུང་རྣམས་མཆོག་གླིང་ནས་སྤྱན་དྲངས་པ་ལས་ལུང་བྱང་གཏན་ལ་ཕབ་ནས་ཡིག་བརྒྱུད་ཀྱིས་ཕྱིར་འབྱོར། གཞན་རྣམས་དངོས་མཇལ་སྐབས་གནང་རྩིས་མཛད་ཀྱང་གཏེར་སྟོན་ཞི་བར་གཤེགས་ནས་ལག་ཏུ་སོན་པ་མ་བྱུང་། ལུང་བསྟན་ནི་མཆོག་གླིང་རྟེན་འབྲེལ་ཆོས་སྐོར་ལུང་བྱང་ལས། ལོ་ཙཱ་ཆེན་པོ་ཡེ་ཤེས་སྤྱན་དང་ལྡནཿ དེ་ཡི་ཆེ་བ་ནོར་བུའི་མགུལ་དུ་སྦས༔ མ་གཡེལ་ཐོན་ལ་དད་ལྡན་ཡོངས་ལ་ཤོད༔ ཅེས་གསུངས་པ་དེ་ཡིན་པར་སྣང་། ཙ་འདྲ་རིན་ཆེན་བྲག་གི་གུ་རུའི་གསང་ཕུག་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་གསང་ཐིག་ཡི་དམ་སྐོར་གསུམ་ཡང་རང་ཉིད་ཀྱི་སྐལ་བ་ཡིན་པར་འདུག །གཏེར་ཁ་ཆེ་ཕྲ་དེ་ཐམས་ཅད་ཡིད་ཆེས་ཁུངས་བཙུན་འཁྲུལ་པའི་དྲིས་མ་གོས་པ་ཡིན་པར་རློམས་ཏེ་རང་ཉིད་ལ་དག་སྣང་བྱུང་བ་དང་སྒོ་མཐུན་པར་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལ་བླ་མ་ལྷ་ཡིས་ལུང་བསྟན་དང་གསལ་སྣང་ཤར་བ་ལྟར་ཐོག་མར་ཚོགས་སྐོང་སོགས་སྣ་སེལ་དགོས་རིགས་རྣམས་རང་དང་ལྷན་ཅིག་མཛད། ཟབ་གཏེར་ལག་ཏུ་ལོན་པ་ཐམས་ཅད་རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་སྔར་ཕུལ་བས་ལེགས་སོའི་གཟེངས་བསྟོད་བསྩལ་ཞིང་མངའ་གསོལ་ཚོགས་མཆོད་སོགས་ཀྱང་རྒྱས་པར་གནང་། ཁྱད་པར་རྩ་གསུམ་དགོངས་འདུས་ཉིད་མཛོད་ལྔ་ཡོངས་སུ་རྫོགས་པའི་ཆོས་སྡེ་ཟབ་ཅིང་རྒྱ་ཆེ་བར་བཞུགས་ཤིང་། བརྡ་ཡིག་ཀྱང་དེ་མཚུངས་རིགས་མང་དུ་བཞུགས་པར་འདུག་པས་ཡིད་ཆེས་ཤིང་ཐེ་ཚོམ་གྱི་དྲི་མ་བསལ་བའི་སླད་དུ་རྗེ་བླ་མ་རིན་པོ་ཆེའི་སྤྱན་སྔར་གཟིགས་འབུལ་དུ་ཕྱིན་པར། གདན་ཆེས་མཐོ་བ་ལ་སྡོད་དུ་བསྩལ་ཞིང་སྦ་དར་གནང་། སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཤོག་སེར་ཕྱག་ཏུ་བྱུང་ཡང་ཅི་མཛད་མ་བྱུང་བར་ལུས་ཤོར་འདུག་པ་ཁོང་ནས་གཏན་ལ་འབེབ་གྲོགས་བྱས་པས་གོ་ཆོད་པ་བྱུང་སོང་། ད་རེས་ཁྱོད་ཀྱི་འདིའང་ཁོང་ནས་གཏན་ལ་འབེབ་པའི་གྲོགས་དན་བྱེད་གསུངས། དེ་ཉིན་ཟླ་བ་བཅུ་པའི་ཚེས་བཅུར་ཁེལ་བས་ཚོགས་འཁོར་མཛད། དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང་། ཁྱད་པར་ཚེས་ཉེར་དགུའི་ནུབ་འོད་གསལ་གྱི་སྣང་ཆར་རྒྱ་གར་གྱི་ཡུལ་ཡིན་སྙམ་བྱེད་པའི་རྒྱ་ཡངས་ཤིག་ཏུ་རྩྭ་ཁང་དང་བུད་མེད་དུང་རྒྱན་ཅན་ཁོ་ནས་གང་བའི་སྲང་ཞིག་ནས་ཕེབས་པས་བུད་མེད་རྣམས་ཀྱིས་ཆུ་རྫིང་ནས་ཉ་འགའ་རེ་ཕུལ་བ་མང་དུ་སྣང་། དེ་འཕྲལ་དཔལ་སྤུངས་རི་ཁྲོད་དུ་ཕེབས། དེར་ཡང་བུད་མེད་ཁོ་ན་འདུག །ལྷ་ཁང་དུ་ཕེབས་པས་དེར་རྡོ་ཁྲི་བརྟན་ཅིང་ལེགས་པའི་སྟེང་རྩྭའི་སྟན་དང་དེ་སྟེང་ཀྲྀཥྞ་སཱ་རའི་པགས་པའི་སྟེང་དུ་བདག་གུ་ཎ་ས་མུ་དྲ་འདུག །རེ་ཞིག་ནས་གནས་འགྱུར་ཏེ་བླ་མ་དར་ཡོལ་ཨག་ཚོམ་ཅུང་ཟད་ཡོད་པ། པད་ཞྭ་དམར་སྨུག་དང་བེར་མནབས་པ་ཞིག་གིས་རྒྱ་སྐད་མང་དུ་གསུངས་ཀྱང་དོན་བརྡ་མ་འཕྲོད་པས། བུད་མེད་ཅིག་གིས་ལོ་ཙཱ་བྱས་ནས། ཁོང་རིག་འཛིན་ཧཱུྃ་ཀ་ར་ཡིན་ཚུལ་སོགས་ལོ་རྒྱུས་བྱུང་བར་དད་གུས་ཀྱིས་གསོལ་བ་བཏབ་པས་རྩ་གསུམ་དགོངས་འདུས་རིག་འཛིན་མཆོག་སྒྲུབ་ཆུ་བོ་བཞིའི་རྩ་དབང་ས་ཆོག་ནས་བཟུང་ཡོངས་རྫོགས་ལུང་དང་ཁྲིད་ལྟ་བུ་མཐར་ཆགས་སུ་གསུངས། དབང་རྫས་དཀྱིལ་འཁོར་བར་སྣང་ལ་ཡོད་པ་འདྲ་བས་དབང་ཚིག་ནམ་བྱུང་དབང་བསྐུར་གྱི་ཕྱག་ལེན་བཅས་གནང་། ཤེར་དབང་སོགས་དཀྱུས་འགྲེ་ལས་དངོས་རིག་ལྟ་བུ་མ་ཐོབ་གསུངས། དེ་ནས་ལྷག་པར་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ནས་མཛོད་རྣམ་པ་ལྔའི་ནང་ནས་གལ་ཆེ་བ་ལུང་གཏེར་གྱི་མཛོད་ལ་རྩ་གསུམ་ཆོས་སྐྱོང་གི་སྐོར་བཞི་བཞུགས་པ་ལས། བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཐོ་བཀོད་ཀྱང་གནང་། འདི་ལ་མཁའ་འགྲོའི་བརྡ་སྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་སྒྱུར་འབྲིང་པོའི་དབང་དུ་བྱས་པའི་རྒྱས་བསྡུས་འཚམ་པ་ཞིག་ལེགས་གསུངས་ནས་ཆོས་ཚན་དྲུག་ཙམ་གཏན་ལ་ཕབ་འཕྲོས། ཆེན་པོ་འགའ་ཞིག་གི་འགྲུལ་རྐྱེན་གྱིས་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་སོང་བ་སྤྱི་མཐུན་བསོད་ནམས་ཀྱི་སྐལ་པའང་དེ་ཙམ་ཡིན་པར་གོ །དེ་སྐབས་རང་ལའང་སྔ་མ་བྲིས་རིམ་བཞིན་ཕྱི་མ་བློ་ལ་ཡོད་པ་ལྟར་ཤར་བ་དང་རྨི་ལམ་དུའང་ཌཱ་ཀིའི་འདུ་བ་མང་པོ་དང་། ལན་གཅིག་རྗེ་བླ་མ་དང་རེས་དེ་མིན་པ་ཞིག་གིས་ཤོག་སེར་ལས་དཔོད། རང་གིས་ཀྱང་མང་པོ་དྲན་པས་ཟད་མཐའ་མེད་པ་ཞིག་བྲིས་པའི་མཐར་མཆོད་རྟེན་ཆེན་པོ་ཞིག་ལ་རང་གིས་ཐོག་དྲངས་ཏེ་མི་མང་པོ་གཡས་སྐོར་དུ་ཁྲིད། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་དབྱངས་བཅས་འདོན་ཅིང་མང་དུ་བསྐོར། ཕྱག་འཚལ་བ་དང་སོགས་ནས་ཐམས་ཅད་བྱེར་བ་རྨིས། སྐབས་ཤིག་ཏུ་རང་གི་ལུས་འདི་རི་བོ་ཆེན་པོ་ལྟ་བུར་གྱུར་པའི་སྤྱི་མགྲིན་སྙིང་ལྟེ་བཞི་ནས་ཆུ་མིག་བཞི་འབབ། ལྟེ་བའི་ཆུ་དེ་བྱེ་ཉོབ་ལྟ་བུའི་དཀར་པོ་ཞིག་དང་འདྲེས་པར་འབབས་པ་ལས་རིམ་བཞིན་བླ་མ་སྐུ་རྡོ་རྗེ། ཡི་དམ་གསུང་རྡོ་རྗེ། མཁའ་འགྲོ་ཐུགས་རྡོ་རྗེ། རྩ་གསུམ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་རྒྱུད་སྒྲུབ་ཐབས་མན་ངག་དུ་མ་ལམ་ལམ་འཆར། དེ་སད་མ་ཐག་ཚིགས་བཅད་མང་པོ་ཤུགས་འབྱུང་དུ་གསལ་ཞིང་ཕྱིན་ཆད་ཉི་ཟེར་རྡུལ་འཚུབས་ལྟ་བུ་ཞིབ་པར་བསམ་མནོ་བཏང་ཚེ་སྤུ་རིས་མི་འབྱེད་ལ། རགས་པར་བལྟས་ན་ཟད་མཐའ་མེད་པ་ལང་ལང་དུ་ཤར། དེ་ལས་སད་ནས་ཀྱང་དེ་དག་ཕལ་ཆེར་ཡིད་ལ་འཆར་སྙམ་བྱེད་པའང་བྱུང་། ཟླ་བ་བཅུ་གཉིས་པའི་ཚེས་བདུན་གྱི་ཐོ་རངས་ཉམས་སྣང་གསལ་བ་ཞིག་ལ། བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ། ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་བླ་མ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་པས་བཏུད་པར། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བཅས་བྱིན་འབེབ་མཛད། བུམ་པ་ཞིག་བླངས་ནས་སྤྱི་བོར་བཞག །གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་གནང་། ཤེར་དབང་ལ་རིག་མ་སྤྲད། དེ་གསུམ་ཀར་སྔགས་རེ་གསུངས་པ་ལས་སྐུར་ཚིག་གཞན་མ་གསུངས། ཐུགས་ཀ་ནས་ཤེལ་རྡོ་ཞིག་བླངས་ནས་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཕྱི་རུ་གསལ་བ་ལྟ་བུའོ། །ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལམ་གྱིས་གསལ་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལང་ཡོད་པ་ལྟ་བུར་བཀའ་བསྒོས་ནས་བཀའ་གཏད་དང་། རྗེས་གནང་གདམས་གཏད་ཀྱི་རྣམ་པ་བསྩལ་བའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་ཀྱང་ཐོས་ནས་ཉམས་དེ་སད་དོ། །ལས་བྱང་ཕབ་གྲུབ་ནས་ཚར་གཅིག་བཏང་ཞིང་ཚོགས་འཁོར་མཛད་པའི་རྡོ་རྗེའི་གླུའི་སྐབས་བདེ་དྲོད་བཙན་ཐབས་སུ་འབར་ཞིང་ཉམས་འུར་བའི་བྱིན་རླབས་ཀྱི་བབས་ཀྱང་ཆེ་བར་སྣང་། གསང་ཐིག་བླ་སྒྲུབ་དང་མཁའ་འགྲོའི་སྐོར་གྱི་ཤོག་སེར་གཟིགས་སུ་ཕུལ་བ་རྗེ་རིན་པོ་ཆེ་ཉིད་ཁོ་ནས་གཏན་ལ་འབེབ་པར་གནང་། དམ་རྫས་རིགས་ཀྱང་རྗེ་ཉིད་ནས་ཕྱེད་ཀ་རེ་བཞེས། ལམ་ཟབ་ལེའུ་བདུན་མ་རང་ཉིད་ནས་གཏན་ལ་ཕབ་ཟིན་པའི་རྨི་ལམ་དུ་གུ་རུ་པདྨ་སཾ་བྷ་བའི་ཆས་མཚན་པདྨ་རིག་འཛིན་ཅེས་པས་བཀླག་ལུང་ལན་གསུམ་མཛད་པའི་སྣང་བ་བྱུང་། ཟླ་གམ་དབང་ཕུག་ནས་ཚིག་བདུན་གསོལ་འདེབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་ཚུལ་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མ་རིན་པོ་ཆེར་སྙན་སྒྲོན་ཕུལ་བར། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་ཤོག་བུ་བཅས་བསྩལ་ནས་འབེབ་པའི་བསྐུལ་མ་གནང་བ་ལྟར་གཏན་ལ་ཕབ་ནས་རྗེ་དང་ལྷན་ཅིག་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། མཁའ་འགྲོ་བདེ་ཆེན་རྒྱལ་མོས་འདི་ལ་རྩ་བའི་ཆོས་ཚན་ལྔ་ཡོད། ཡན་ལག་གཉིས་ད་རུང་མ་ཚང་ཞེས་བརྡའི་སྒོ་ནས་ལུང་བསྟན་པ་བྱུང་བ་ལྟར་དབང་ལུང་ཡོངས་རྫོགས་ཀྱང་གསན་པར་མཛད། རོང་མེ་དཀར་མོ་སྟག་ཚང་གི་གྲོ་ལོད་སྒྲུབ་ཐབས་དེ་ལ་བརྟེན་ནས་བདག་དང་ལྷན་ཅིག་ཚོགས་སྐོང་མཛད་སྐབས། རྗེ་བླ་མའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་དཀར་ནག་ཆེན་པོ་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་ཀྱང་ཐོག་མར་རང་ཉིད་ལ་གནས་ཡིན་པའི་གསལ་སྣང་བྱུང་ཡང་སྐབས་སུ་མ་བབས་པས་ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་བ་ལྟར་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང་། རྫོང་ཆེན་ཁམས་ཕུག །ཨ་ལོའི་དཔལ་དེའུ། ཙ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་གསུམ་པོ་རྣམས་ཀྱང་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལྟར་རང་ནས་གནས་སྒོ་ཕྱེས་ཤིང་ཀུན་ལ་མཚོན་པར་བྱས། དེ་དག་གི་ཕྲིན་ལས་ཀྱང་ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་གསན་ཅིང་ཀུན་ཏུ་ཁྱབ་པ་དང་ཉམས་བཞེས་མཛད་པའང་མང་དུ་བྱུང་། བྱིན་རྟེན་རིགས་གཏའ་སྤེལ་གྱིས་འགྲོ་དོན་བྱས་པས་ཁམས་དབུས་གཙང་གསུམ་གང་ལའང་ཁྱབ་པར་བྱུང་། གཏེར་གྱི་སྐོར་འདི་རྣམས་ཀྱང་སྐལ་པ་བཟང་བ་ཙམ་དུ་རློམས་ནས་འདིར་ཡང་ཁྱུགས་ཙམ་བཀོད་པ་ལས། དམ་རྫས་རྣམས་ཇི་ལྟར་བྱས་ཀྱང་འགྲོ་ཕན་འབྱུང་བའི་རྩིས་དགོས་འདུག །ཆོས་གཏེར་རིགས་གནས་དུས་རྟེན་འབྲེལ་དབང་གིས་གོ་ཆོད་པ་འབྱུང་དཀའ་བ་དང་། རང་ནས་ཐོག་མཐའ་ཀུན་ཏུ་སྔོན་བྱོན་གཏེར་རྙིང་རྩོད་མེད་རྣམས་ལ་འབད་རྩོལ་ཆེན་པོས་སྲི་ཞུ་ཅི་འགྲུབ་བགྱིས་པ་ལས་རང་གཞན་གྱི་གཏེར་གསར་ཕལ་མོ་ཆེ་བཏང་སྙོམས་སུ་འཇོག་པ་ཡིན་ཏེ། ཇི་སྐད་དུ། མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས་པ་ལྟར་རོ། །རྨི་ལམ་ལྟ་བུའི་དཔལ་འབྱོར་སྙན་གྲགས་ལ། །གསོབ་དང་སྒྱུ་མར་སྙིང་ནས་མཐོང་བའི་ཕྱིར། །མི་རྗེས་ཨི་སླེབ་སྙམ་པའི་རེ་བ་དང་། །མ་སླེབ་དོགས་པ་སངས་ནས་རིང་ཞིག་ཐལ། །དེ་ཕྱིར་འདི་ཡང་རང་ལ་ཟོལ་བསྟོད་དང་། །གཞན་གྱི་ཆེ་བས་རང་ཆེ་བསྒྲུབ་ཕྱིར་མིན། །སྒྲོ་སྐུར་མེད་པའི་རང་བཞིན་བརྗོད་པ་ལ། །འགལ་བ་ཅི་ཡོད་སྙམ་ནས་མདོ་ཙམ་བྲིས། །དད་ལྡན་ཡོད་ན་བྱང་ཆུབ་ས་བོན་ཐེབས། །མ་དད་པ་ལའང་སྒྲིབ་པར་མི་འགྱུར་བར། །འབྲེལ་ཚད་དོན་ལྡན་བཟང་པོ་སྤྱོད་པ་ཡི། །མཐར་སོན་ཡེ་ཤེས་བླ་མའི་སར་བགྲོད་ཤོག །སརྦ་དིཀྵྱ་ཀཱ་ལེ་མངྒ་ལཾ་སྭསྟི་བྷ་བནྟུ།། །། ༈ ཨོཾ་སྭསྟི། མི་འགྱུར་རྟག་པའི་རྡོ་རྗེ་གངས་ཅན་མཚོ། །རྣམ་པར་སྣང་མཛད་ཡེ་ཤེས་རྒྱ་མཚོའི་འཕྲུལ། །འགྲོ་སྙེད་མོས་པ་ཇི་བཞིན་མཚུངས་འཇུག་པའི། །གར་མཁན་བླ་མ་ཡེ་སངས་རྒྱས་དེར་འདུད། །རྡོ་རྗེ་ཅན་དང་ཀུན་དགའ་བོ་སོགས་ནས། །རྒྱལ་བས་ཡོངས་བསྔགས་བློ་གྲོས་མཐའ་ཡས་བར། །རྒྱལ་སྲས་བྱང་སེམས་མཁས་གྲུབ་ཚུལ་བསྟན་པའི། །ངོ་མཚར་གཞལ་དུ་མེད་པའི་ཕྲིན་ལས་ཅན། །རྗེ་བཙུན་བླ་མའི་རྟོགས་བརྗོད་རྡོ་རྗེའི་གསུང་། །རྣམ་ཐར་བསམ་ཡས་མཁའ་དང་མཉམ་པ་ལས། །བྱིས་པའི་བློ་གྲོས་རྒྱ་ཁབ་མིག་བུ་རུ། །ཤར་བའི་ཚུལ་ཡང་ཕལ་ཆེར་སྦ་བར་མཛད། །འདི་ན་རྗེས་འཇུག་རེ་བ་རྫོགས་པའི་སླད། །ས་བོན་ཙམ་ཞིག་དད་པའི་གསོས་སུ་བསྩལ། །དེ་ཚུལ་སྐལ་ལྡན་བུང་བའི་དགའ་སྟོན་བཅུད། །དོན་བཟང་སྦྲང་རྩིའི་འབྱུང་གནས་པདྨའི་ཚལ། །སྤར་དུ་བཞེངས་དགེས་བདག་སོགས་མགོན་དེ་ཡི། །གསང་བའི་མཛོད་ལ་ཅི་དགར་ལོངས་སྤྱོད་བཞིན། །ཡོངས་རྫོགས་བསྟན་ལ་བྱ་བ་བྱེད་ནུས་ཤོག །ཅེས་པའང་རྒྱལ་བ་མཆོག་གི་བཀའ་འབངས་མཁའ་ཁྱབ་རྡོ་རྗེས་རབ་ཏུ་གུས་པས་ཐལ་མོ་སྦྱར་བས་བཏུད་དེ་བརྗོད་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).