Terdzo-HAA-005

From Rinchen Terdzö
Revision as of 15:34, 24 October 2018 by WikiBot2015 (talk | contribs) (Created page with "{{RTZ Metadata |classification=Tibetan Publications |subclass=Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |collectiontitletib=ར...")
(diff) ← Older revision | Latest revision (diff) | Newer revision → (diff)

གཏེར་ཆེན་རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་

gter chen rnam thar las 'phros pa'i dris lan bkra shis dbyangs snyan bskul ba'i dri bzhon

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
Volume 65 (ཧཱ་) / Pages 323-360 / Folios 1a1 to 19b5

[edit]

༄༅། །གཏེར་ཆེན་རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷི་རསྟུ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཐུན་མོང་གི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྐབས་སུ་ཉེ་བར་མཁོ་བའི་དྲིས་ལན་རྩ་ཐོ་ལ། ཐོག་མར་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བའི་མཚན་དོན། སྤྱིར་བླ་མའི་གསོལ་འདེབས་ལ་རྩོམ་ཚུལ་གྱི་སྒོ་ནས་ཚིག་དོན་གྱི་རྣམ་འགྱུར་འདྲ་མིན་མང་དུ་ཡོད་ནའང་། བསྡུ་ན་སྐྱེ་བ་སྔ་མའི་ཚུལ་ལས་གཙོ་བོར་བརྩམས་པའི་སྐྱེ་ཕྲེང་གསོལ་འདེབས། ད་ལྟའི་མཛད་པ་ལས་གཙོ་བོར་བརྩམས་པའི་རྣམ་ཐར་གསོལ་འདེབས།་་་་རྣམ་ཐར་ནི་བིམོཀྵ་ཞེས་པའི་སྒྲ་ལས་དྲངས་ན། ཉེར་སྒྱུར་བི་སྔོན་མའི་མུ་ཙལླ་གྲོལ་བ་ལའོ་ཞེས་པའི་བྱིངས་དོན་འཁོར་བ་དང་ངན་སོང་ལས་གྲོལ་བ་ལྟ་བུ་དང་། མེ་ཏོག་རྒྱ་གྲོལ་ནས་ཁ་བྱེ་ཞིང་རྒྱས་པ་ལྟ་བུ་ལ་འཇུག་པས། འདི་དང་ཕྱི་མའི་དབང་དུ་བྱས་ཏེ་པདྨ་རྣམ་པར་རྒྱས་པ་ལྟར་ལོ་རྒྱུས་གསལ་བར་མཚོན་པའི་དོན་ཏོ། །གཞན་དུ་ཐུན་མོང་མ་ཡིན་པའི་སྒྲ་དོན། ཐར་པའི་རྣམ་པ་སྟེ་ཐར་པའི་འདྲ་འབག་ཅེས་བརྗོད་དེ། བླ་མ་སྐྱེས་བུ་དམ་པ་ཁྱད་པར་ཅན་གྱི་རྟོགས་པ་བརྗོད་པའི་དབུ་ཞབས་ཀྱི་དོན་མདོར་བསྡུ་ན་ཚོགས་ལམ་ནས་བཟུང་ལམ་ལྔ་ཡོངས་སུ་རྫོགས་པའི་བརྗོད་བྱ་དང་སྦྱར་དུ་ཡོད་པས་ན་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པ་ཞེས་གསུངས་པས་མཚོན་རྒྱ་ཆེར་བཤད་དུ་ཡོད་དོ། །མཆན། འབྱུང་འགྱུར་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་ཚུལ་གསུམ་དུ་འདུ་བ་ལས། སྐབས་འདིར་བར་པའི་མཚན་བཀྲ་ཤིས་པའི་རྫས་ཀྱི་མཆོག་དུང་དཀར་གཡས་སུ་འཁྱིལ་བའི་དབྱངས་སྙན་པོའི་གཟུགས་སུ་བཀོད་པ་ཆོས་ཅན། རྒྱུ་མཚན་ཡོད་པར་ཐལ། དཔེ་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་གཟུགས་སུ་བཀོད་པས། དཔེ་ཅན་དུས་གསུམ་གྱི་རྣམ་ཐར་གསལ་བར་མཚོན་པའི་ཕྱིར། དེ་ལ་རྟགས་དང་པོ་གྲུབ་སྟེ། དུང་དཀར་གཡས་འཁྱིལ་སྐྱེ་བ་ལྔ་བར་མ་ཆད་པ་དུང་གི་གཟུགས་སུ་བཟུང་ནས་དབྱངས་ཀྱི་འགྱུར་བ་སྙན་པོས་ཡིད་ཅན་ཀུན་དགའ་བར་བྱེད་པ་ལྟར། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་འདི་ཉིད་ཀྱང་སྐུ་སྐྱེ་བ་སྔ་མ་བརྒྱུད་མར་དམ་པའི་སྐྱེས་བུ་ཁོ་ནར་འཁྲུངས་ནས་གདུལ་བྱ་མཐའ་དག་གི་བསམ་པ་ཚིམས་པར་མཛད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དུང་དཀར་གཡས་འཁྱིལ་ལ་ཁྱད་པར་འཕགས་པའི་ཆོས་གསུམ་ཡོད་པ་ལྟར། རྗེ་བཙུན་བླ་མ་འདི་ཉིད་ཀྱི་རྣམ་པར་ཐར་པའང་ཁྱད་འཕགས་གསུམ་དང་ལྡན་པའི་ཕྱིར། དེའང་ཡིན་ཏེ་དུང་དཀར་གཡས་འཁྱིལ་གྱི་མཚན་ཉིད་ཁ་དོག་དཀར་ཞིང་བཀྲ་ཤིས་པའི་རྫས་མཆོག་ཏུ་གྲུབ་པ་ལྟར། རྒྱུ་ཐུགས་བསྐྱེད་ཁྱད་འཕགས་སྙིགས་དུས་ཀྱི་བསྟན་འགྲོའི་དོན་ལ་གཅིག་ཏུ་དཀར་ཞིང་དགོངས་པ་གང་ལ་གཏད་པ་དེ་དང་དེར་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པ་ཐམས་ཅད་འབྱུང་བའི་ཕྱིར་དང་། རྣམ་པ་གཡས་སུ་འཁྱིལ་བ་ལྟར་འབྲས་བུ་ཕྲིན་ལས་ཁྱད་པར་འཕགས་པ་གང་འདུལ་དེར་མཐུན་དུ་སྟོན་པས་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་པོར་དཀྲི་བའི་ཕྱིར་དང་། བྱེད་ལས་སྒྲ་དབྱངས་སྙན་པར་སྒྲོག་པ་ལྟར་ངོ་བོ་ཐུགས་བསྐྱེད་དང་ཕྲིན་ལས་དབྱེར་མི་ཕྱེད་པའི་རྣམ་ཐར་ཁྱད་འཕགས་སྔོན་མེད་ཟབ་གཏེར་གྱི་གསང་བའི་མཛོད་ཆེན་པོ་འཆང་བའི་རྟོགས་པ་བརྗོད་པ་སྐལ་བཟང་གང་གིས་ཐོས་ཀྱང་ཡིད་འཕྲོག་པ་དང་། སྙིགས་དུས་རྒུད་པའི་རིམས་ནད་ཀྱི་གདུང་བ་འཇིལ་བ་དང་། སྲིད་ཞིའི་དགེ་མཚན་འདོད་རྒུར་སྦྱིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེ་ལྟ་བུའི་མཚན་ཉིད་དང་རྣམ་པ་དང་བྱེད་ལས་གསུམ་ཀ་ཁྱད་པར་འཕགས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དེ་འབྱུང་འགྱུར་གྱི་ཆར་ཡང་ལྷ་ཀླུ་མིའི་གནས་གང་དུ་སྣང་བ་དེ་དང་དེར་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པ་ལྟར། རྒྱུ་དང་འབྲས་བུ་དང་ངོ་བོ་གསུམ་ཀ་ཁྱད་པར་འཕགས་པའི་རྣམ་ཐར་མངའ་བ་རྗེ་བཙུན་བླ་མ་དམ་པས་ཀྱང་སྐུ་སྐྱེ་བ་ཕྱི་མའི་རྣམ་འཕྲུལ་མཐའ་ཡས་པ་གང་དང་གང་དུ་སྣང་བ་དེ་དང་དེར་གདུལ་བྱ་མཐའ་དག་ལ་ཕན་པ་དང་བདེ་བའི་བཀྲ་ཤིས་འདོད་རྒུར་སྦྱིན་པའི་ཕྱིར་རོ། །ངེས་དོན་གནས་ལུགས་ཀྱི་རྣམ་ཐར་གཞི་འབྲས་དབྱེར་མི་ཕྱེད་པའི་མ་ནོར་བའི་དེ་ཁོ་ན་ཉིད་སྒྱུ་འཕྲུལ་ལྟར་སྦྱར། དྲང་དོན་རྣམ་ཐར་ཤྭ་ལོ་ཀ་གཅིག་པུ་དེར་ཐུན་མོང་གི་རྣམ་པར་ཐར་པ་ཐམས་ཅད་འདུས་པས་གསོལ་འདེབས་བསྡུ་ན་འདི་ཁོ་ནས་ཆོག ༈ །འདུལ་བཞིའི་ཆོ་འཕྲུལ་ཚུལ་གྱི་བཤད་པ་སྒྱུ་འཕྲུལ་རྩ་རྒྱུད་ལེའུ་གསུམ་པ་ལྟར་ཞིབ་མོར་སྦྱར། སྤྱིར་སྐྱེས་རབས་ཀྱི་རྣམ་ཐར་མདོ་ཙམ་ལས། རྒྱས་པར་བོད་ཁམས་བདེ་ཐབས་ཆོས་བཅུ་རྟེན་འབྲེལ་ཟབ་མོའི་སྒྲུབ་ཐབས་ལས་རྟེན་འབྲེལ་བཟང་པོའི་མདོ་ཆིངས་སུ། ལྷ་སྲས་ཁྱེད་ཀྱི་སྐུ་ཡི་ཆེ་བ་རྣམས༔ ཡབ་གཅིག་རྒྱལ་པོའི་སྐལ་པར་སྦས་པ་ལ༔ ལེགས་པར་གཟིགས་ལ་ཐུགས་ཀྱི་དཔའ་གདེང་སྐྱེད༔ ཅེས་གསུངས་པ་ལྟར། སྐུའི་སྐྱེས་རབས་སྔོན་བྱུང་དང་། ད་ལྟའི་ཆེ་བ་འབྲེལ་ཚད་དོན་ལྡན་དུ་རྒྱ་ཆེར་བསྔགས་པ་ལྟར་སྐྱེས་རབས་ཀྱི་རྣམ་ཐར་ཟུར་དུ་འཆད་པ་ལས་ཤེས་སོ། ༈ །ངོ་མཚར་བའི་གཏམ་བཅུའི་དང་པོའི་སྐབས། ཡེར་སྟོད་གྲྭ་ཡི་ལ་བར་སོགས་ཀྱི་རྒྱུ་མཚན་ཞིབ་མོས་ཐོག་དྲངས་ཏེ་གནས་དང་། རིགས་རུས་ཆོ་འབྲང་། སྐུ་འཁྲུངས་པའི་ལོ་ཟླ་ཚེས་གྲངས། གཟའ་སྐར་སྦྱོར་བྱེད་སོགས་ཞིབ་པ་ཁུངས་བཙལ་ཞིང་གཏེར་ལུང་དང་སྦྱར་ཏེ་བཤད། གཞོན་ནུ་རོལ་རྩེད་དུས་ཀྱི་ངོ་མཚར་སྒྲོ་སྐུར་མེད་པར་བྲི། གསུམ་པའི་སྐབས་གཏེར་ལུང་དང་གསུང་སྒྲོས་མཐུན་པར། ཕྱི་སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོ། ནང་བྱང་ཆུབ་དུ་ཐུགས་བསྐྱེད་པའི་དགེ་བའི་བཤེས་གཉེན། གསང་བ་རྡོ་རྗེ་ཐེག་པའི་དབང་གིས་ཡེ་ཤེས་སྨིན་པར་མཛད་པའི་རྡོ་རྗེ་སློབ་དཔོན། མཐར་ཐུག་ངེས་དོན་རྫོགས་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་པའི་རྩ་བའི་བླ་མ་སྟེ། ཐོག་མཐའ་བར་གྱི་ཡོངས་འཛིན་ཆེན་པོ་བཞི། ཞེས་གསུངས་པ་ལྟར་རོ། །དེ་ལ་དང་པོ་ནི། དགུང་གྲངས་བཅུ་གསུམ་པར་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་དཔལ་སྟག་ལུང་མ་རིན་པོ་ཆེ་འདོད་འཇོ་སྤྲུལ་པའི་སྐུ་འདུལ་འཛིན་བྱེ་བའི་ཁྱུ་མཆོག་ངག་དབང་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། གཉིས་པ་ནི། དགུང་གྲངས་ཉེར་ལྔར་སོན་པ་ཆུ་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་སུ་གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་ཆེན་པོ་མཁན་ཆེན་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆེད་དུ་བཞེས་ཤིང་། ལོ་གསུམ་ཤ་མི་བཞེས་པ་སོགས་དམ་བཅའ་བརྟན་པར་མཛད། བདག་ལས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་འཁྲུངས་པ་དང་། གསུམ་པ་ནི། ཟླ་བ་དེའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་སུ། རྒྱལ་བས་ལུང་བསྟན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཛམ་གླིང་ཤིང་རྟ་ཆེན་པོ་བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག་རྩལ་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་དབང་ཆེད་དུ་གསན་པས་བདེ་སྟོང་ཟུང་འཇུག་དོན་གྱི་སྔགས་སྡོམ་མངོན་སུམ་དུ་མཛད་པ་དང་། བཞི་པ་ནི། ལོ་དེའི་དབྱུག་པ་ཟླ་བའི་ཡར་ཚེས་བརྒྱད་ལ་ཁོ་བོ་ཅག་དང་ཐོག་མར་མཇལ་ཞིང་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་དབང་ཆོས་འབྲེལ་དུ་ཕུལ་བས་དགུང་ཀེག་གི་བར་ཆད་བསལ། ཁྱད་པར་ཕྱི་ལོ་ཤིང་ཕོ་སྟག་གི་ལོའི་མགོ་ཟླ་བའི་ནང་ཆེད་དུ་བྱོན་ནས་ཟླ་གཅིག་ལྷག་ཙམ་བཞུགས། དབང་ཆོས་མང་པོ་དང་། བྱེ་བྲག་རྫོགས་པ་ཆེན་པོ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ཁྲིད་ལུང་གསུམ་སྨིན་པར་ཕུལ་བས། སྤྲོས་མེད་དབང་གི་ཡེ་ཤེས་དབབ་པའི་དུས་སུ་བླ་མ་ཉིད་བི་མ་ལར་དངོས་སུ་སྣང་བའི་སྤྱི་བོར་མཁའ་འགྲོ་མས་རྨ་བྱའི་གདུགས་གཟུང་བ་དང་། མཁའ་འགྲོའི་ཚོགས་མང་པོས་གཡོན་བསྐོར་དུ་བྱེད་པ་གཟིགས། རྗེས་ངོ་སྤྲོད་དུས་རིག་པ་རྗེན་པར་ངོ་འཕྲོད་གསུངས། དབང་ཁྲིད་ཚར་རྗེས་བཀའ་གཏད་པའི་ཚུལ་གྱིས་སྔགས་སྲུང་མའི་སྲོག་དབང་ཕུལ་སྐབས་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས་ཤིང་ས་གཡོ་བ་ལྟ་བུའི་ཟིལ་ཤིན་ཏུ་ཆེ་བ་བྱུང་། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་སུ་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་རྫོགས་ཆེན་སྡེ་གསུམ་གྱི་ཟབ་གཏེར་ཐོན་པའི་སྔ་ལྟས་སུ་སྣང་ངོ་། ༈ །བྱེ་བྲག །པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །ཞེས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ལུང་བྱང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབ་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་འཛིན༔ ཚེ་སྒྲུབ་མཐར་ཕྱིན་བརྒྱད་ཅུ་རྩ་ལྔ་ཐུབ༔ རྟེན་འབྲེལ་ལེགས་འགྲིགས་དགུ་བཅུར་བསྟན་པ་འཛིན༔ ལྷ་སྲས་ཉིད་ཀྱི་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ན་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྗེ་དེ་ཉིད་ཉེར་ལྔ་བཞེས་པའི་ཆུ་གླང་ཆོ་འཕྲུལ་ཟླ་བར་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ། རིན་པོ་ཆེ་ནས་ཀྱང་སྔ་ཕྱིར་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་བསྒྲིགས། གཏེར་སྒྲུབ་དང་གསང་རྒྱ་སོགས་མཐར་ཕྱིན་དགོས་པའི་བསླབ་སྟོན་ནང་མ་བསྩལ། ཕུར་པ་ཕུར་ཁང་ཆེན་མོར་དབལ་མདོས་སྐབས་སྒྲུབ་རྟེན་དུ་གནང་བ་སོགས་ཐུགས་མཐོང་ཆེ་བར་མཛད། ཁྱད་པར་སྐབས་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་དུ་མ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོར་ཤིན་ཏུ་གསལ་བ་ལྟར། རྗེ་ཉིད་དགུང་གྲངས་ཉེར་བདུན་དུ་སོན་པ་ཤིང་ཡོས་དབྱུག་པ་ཟླ་བར་ཆེད་ཀྱིས་ཕེབས་པར་ཕུར་པ་འཁོན་ལུགས་ཀྱི་དབང་བཀའ་ཕུལ་པས་ཟབ་གཏེར་གྱི་བར་ཆད་འབྱུང་པོ་སུམ་ཅུ་རྩ་གཅིག་བསྒྲལ་བའི་མནལ་ལྟས་ལེགས་པར་བྱུང་གསུངས། ཁྱད་པར་ཡང་དག་ལྷ་དགུའི་དབང་ཆེན་ཕུལ་པས་ནམ་མཁའ་མཐིང་ཞུན་གྱི་མདོག་ཏུ་གྱུར་པའི་དབུས་བླ་མ་ཉིད་ཧེ་རུ་ཀཿདངོས་སུ་སྣང་བ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ། དེའང་གསུང་ངག་ལམ་འབྲས་པས་མོས་གུས་ཅན་བྱིན་རླབས་ཀྱིས་ཁམས་འདུས་ཤིང་རྩ་མདུད་གྲོལ་བ་དང་། འདུས་པ་འཕགས་ལུགས་ཀྱི་མན་ངག་ལས་ཕྱག་རྒྱ་སྲོག་རྩོལ་གྱི་གནད་གསུངས་པ་དང་རྗེས་སུ་མཐུན་པའི་ངོ་མཚར་ཆེ་བར་བྱུང་། རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་གཏན་ལ་འབེབ་དཀའ་བར་བྱུང་བ་དེ་ནས་གཟུང་སྟེ་ཚེགས་མེད་དུ་ཁྲོལ་བ་ལྟར། ངེད་རང་ལ་བཀའ་བབས་པའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་ཏུ་བབས་པར་མ་ཟད། ཚིག་རིས་ཕལ་ཆེར་ཀྱང་ཤིན་ཏུ་མཐུན་པར་བྱུང་སྟེ། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ལུང་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུས་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང་། ཀུན་མཁྱེན་པྲ་ཛྙཱ་རསྨིའི་གྲོལ་ཏིག་དགོངས་པ་རང་གྲོལ་ཕན་ཚུན་དག་དང་ཚུལ་མཐུན་པར་གཅིག་ལ་གཅིག་ཡིད་ཆེས་ཤིང་། བརྡ་བསྒྱུར་ལས་ཇི་ལྟར་འབྱུང་བ་མ་གཏོགས་ཚིག་གི་ལྷད་ཀྱང་མེད་པར་ཤིན་ཏུ་གསང་བའི་སྒོ་ནས་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་དུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བའི་དག་སྣང་མཐའ་ཡས་པ་ཤར། ལྷག་པར་གཏེར་ཁ་དུ་མའི་ཁ་བྱང་བྱུང་བ་སོགས་དཔག་པར་དཀའ་བའི་རྟེན་འབྲེལ་གྱི་སྒོ་དུ་མ་འགྲིགས། ངོས་ནས་ཀྱང་དགུན་དེར་བླ་མ་སྐུ་གསུམ་གྱི་བསྙེན་སྒྲུབ་བགྱིས་པས་ཚེ་འཕྲང་ཞི་བ་དང་། ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་རྒྱས་པའི་རྟེན་འབྲེལ་དུ་གྱུར། ཕྱིས་མེ་སྦྲུལ་ལོར་རྗེ་དེ་ཉིད་ལ་སངས་རྒྱས་སྟོང་གིས་ཞལ་གཟིགས་པའི་སྐབས་སུའང་བསྟན་པའི་བཙས་དང་མཆོད་སྡོང་ཆེན་པོར་དབུགས་དབྱུང་བསྩལ་པ་ལྟར་འདི་ཙམ་གྱིས་གུ་རུ་རིན་པོ་ཆེའི་བསྟན་པ་དང་དེ་འཛིན་ལ་བྱ་བ་བྱས་པར་རློམ་པ་ལགས་ཤིང་། ཞིབ་པར་གསང་བ་མཆོག་གི་རྣམ་པར་ཐར་པ་ལོགས་སུ་འགོད་པར་འགྱུར་བ་ལས་ཤེས་སོ། ༈ །བདུན་པའི་སྐབས་བླ་སྒྲུབ་སྐོར་གསུམ་ཞེས། སྤྱིར་བླ་མ་བསྟན་གཉིས་སྐོར་གསུམ་ཞེས་གྲགས་པའི་བསྟན་གཉིས་ནི་མདོ་ལྟར་ན་རྒྱལ་བ་ཤཱཀྱ་ཐུབ་པ་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་དང་། སྔགས་ལྟར་ན་གུ་རུ་པདྨ་འབྱུང་གནས་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་མན་ངག་དང་བཅས་པ་རྒྱ་ཆེར་ཡོད་པར་གསུངས། སྐོར་གསུམ་ནི་བླ་མ་ཆོས་ལོངས་སྤྲུལ་གསུམ་དུ་སྒྲུབ་པ་སྟེ། དེའང་གཏེར་ཁ་འདི་ཉིད་ཀྱི་དབང་དུ་བྱས་ན་བླ་མ་ཆོས་སྐུར་སྒྲུབ་པ་ཆོས་སྐུའི་དོན་ཁྲིད་ཆེན་མོ། བླ་མ་ལོངས་སྐུ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བ། བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཞི་དྲག་གཅིག་དྲིལ་དང་བཅས་པ་སྟེ། ཞི་བ་ལ། ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་བསམ་པ་ལྷུན་སྒྲུབ་མ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། དྲག་པོ་ཡང་གསང་རྡོ་རྗེ་དྲག་རྩལ། གཅིག་དྲིལ་བླ་མ་དངོས་གྲུབ་རྒྱ་མཚོ་དང་། ཐུགས་སྒྲུབ་དགོངས་པ་ཀུན་འདུས་རྣམས་སོ། །སྔ་ཕྱིར་ས་གཏེར་གྱི་གཏེར་ཁ་སུམ་ཅུ་རྩ་བདུན་ཙམ་ཕྱུང་ཚུལ་ནི། སྤྱིར་འགའ་ཞིག་གསང་རྒྱའི་བབ་དང་། ལ་ལ་ཡང་གཏེར་དུའང་སྦས་པ་སོགས་ཞིབ་པར་འཆད་དཀའ། བདག་ཅག་དཔོན་སློབ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་ཙམ་སྨྲོས་པ་སྟེ། དེའང་དགུང་ལོ་བཅུ་གསུམ་པ་ལྕགས་མོ་གླང་གི་ལོའི་དཔྱིད་ཀར་མ་ཎི་ཁར་ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་ནས་ལུང་བསྟན་པ་ལྟར། བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཀྱི་དགོངས་འདུས་བཀའ་རྟགས་རྡོ་རྗེ། མེ་ལོང་། ཐུགས་དམ་སྒྲུབ་ཐབས་ཉེར་བཞི་སོགས་ཐོག་མར་བཞེས་པ།༡ ཕྱིས་མེ་ལོང་འཇམ་མགོན་བླ་མ་དང་རྡོ་རྗེ་འདིར་བསྩལ། དེ་ནས་རིམ་པར་དགུང་གྲངས་བཅུ་གསུམ་པའི་དགུན་ཤེལ་བྲག་མདའ་ནས་ཁ་བྱང་བྱུང་བ་ལྟར། བཅུ་བཞི་པར་བསམ་ཡས་མཆོད་རྟེན་དཀར་པོ་ནས་ཟབ་གཏེར་བཞེས་པ་༢རྟེན་འབྲེལ་གྱི་བབ་ལས་སླར་ཡང་གཏེར་དུ་སྦས་པར་མཛད། ཉི་ཤུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་དཔལ་ཆེན་པོའི་ཞབས་འོག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གསང་གཏེར་དུ་བཞེས།༣ ཉེར་གཅིག་པ་་་འདི་ཟིན་བྲིས་ལ་ལར་ཉེར་གཉིས་ཁྱི་ལོ་ཞེས་བྲིས་སྣང་ནའང་ངོས་ལ་དབང་ལུང་ཐོག་མར་བསྩལ་སྐབས་ལོ་རྒྱུས་ཞིབ་ཆ་ཞུས་པར་འདི་ལྟར་གསུངས། མཆན། ས་མོ་བྱའི་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉིན་གུང་ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་དང་། མཐོང་གྲོལ། ཆོས་རྒྱལ་གྱི་གདུང་རུས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྤྱན་དྲངས།༤ ཉེར་དྲུག་པར་རི་བོ་དབང་ཞུའི་དབུ་རྩེ་སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བར་ཆད་སེལ་བའི་ཆོས་བཞི་གསང་གཏེར་དུ་ཐོན།༥ ཉེར་བརྒྱད་སོས་ཀ་ཀརྨའི་དམ་ཅན་བྲག་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོགས་ཐུགས་དམ་ཟབ་པ་སྐོར་བདུན་ཞེས་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་ཟབ་ཆོས་ངོ་མཚར་ཅན་དང་།༦ དབྱར་དུས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་གྲགས་པ་ཡེ་རྒྱལ་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་པོ་ནས། དེའི་ཆ་ལག་གཙོ་བོར་གྱུར་པའི་ཟབ་ཆོས་མཐའ་ཡས་པ་དང་སྐུ་ཚབ་རྣམ་གཉིས་སོགས་དང་།༧ སྟོན་ཟླ་འབྲིང་ལ་སླར་ཡང་ཁ་བྲག་་་འདི་གནས་ཡིག་གི་བབ་བྱང་དུ་དཔེ་ལ་ལར་དགུང་ལོ་ཉེར་དགུ་པར་གསུངས་ཀྱང་ཉེར་བརྒྱད་དུས་བཞེས་ཤིང་། ཉེར་དགུར་ཐུགས་སྒྲུབ་མདོ་བྱང་བབ་པ་ཡིན་པས་ཡིག་ནོར་བྱུང་བར་སྣང་། མཆན། དཔལ་ཆེན་པོའི་དབུའི་གསེང་ནས་ཐུགས་སྒྲུབ་ཀྱི་མདོ་བྱང་དང་། གནས་ཡིག་སོགས་དང་དམ་རྫས་བཀའ་རྒྱ་མ།༨ རྒྱལ་ཟླ་བའི་རྒྱལ་བ་དང་པོར་བདག་ཅག་དཔོན་སློབ་ལྷན་ཅིག་པས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཁྲོམ་གཏེར་དུ་སྤྱན་དྲངས།༩ འདི་ནས་གཟུང་ཕལ་ཆེར་ཁྲོམ་གཏེར་དུ་མཛད། དེའི་ཚེས་བཅུར་གནས་ཀྱི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་སྤྲུལ་པའི་གདུང་རྟེན་དང་། སྙིང་ཏིག་རྣམ་གཉིས་འཕྲལ་གཏེར་དུ་བཞེས།༡༠ དགུང་གྲངས་ཉེར་དགུར་སོན་པའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་དང་།༡༡ ཟླ་བ་དེ་ཉིད་ཀྱི་ཚེས་དགུ་ལ་ཡོན་ཏན་སྐུའི་གནས་འབྲི་གཉན་སྡོང་གསང་ཕུག་ཆེན་མོ་ནས་འཇམ་དཔལ་བཤེས་གཉེན་སྙིང་ཏིག་གསང་གཏེར་དུ་བཞེས།༡༢ ཚེས་བཅོ་ལྔ་ལ་ཡོན་ཏན་ཕྲིན་ལས་ཀྱི་གནས་སེང་ཆེན་གནམ་བྲག་གི་གནས་ཀྱི་དབུ་རྩེ་ནས་ཟབ་གཏེར་གྱི་ཁ་བྱང་དང་། མཚོ་རྒྱལ་སྙིང་ཏིག་ལྷན་གཅིག་པ་དང་།༡༣ ཚེས་བཅུ་དགུ་ལ་བྲག་གོང་མོ་འོག་མ་ནས་ལུང་ཆེན་རྡོ་རྗེ་བཀོད་པ་སོགས་དམ་ཆོས་ཤོག་སྡེ་དྲུག་དང་། གསང་བའི་གླེགས་བམ། ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ། ལྷ་སྲས་ཕྱག་ཐམ། ཐུབ་པའི་དབང་པོའི་སྐུ་ཆོས། དགའ་རབ་ཆོས་སྨན་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་གཏེར་ཆེན་ཁྲོམ་གཏེར་དུ་བཞེས།༡༤ ཉི་ཤུ་ལ་དེའི་བྲག་རིན་ཆེན་འབར་བ་ནས་རྗེ་འབངས་ཉེར་ལྔའི་ཆོས་སྨན་གྭའུ་གང་དང་ཆོས་སྐོར་ཞིག་ཀྱང་བཞེས།༡༥ ཉེར་གཉིས་ལ་སྨན་རྐྱལ་འདྲ་བའི་བྲག་ནས་སྨན་གྱི་གཏེར་དང་ཤོག་སེར་ཞིག་ཀྱང་བཞེས་༡༦ ཤིང་སྨན་བདག་ཅག་ལ་གནང་། ཤོག་སེར་གསང་བར་མཛད་སོང་། གནམ་བྲག་གི་གཏེར་ཁ་ཐམས་ཅད་ཁྲོམ་གཏེར་ཁོ་ན་ཡིན། ལྷོ་ཟླའི་ཕྱོགས་སུ་འབྱོན་ལམ་འཛི་སྨད་མཁའ་འགྲོ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་ལ་བྲིས་པའི་གནས་ཡིག་དང་། རྒྱལ་བ་མཆོག་དབྱངས་སྙན་རྒྱན་སོགས།༡༧ ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རྫས་གཟི་སྒྲོམ་དང་ཁ་བྱང་འགའ་ཞིག༡༨ །སྨིན་དྲུག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་ཉི་ཤར་ལ་གནས་མཆོག་ཀརྨའི་འབུམ་རྫོང་གི་པདྨ་དབང་ཕུག་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་ཆོས་ཚན་བཞི་དང་དམ་རྫས་ཀྱི་སྐོར་བཞེས།༡༩ མཚོ་ནང་ནས་ཀླུ་བདུད་ཁ་ལ་རཀྴས་ཆོས་སྐྱོང་སྐོར་གྱི་རྡོ་སྒྲོམ་དངོས་སུ་གཏད།༢༠ གནས་རྙིང་ཕུག་གི་གཏིང་ཨོ་རྒྱན་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། བྲམ་ཟེ་པྲ་བྷ་ཧསྟིའི་སྐུ་ཤ་རིལ་བུ། ཟུར་བཟའི་ཐུགས་དམ་སྐོར་དྲུག །ཁྱད་པར་ཁོ་བོས་ཁ་བྱང་དང་བཅས་ཞབས་སྐུལ་ཞུས་པ་བཞིན་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལུང་མན་ངག་གི་སྐོར་ཁྱད་པར་འཕགས་པ་སོགས་སྤྱན་དྲངས།༢༡ དགུང་ལོ་སུམ་ཅུ་པ་ས་ཕོ་རྟའི་ལོར་འོག་མིན་ཀརྨའི་དཔལ་གྱི་དེའུ་མ་མོ་རོལ་པའི་ཕོ་བྲང་གི་སྒོ་གོང་ནས་མ་མོ་སྤྱི་བསྡུས་དང་། སྐུ་གསུང་ཐུགས་ཀྱི་རིལ་བུ་སོགས་དང་།༢༢ ལོ་དེའི་དབྱུག་པ་ཟླ་བའི་ཚེས་བཅུར་ཁོ་བོ་ལ་སྔ་ཕྱིར་གསལ་སྣང་དང་ལུང་བསྟན་བྱུང་བ་ལྟར་ཞབས་བསྐུལ་ཞུས་པས། ཀེ་ལ་ནོར་བུ་སྤུན་གསུམ་གྱི་བྲག་རི་རིན་ཆེན་འབར་བ་ནས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་གུ་རུའི་སྐུ་ཚབ་དང་བཅས་པ།༢༣ སྨིན་ཟླའི་ནང་གོ་སྟོད་འོད་འབར་བྲག་ནས་དམ་རྫས་ཕྲིན་ལས་རོལ་པ་སྒྲུབ་ཁོག་དང་བཅས་པ་དང་། ཆོས་སྐྱོང་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྐོར་སོགས་སྤྱན་དྲངས།༢༤ དགུང་གྲངས་སོ་གཅིག་པ་ས་མོ་ལུག་གི་ལོའི་སྤྲེལ་ཟླའི་ཚེས་བཅུར་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་ཙ་འདྲ་རིན་ཆེན་བྲག་ནས་གསང་ཐིག་སྙིང་པོའི་སྐོར་དང་གནས་ཡིག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་རྣམས་བཞེས།༢༥ ལོ་དེའི་སྟོན་དགུན་སྐབས་སྒ་སྟོད་མེ་སེང་རིན་ཆེན་ཤེལ་བྲག་ནས་སཱཙྪ་གསེར་མགོ་གཡུ་གཤམ་བཞེས་པ་ནས་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྡོག་གཅིག་དང་། བོད་ཀྱི་གནས་ཆེན་དང་གནས་ཕྲན་གཏེར་ཁ་མང་པོའི་ཁ་བྱང་༢༦བྱུང་བ་རྡོ་ཐི་གངས་དཀར་གྱི་གནས་ཡིག་སོགས་འགའ་རེ་ཕབ། གཞན་སྤེལ་བར་མ་གནང་། སྒ་སྟོད་གཡུ་བྲག་་་གནས་འདི་བདུད་འདུལ་གྱིས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། གཏེར་ཆེན་རིན་པོ་ཆེ་ནས་གནས་ཆེན་ཉེར་ལྔའི་ནང་ཚན་སྐུའི་ཕྲིན་ལས་ཀྱི་གནས་ཧེ་བྲག་ཏུ་ངོས་འཛིན་པར་མཛད།ནས་བི་མ་མི་ཏྲའི་སྒྲོལ་དཀར་ཚེ་རྫས་ཟླ་བའི་སྙིང་པོ་དང་། ཐུགས་ཐིག་སྙིང་པོ་སོགས་བཞེས།༢༧ གསང་རྒྱ་ཤིན་ཏུ་དམ་པར་མཛད། དགུང་གྲངས་སོ་དྲུག་ཏུ་ཕེབས་པ་ཤིང་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་རྒྱུད་ལུང་མན་ངག་གི་ཆོས་སྐོར་ཟབ་རྒྱས་སྐུ་ཚབ་དམ་རྫས་དང་བཅས་པ།༢༨ ཡང་གནས་དེའི་ནུབ་ཕྱོགས་ཁ་བ་སྟེང་ཚེ་ཞལ་བྲག་གམ་ཚེ་རྒྱས་བྲག་ནས་གུ་རུ་ཡབ་ཡུམ་གྱི་ཚེ་རྫས་ཁྱད་འཕགས་དང་། ཚེ་རྒྱུད་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་སྐོར་སོགས་སྤྱན་དྲངས།༢༩ དགུང་གྲངས་སོ་བརྒྱད་པ་མེ་སྟག་དབྱུག་པ་ཟླ་བའི་ཚེས་ཉེར་ལྔར་བདག་ཅག་དཔོན་སློབ་ལྷན་ཅིག་པར་རོང་མེ་འཆི་མེད་དཀར་མོ་སྟག་ཚང་དུ་འབྱོར། ཚེས་ཉེར་བདུན་ལ་གསང་ཕུག་གི་གཡས་ནས་དམ་ཆོས་སྙིང་པོ་སྐོར་ལྔ་སོགས་༣༠དང་། དེ་ནས་རིམ་པར་བྲག་གི་རྒྱ་བཅུ་གསུམ་བཤིགས་ནས་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་དགུའི་སྔ་དྲོར་གསང་ཕུག་གཡོན་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། ཚེས་བཅུའི་ནམ་ལངས་ལ་གུ་རུའི་ཕྱག་མཚན་རྡོ་རྗེ་སོགས།༣༡ ཚེ་བཅུ་ཕྱི་མར་མ་ཕམ་སེང་རྒོད་གཡུ་མཚོ་ནས་མཚོ་གཏེར་ཆེན་མོ་༣༢སོགས་བར་ཆད་མེད་པར་སྤྱན་དྲངས་པས་ངོ་མཚར་གྱི་ཕུལ་དུ་གྱུར། དགུང་གྲངས་སོ་དགུ་པ་མེ་ཡོས་དབོ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་ཡོན་ཏན་སྦས་པའི་གནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ནས་མཁན་སློབ་ཆོས་གསུམ་གྱི་ཕྱག་ཚཱ་ཤོག་དྲིལ་དང་བཅས་པ།༣༣ ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གནས་མཆོག་པདྨ་ཤེལ་རི་ནས་དམ་རྫས་མཁའ་ཀློང་འཁྱིལ་པའི་རིལ་བུ་བསྟན་པའི་བཙས་སུ་བསྔགས་པ་མཐོང་བ་དོན་ལྡན། མཁའ་འགྲོ་གསང་བའི་ཟབ་ཤོག་བཅས།༣༤ དེའི་ཚེས་བཅུ་གཅིག་ལ་བདག་ཅག་དཔོན་སློབ་ལྷན་ཅིག་པས་ཁྱུང་ཚང་བྲག་མཁའ་འགྲོ་ཐུགས་ཀྱི་གནས་ནས་རིག་འཛིན་ཡོངས་རྫོགས་སྙིང་ཏིག་དམ་རྫས་བཅས་བཞུགས་པའི་རྡོ་སྒྲོམ་ལེའུ་ཚན་དང་། ཧེ་རུ་ཀཿའདུས་པའི་ཐུགས་ཏིག་གི་གཏེར་སྒྲོམ་གྲི་གུག་གི་དབྱིབས་ཅན་བཅས།༣༥ ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཡོན་ཏན་གནས་གཙོ་རུ་དམ་གངས་ཁྲོད་བདེ་བ་ཆེན་པོ་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར། རུ་དམ་གངས་ཀྱི་ར་བའི་གནས་ཡིག །དམ་རྫས་ཧེ་རུ་ཀཿའདུས་པའི་བདུད་རྩི་བཅས་ཀྱི་རྡོ་སྒྲོམ་རིམ་པ་གསུམ།༣༦ གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔར་ཁོ་བོ་ལ་ཁ་བྱང་བྱུང་བ་བཞིན་ཞབས་བསྐུལ་ནན་ཏན་དུ་ཞུས་པར། ལྷ་ལྡན་དུ་འབྱོན་ལམ་ནས་ཆེད་ཀྱིས་ཕེབས་ཏེ་ཀེ་ལ་ནོར་བུ་སྤུན་གསུམ་བྲག་ནས་དམ་ཆོས་ནོར་བུ་སྐོར་བདུན་དང་། གུ་རུ་སེང་གེ་སྒྲ་སྒྲོག་གི་སྐུ་རྒྱན། སྐུ་ཚབ་སོགས་སྤྱན་དྲངས་པ་སྟེ།༣༧ བདག་ཅག་གིས་མངོན་དུ་ཤེས་པའི་མཆོག་གཏེར་ཆོས་དང་དམ་རྫས་དང་བཅས་པ་ནི་འདི་ཙམ་ཡིན་ལ། ཁ་བྱང་དང་རྫས་གཏེར་ཕྲན་ཚེགས་ནི་མང་དུ་བཞེས་པར་སྣང་སྟེ། སེང་ཆེན་གནམ་བྲག་གི་ཟབ་གཏེར་གཅིག་པུ་ལའང་སྔ་ཕྱིར་ཁ་བྱང་གཉིས་ཙམ་དང་། ཁ་བྱང་དངོས། གནད་བྱང་། ཡང་བྱང་། སྙིང་བྱང་། བཅས་བདུན་གཏེར་གནས་ཐ་དད་པ་ནས་བྱུང་བས་མཚོན། དགུང་གྲངས་ཉེར་དྲུག་པར་གོང་སྨྲོས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་ཆ་ལག་སྐོར་བཞེས་པའི་རྗེས། རི་བོ་དབང་ཞུའི་ཞོལ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་གི་སྒོ་གོང་ནས་ཐུབ་པའི་རིང་བསྲེལ་བྲག་ཕུག་མཱ་ར་ཏི་ཀའི་ས་སྣ་དང་བཅས་པ། དགུང་གྲངས་ཉེར་བརྒྱད་པའི་དབྱུག་པ་ཟླ་བར་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད། དགུང་གྲངས་སོ་གཅིག་པའི་དཔྱིད་ཀར་དཔའ་འོག་འབུར་མོ་གནས་ནས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ་དང་། མཚོ་རྒྱལ་གསང་གཏེར། ལོ་དེའི་སྟོན་ཀར་རྒྱམ་རྒྱལ་གཡུ་མཚོ་ནས་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་སྤྱན་དྲངས་པས་མཚོན་ནོ།་་་ལྷ་ལྡན་ཕེབས་སྐབས་དགུང་གྲངས་བཞི་བཅུ་པ་ས་འབྲུག་ལོར་སྒྲགས་ཡང་རྫོང་ནས་གནུབས་ཆེན་རིན་པོ་ཆེའི་མཐེབ་ཀོར་ཤོག་སེར་བཅས་བཞེས་སྐད་ཙམ་ལས་སུས་ཀྱང་ཞིབ་ཆ་ངེས་པ་མ་བྱུང་། དེ་སྐབས་མཆིམས་ཕུ་དང་། ས་སྦྲུལ་ལོ་མགོར་གཞོ་སྟོད་ཏི་སྒྲོར་ཕེབས་པ་ནས་ཀྱང་ཟབ་གཏེར་འདྲ་བཞེས་སམ་ཞེས་གླེང་བ་ཙམ་མོ། །མཆན། སྤྱིར་བདག་ཅག་དཔོན་སློབ་ཀྱི་ལུང་བྱང་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩའི་བཀའ་བབས་ཞེས་གསུངས་པའང་སྣང་བས། སྐུའི་རྟེན་གུ་རུའི་སྐུ་ཚབ་དང་། སངས་རྒྱས་བྱང་སེམས་ཡི་དམ་གྱི་སྣང་བརྙན་དངོས་ཉེར་ལྔ་ཙམ་བཞེས་ཤིང་། ཁྱད་པར་གཏེར་ཁ་སྔ་མ་རྣམས་སུ་མ་གྲགས་པ་གུ་རུའི་སྐུ་ཚབ་ཀྱི་རྒྱུ་གཏེར་ནས་བཞེས་པ་ལས་ཕྱག་སྤར་དུ་བཏབ་པའི་སྐུ་ཚབ་གཉིས་པ་རྒྱ་ཆེར་སྤེལ་བ་དང་། གསུང་གི་རྟེན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྡེ་མཐའ་ཡས་པ་ཞིག་བྱོན་པ་སྟེ། སྙིང་ཏིག་གཅིག་པུའང་བརྒྱ་རྩ་ཞིག་ཡོད་པར་གསུངས་པས་ན་གོང་གི་ལུང་ཡང་མང་ཚིག་ཙམ་དུ་གོ །ཆོས་སྡེ་ཆེ་བ་གྲངས་སུ་བགྲང་ནའང་ཟབ་པ་སྐོར་བདུན་ལ་ཆོས་སྡེ་ཆེན་པོ་བདུན་དང་། རྫོགས་ཆེན་སྡེ་གསུམ་ནང་གསེས་སྙིང་ཏིག་བདུན་དུ་དབྱེ་བ་སོགས་བསམ་གྱིས་མི་ཁྱབ་པས་ཟབ་གཏེར་གྱི་བཞུགས་བྱང་གཞན་དུ་འགོད་པ་ལས་ཤེས། ཐུགས་རྟེན་རྡོ་རྗེ་དང་ཕུར་པ་སོགས་ཕྱག་མཚན་གྱི་རིགས་ཀྱང་མང་དུ་བཞེས་མོད། གཙོ་བོར་མྱོང་གྲོལ་དམ་རྫས་ཀྱི་རིགས་མཐའ་ཡས་པའི་བཀའ་བབས་ཚུལ་དམ་རྫས་ཀྱི་དཀར་ཆག་གཏེར་གཞུང་གསལ་བྱེད་དང་བཅས་པས་ཤེས་པར་བྱ་བ་ལས་འདིར་སྨྲོས་ཀྱིས་མི་ལང་ངོ་། ཁྱད་པར་ཆོས་ཀྱི་བཀའ་བབས་ཚུལ་ལའང་། བཀའ་གཏེར་དག་སྣང་ལས་ཕྱེ་བའི་བཀའ་བབས་བདུན་ཞེས་པ་ནི། ༡རིང་བརྒྱུད་བཀའ་མ་བསྐྱེད་རྫོགས་སྡེ་གསུམ་གྱི་རྒྱུན་དེང་སང་བཞུགས་པ་ཕལ་ཆེར་གསན་ཅིང་བྱིན་རླབས་ཟབ་མོའི་བཀའ་བབས་པ་ལ་བརྟེན་ནས་མདོ་སྒྱུ་སེམས་ཕྱོགས་སོགས་འཆད་སྤེལ་ཡང་མང་དུ་མཛད་དོ། །དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འདུས་པ་མདོ་དབང་ཆེན་མོ་དང་། ཨེ་ཝཾ་ཆོས་སྒར་གྱི་མཁས་དབང་རྡོ་རྗེ་འཛིན་པ་རྣམས་དང་། ཨོ་རྒྱན་སྨིན་གྲོལ་གླིང་སོགས་སུ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བརྒྱུད་བཤད། དཔལ་གྱི་བསམ་ཡས་མཆིམས་ཕུར་སྐལ་ལྡན་འདུས་པ་རྣམས་ཀྱི་གཙོས་སྐབས་ཅི་རིགས་པར་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཆོས་འཁོར་ཀྱང་མང་དུ་བསྐོར་བར་མཛད། དེར་མ་ཟད་སྔར་མ་གྲགས་པའི་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྗེ་འདི་ཉིད་ཀྱི་མཆོག་གཏེར་ལས་བྱོན་པ་རྣམས་ཀྱང་། མཚན་གཏེར་མར་བཏགས་ཀྱང་དོན་གྱི་ངོ་བོ་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་ངོ་མཚར་ཅན་ཤ་སྟག་གོ།་་་ཁྱད་པར་རྗེ་ཉིད་དང་ངོས་དཔོན་སློབ་ནས་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ལ་སྙན་བསྐུལ་བར་བརྟེན། ཆོས་གྲྭ་ཆེན་མོ་རྣམ་རྒྱལ་བྱང་ཆུབ་གླིང་དུ་སྔ་འགྱུར་བཀའ་མའི་དབང་ལུང་གི་རྒྱུན་དེང་སང་ཡོད་དོ་ཅོག་གི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་ཚུགས་པའང་རྗེ་ཉིད་ཀྱི་ཕྲིན་ལས་ཆ་ཤས་རྨད་དུ་བྱུང་བ་ཡིན་ནོ། །དཔལ་ཡུལ་དུ་བཀའ་མའི་གཞུང་པོད་ཡོངས་རྫོགས་ཀྱི་སྤར་གསར་དུ་འཁོད་པའང་འདི་ཡབ་སྲས་ཀྱི་ཕྲིན་ལས་སུ་སྣང་། མཆན་འདི་ཛྙཱ་ནས་སོ། །མཆན། ཉེ་བརྒྱུད་གཏེར་མ་ལ་གཉིས། རྒྱ་ཆེ་བ་སའི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་རོ། །དང་པོ་ལའང་གཉིས། རང་སྐལ་ས་གཏེར་དངོས་དང་། གཏེར་འབྱིན་གཞན་གྱི་ཡང་གཏེར་བཀའ་བབས་ཚུལ་ལོ། ༢།དང་པོ་ས་གཏེར་དངོས་ནི། གོང་དུ་གཏེར་ཁ་སུམ་ཅུ་རྩ་བདུན་སྤྱན་དྲངས་ཚུལ་བཤད་མ་ཐག་པ་ལྟར་དང་། ༣གཉིས་པ་ཡང་གཏེར་ནི། གཏེར་སྟོན་སྔ་མ་རྣམས་ཀྱིས་ཡང་གཏེར་དུ་སྦས་པ་དངོས་སུ་བཞེས་པའམ། བྱིན་རླབས་ཀྱི་སྟོབས་ལས་བྱུང་བ་དང་། དཔེ་རྒྱུད་ཙམ་ཡོད་ཀྱང་དབང་ལུང་འཆད་ཉན་གྱི་རྒྱུན་ཆད་པ་ཉེ་བརྒྱུད་དུ་བཀའ་བབས་པ་སོགས་ཏེ། སྐབས་འདིར་རྗེ་ཉིད་ཀྱི་སྐུ་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་གཏེར་གུར་དྲག་ཧཱུྃ་དམར་སྙིང་ཏིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་མ་རྒྱུད་གསང་བ་ལམ་ཁྱེར་སྐོར་ཉེ་བརྒྱུད་དུ་བཀའ་བབས་པ་འཇམ་མགོན་བླ་མར་བསྩལ་པ་ལྟ་བུའོ། །གཉིས་པ་ཟབ་མོ་དགོངས་པའི་གཏེར་ལའང་གཉིས། ཡང་ཟབ་དགོངས་གཏེར་དངོས་དང་། རྗེས་སུ་དྲན་པའི་གཏེར་གྱི་བཀའ་བབས་ཚུལ་ལོ། ༤།དང་པོ་དགོངས་གཏེར་དངོས་ནི། རྩ་བ་གསུམ་སོགས་ཀྱི་བྱིན་རླབས་ལ་བརྟེན་ནས་ཐུགས་དགོངས་འོད་གསལ་ཀློང་དུ་སྦས་པའི་གསང་བ་ཟབ་མོའི་གཏེར་མཛོད་བརྡོལ་བ་སྟེ། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་བརྡོལ་བ་ལྟ་བུ་དང་། ༥གཉིས་པ་རྗེས་སུ་དྲན་གཏེར་ནི། སྐུ་སྐྱེ་བ་སྔ་མའི་དུས་སུ་ལྷག་པའི་ལྷ་དང་བླ་མ་ལས་གདམས་ངག་གསན་པ་ད་ལྟའི་དུས་བཞིན་རྗེས་སུ་དྲན་པ་ལྟར་གཏན་ལ་ཕབ་པ་སྟེ། རྗེ་དེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཤེགས་ཀར་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་ལུང་རྡོ་རྗེ་བཀོད་པའི་གདམས་པ་གསུངས་ཚུལ་དང་། ཡང་དེའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གནུབས་ཀྱི་ཁ་ཕོ་མདོ་ཙམ་ཞིག་ཡི་གེར་འགོད་པར་མཛད་པ་དང་། དེ་དག་གི་སྐབས་ཀྱི་རྗེས་དྲན་ལ་རུ་ལུའི་འདྲེན་སྟངས་བཞི་སོགས་དབྱངས་ཀྱི་བྱེ་བྲག་དང་། གར་གྱི་ཉམས་འགྱུར་མཐའ་ཀླས་པ་དང་། སྤྲུལ་པའི་སྐུ་སངས་རྒྱས་གླིང་པའི་དུས་ཀྱི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་རྒྱ་ཆེར་ཡོད་དོ། །གསུམ་པ་ཟབ་མོ་དག་སྣང་གི་སྐོར་ལའང་གཉིས། ཟབ་མོ་དག་སྣང་དངོས་དང་། ཡང་ཟབ་སྙན་བརྒྱུད་ཀྱི་བཀའ་བབས་ཚུལ་ལོ། ༦།དང་པོ་དག་སྣང་དངོས་ནི། སྔོན་སྨོན་དང་འཕྲལ་བྱུང་གི་རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེ། དག་པའི་སྣང་བར་དབང་པོའི་མངོན་སུམ་དུ་རྩ་གསུམ་ཆོས་སྲུང་དང་བཅས་པས་ཞལ་བསྟན་ཅིང་གདམས་པ་ཟབ་མོ་གསུངས་པ་སྟེ། གནས་རི་བོ་དབང་ཞུའི་གནས་ཞལ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་གཟིགས་ཏེ་བི་མའི་བླ་སྒྲུབ་ཟབ་མོ་རྗེས་སུ་གདམས་པ་ལྟ་བུའོ། །དབང་པོའི་མངོན་སུམ་དུ་མ་གྱུར་ཀྱང་ཉམས་ཀྱི་སྣང་བར་བླ་མ་ལྷས་དངོས་སུ་བསྩལ་པ་ལྟ་བུའི་གསལ་སྣང་བརྟན་པོ་ཤར་བ་དང་། ནམ་མཁར་ཡི་གེའི་གཟུགས་ཤར་བ་དང་། ཆོས་ཀྱི་སྒྲ་ཐོས་པ་དང་། མནལ་ལམ་དུ་ཞལ་གཟིགས་ཏེ་གསུངས་པའང་འདིའི་ཁོངས་སུ་འདུའོ། ༧།གཉིས་པ་སྙན་བརྒྱུད་ནི། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་སྒྱུ་མའི་སྐུ་དག་པའི་ཞིང་ཁམས་སུ་དངོས་སུ་བྱོན་པའམ། ཐ་མལ་གྱི་སྣང་བ་མཐའ་དག་འགགས་ཏེ་དག་པའི་ཞིང་རྟེན་དང་བརྟེན་པ་བཅས་པར་གནས་འགྱུར་ཏེ་རྩ་བ་གསུམ་གྱི་ཞལ་ལས་གང་ཟག་དེའི་སྙན་དུ་གདམས་པ་དངོས་སུ་བརྒྱུད་པ་སྟེ། རྗེ་ཉིད་ཟངས་མདོག་དཔལ་རིར་དངོས་སུ་བྱོན་པའི་སྐབས་གུ་རུ་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཏིག་གསན་པ་ལྟ་བུའོ། །འདི་ལྟ་བུ་གཞན་ཡང་ཉམས་ཀྱི་གསལ་སྣང་ཤིན་ཏུ་བརྟན་པོ་དང་། མནལ་ལམ་དུ་བྱུང་བའང་འདི་ཉིད་ཀྱི་ཁོངས་སུ་འདུ་སྟེ། དེ་ལྟར་བཀའ་བབས་བདུན་གྱི་རྣམ་པར་གཞག་པའི་དོན་དང་མཚན་གཞི་ནི་ཡོངས་སུ་གྲགས་ཀྱང་། ཐ་སྙད་གསལ་བར་མཚོན་པ་ནི་མཆོག་གཏེར་ཆེན་པོ་འདི་ཉིད་ལས་གསུངས་ཏེ། རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་འདིར་མདོ་ཙམ་མཚོན་པར་བྱས་པ་སྟེ། རྒྱས་པར་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་འཆད་དུ་ཡོད་དོ། ༈ །རྡོ་རྗེའི་གནས་ཆེན་རབ་འབྱམས་ཀྱི་སྒོ་འཕར་ཕྱེ་ཚུལ་ནི། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་གཟུང་སྟེ། སོ་སོའི་གནས་ཡིག་ས་གཏེར་ལས་བྱོན་པ་དང་། དགོངས་ཉམས་སུ་ཤར་བ་དང་། ལྷ་དང་མཁའ་འགྲོས་ལུང་བསྟན་པ་སོགས། བྱེ་བྲག་གསལ་བྱེད་བཅས་པ་རྣམས་ལས་རྒྱ་ཆེར་ཤེས་པར་བྱའོ། ༈ །བརྒྱད་པའི་སྐབས། ཆོས་ཀྱི་བདག་པོར་ལུང་གི་བསྟན་ཚུལ་སོགས་ལུང་བསྟན་རྣམས་དང་སྦྱར་ཏེ་བཤད། ༈ དགུ་པའི་སྐབས། ཕལ་ཆེར་ཕྱིའི་རྣམ་ཐར་གཙོ་ཆེ་ཞིང་། དེའི་གཙོ་བོ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད་པ་ཉིད་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དེའང་སོ་གསུམ་གྱི་གྲངས་ངེས་ནི། ཐོག་མར་རྗེ་ཉིད་དགུང་གྲངས་ཉེར་ལྔར་སོན་པ་ཆུ་མོ་གླང་གི་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་ལ། གནས་ཆེན་རི་བོ་དབང་ཞུའི་ཉེ་འདབས་སུ་ཆེད་ཀྱིས་ཕེབས་ཏེ། རཏྣའི་ཐུགས་སྒྲུབ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་སྤྲོས་མེད་ཀུ་ས་ལིའི་ལུགས་ཀྱིས་སྨིན་པར་མཛད།༡ དེ་སྐབས་དཔོན་སློབ་ཉུང་ངུ་ལས་མེད་པས་རྣམ་གཡེང་ཆུང་ཞིང་སྒྲུབ་པ་གནད་དུ་འགྲོ་བ་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་བ་སོགས་ཐུགས་ཚིམས་པར་བྱུང་ཞེས་བཀའ་བསྩལ་ཏོ། །དེ་ནས་རིམ་པར་དགུང་གྲངས་ཉེར་བརྒྱད་པར་པདྨ་ཤེལ་ཕུག་གི་འདབས་སུ་བཀའ་བརྒྱད་རྫོང་འཕྲང་གི་སྒོ་ནས་སྨན་སྒྲུབ་མཛད་༢སྐབས། ནམ་ཟླ་དགུན་སྒང་ཡིན་ཀྱང་དབྱར་དུས་ལྟ་བུར་དྲོད་ཕེབས་པ་དང་། སྨན་ལ་ཕབས་བཏབ་པ་སོགས་བརྗེད་ཀྱང་ལེགས་པར་ལངས་ཤིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་བྱུང་། ཉེར་དགུ་པ་ཆོ་འཕྲུལ་ཟླ་བར་སྡེ་དགེ་ལྷུན་གྲུབ་སྟེང་དུ་བཀའ་བརྒྱད་བདེ་འདུས་དང་རྫོང་འཕྲང་ཟུང་འབྲེལ་གྱི་སྨན་སྒྲུབ།༣ ས་ག་ཟླ་བར་ཀརྨར་བཀའ་བརྒྱད་སྨན་སྒྲུབ།༤ དབྱུག་པ་ཟླ་བར་ཡང་ཕུར་སྒྲུབ་ཆེན།༥ སུམ་ཅུ་པར་འོག་མིན་ཀརྨར་བཀའ་བརྒྱད་སྨན་སྒྲུབ་མཛད་༦པས་འཇའ་འོད་ཀྱི་རྟགས་མཚན་ངོ་མཚར་བ་བྱུང་། སྨན་སྒྲུབ་འོད་འབར་མ་ཞེས་བཏགས། དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་པ་༧དང་འབྲེལ་བར་མདོ་དབང་ཆེན་མོ་སྨིན་རྒྱས་སུ་བསྩལ། ལོ་མཇུག་ཏུ་སྡེ་དགེ་རྒྱལ་ཁབ་ཆེན་པོའི་ཉེ་ལོགས་ལྕང་ལོ་ཅན་དུ་བཀའ་བརྒྱད་བདེ་འདུས་སྒྲུབ་ཆེན་༨དབང་བསྐུར་དང་བཅས་པ་མཛད། སོ་གཅིག་པར་དཔའ་བོ་དབང་ཆེན་བྲག་གི་ཉེ་འདབས་སུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་སྨན་སྒྲུབ།༩ དཔལ་སྤུངས་འདུ་ཁང་ཆེན་མོར་ཐུགས་རྗེ་ཆེན་པོ་གསང་འདུས་དང་གཏེར་གསར་ཟབ་བདུན་རྟ་མགྲིན་ཟུང་འབྲེལ་གྱི་སྒྲུབ་ཆེན།༡༠ གནས་ཆེན་མཁའ་འགྲོ་འབུམ་རྫོང་དུ་རི་བོ་ཆེའི་ཡང་དགོན་བླ་བྲང་རྗེ་འཕགས་རྣམ་གཉིས་ཀྱིས་ཡོན་སྦྱར་ཏེ་ཐུགས་སྒྲུབ་ཀྱི་སྨན་སྒྲུབ་༡༡རྣམས་མཛད། སོ་གསུམ་པ་ལྕགས་བྱའི་ལོར་འོག་མིན་ཀརྨའི་གཙུག་ལག་ཁང་གཡེར་མོ་ཆེར་མཚུར་ཕུ་སྒར་ནས་ཡོན་སྦྱར་ཏེ། རྗེ་ཉིད་དང་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅུ་བཞི་པ་རྗེ་དབོན་ཟུང་དང་བཅས་པ། ཟུར་མང་སྤྲུལ་སྐུ་རྣམས་དང་། གནས་མདོ་ཆགས་མེད་མཆོག་སྤྲུལ་སོགས་ཆོས་བདག་བསྟན་འཛིན་སྐྱེས་ཆེན་ཚོགས་ཀྱི་འདུ་བ་ཆེན་པོས། གཏེར་གསར་ལུང་རྡོ་རྗེ་བཀོད་པ་ཚོགས་ཆེན་འདུས་པ། ཐུགས་སྒྲུབ་དགོངས་པ་ཀུན་འདུས། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཟབ་བདུན་དྲེགས་འདུལ་དྲག་སྔགས། ཚེ་དཀར་བཅས་ཚོམ་བུ་བཅུ་གསུམ་གྱི་སྒྲུབ་པ་ཆེན་པོ་༡༢མཛད་ནས། འདུས་པ་ཁྲི་ཕྲག་མང་པོ་གྲོལ་བ་བཞི་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བ་སོགས་སྔར་མ་གྲགས་པའི་གནས་དུས་སྟོན་འཁོར་ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བར་གྱུར། སོ་བཞི་པར་ཀརྨར་བཀའ་བརྒྱད་ཀྱི་སྒྲུབ་ཆེན་༡༣དང་འབྲེལ་བར་སྨན་སྒྲུབ་ཕོན་མང་མཛད། སོ་ལྔ་པར་དགུན་ཟུར་མང་རྣམ་རྒྱལ་རྩེར་བཀའ་བརྒྱད་ཀྱི་སྒྲུབ་ཆེན།༡༤ སོ་དྲུག་པའི་དབྱར་དགེ་རྒྱལ་ནང་བླ་མ་ནོར་ལྷའི་སྒྲུབ་ཆེན།༡༥ ཟུར་མང་དུ་ཚེས་བཅུ་གསང་འདུས་དང་ཐུགས་སྒྲུབ་ཟུང་འབྲེལ་གྱི་སྒྲུབ་མཆོག་གར་འཆམ་རྒྱས་པར་གནང་།༡༦ སོ་བདུན་པ་ཚ་བ་སྒང་དུ་ཐུགས་སྒྲུབ་༡༧དང་། གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་དགོན་སྡེ་གསར་དུ་བཏབ་པར་ལུང་ཆེན་རྡོ་རྗེ་བཀོད་པའི་སྒྲུབ་ཆེན།༡༨ སོ་བརྒྱད་པར་སྒ་སྟོད་སྡེ་རྟ་བེ་ཧུ་ཚང་སར་ཐུགས་སྒྲུབ་༡༩དང་། ཁྲ་མགུ་དགོན་པར་ཕུར་པའི་སྒྲུབ་ཆེན།༢༠ དཔལ་སྤུངས་ཆོས་གྲྭ་ཆེན་པོར་དགོངས་འདུས་ཀྱི་སྨན་སྒྲུབ།༢༡ འཛམ་ནང་པདྨ་ཤེལ་ཕུག་ཏུ་རྫོགས་ཆེན་སྡེ་གསུམ་གྱི་ཆོས་ཚན་ཡི་དམ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྨན་སྒྲུབ་སྤྲོས་པ་མདོར་བསྡུས།༢༢ བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཆོས་རྒྱལ་སྡེ་དགེས་སྦྱིན་བདག་མཛད་ནས་ཐུགས་སྒྲུབ་༢༣སོགས་ཀྱི་སྒྲུབ་ཆེན་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་མཐའ་རྒྱས་སུ་མཛད། སོ་དགུ་པ་ཆོ་འཕྲུལ་ཟླ་བར་དཔལ་ཀཿཐོག་རྡོ་རྗེ་གདན་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་༢༤ཀྱི་རྡོ་རྗེ་སློབ་དཔོན་དང་། དབོ་ཟླར་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཁོག་སོགས་ཐོག་མར་གཏན་ལ་ཕབ་འཕྲལ་སྒྲུབ་ཆེན་སྨིན་པར་མཛད་༢༥པས་མཐའ་དམག་གདུག་པའི་འཚུབ་འགྱུར་རེ་ཞིག་བཟློགས་པའི་མཚན་མ་ཁྱད་པར་ཅན་བྱུང་གསུངས། ཁོ་བོ་ལའང་མཆོད་རྟེན་བདེ་བྱེད་བརྩེགས་པར་སྔགས་རྒྱུད་མཐའ་ཡས་པ་ཀློག་པའི་སྣང་བ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བྱུང་། ནག་པ་ཟླ་བའི་ཡར་ཚེས་ལ་གནས་ཆེན་ཟླ་གམ་དབང་ཕུག་གི་མདུན་ངོས་དིའུ་མགོའི་གཞིས་ཀར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་བའི་སྨན་སྒྲུབ་ལེགས་པར་མཛད།༢༦ སྔ་ཕྱིའི་སྒྲུབ་པ་འདི་གཉིས་དོན་ལ་གཏེར་སྒྲུབ་ཀྱང་ཡིན་པས། སྒྲུབ་པ་ཕྱི་མ་ཟིན་འཕྲལ་རྡོ་རྗེའི་ལུང་གིས་བསྐུལ་ཏེ་གནས་ཆེན་པདྨ་ཤེལ་རིར་ཕེབས་པས། ཚེས་བརྒྱད་ནུབ་མོ་རྗེ་ཉིད་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་བྱོན་ནས་ཨོ་རྒྱན་རིན་པོ་ཆེ་རིག་འཛིན་གྱི་ཚོགས་དང་བཅས་པས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་ཅིང་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་བསྩལ་པའི་དག་སྣང་རྒྱ་ཆེར་འཁྲུངས། ཟླ་བ་དེའི་མར་ངོར་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་འདུས་པ་མདོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་༢༧དང་། སྣྲོན་ཟླ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཚེས་བཅུ་དང་བཀའ་བརྒྱད་སྒྲུབ་ཆེན།༢༨ ཆུ་སྟོད་ཟླ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་དང་བར་ཆད་ཀུན་སེལ་ཟུང་དུ་འབྲེལ་བའི་སྒྲུབ་པ་ཆེན་པོའི་ཁོངས་སུ་ཞལ་གདམས་སྙིང་བྱང་། ལས་ཇི་སྐད་གསུངས་པའི་སྒྲུབ་པ་ལས་སྦྱོར་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲུབ་ཆེན་ཤིན་ཏུ་རྒྱས་པ་ངོ་མཚར་ཅན་མཛད།༢༩ སྤྱིར་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་བོད་ཁམས་བདེ་ཐབས་ཆོས་བཅུའི་རྟེན་འབྲེལ་བཟང་པོའི་སྐོར་མདོ་ཙམ་གཏན་ལ་ཕབ་གྲུབ་རྗེས། ཀཿཐོག་རྫོགས་ཆེན་དཔལ་སྤུངས་རྣམས་སུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མཆོད་པ་རྒྱས་པ་དང་འབྲེལ་བར། རབ་བྱུང་གིས་མདོ་མཆོད་དང་ཆོས་འཆད། སྔགས་སྡེས་སྒྲུབ་མཆོད་རྡོ་རྗེའི་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས། གྲོ་བཞིན་ཟླ་བའི་ཤེར་ཕྱོགས་སུ་རྡོ་ནང་དུ་ཡང་ཕུར་གྱི་སྒྲུབ་ཆེན་༣༠བཅས་མཛད། བཞི་བཅུ་པར་འོག་མིན་དཔལ་གྱི་མཚུར་ཕུར་ཡང་ཕུར་སྒྲུབ་ཆེན་གར་འཆམ་སོགས་མཐའ་ཡས་སུ་གནང་།༣༡ དགུང་གྲངས་ཞེ་གཅིག་པ་ས་སྦྲུལ་ལོར་དབུས་ནས་ཕྱིར་ཕེབས་འཕྲལ་གནས་བསྟན་སྒང་དུ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ། ཕུར་པ། ཚེ་སྒྲུབ་རྣམས་བཀའ་གཏེར་གཉིས་ལྡན་དང་། མ་མོ་གཏེར་མ་བཅས་དཀྱིལ་འཁོར་ཆེན་པོ་དེ་རྣམས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཚུལ་བཞིན་དུ་མཛད་ཅིང་།༣༢ ད་ལྟའང་རྒྱུན་གོང་འཕེལ་དུ་བཞུགས། དབྱར་དགེ་རྒྱལ་དུ་ཐུགས་སྒྲུབ་དང་སྒྱུ་འཕྲུལ་རྩ་འཆམས་དང་བཅས་རྒྱས་པར་གནང་།༣༣ དེའང་གོང་སྨྲོས་ལྟར་རི་བོ་དབང་ཞུར་ཐུགས་སྒྲུབ་ཀྱི་སྒྲུབ་པ་དང་། པདྨ་ཤེལ་ཕུག་ཏུ་སྔ་ཕྱིར་སྨན་སྒྲུབ་སོགས་སྐབས་འགའ་རེར་འདུས་པ་ཉུང་བས་སྤྲོས་བཅས་ཀྱི་ཕྱག་བཞེས་རྒྱ་ཆེར་མ་གྲུབ་ཀྱང་ཆོ་གའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་ཞིང་། བྱིན་རླབས་ཀྱི་ཟིལ་དང་ལྡན་པས་ན་དོན་གྱིས་སྒྲུབ་པ་ཆེན་པོ་ཁོ་ན་ཡིན། གཞན་དུ་རྗེ་ཉིད་སྐུ་རྐྱང་གིས་སྒྲུབ་པ་མཛད་ཚུལ་རགས་རིམ་ཙམ་ལ། སྐུ་གཞོན་དུས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་དང་། འབྲི་གུང་པའི་ཡང་ཟབ་ཚེ་སྒྲུབ་སོགས་ལན་མང་དུ་མཛད། ཕྱིས་དཔལ་སྤུངས་སུ་ཕེབས་ནས་བླ་མ་གསང་སྔགས་བསྟན་འཛིན་ལས་ཕྱག་ལེན་བཞེས་ཏེ་རཏྣའི་བླ་མ་ཞི་བའི་སྐུ་གསུམ་སྒྲུབ་པ་ཚད་ལྡན་དང་། གུར་དྲག །ཕུར་པ་བཅས་ཀྱི་བསྙེན་པ། དམ་པའི་ལུགས་ཀྱི་འཇམ་དབྱངས་སྨྲ་བའི་སེངྒེ་བསྙེན་སྒྲུབ་ལས་གསུམ་གནད་སྨིན། ཀླུ་དབང་རྒྱལ་པོ་དང་། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བསྙེན་པ་ལས་རུང་། སྔ་ཕྱི་ཅི་རིགས་པར་ཉང་གཏེར་བཀའ་བརྒྱད་དང་། ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས། སྨིན་གླིང་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་ཀྱི་བསྙེན་སྒྲུབ། ཁྱད་པར་དགུང་གྲངས་ཉེར་བརྒྱད་པ་མེ་འབྲུག་ལོར་ཟབ་བདུན་གཏེར་ཤོག་ཕབ་གྲུབ་འཕྲལ། གནས་ཆེན་ཁྱད་པར་ཅན་རྣམས་སུ་བྱོན་ནས་སོ་སོའི་གཏེར་སྒྲུབ་རྟགས་ཐོན། དགུང་གྲངས་སོ་གཅིག་པ་ས་མོ་ལུག་ལོའི་དགུན་སྨད་ནས་གཟུང་འོག་མིན་ཀརྨའི་སྒྲུབ་ཁང་དུ་ལོ་གསུམ་གྱི་བར་གཙོ་བོར་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་གནད་སྨིན་མཛད་ཅིང་། གཞན་ཡང་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སོགས་ཉིད་ཀྱི་གཏེར་ཁ་ཕལ་ཆེར་གྱི་གཏེར་སྒྲུབ་རྒྱས་བསྡུས་ཅི་རིགས་སུ་གནང་། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེའི་བསྙེན་སྒྲུབ་མཛད་སྐབས་ཉམས་འབར་ནས་རྡོར་དྲིལ་ནམ་མཁར་བཞག་པའི་ལོ་རྒྱུས་དང་། སྔ་ཕྱིར་ཀར་ལུགས་སྒྲོལ་དཀར་དང་། འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་སྒྲུབ་མཛད་པས་རྟགས་མཚན་དགེ་བར་ཐོབ་ཚུལ་གསུང་འཕྲོས་སུ་བསྩལ་ཏོ། །དེ་ལྟ་བུའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལ་བརྟེན་ནས་འཇིག་རྟེན་དབང་ཕྱུག་དགྱེས་པའི་ཕོ་བྲང་སྟོད་ལུང་མཚུར་ཕུའི་ཆོས་གྲྭར་ཡང་ཕུར་གྱི་སྒྲུབ་ཆེན་ཚད་ལྡན་རྩ་འཆམ་འབྲིང་པོ་དང་བཅས་པ། ཟུར་མང་རྡོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་ཐོག་མར་སྨད་ལས་གཙོ་བོར་བཏོན་པའི་བསྒྲལ་འཆམ་དང་། ཕྱིས་ནོར་བུ་གླིང་དུ་ས་འདུལ་མཛད་སྐབས་རྩ་འཆམ་རྒྱས་པར་གནང་བ་ལྟར་གྱི་རྒྱུན། རྒྱམ་གཞུང་བླ་བྲོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་འཆམ་བཅས་དེ་མཚུངས་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་མཆོད་དང་། མཎྜལ་བཞི་པའི་ཆོ་ག་བཅས་རྣམས་ཀྱི་རྒྱུན་ལེགས་པར་ཚུགས། དཔལ་རི་བོ་ཆེའི་ཡང་དགོན་བླ་བྲང་དུ་རྒྱལ་ཆེན་རྣམ་སྲས་ཀྱི་སྒྲུབ་ཁང་དང་སྒྲུབ་རྒྱུན། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དུ་རྣམ་སྲས་ཀྱི་མགོན་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། བཀའ་སྲུང་རྣམ་སྲས་བཅས་རྒྱུན་གསུངས། ཁྱད་པར་ཡང་ཁྲོད་དེ་ཝཱི་ཀོ་ཊའི་སྒྲུབ་སྡེ་ཆེན་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྒྲུབ་པ་པོ་རྣམས་ཀྱིས་གསང་ཐིག་སྙིང་པོའི་ཉམས་བཞེས་རྒྱུན་ཆགས་དང་། ཆོས་སྲུང་གི་གཙོ་བོ་གཏེར་མགོན་ཕྱག་དྲུག་པ་ལ་མཛད་པའི་མཚོན་ཕྱོགས་དེའི་མགོན་ཁང་དུ་གཏེར་གསར་གྱི་ཡི་དམ་ཆོས་སྲུང་ཕལ་མོ་ཆེའི་སྒྲུབ་པ་རྒྱུན་མི་འཆད་པར་ཚུགས་པས་བསྟན་འགྲོའི་སྨན་ཡོན་ཆེན་པོར་གྱུར། འཛི་སྒར་དུ་ཐུགས་སྒྲུབ་ལྷ་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་རྒྱུན་བར་མ་ཆད་པར་གནང་བ་སོགས་དང་། གཞན་ཡང་ཀུན་མཁྱེན་འབྲུག་པའི་གདན་ས་གསང་སྔགས་ཆོས་གླིང་དུ་ཟབ་བདུན་གཤིན་རྗེའི་སྒྲུབ་རྒྱུན་བཙུགས་བཞེད་དང་། ཟུར་མང་རྣམ་རྒྱལ་རྩེར་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཁྱད་འཕགས་གནང་ཞིང་ཚེས་བཅུ་ཆེན་མོའི་ཕྱག་བཞེས་ཚུགས་དགོས་པའི་བཀའ་བསྩལ་པ། སྤྲུལ་སྐུ་མཆེད་ནས་ཀྱང་ཞལ་གྱིས་བཞེས་པ་དོན་སྨིན་དུ་འགྱུར་བ་གཞིར་བཅས་པའི་མཚོན་འབྱུང་འགྱུར་གྱི་ཕྲིན་ལས་མཐའ་རྒྱས་སུ་གྱུར་ཅིང་། ལྷག་པར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་ཕྱོགས་གང་དུའང་དར་རྒྱས་ཆེ་བ་དང་། དེས་མཚོན་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། ཡང་ཕུར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སོགས་ཀྱང་ཉམས་བཞེས་མཛད་པ་མང་ངོ་། །རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་སོགས་བླ་སློབ་ཟུང་དུ་བྲེལ་བའི་ཆོས་བདག་གི་ཁྱུ་མཆོག་ཆེན་པོ་རྣམས་ནས་བཟུང་། ལུགས་གཉིས་བྱ་བས་རིང་དུ་བཏང་བའི་བླུན་པོ་ཁོ་བོས་མཐའ་རྟེན་པ་རྣམས་ཀྱིས་ཀྱང་དབང་ལུང་ཁྲིད་གསུམ་འཆད་སྤེལ་དང་། སྒྲུབ་ཆེན་སྒྲུབ་ཕྲན། སྐུ་ཚབ་གཉིས་པ་དང་། དམ་རྫས་མྱོང་གྲོལ་གྱི་རྒྱུན་སོགས་རྒྱ་ཆེར་སྤེལ་བའི་ཕྲིན་ལས་ཞབས་འདེགས་རྩེ་གཅིག་ཏུ་ཞུས་ཤིང་། དེའི་ནང་ནས་ཀྱང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་ནས་རབ་བྱུང་བཅུ་བཞི་པ་ཤིང་ཕོ་འབྲུག་གི་ལོའི་སྔ་ཕྱིར་ཟབ་བདུན་སོགས་ཆོས་ཀྱི་བདུད་རྩི་བཞེས་འཕྲལ། ཤིང་སྦྲུལ་བོད་དུ་ཕེབས་སྐབས་ཀར་འབྲུག་ཡབ་སྲས་དང་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་ལ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། གནམ་བསྐོས་དགའ་ལྡན་ཕོ་བྲང་པས་མཐུན་རྐྱེན་ཞབས་འདེགས་ཕུལ་དུ་ཕྱིན་པ་གནང་བའི་བདག་པོའི་རྐྱེན་ལ་བརྟེན་ནས་ཆོས་འཁོར་གསུམ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབེན་གནས་རྣམས་སུ་ཐུགས་སྒྲུབ་དང་། ཟབ་བདུན་སྐོར་གྱི་བསྙེན་སྒྲུབ་ཕྲིན་ལས་རྒྱ་ཆེར་བཀའ་དྲིན་བསྐྱངས་པས་བོད་ཁམས་བསྟན་འགྲོའི་ཕན་བདེ་གོང་དུ་སྤེལ། ཤེལ་བྲག་ཏུ་བདུད་རྩིའི་སྒྲུབ་ཆེན་ཁྱད་འཕགས་མཛད་པས་མཚོན། ཚུལ་དེའི་རྟོགས་པ་བརྗོད་པའི་གཏམ་ཟབ་རྒྱས་སྙན་འགྱུར་གྱི་ཡན་ལག་འབུམ་དང་ལྡན་པའི་ལེགས་བཤད་སྐལ་བཟང་མཁས་པ་རྣམས་ཀྱི་རྣ་བའི་བཅུད་ལེན་དུ་བསྩལ་པ་ལས་ཤེས་ཤིང་། འཆི་མེད་གཡའ་མ་ལུང་དུ་རྩ་གསུམ་ཚེ་དཀར་གྱི་སྒྲུབ་རྒྱུན་ལེགས་པར་ཚུགས་པ་ད་ལྟའི་བར་དུའང་གོང་འཕེལ་དུ་གནས། ཐུགས་སྒྲུབ་རྣམ་གཉིས་ཀྱི་དབང་ཆོག་ཆེན་པོ་སོགས་གུ་རུའི་བཀའ་དངོས་དང་ཁྱད་པར་མེད་པའི་བསྟན་བཅོས་ཀྱི་ནོར་བུའི་སྒྲོན་མེ་ཆེས་ཆེར་སྦར་བས་རྗེས་འཇུག་བློ་ལྡན་རྣམས་ཀྱི་བལྟ་བའི་མིག་ཏུ་གྱུར། རྗེ་ཉིད་དང་གཞན་ལའང་ཡོན་སྦྱར་ཏེ་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་སྒྲུབ་པ་གནད་སྨིན་དུ་མཛད་པ་སོགས་གཏེར་གསར་སྐོར་གྱི་སྒྲུབ་པ་ཉམས་བཞེས་ཀྱང་ཕུལ་དུ་ཕྱིན་པ་གནང་བ་སྟེ། སྤྱིར་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འདི་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་སེངྒེ་དང་། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་སཾ་བྷ་ཝ་ཐུགས་སྲས་དང་བཅས་པས་ཡང་ནས་ཡང་དུ་བསྔགས་ཤིང་ལུང་བསྟན་པས་མཁས་གྲུབ་ཏུ་རློམ་པ་གཞན་སུས་ཀྱང་འགྲན་བྱར་མ་གྱུར། འགྲན་པར་རློམ་ནའང་མེ་ཁྱེར་གྱིས་ཉི་མའི་འོད་ལ་འགྲན་པ་དང་ཆོས་མཚུངས། ལུང་བསྟན་ཡང་ཕྱག་རྗེས་མེད་པའི་མི་ཆེན་བླ་དཔོན་རི་མོའི་སྒྲོན་མེ་ལྟ་བུ་མ་ཡིན་པར་ལུང་བསྟན་དོན་དང་ལྡན་པས་སྤྱིར་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་རབ་འབྱམས། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་རྒྱས་ཀྱི་མཛོད་མཐའ་དག །དེ་ལས་ཀྱང་མཆོག་གཏེར་ཆེན་པོ་འདི་ཉིད་ཀྱི་བསྟན་པའི་སྒྲོན་མེ་བཤད་སྒྲུབ་རྩོམ་གསུམ་གྱི་སྒོ་ནས་རྒྱ་ཆེ་རྒྱུན་མི་འཆད་དུ་སྦར་པའི་ངོ་མཚར་གྱི་ཆ་ཤས་རེ་རེའང་། དེང་སང་འབྲེལ་པ་ཐོབ་ཆོག་ཏུ་གྲགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་སངས་རྒྱས་ལྟ་བུ་རྣམས་དང་། འདུལ་འཛིན་དང་མཁས་པ་ཡ་མེད་ཀྱི་སྙེམས་འཆང་བ་ཚངས་པ་ཆེན་པོ་ལྟ་བུ་རྣམས་དང་། གཏེར་སྟོན་དང་གྲུབ་ཐོབ་ཀྱི་འུར་གོག་ཆེན་པོ་གླང་པོ་ཆེ་སྨྱོན་པ་གཡུལ་དུ་ཞུགས་པ་ལྟ་བུ་རྣམས་དང་། བྱ་བཏང་རྟོགས་ལྡན་སེངྒེ་སྲབ་མེད་གནམ་ལ་འཕྱོ་བ་ལྟ་བུ་སུས་ཀྱང་བསྒྲུན་དུ་མེད་པ་ནི་ཕྲག་དོག་དང་ཕྱོགས་ལྷུང་ཅན་རྣམས་ཀྱིས་ག་ལ་ཤེས་ཀྱང་། བློ་གྲོས་གཟུ་བོར་གནས་པ་དག་གིས་ལེགས་པར་དཔྱད་ན་ཤེས་ཤིང་། ད་ལྟ་དེ་ཙམ་དུ་མི་མཐོང་ཡང་མ་འོངས་པའི་དུས་ན་དམ་པའི་རྣམ་ཐར་གྱི་གཏམ་ལྷག་པར་སྙན་ཞིང་རྒྱས་པར་འགྱུར་བ་ནི་ཆོས་ཉིད་དོ། །ངོ་མཚར་བའི་གཏམ་བཅུ་པའི་སྐབས། གཤེགས་དུས་ཀྱི་ལོ་ཟླ་དུས་ཚིགས་ངོ་མཚར་བའི་ལྟས། གཤེགས་རྗེས་ཀྱི་དགོངས་རྫོགས་མཆོད་སྡོང་གི་བར་ཞིབ་པར་བཀོད། ཁྱད་པར་ཟླ་དུས་མཚུར་ལུགས་གྲུབ་རྩིས་ཀྱི་དབང་དུ་བྱས་ན་ཟླ་བ་ལྔ་པའི་ཚེས་གཅིག་ལ་གཤེགས་པ་འདྲའང་། ཕུག་ལུགས་ཟླ་ཤོལ་འདོན་ལུགས་ལྟར་ས་ག་ཟླ་བའི་ཚེས་གཅིག་ཡིན་སྣང་བས་དུས་མཆོད་སོགས་ལ་དེ་ལྟར་ལེགས་སྙམ། དེ་ལྟར་རང་གིས་ཤེས་ཚོད་རགས་པ་ས་བོན་ཙམ་བྲིས་པ་ཡིན་ཀྱང་། ད་དུང་ལོ་ཟླ་དུས་ཚིགས་ནོར་བ་ཡོད་མེད་ཀྱི་མཚོན། རྒྱུས་ཅན་རྫུན་མི་ཟེར་བ་རྣམས་ལ་ཡང་ཡང་དྲིས་ཤིང་དཔྱད་པ་གལ་ཆེ་སྟེ། བླ་མའི་རྣམ་ཐར་གྱི་དོན་ཐ་སྙད་གང་ལའང་སྒྲོ་སྐུར་མེད་པ་དྲང་པོ་ཁོ་ན་འགོད་དགོས་པས་སོ། ༈ །ཐ་མར་དགེ་བའི་སྐབས། སྤྱིར་སྐུ་སྐྱེ་བ་ཕྱི་མ་གཏེར་ལུང་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔས་བོད་འདིར་འགྲོ་དོན་མཛད་ཚུལ་སོགས། འཕགས་པ་ས་ཐོབ་པའི་རྣམ་ཐར་སོ་སྐྱེའི་བློས་མཐའ་གཅིག་ཏུ་གཞལ་བ་ནི་ནམ་མཁའ་མཐའ་དག་ཁབ་མིག་ཏུ་འཛུད་པར་རློམ་པ་དང་འདྲ་ནའང་། སྐབས་འདིར་རྗེ་བཙུན་བླ་མ་ཉིད་ཀྱི་ཞལ་བཞེས་སྔ་ཕྱིར་རྡོ་རྗེའི་གསུང་འཁྲུལ་མེད་དུ་བསྩལ་པ་སྒྲོ་སྐུར་བྲལ་བ་རྣམས་གཞིར་བཞག །སྐུ་གསུམ་རིགས་འདུས་སྙིང་ཏིག་སོགས་དང་སྦྱར་ནས་པདྨས་ཁེབས་པའི་ཞིང་གི་སྨོན་ལམ་འཇམ་མགོན་བླ་མའི་རྡོ་རྗེའི་གསུང་ལས་བསྩལ་པ་ལྟར་འགྱུར་བར་ཤེས་པར་བྱའོ། །སྤྱིར་རྣམ་ཐར་ལའང་དྲང་ངེས་ཕྱི་ནང་གསང་བ་སོགས་བརྩམ་ཚུལ་མི་འདྲ་བ་མཐའ་ཡས་ཀྱང་། སྐབས་འདིར་དུས་གསུམ་གྱི་རྣམ་ཐར་སྐོར་བདུན་བྱུང་ན་ལེགས་ཤིང་རྣམ་པ་གསལ་བས། སྐུ་སྐྱེ་བ་རྣམས་ཀྱི་རྟོགས་བརྗོད་སྐྱེས་རབས་ཀྱི་རྣམ་ཐར་གཏེར་ལུང་དང་སྦྱར་བ།༡ ད་ལྟའི་སྐུ་ཚེ་འདིའི་ཐུན་མོང་སྤྱིའི་རྣམ་ཐར་༢འདི་ནི་བཀྲ་ཤིས་དབྱངས་ཀྱི་ཡན་ལག་རྒྱ་མཚོར་མཚན་གསོལ་བ་སྟེ། ཐུན་མོང་དང་ཁྱད་པར་གྱི་ཟླས་ཕྱེ་བ་མ་ཡིན་པར་ཕྱིའི་རྣམ་ཐར་གཙོ་བོར་བཏོན་ནས་ནང་དང་གསང་བ་ཡང་གསང་གི་རྣམ་ཐར་ཐམས་ཅད་ཀྱང་མཚོན་པས་སྤྱི་དང་བྱེ་བྲག་གི་ཟླས་ཕྱེ་བའི་སྤྱིའི་ཐུན་མོང་ཡིན་ནོ། །དེ་ལས་འཕྲོས་ཏེ་ཕྱི་འབྱོན་བཞུགས་ལམ་ཡིག་གི་རྣམ་ཐར་༣སྤྱི་དང་། བྱེ་བྲག་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་ལུང་གི་རྗེས་སུ་འབྲངས་ཏེ། བཤད་པའི་རྟེན་འབྲེལ་དུ་མདོ་སྔགས་ཀྱི་བཤད་པ། སྒྲུབ་པའི་རྟེན་འབྲེལ་དུ་སྒྲུབ་གནས་ཆེན་པོ་རྣམས་ལ་རྡོ་རྗེའི་བྱིན་འབེབ་དང་། ཚོམ་བུ་ཚོགས་སྒྲུབ། ཕྲིན་ལས་ཀྱི་རྟེན་འབྲེལ་དུ་སྔར་མ་གྲགས་པའི་རྡོ་རྗེའི་ཚོགས་གར། དེ་ཐམས་ཅད་ཐུན་མོང་དུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་ཆེན་པོ་སོ་སོའང་མཛད་པའི་ཆ་ཤས་ཆེ་བ་རེ་སྣང་། ནང་བཀའ་བབས་བདུན་ལྡན་གཏེར་བྱུང་གི་རྣམ་ཐར་༤སྤྱི་དང་།་་་རྗེ་ཉིད་ཀྱི་ཕྱག་ཐམ་ཆེན་མོར་བཀའ་གཏེར་སྤྱི་ཁྱབ་ཀྱི་བླ་མ་ཞེས་འགོད་པའང་དོན་འདི་ལས་བརྩམ་པ་སྟེ་རྒྱ་ཆེར་བཤད་དུ་ཡོད་དོ། །བྱེ་བྲག་གཏེར་རྫས་མཐོང་གྲོལ་དང་མྱོང་གྲོལ་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་གཏམ། རྡོ་རྗེའི་གནས་ཆེན་རབ་འབྱམས་ཀྱི་སྒོ་འཕར་དངོས་དང་བརྒྱུད་ནས་ཕྱེས་པའི་གཏམ། གསང་བ་དག་པའི་གཟིགས་སྣང་རབ་འབྱམས་ཀྱི་རྣམ་ཐར།༥ དེ་ཁོ་ན་ཉིད་ཉམས་རྟོགས་མཆོག་གི་རྣམ་ཐར།༦ དེའི་ཡན་ལག་ཏུ་གཏུམ་མོ་རས་འབུད་ཀྱི་ཆེ་བ་བཏོན་པའི་གཏམ། སྐུ་སྐྱེ་བ་ཕྱི་མའི་སྤྲུལ་གཞི་དང་སྤྲུལ་པ་རྒྱ་མཚོའི་རྣམ་ཐར་༧བཅས་པ། དེ་དག་ཀྱང་དགེ་བའི་བཤེས་གཉེན་ཆེན་པོ་ནས་ལུང་རིགས་ཀྱི་ལམ་ནས་དྲངས། ལོ་ཙཱ་བ་མཁས་པས་སྙན་ངག་གི་དབྱངས་སུ་བསྡེབས། བློ་གསལ་བ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་འཁོར་ལོས་བསྔགས། ཉམས་རྟོགས་ཅན་རྣམས་ཀྱིས་ས་ལམ་གྱི་འགྱུར་བ་བརྩིས་ཏེ་བཤད། ཅིའང་མི་ཤེས་པ་བདག་ལྟ་བུས་ཀྱང་གང་མཐོང་གང་ཐོས་སྒྲོ་སྐུར་མེད་པར་ཡི་གེའི་དུམ་བུ་གྱུ་རུ་ལུགས་སུ་བྲིས་པ་སོགས། མདོར་ན་དམ་པའི་རྣམ་ཐར་རྒྱ་ཆེར་བསྒྲགས་པས་རང་གཞན་གྱི་རྒྱུད་ལ་ཕན་བདེའི་ས་བོན་བཟང་པོ་འཇོག་པ་དང་། བཤད་སྒྲུབ་ཕྲིན་ལས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་རྒྱས་པའི་རྟེན་འབྱུང་གི་སྒོ་འཕར་རྒྱ་ཆེར་འཕེལ་ཞིང་རྒྱས་པར་བྱའོ། །ཞེས་པའང་སྡོམ་བརྩོན་སྡེ་སྣོད་དང་རྒྱུད་སྡེ་འཛིན་པ་ཆེན་པོ་ཐུབ་བསྟན་ཨེ་ཝཾ་ཆོས་སྒར་གྱི་ཉེ་བར་ལུང་འབོགས་པ་པོ་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས། དོན་གཉེར་ཆེན་པོས་དྲིས་ཤིང་བསྐུལ་པ་ལྟར་བྱ་བྲལ་སྤོང་བ་པའི་གཟུགས་བརྙན་ཆུང་ངུ་མཉྫུ་གྷོ་ཥས་་་༼ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ།༽རང་གིས་ཐོས་ཚོད་ཤེས་ཚོད་སྒྲོ་སྐུར་མེད་པར་ས་བོན་ཙམ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱཎཾ་བྷ་ཝ་ཏུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).