Terdzo-MI-044

From Rinchen Terdzö
Revision as of 02:33, 30 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
(diff) ← Older revision | Latest revision (diff) | Newer revision → (diff)

ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་

klong gsal mkha' 'gro snying thig gi cha lag drag po lha gsum gyi dbang bskur snying por dril ba gdon bgegs dpung 'joms

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  པདྨ་བདེ་ཆེན་གླིང་པ་ (Pema Dechen Lingpa)
in cycle  ཀློང་གསལ་མཁའ་འགྲོ་སྙིང་ཐིག་ (Klong gsal mkha' 'gro snying thig)
Volume 46 (མི) / Pages 605-627 / Folios 1a1 to 12a6

[edit]

༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཏྲི་དེ་བ་ཀྲོ་དྷཱ་ཡ། སྟར་ཚན་དབལ་ལ་སྦྲང་བུས་རེག་པ་བཞིན། །སྙིང་རྗེ་ཁྲོས་པའི་གཟི་བྱིན་འབར་བ་ཆེས། །བགེགས་དཔུང་ཐལ་བར་བྱེད་པའི་ཧེ་རུ་ཀར། །གུས་བཏུད་འཕྲལ་ཡུན་བར་ཆད་དབྱིངས་སུ་སོལ། །འབྱུང་གདོན་སྦྲུལ་གྱིས་ཟིན་པའི་དུག །མཐུ་བྱིན་དྲི་ངད་ཕོག་ཙམ་གྱིས། །སེལ་བྱེད་ཐབས་མཆོག་མ་གི་ཏ། །ཀུན་ལས་ཁྱད་པར་འཕགས་འདི་འོ། །དྲག་པོ་རྟ་ཕྱག་ཁྱུང་གསུམ་གཅིག་དྲིལ་གྱི་དབང་བསྐུར་བ་ལ། སྦྱོར་བ་བཅས་བཤམ་གྱི་རིམ་པ་ནི། སྟེགས་བུའི་སྟེང་དུ་གཏེར་གཞུང་ལས་བྱང་གི་དབུར་འབྱུང་བ་ལྟར་བྲིས་པའི་དཀྱིལ་འཁོར་ཡོད་ན་བཀྲམ། མ་འབྱོར་ན་ཆང་ཁྲག་དྲི་བཟང་གིས་བྱུགས་པའི་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཅུ་བཀོད་པའི་སྟེང་དུ་མཉྫི་ལ་ཟངས་བུམ་ཆུ་ཆང་འོ་མ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཀོད་པའི་གཡོན་དུ་ལས་བུམ་མགུལ་ཆིངས་ལྗང་གུ་ཅན་བཞག །ཤར་དུ་གཙོ་འཁོར་ཡོངས་རྫོགས་ཀྱི་ཙཀླི། ལྷོ་རུ་ཟངས་ལྕགས་སྣོད་དུ་སྤོད་བུར་སྦྲང་གིས་སྦྲུས་པའི་ཟན་ལ་དཔལ་གཏོར་ཟུར་གསུམ་མཐེབ་ཀྱུས་བསྐོར་ཞིང་རྡོ་རྗེ་མེ་རིའི་རྒྱན་ལྡན་ཁྱུང་ཙག་དར་གདུགས་ནག་པོ་ཅན། ནུབ་ཏུ་ཐོད་པ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དང་། ཚེ་འབྲང་ཚེ་ཆང། བཀའ་གཏད་བྱེད་ན་སྒྲུབ་ཡིག་ཕྲེང་བ་སོགས། བྱང་དུ་ཕྱག་མཚན་རྡོ་རྗེ་རལ་གྲི་ལྕགས་ཀྱུ་མེ་ཕུང་། དུར་ཁྲོད་ཆས་བརྒྱད་གཅིག་བསྡུས་ཀྱི་ཙཀླི། མདུན་དུ་སྨན་རག་གཏོར་གསུམ། སྲུང་མའི་གཏོར་མ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཞན་ཡང་ཕྲིན་ལས་ལ་དགོས་པའི་སྔོན་གཏོར་གསུམ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང་། མིག་དར་མེ་ཏོག་རྣམས་ཀྱང་འདུ་བྱའོ། །དངོས་གཞིའི་ཐོག་མར་བདག་མདུན་སྒྲུབ་མཆོད་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་གཏེར་གཞུང་ལས་བྱང་ལྟར་ལ། དཀར་གཏོར། དམར་གཏོར། བགེགས་གཏོར་རྣམས་འཇའ་ཚོན་ལུགས་ལྟར་བྱས་ན་འཐུས་ཤིང་། བཀའ་བསྒོ་མཚམས་གཅོད་ནས་མཐར་ཆགས་སུ་གཏང་། བདག་མདུན་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ། བཟླས་པའི་མགོར་ཛཔ྄་ཁང་ཕྱེས་ལ་སོ་སོར་སྤྲོ་བསྡུའི་དམིགས་པ་བཅས་སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་བརྩིས་ལ་ཅི་འགྲུབ་བཟླ། བུམ་པ་རང་བྱུང་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་སོགས་བརྗོད་པས་གསལ་བཏབ་སྟེ་གཟུངས་ཐག་འཐེན་ལ་བཟླས་པ་བྱ། མཐར་སྟོང་ཚིགས་མཆོད་བསྟོད་འབུལ། ལས་བུམ་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་གྱུར་གཞལ་ཡས་ཁང་དབུས་སུ༔ ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ༔ མཐིང་ནག་རྒྱ་གྲམ་སྡིགས་མཛུབ་རྩེར༔ མེ་འབར་དེ་ཡི་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བསྐོར་བཟླས་པས་རྒྱུད་བསྐུལ་གྱུར༔ ཅེས་སྔགས་བརྒྱ་རྩ་ཙམ་བཟླ། ལྷ་ཉིད་འོད་ཞུ་ཉེས་སྒྲིབ་ཀུན། །དག་བྱེད་ཡེ་ཤེས་བདུད་རྩིར་གྱུར། །ཅེས་མོས། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་སྐོང་བ་ཡན་ཆད་གྲུབ་ནས། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དབང་བསྐུར་བ་ལ་ཐོག་མར་སྒོའི་ཕྱི་རོལ་དུ་སློབ་མ་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་སྲུང་འཁོར་ལས་བྱང་ལྟར། གྲལ་དུ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཀྱི་ཁྱད་པར། དེ་འང་རྩ་བ་རྡོ་རྗེའི་གསུང་ལས། ད་ལྟ་འཛམ་གླིང་ལྷ་འདྲེ་གདུག་པ་ཅན༔ འདུལ་བའི་ལྷ་གཅིག་པདྨ་ཐོད་ཕྲེང་ངས༔ མ་འོངས་སྙིགས་མ་ལྔ་བརྒྱའི་དུས་ཀྱི་མཐར༔ མི་རྣམས་ལོག་སྤྱོད་སྣ་ཚོགས་རྐྱེན་དག་གིས༔ ལྷ་འདྲེ་ཀུན་འཁྲུགས་མི་ཕྱུགས་སྲོག་ལ་འཁུ༔ མི་རུང་སྣ་དགུ་ནད་རིགས་རླུང་ལྟར་འཚུབས༔ ཤིན་ཏུ་མི་བཟད་ཉོན་མོངས་ཉམ་ཐག་ཚེ༔ མ་རུངས་ལྷ་འདྲེ་གདུག་པ་གང་ཡང་རུང༔ ཀུན་འདུལ་གཅིག་ཆོག་དྲག་པོའི་ལྷ་གསུམ་གྱི༔ སྒྲུབ་ཐབས་ཟབ་མོ་སྙིང་ཁྲག་དྭངས་འདི་བཀོད༔ ཅེས་གསུངས་པ་ལྟར་དེང་སང་སྙིགས་མ་ལྔ་བདོ་བའི་སྐབས་འདིར་མི་ཐམས་ཅད་ཉོན་མོངས་པ་ཤིན་ཏུ་རགས་པས་ཚུལ་མ་ཡིན་པའི་བསམ་སྦྱོར་མི་རུང་སྣ་དགུ་སྤྱོད་ཅིང་མི་ཐུབ་ལྔ་པོ་ཤིན་ཏུ་འཕེལ་བའི་རྐྱེན་གྱིས་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོང་བ་ཐམས་ཅད་རྒྱུད་འཁྲུགས། ནག་ཕྱོགས་འབྱུང་པོ་ཐམས་ཅད་ཁ་རྒྱལ་ནས་ནད་གདོན་དྲག་པོས་སྲོག་ལ་ཧུར་ཐུམས་འབེབས་ཤིང་མི་ཕྱུགས་ཐམས་ཅད་དམྱལ་ཐག་གཅོད་པའི་དུས་འདི་ལྟ་བུར་ཡང་། སྤྱིར་རྒྱལ་བ་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་མི་འཛད་པ་དང་། ཁྱད་པར་སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་སྙིགས་མའི་དུས་སུ་རྒྱལ་བ་གཞན་ལས་ཐུགས་རྗེའི་མཐུ་ལྷག་པར་མྱུར་བས། ཇི་སྐད་དུ། པདྨ་ང་ཉིད་ངོ་བོ་ལས༔ གང་འདུལ་རྟ་ཕྱག་ཁྱུང་གསུམ་ཤར༔ ཅེས་གསུངས་པ་ལྟར་གདུག་ཅིང་རྩུབ་པའི་སྡེ་བརྒྱད་སྤྱི་དང་བྱེ་བྲག་གཟའ་ཀླུ་རྒྱལ་བསེན་གྱི་གཉེན་པོར། སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་གྱི་མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་ཏུ་དྲིལ་ནས་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་སྐུར་བསྟན་པ་གཉེན་པོ་ལྷ་གསུམ་དུ་གྲགས་པ་ཉིད་སོ་སོར་སྒྲུབ་པ་དང་། གཅིག་དྲིལ་དུ་སྒྲུབ་པའི་གདམས་ངག་ལས་ཚོགས་མང་པོ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པ་ལས། འདིར་གཞུང་ལས། སྐྱབས་གཅིག་འགྲོ་མང་འདུལ་མཛད་པད་འབྱུང་ངས༔ འབད་པ་དུ་མས་མང་དུ་གཏེར་སྦས་ཀྱང༔ ཐུགས་བཅུད་ཡང་ཞུན་སྙིང་ཁྲག་དྭངས་མ་ལྟར༔ ཟབ་པའི་ནང་ནས་ཡང་ཟབ་འདི་ལས་མེད༔ ད་ལྟའི་སྙིང་གི་བུ་མཆོག་བཻ་རོའི་སྐལ༔ མ་འོངས་སྙིགས་མའི་འགྲོ་ལ་ཕན་ཕྱིར་བཀོད༔ སུ་ལ་མེད་པའི་ས་སྟེང་དཀོན་པའི་ཆོས༔ སྟོབས་ཆེ་བློ་རིག་རྣོ་བའི་མི་སུས་ཀྱང༔ རྟ་རྨིག་ལྕགས་ཀྱིས་བཏུམས་ནས་ཛམ་གླིང་འདིར༔ བཙལ་བར་རྒྱུག་ཀྱང་འདི་འདྲ་རྙེད་མི་སྲིད༔ གང་ཞིག་རྣལ་འབྱོར་བསྙེན་སྒྲུབ་གྲངས་ཐེམས་པས༔ དྲག་པོའི་ལྷ་དང་མཐུ་སྟོབས་དབྱེར་མེད་འགྲུབ༔ ལྷ་འདྲེ་གང་ཡང་གནོད་པས་མི་ཚུགས་ཤིང༔ ནུས་མཐུ་དཔེར་ན་གནམ་ལྕགས་ཐོག་དང་འདྲ༔ སྣང་སྲིད་དྲེགས་པ་མ་རུངས་གདུག་པ་ཀུན༔ དུས་གཅིག་འདུལ་ཡང་ཐུལ་བར་ཐེ་ཚོམ་མེད༔ ཅེས་བསྔགས་བརྗོད་ཕན་ཡོན་བཅས་བཀའ་ནན་དུ་གདམས་པ་དོན་དང་ལྡན་པ་འདི་ནི་རྒྱལ་ཚབ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་ཁྱད་པར་དུ་གནང་བའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན་དུ་བསྡེབས་ཏེ། མདོ་ཁམས་ཤར་ཕྱོགས་རྒྱལ་མོ་ཤིང་གི་རོང་། གནས་ཆེན་དམུ་རྡོའི་བྲག་ལ་སྦས་པ་ལོ་ཙཱ་བ་ཆེན་པོའི་ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པའམ། རིག་འཛིན་བདུད་འཇོམས་རྡོ་རྗེས་སྤྱན་དྲངས་ཏེ་འགྲོ་བ་མང་པོ་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་བཅས་འདིའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དཔལ་ཆེན་གཙོ༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ གསང་སྔགས་བླ་མེད་འཇུག་པའི་ཐབས༔ རྡོ་རྗེ་དེ་ཉིད་བདག་ལ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ་བླ་མས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་འདུས་པའི་དཔལ༔ དྲག་པོའི་ལྷ་གསུམ་དཀྱིལ་འཁོར་འདིར༔ འཇུག་པའི་ལས་དང་སྐལ་ལྡན་ནམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཀྱཻ༔ རིགས་འདུས་རྨད་བྱུང་དཀྱིལ་འཁོར་དུ༔ བདག་ཅག་མི་ཕྱེད་དད་པར་ལྡན༔ ཁྱེད་ཀྱིས་རྗེས་གནང་དབང་བཞི་རྣམས༔ ཡོངས་རྫོགས་བསྐུར་བར་མཛད་དུ་གསོལ༔ ཅེས་ཞུ། བླ་མས། འོ་ན་གསང་གསུམ་ལ་གནས་ཤིང༔ ཚུལ་བཞིན་དམ་ཚིག་མི་འདའ་ན༔ ཚུར་ཤོག་རྡོ་རྗེ་འཛིན་བདག་གིས༔ རྗེས་སུ་གཟུང་ཞིང་སྨིན་པར་བྱ༔ བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་དམ་ཅན་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་བར་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་འདིའི་རྗེས་ཟློས། ཧཱུྃ་ཧྲཱི༔ བདག་སོགས་དུས་འདི་སོགས་ལས་བྱང་ལྟར་ལན་གསུམ། གསག་སྦྱོང་ཡན་ལག་བདུན་པ་ཚིག་དང་མཐུན་པར་སོ་སོའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཧཱུྃ་ཧྲཱི༔ རང་སྣང་དྲག་པོའི་སོགས་བརྗོད། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་བསྲུང་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་འདི་ནས་གཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎ་ཧཱུྃ༔ ཞེས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ༔ གིས་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ལྷ་དང་དམ་ཅན་དགོངས༔ ཕོ་བྲང་སྒོ་བཞིར་བདག་ཅག་རྣམས༔ འཇུག་ཅིང་བསྙེན་སྒྲུབ་ཚུལ་བཞིན་སྤྲོ༔ གསང་ཆེན་ཡེ་ཤེས་སྒོ་དབྱེ་འཚལ༔ བཛྲ་ཨུ་ཀ་ཏྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཡོལ་བ་ཕྱེ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་དྲང་པོར་བསྲང་། ཐལ་མོ་སྤྱི་བོར་སྦྱོར། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་སྒོམས་ཤིག སྟོང་པའི་ངང་ལས་མེ་དུད་འབར་འཁྲིགས་གུར༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་བསྣོལ་མའི་དབུས༔ དྲེགས་པ་ལྷ་སྲིན་ཁྱོ་ཤུགས་བསྣོལ་བའི་ཁྲིར༔ པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང༔ རང་རང་སེམས་ཉིད་ཧྲཱིཿཡིག་འཕྲོ་འདུ་ལས༔ ཁྱེད་རྣམས་རྟ་མགྲིན་ཆེ་མཆོག་དམར་ནག་འཁྲུགས༔ ཞེས་སོགས་ལས་བྱང་ལྟར། སྤུ་སྤྲུགས་རྡོ་རྗེའི་ཐོག་ཆར་ཕྱོགས་ཀུན་འཁྲིགས༔ བར་བརྗོད། དེ་ལྟར་ཁྱེད་རྣམས་དྲག་པོ་གསུམ༔ གསལ་བའི་སྙིང་གར་ཡཾ་ལས་རླུང༔ དེ་ལ་གཞུ་བདུངས་ལྟ་བུ་ཡི༔ སྟེང་དུ་པདྨ་གེ་སར་དབུས༔ རང་འདྲའི་ཡེ་ཤེས་ཚོན་གང་ཙམ༔ མཐིང་ནག་རྡོར་དྲིལ་གར་བྱེད་པར༔ དམིགས་པ་རྩེ་གཅིག་རིག་པ་གཏོད༔ སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ལས་འོད་འཕྲོས་མདུན་གྱི་མཁར༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་རྣམས༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ ལྷ་ཚོགས་རྣམ་པར་སྐུར་བཞེངས་ནས༔ ཁ་བ་བུ་ཡུག་འཚུབས་ལྟར་བྱོན༔ ཧ་ཧ་ཧཱུྃ་ཕཊ་སྒྲ་དང་བཅས༔ རང་རང་སྤྱི་བོར་བབས་ནས་ཀྱང༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༔ གཉིས་མེད་ཐིམ་གྱུར་ཡཾ་ལས་རླུང༔ རབ་གཡོས་ཡེ་ཤེས་ཐུགས་རྒྱུད་བསྐུལ༔ སྙིང་གར་པདྨ་ལྷ་དང་བཅས༔ དྲག་ཏུ་འཁོར་བའི་མོས་པ་མཛོད༔ བླ་མས་དབྱངས་རོལ་བཅས་ལས་བྱང་གི་སྤྱན་འདྲེན་བརྗོད། ཤ་ཆེན་གུ་གུལ་སོགས་བསྲེགས་ལ་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ གནས་གསུམ་དུ་རྡོ་རྗེས་རེག་ལ། ཨོཾ་ཨཱཿཧཱུྃ༔ བརྗོད་ལ་ལས་བུམ་གྱི་ཆུ་དུང་ཞལ་དུ་སྦྱར་བ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཉམས་ན་བསྲེག་ཅིང་དམྱལ་བར་ལྟུང༔ བསྲུང་ཞིང་དམ་ལ་གནས་གྱུར་ན༔ དངོས་གྲུབ་ཆེན་པོ་མཆོག་ཐོབ་འགྱུར༔ ས་མ་ཡ་ཨི་དན་ཧཱུྃ༔ རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ནམ་ཡང་བཀའ་ལས་འདའ་མི་རུང༔ རྡོ་རྗེ་སྤུན་སྲིང་བརྙས་མི་བྱ༔ བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྙིང་གར་གཏུགས་ལ། ཧཱུྃ༔ དེ་རིང་བུ་ཁྱོད་སྙིང་ནང་དུ༔ ཁྲོ་རྒྱལ་དྲག་པོ་ཡང་དག་བཞུགས༔ ཚུལ་འདི་སྣོད་མིན་གཞན་རྣམས་ལ༔ སྨྲས་ཤིང་ཉམས་ན་སྙིང་ཁྲག་འཇིབ༔ མ་ཉམས་གསང་ན་སྙིང་ནང་དུ༔ ཡེ་ཤེས་ཚོན་གང་ཡང་དག་ཤར༔ ལྷ་དང་གཉིས་མེད་དངོས་གྲུབ་ཐོབ༔ དེ་ཕྱིར་ཁྱོད་ཀྱིས་བསྲུང་བར་བྱ༔ བཛྲ་ས་མ་ཡ་ན་ར་ཀན༔ བཀྴ་སི་ཧཱུྃ༔ རྡོ་རྗེའི་ཐ་ཚིག་ཇི་ལྟར་ཕོག་པ་ལས་འདའ་བར་མི་བྱ་སྙམ་པས་སྔགས་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ན་ར་ཀན༔ བཀྴ་སི་ཧཱུྃ༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་ནས་འབྲེལ་བའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཀྱཻ༔ སྔོན་ནས་བསྙེན་བསྒྲུབས་ཡི་དམ་ལྷ༔ ལས་དང་ཐུགས་རྗེ་མཐུན་འབྲེལ་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ གང་འགྲུབ་དཀྱིལ་འཁོར་ལྷར་འབབ་ཤོག༔ བཛྲ་པུཥྤེ་སིདྡྷི་ཧཱུྃ༔ པྲ་ཏི་གྲིཧྞ་ཧོ༔ ཞེས་ཚོམ་བུའམ་འགྲིམ་དཀྱིལ་དུ་འདོར་དུ་གཞུག །མེ་ཏོག་དབུས་སུ་བབས་ན་སྐུ །ཤར་དུ་ཐུགས། ལྷོར་ཡོན་ཏན། ནུབ་ཏུ་གསུང་། བྱང་དུ་ཕྲིན་ལས་ཀྱི་རིགས་ཡིན་ཞིང་དེ་དང་རྗེས་སུ་མཐུན་པའི་ཕྲིན་ལས་འགྲུབ་པ་དང་། མཚམས་སུ་བབས་ན་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་ཁྱེད་རང་ལ་དབང་རྟགས་ཅོད་པན་དུ་སྦྱིན་པར་མོས་ཤིག །ཅོད་པན་སྤྱི་བོར་བཀོད་དེ། ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་པ་མཉམ༔ སྐུ་གསུམ་སྐུ་ལྔ་ཡེ་ཤེས་དབང༔ སྐལ་ལྡན་བུ་ལ་མཆོག་ཐོབ་ཤོག༔ ཧོ༔ སྐལ་ལྡན་རྡོ་རྗེ་འཛིན་པ་ལ༔ ཅོད་པན་མིང་བཅས་དབང་བསྐུར་བས༔ མ་འོངས་བདེ་ཆེན་རྣམ་དག་ཞིང༔ སངས་རྒྱས་པདྨའི་སྙིང་པོར་འགྱུར༔ ཞེས་བརྗོད་དེ་ལུང་བསྟན། ཁྱེད་རང་གི་མེ་ཏོག་དཀྱིལ་འཁོར་དབུས་སུ་བབས་པས་གསང་བའི་མཚན་དུ་རིགས་འདུས་དྲག་པོ་རྩལ་ཞེས་བྱ་བ་ཡིན་ནོ། །ཞེས་པས་འགྲེས་ཏེ། ཤར་དུ་ཐུགས་མཆོག་དྲག་པོ་རྩལ༔ ལྷོ་རུ་ཡོན་ཏན་དྲག་པོ་རྩལ༔ ནུབ་ཏུ་དབང་ཆེན་དྲགྎ བྱང་དུ་ཕྲིན་ལས་དྲགྎ ཅེས་དང་བུད་མེད་ཡིན་ན། དྲག་མོ་ཞེས་བསྒྱུར་ལ་གསང་མཚན་བཏགས། ཧོ༔ རིགས་བཟང་སྐལ་ལྡན་བུ་ཁྱོད་རྣམས༔ ཡང་གསང་བླ་མེད་གསང་སྔགས་ཀྱི༔ དཀྱིལ་འཁོར་འདི་རུ་ཞུགས་པའི་མཚན༔ གང་ཞེས་བྱ་བ་ཡིན་པ་སྨྲོས༔ ཞེས་དྲིས་པ་ལ། རང་རང་གི་གསང་མཚན་ནས་སྨྲོས་ཏེ། ཞེས་བྱ་བ་ལགས་ཞེས་ལན་ཐོབས་ཤིག༔ རེ་རེ་བཞིན་བརྗོད་དུ་བཅུག །ཀྱེ༔ ལས་སད་སྐྱེས་བུ་སྐལ་ལྡན་རྣམས༔ མ་འོངས་ཕྱི་མའི་དུས་དག་ཏུ༔ ཁྱེད་རྣམས་འཚང་རྒྱའི་དུས་སུ་ནི༔ མཚན་ནི་གང་ལགས་ཚུར་སྨྲོས་ཤིག༔ ཅེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདག་ནི་མ་འོངས་ཕྱི་མའི་དུས༔ འཚང་རྒྱར་འགྱུར་བའི་མཚན་དུ་ནི༔ ཡང་དག་རྫོགས་པའི་སངས་རྒྱས་དག༔ པདྨའི་སྙིང་པོ་ཞེས་ཡིན་ལགས༔ དེ་ནས་མ་རིག་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཐབས་མཁས་ཐུགས་རྗེ་ཅན༔ སྨན་མཆོག་རྒྱལ་པོ་ཧེ་རུ་ཀས༔ བདག་ཅག་མ་རིག་རྨོངས་པའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཞུ༔ ཞེས་ཞུས་པ་ལ། བླ་མས། ཧོ༔ བདག་ནི་ནད་སེལ་སྨན་པའི་མཆོག༔ ཁྱེད་ཅག་མ་རིག་རྨོངས་པའི་མིག༔ ཐབས་མཁས་ཐུགས་རྗེའི་ཡེ་ཤེས་ཀྱིས༔ དག་པའི་སྤྱན་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ རྡོ་རྗེས་མིག་དར་བསལ། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་པས་དག་པ་ཡེ་ཤེས་ཀྱི་མིག་ཐོབ་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །ཕྱག་ཤིང་གིས་མཚོན་ཏེ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས༔ ང་ཡི་དཀྱིལ་འཁོར་འདི་ཉིད་ལ༔ གུས་པས་ལྟོས་ཤིག་དལ་དབུས་སུ༔ ཆོས་འབྱུང་ཆོས་ཀུན་གཅིག་པའི་བརྡ༔ ཐོད་ཕྲེང་སྐྱེ་མེད་དོན་དང་ལྡན༔ རྩིབས་བཞི་ཡེ་ཤེས་རྣམ་བཞིའི་བརྡ༔ རྩིབས་བཅུ་ས་བཅུའི་དབང་ཕྱུག་སྟེ༔ ཐོད་ཕྲེང་སྐུ་གསུམ་རྫོགས་པའི་བརྡ༔ ཁྱམས་བཞི་ཚད་མེད་བཞི་དང་ལྡན༔ རྟ་ཆོས་ལོངས་སྤྱོད་རྫོགས་པའི་བརྡ༔ དུར་ཁྲོད་ཧེ་རུའི་གནས་བཅུ་རྫོགས༔ པདྨ་མ་ཆགས་དྲི་མེད་བརྡ༔ འགྱུར་མེད་རྡོ་རྗེའི་ཕྲེང་བ་ནི༔ ཡང་དག་དོན་དང་ལྡན་པའི་བརྡ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་ནི༔ ཁྲོ་རྒྱལ་སྟོབས་བཅུ་ཡོངས་རྫོགས་བརྡ༔ བུམ་སྐུ་ཆས་བཅུ་ཕྱག་མཚན་རྣམས༔ ལྷུན་གྲུབ་རང་ཤར་ཆེན་པོའི་བརྡ༔ མེ་ལོང་མདའ་དར་དབུ་རྒྱན་དང༔ ཚོན་སྐུད་རལ་གྲི་ཡོལ་བ་བྲེ༔ མདོར་ན་དཀྱིལ་འཁོར་རྒྱན་རྫོགས་ཀུན༔ སྐྱེ་མེད་ཆོས་སྐུའི་རོལ་པ་ལས༔ མ་འགགས་གཟུགས་སྐུར་སྣང་བའི་བརྡ༔ གཏོར་ཆེན་རྡོ་རྗེ་མེ་རི་འབར༔ དྲག་པོའི་སྐུ་དང་གཉིས་མེད་བརྡ༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ ཕོ་བྲང་བཀྲག་མདངས་འོད་འཁྱིལ་འདི༔ སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་བརྡ༔ དེ་རིང་ལས་སད་སྐྱེས་བུ་རྣམས༔ དཀྱིལ་འཁོར་འདི་མཐོང་ཡིད་དགའ་སྒོམས༔ དངོས་གྲུབ་ཀུན་ཐོབ་ཞིང་འདིར་སྐྱེ༔ ཚོགས་བསགས་རྒྱལ་པོ་ངོ་མཚར་ཆེ༔ དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ངོ་མཚར་རྨད་དུ་བྱུང༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་རྣམས༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ བླ་མེད་གསང་སྔགས་ཐབས་ཆེན་པོ༔ སྨིན་གྲོལ་ལམ་མཆོག་ཡང་དག་ལྡན༔ དེ་ཉིད་མགོན་པོ་མཆོག་ཉིད་ཀྱི༔ བཀའ་དྲིན་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། དེ་ནས་དབང་དངོས་གཞི་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད༔ ཁྱེད་རང་དྲག་པོ་ལྷ་གསུམ་གྱི་སྐུར་གསལ་བའི་སྤྱི་བོར་ཐོད་པའི་དབུ་རྒྱན་གྱི་ཁང་བུར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས། བུམ་པ་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་སྤྱི་བོར་བཞག་པས་ཡེ་ཤེས་པའི་ལྷ་ཚོགས་རྣམས་དཔའ་བོ་འབྲུ་ལྔ་ལ་ཐིམ་པས་རྒྱལ་བ་རིགས་ལྔར་གྱུར་ཏེ་དབུར་བརྒྱན་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ བུམ་པ་སྐྱེ་མེད་གཞལ་ཡས་ཁང༔ མ་འགགས་དབྱིངས་ནས་གྲུབ་པའི་ལྷ༔ དྲག་པོ་ཡོངས་རྫོགས་ལྷ་རྣམས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་སྐུར༔ སྐུ་ནི་འགྱུར་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་རྫོགས་ཤོག༔ གསུང་ནི་འགག་མེད་རྡོ་རྗེའི་གསུང༔ ངག་ལ་གསུང་གི་དབང་རྫོགས་ཤོག༔ ཐུགས་ནི་འཁྲུལ་མེད་རྡོ་རྗེའི་ཐུགས༔ སེམས་ལ་ཐུགས་ཀྱི་དབང་རྫོགས་ཤོག༔ མཚན་ལྡན་བུམ་པའི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང༔ ཡོངས་རྫོགས་ཆེན་པོ་ཐོབ་པར་ཤོག༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བུམ་པ་འདི་ཡིས་དབང་བསྐུར་པས༔ ལུས་ཉིད་ལྷ་ཡི་སྐུར་གྱུར་ནས༔ བུམ་པའི་སྐུ་ཡི་དབང་རྣམས་ཐོབ༔ ངག་སྔགས་གྱུར་ནས་གསང་དབང་ཐོབ༔ ཐུགས་ཉིད་བདེ་སྟོང་གྱུར་ནས་ཀྱང༔ ཤེས་རབ་ཡེ་ཤེས་དབང་ཡང་ཐོབ༔ བདག་གིས་དེ་ལྟར་ངོ་སྤྲད་པས༔ ཚིག་དབང་རིན་པོ་ཆེ་ཡང་ཐོབ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ བནྡྷ་གནས་གསུམ་དུ་གཏུགས་ལ། ཧཱུྃ༔ ཆོས་དབྱིངས་བནྡྷ་ཁོར་ཡུག་ཏུ༔ ཡེ་ཤེས་ལྔ་ལྡན་བདུད་རྩིར་འཁྱིལ༔ སྐལ་ལྡན་ངག་ཏུ་འདི་བླུད་པས༔ དྲི་མེད་ཡེ་ཤེས་གསང་དབང་ཐོབ༔ རྩ་ཁམས་སྐྱེ་མེད་དག་པའི་ལྷར༔ གྱུར་ནས་བདེ་ཆེན་ལོངས་སྐུར་ཤོག༔ ཨོཾ་དྷ་ར་ཎ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་བླུད། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བནྡྷ་འདི་ཡིས་དབང་བསྐུར་པས༔ རྩ་ཁམས་སྐྱེ་མེད་ལྷར་གྱུར་ནས༔ བདེ་ཆེན་ལྷུན་གྲུབ་ལོངས་སྐུར་ཤོག༔ ཅེས་མེ་ཏོག་འཐོར་བ་འགྲེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་དམ་ཚིག་པའི་ལྷར་གསལ་བ་ལ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །གཙོ་བོ་གསུམ་གྱི་སྐུ་ཙཀ་རིམ་པར་ཐོགས་ལ་དབང་བསྐུར་ཏེ། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པའི༔ རྟ་མཆོག་དབང་གི་རྒྱལ་པོའི་སྐུ༔ བདེ་གཤེགས་ཀུན་འདུས་གསུང་གི་བདག༔ ཆེ་མཆོག་གར་གྱི་དབང་ཕྱུག་གཙོ༔ དམར་ནག་དྲེགས་འདུལ་ཧེ་རུ་ཀ༔ འཁོར་འདས་དབང་སྒྱུར་རྟ་སྐད་འཚེར༔ སྐུ་གསུམ་དབྱིངས་ནས་བུ་རྣམས་ལ༔ དབང་མཆོག་བསྐུར་རོ་ཐོབ་པར་ཤོག༔ ཨོཾ་པདྨཱནྟ་ཀྲྀ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ དུས་གསུམ་རྒྱལ་བའི་མཐུ་སྟོབས་བདག༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ གདུལ་དཀའ་འདུལ་བར་རབ་བསྔགས་པའི༔ ཐུགས་མཆོག་འགྱུར་མེད་ཧེ་རུ་ཀའི༔ ཐུགས་རྗེས་དབང་བསྐུར་སྩོལ་ནས་ཀྱང༔ རིགས་ཀྱི་བུ་རྣམས་ཐོབ་པར་ཤོག༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ ཡེ་ཤེས་བྱ་ཁྱུང་ག་རུ་ཌ༔ མཐིང་ནག་མེ་གཤོག་གནམ་ལྕགས་ཀྱི༔ མཆུ་སྡེར་རྣོ་དབལ་ངར་དང་ལྡན༔ ས་བདག་ཀླུ་གཉན་འདུལ་བའི་གཙོ༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་རུངས་འདུལ་མཛད་དབང་ཐོབ་ཤོག༔ ཨོཾ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང༔ ཡོངས་རྫོགས་དྲེགས་འདུལ་སྟོབས་ལྡན་ཤོག༔ རིགས་བཞིའི་རྟ་མགྲིན་སྐུས་དབང་བསྐུར་ཏེ། ཧཱུྃ༔ ཞེ་སྡང་རང་གྲོལ་མེ་ལོང་གི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཐུགས་མཆོག་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ འཇིགས་བརྒྱད་ཞི་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཀྱི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཡོན་ཏན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རང་གྲོལ་སོར་རྟོག་གི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ གསུང་མཆོག་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མོས་བཞི་སྡུད་པའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཀྱི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཕྲིན་ལས་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྟ་མགྲིན་རིགས་བཞིའི་དབང་བསྐུར་པས༔ དུག་ལྔ་ཡེ་ཤེས་ལྔར་གྲོལ་ཞིང༔ ཕྲིན་ལས་རྣམ་བཞིའི་དབང་རྫོགས་ཤོག༔ ཁྲོ་བཅུའི་སྐུའམ་ཧཱུྃ་ཡིག་བཅུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀའི༔ ཐུགས་རྗེས་གང་ལ་གང་འདུལ་གྱི༔ སྤྲུལ་པའི་ཆོ་འཕྲུལ་སྣ་ཚོགས་གཟུགས༔ རབ་འཇིགས་བདུད་འདུལ་ཁྲོ་རྒྱལ་བཅུ༔ རབ་འབྱམས་ལྷ་ཡི་དབང་ཐོབ་ནས༔ བར་ཆད་བདུད་ལས་རྣམ་རྒྱལ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་རྒྱལ་ཡོངས་རྫོགས་དབང་བསྐུར་པས༔ ཡེ་ཤེས་ཁྲོ་བོར་གྲུབ་ནས་ཀྱང༔ མཐུ་སྟོབས་ནུས་རྩལ་རྫོགས་པར་ཤོག༔ དེ་ལྟར་ཁྱེད་རང་རྣམས་ཁྲོ་རྒྱལ་དྲག་པོ་ལྷ་གསུམ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ། དུར་ཁྲོད་ཀྱི་ཆས་དང་ཕྱག་མཚན་གྱིས་མངའ་གསོལ་བས་ཆེ་བའི་ཡོན་ཏན་དང་ལས་བཞིའི་ཕྲིན་ལས་ལ་དབང་སྒྱུར་བའི་མོས་པ་མཛོད། དུར་ཁྲོད་ཀྱི་ཆས་གཏད་ལ། ཧཱུྃ༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་རྫོགས༔ དཔལ་གྱི་རྟགས་གསུམ་དཔའ་རྔམ་བརྗིད༔ གླང་ཀོའི་སྟོད་གཡོགས་སྟོབས་བཅུ་རྫོགས༔ རྟོག་མེད་ཞིང་གི་པགས་ཆེན་དཔའ༔ སྦྲུལ་ཆུན་དུག་གསུམ་གཟུང་འཛིན་གྲོལ༔ ཐོད་ཕྲེང་འཁོར་འདས་འཛིན་པ་བྲལ༔ རུས་རྒྱན་ཕྱིན་དྲུག་ཐབས་ཤེས་རྫོགས༔ སྟག་ཤམ་དྲེགས་པ་ཟིལ་གྱིས་གནོན༔ ཐམས་ཅད་ཆོས་དབྱིངས་རོལ་པའི་རྒྱན༔ ཁྲོ་རྒྱལ་ཆེ་ཡོན་རྫོགས་པའི་དཔལ༔ སྟོབས་བཅུ་ཡོངས་རྫོགས་གྱད་ཀྱི་མཆོག༔ རབ་འཇིགས་གར་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དཔའ་ཆས་ཡོངས་རྫོགས་དབང་བསྐུར་པས༔ རྟོག་མེད་ཆོས་དབྱིངས་རོལ་པའི་ངང༔ དཔའ་བོ་གྱད་ཀྱི་སྟོབས་རྫོགས་ཤོག༔ རྡོ་རྗེ་རལ་གྲི་ལག་གཡས། ལྕགས་ཀྱུ་མེ་ཕུང་གཡོན་དུ་གཏད་ལ། ཧཱུྃ༔ རྡོ་རྗེ་རལ་གྲི་ལྕགས་ཀྱུ་མེ༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་བ་མེད་པའི་རྟགས་ཀྱི་རྒྱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ གདུག་པ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཏཱིཀྞ་ཨཾ་ཀུ་ཤ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཕྱག་མཚན་ཡོངས་རྫོགས་དབང་བསྐུར་པས༔ རྒྱལ་པོ་རྒྱལ་སར་དབང་བསྐུར་ལྟར༔ ཕྲིན་ལས་ཡོངས་རྫོགས་མངའ་བརྙེས་ཤོག༔ བཀྲ་ཤིས་ཚེའི་རྫས་ཀྱིས་ཞལ་བསྲོས་པས་འཆི་མེད་རྡོ་རྗེའི་སྐུ་ཚེ་བརྙེས། འཛད་མེད་ནམ་མཁའ་མཛོད་ཆེན་ལ་ལོངས་སྤྱོད། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་ཆེན་པོ་ཐོབ་པར་མོས་ཤིག །ཚེ་འབྲང་དང་ཚེ་ཆང་སོགས་བྱིན་ལ། ཧཱུྃ༔ ཆོས་ཉིད་དོན་དམ་སྐྱེ་མེད་ལས༔ སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ཤར༔ ཡེ་ཤེས་ལྔ་ལྡན་སྙིང་པོའི་བཅུད༔ འཛད་མེད་ནམ་མཁའི་མཛོད་གླིང་བརྡལ༔ འཆི་མེད་རོ་བརྒྱ་ནུས་བཅུད་ལྡན༔ མི་འཛད་རིན་ཆེན་གཏེར་ཆེན་འདི༔ ལོངས་སྤྱོད་བདེ་སྟོང་སྐྱེ་འཆི་བྲལ༔ བུ་ཁྱོད་ནམ་མཁའི་མཛོད་ལ་སྤྱོད༔ བདུད་རྩིའི་ཟས་ཀྱིས་འཚོ་བར་ཤོག༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདུད་རྩིའི་ཟས་མཆོག་འདི་བྱིན་པས༔ སྣང་སྲིད་འཁོར་འདས་དབང་དུ་བསྡུས༔ ཁམས་གསུམ་སྲིད་གསུམ་མ་ལུས་ཀུན༔ ཆོས་ལ་དབང་དུ་བསྒྱུར་ནས་ཀྱང༔ ཡོན་ཏན་གཏེར་ལ་སྤྱོད་པར་ཤོག༔ ཅེས་རོལ་དུ་གཞུག །མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བསྐུར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གཏོར་མ་བདུད་འདུལ་དྲག་པོ་ལྷ་གསུམ་འཁོར་དང་བཅས་པ་རྣམས་བྱིན་རླབས་ཀྱི་གཟི་བརྗིད་རབ་ཏུ་འབར་བཞིན་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་པས། གནས་ལྔ་ནས་འོད་ཟེར་ཁྲོ་ཆུང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་གྱིས་ཤིག །གཏོར་ཆེན་གནས་ལྔར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་གཏོར་ཆེན་འབར༔ མི་འགྱུར་ཡེ་ཤེས་ལྔ་ལྡན་མཚོན༔ རྡོ་རྗེ་མེ་རི་འབར་བས་བརྒྱན༔ དྲག་པོའི་ལྷ་དང་གཉིས་སུ་མེད༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ སྐུ་གསུམ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཆེ་མཆོག་ཡེ་ཤེས་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་སྐུར༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས༔ སྐྱེ་འགག་འགྱུར་མེད་དབང་ཐོབ་ཤོག༔ གཏོར་མའི་དབང་བསྐུར་སྐུ་གསུམ་གྱི༔ དབང་མཆོག་ཡོངས་རྫོགས་ཐོབ་པར་ཤོག༔ འདིར་སྤྲོ་ན་བརྒྱུད་པའི་གཤར་འདེབས་དང་བཀའ་བསྒོ་བྱས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཁྲོམ་ག་རུ་ཌཿཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གཏོར་ཆེན་འདི་ཡིས་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་སྨིན་གྲོལ་མཆོག༔ སྐུ་གསུང་ཐུགས་ཀྱི་དབང་བཞི་རྫོགས༔ སྐྱེ་འགག་འགྱུར་མེད་དབང་ཐོབ་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ཤོག༔ སློབ་དཔོན་དཀྱིལ་འཁོར་པའི་ལྷ་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་གྱུར་པར་མོས་ཤིག །དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་ལ། ཨོཾ༔ འགྲུབ་པར་གྱུར་ཅིག་ཧེ་རུ་ཀ༔ རིགས་འདུས་དཔལ་ཆེན་ཁྲོ་རྒྱལ་གཙོ༔ བདུད་འདུལ་དྲག་པོ་ལྷ་གསུམ་གྱི༔ དཀྱིལ་འཁོར་ཡོངས་རྫོགས་ཆེན་པོའི་དབང༔ རབ་རྫོགས་བྱིན་རླབས་བརྟན་པར་ཤོག༔ དུས་འདིར་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བའི་སྐུ་གསུམ་ལྷུན་གྲུབ་དཔལ༔ མི་བཟད་དྲག་པོར་འབར་བ་ཡི༔ སྐུ་ཡི་བྱིན་རླབས་ལུས་ལ་འཇུག༔ གར་དགུའི་སྟོབས་དང་ལྡན་པར་ཤོག༔ གསུང་གི་བྱིན་རླབས་ངག་ལ་འཇུག༔ དྲག་སྔགས་འབྲུག་སྟོང་ལྡིར་བར་ཤོག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་འཇུག༔ སྤྲོས་བྲལ་སྐྱེ་མེད་རྟོགས་པར་ཤོག༔ ཡོན་ཏན་བསམ་འདས་བརྗོད་མི་ལང༔ ཕྲིན་ལས་ཡོངས་རྫོགས་མཐར་ཕྱིན་ནས༔ ཐམས་ཅད་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་ཤིས་པ་བརྗོད་ལ་རོལ་མོ་བསྒྲག །དེ་དག་གིས་བགེགས་འདུལ་ཁྲོ་བོའི་རྒྱལ་པོ་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏང་བ་སོགས་ལས་བྱང་ལྟར་ལ། རྗེས་རིམ་གྱི་སྐབས་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱ། ཤིས་བརྗོད་བསྔོ་སྨོན་གྱིས་མཐའ་བརྒྱན་ནོ། །འདི་ནི་རྩ་བའི་དབང་བསྐུར་རྒྱས་པའི་ལུགས་ཡིན་ལ་འདིའི་གཏེར་གཞུང་གཤམ་གྱི་གཏད་རྒྱ་ནི་མཁའ་འགྲོ་སྙིང་ཐིག་སྨིན་གྲོལ་ཡོངས་རྫོགས་ཀྱི་སློབ་མ་བརྒྱུད་འཛིན་ལ་བྱ་རྒྱུ་ཡིན་པས་དཀྱུས་འདིར་མི་དགོས་ལ། རྐྱེན་སེལ་གྱི་དབང་དཀྱུས་འགྲེ་དང་གྲངས་གསོག་ན། འཇུག་ཆོག་རྒྱས་པ་མི་དགོས་པས། གསོལ་འདེབས། སྐྱབས་སེམས་ཚོགས་གསག །བྱིན་འབེབ། དམ་ཆུ་སྦྱིན་པ་ཙམ་གྱིས་འཐུས་ཤིང་། དངོས་གཞི་ལ་བུམ་པ། ཐོད་པ། གཙོ་བོ་གསུམ་གྱི་ལྷ་དབང་དང་གཏོར་དབང་རྣམས་བསྐུར་བས་ཆོག་པའང་ཞར་ལ་འཕྲོས་པའོ། །རྟ་མཆོག་རྒྱལ་པོའི་དབང་སྒྱུར་ཆེ་བརྙེས་ཤིང་། །རྡོ་རྗེ་འཛིན་པའི་མཐུ་སྟོབས་ཡོངས་སུ་རྫོགས། །མཁའ་ལྡིང་ཁྲོས་པའི་སྟོབས་རྩལ་གཟི་ལྡན་ནས། །གདུག་པ་ཟིལ་གནོན་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་ཉེར་མཁོའི་སླད་དུ་མཚམས་སྦྱོར་སོགས་ཉུང་ངུར་བསྡུས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དཔལ་ཧེ་རུ་ཀ་སྒྲུབ་པའི་བསྟི་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).