Terdzo-RA-049

From Rinchen Terdzö
Revision as of 01:31, 30 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
(diff) ← Older revision | Latest revision (diff) | Newer revision → (diff)

དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལས། དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན

dpal rta mgrin dregs pa kun sgrol las/_dregs pa bco brgyad kyi rjes gnang gi yi ge dbang gi be con

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གྲུ་གུ་ཡང་དབང་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Drugu YangwangJamyang Khyentse Wangpo)
in cycle  རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ (Rta mgrin dregs pa kun sgrol)
Volume 25 (ར) / Pages 937-953 / Folios 1a1 to 9a4

[edit]

༄༅། །དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལས། དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། དབང་དྲག་རྔམས་པའི་གཟི་བརྗིད་ཀྱིས། །ས་གསུམ་དྲེགས་ཚོགས་ཟིལ་གྱིས་གནོན། །པདྨ་དབང་ཆེན་ལ་བཏུད་ནས། །དྲེགས་པའི་རྗེས་གནང་འདིར་གསལ་བྱ། །འདི་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་རྗེས་གནང་ཇི་ལྟར་བྱ་བའོ། །དང་པོ་ནི། སྟེགས་བུར་རྟ་མགྲིན་གྱི་དཀྱིལ་འཁོར་རས་བྲིས་བཀྲམ་པའམ་མ་འབྱོར་ན་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ་མཉྫི་ལ་རྣམ་རྒྱལ་བུམ་པ་དབུ་རྒྱན་དར་དཔྱང་བཅས་པ་དང་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུ་ཙཀ །མདུན་ངོས་སུ་དཔལ་གཏོར། གཡས་སུ་རྭ་སྲུང་། རྒྱབ་ཏུ་མཐིང་ཤོག་ལ་ལི་ཁྲིས་བྲིས་པའི་སྔགས་བྱང་། བྱང་དུ་ཕུར་སྟེགས་ལ་ཕུར་པ་ཁྲོ་ཞལ་དར་ནག་གི་ཅོད་པན་ཅན་གཟུགས། དེ་དག་གི་མདུན་ཕྱོགས་སུ་དྲེགས་པ་བཅོ་བརྒྱད་ཀྱི་ཙཀླི་འབྲུ་སྣོད་ལྟ་བུར་བཤམ། སྨན་རཀ་གཏོར་གསུམ། དྲག་མཆོད་བསྐོར་བཤམ་སྤྱི་ལྟར་བྱ། མདུན་ཕྱོགས་ཅུང་དམའ་བར་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་མེ་རི་དང་ཤ་ཁྲག་གི་རྒྱན་ལྡན་ཆེ་བ་གཅིག་ལ་མཐེབ་སྐྱུ་བཅོ་བརྒྱད་ཀྱིས་བསྐོར་བའམ། རྒྱས་པར་གྲུབ་ན་དམར་གཏོར་དེ་གྲངས། ཡང་སྣོད་གཅིག་ཏུ་གཏོར་ཆུང་ཟུར་གསུམ་བཅོ་བརྒྱད་ཤ་དུམ་བཅས་བཞག །རྗེས་གནང་འདི་དབང་ཆེན་དཀྱུས་སུ་སྦྲེལ་ན་དཀྱིལ་འཁོར་གཅིག་གིས་གོ་བཅད་ནས་དབང་རྫས་རྣམས་ཕྱོགས་གཅིག་ཏུ་བཀོད་ཀྱང་སྟབས་བདེའོ། །ལས་བུམ་གྱིས་མཚོན་ཉེར་མཁོའི་ཆས་རྣམས་ཀྱང་རྩ་དབང་ལྟར་རོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་ཅིང་མཆོད་པའང་དབང་ཆེན་དུ་བཤད་པ་ལྟར་ལ། སྔོན་འགྲོའི་སྐབས་དབང་ཆེན་དང་སྦྲེལ་ན་ཕུར་པ་དཀྱིལ་འཁོར་དུ་བཀོད་པའི་འཕྲོས་དང་། མི་སྦྲེལ་ན་ཐོག་མར་མཚམས་ལྷ་གསལ་གདབ་པའི་རྗེས་སུ། དབུས་ཀྱི་དཔལ་ཆེན་པོའི་སྐུ་ལ་དམིགས་ཏེ། དཔལ་ཆེན་སྐུ་ནི་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྐྱེད་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ནུབ་ཀྱི་སྔགས་བྱང་ལ། དཔལ་ཆེན་གསུང་ནི་བརྗིད་དང་ལྡན། །དཀྱིལ་འཁོར་སྔགས་སུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བྱང་གི་ཕུར་པ་ལ། དཔལ་ཆེན་ཕུར་སྐུ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཤར་གྱི་དཔལ་གཏོར་ལ། དཔལ་ཆེན་གཏོར་མ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ལྷོའི་རྭ་སྲུང་ལ། དཔལ་གྱི་སྲུང་བ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཀོད། དེ་ནས་བགེགས་གཏོར་བཏང་བ་སོགས་ཆོ་གའི་འགྲོས་རྣམས་རྩ་དབང་ལྟར་ལ་བཟླས་པའི་སྐབས་སུ་རྟེན་རྫས་ལྔ་པོ་ཁྲག་འཐུང་ལྔར་ལྷག་པར་གསལ་བའི་འོད་ཟེར་སྤྲོ་བསྡུ་བཅས་གསལ་སྒྲོན་ལྟར་སོ་སོའི་བཟླས་པ་དང་། བསྙེན་སྔགས་ལ་ལས་སྦྱོར་ཤམ་རིང་བཏགས་པ་ཅི་འགྲུབ་བྱ། ཆོས་སྲུང་གི་གཏོར་འབུལ་སྐབས་སུ་དྲེགས་པ་བཅོ་བརྒྱད་ཀྱི་ཕྲིན་ལས་ཤིག་ཡོད་ན་འབྲེལ་ཆགས་ཀྱང་ལུགས་འདིའི་དཔེ་རྒྱུན་མ་བཞུགས་པས། སྤྲོ་ན་གཏེར་ཁ་གོང་འོག་གང་རུང་གི་ལུགས་དང་བསྟུན་ཏེ་མཆོད་བསྟོད་གཏོར་འབུལ་སོགས་བྱའོ། །གཉིས་པ་རྗེས་གནང་དངོས་ལ། སྤྱི་དང་ཁྱད་པར་གྱི་དམ་ཚིག་ཐུབ་ངེས་པའི་སློབ་མ་ཧ་ཅང་མི་མང་བ་ལ་ཁྲུས་བྱ། རྩ་དབང་གི་རྗེས་འབྲེལ་ཡིན་ན་མི་དགོས། མིག་དར་མེ་ཏོག་སྤྱི་ལྟར་སྦྱིན། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་དཔལ་ཆེན་པོའི་བཀའ་སྡོད་མཐུ་སྟོབས་ནུས་པའི་དྲག་རྩལ་གྱིས་ཁྱད་པར་དུ་འཕགས་པ་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱི་རྗེས་གནང་བསྒྲུབ་པ་སྟེ། དེའང་དྲེགས་ཆེན་འདི་རྣམས་ངོ་བོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཁོ་ན་ཉིད་ལས་གཞན་དུ་མ་གཡོས་ཀྱང་། རྣམ་པ་གདུག་ཅིང་གཏུམ་པའི་དྲེགས་པ་རང་རྒྱུད་པའི་ཚུལ་དུ་སྟོན་པའི་ཚེ་ནའང་དཔལ་ཧེ་རུ་ཀའི་ཞལ་མཐོང་ཞིང་སྲོག་ཡེ་ཤེས་སུ་བྱིན་གྱིས་བརླབས། ཐ་ཚིག་གཉན་པོའི་བཀར་བཏགས་ཏེ་གསང་བའི་དཀྱིལ་འཁོར་ཆེན་པོར་བཀོད་པར་མཛད་པས་ལས་ལས་གྲུབ་པའི་ཆོས་སྲུང་ཁྱད་པར་ཅན་ཡིན་པའི་ཕྱིར་དྲག་ཤུལ་གྱི་ཆོ་འཕྲུལ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་བ་དང་། དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར་ཅིང་སེམས་ཅན་གྱི་བདེ་སྐྱིད་འཕྲོག་པར་བྱེད་པའི་མི་དང་མི་མ་ཡིན་གང་གདུག་པ་ཅན་མཐའ་དག་སྔོན་གྱི་ཐུགས་དམ་དབང་གིས་ཚར་གཅོད་ཅིང་རྣལ་འབྱོར་དམ་ཚིག་ལྡན་པ་རྣམས་ཀྱི་སྡོངས་གྲོགས་མཛད་པ་དང་། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པའི་ཕྱིར་ན་གསང་སྔགས་འཆང་བ་རྣམས་ཀྱིས་བརྟེན་སྒྲུབ་མཆོད་པའི་ལས་རིམ་ལ་བརྩོན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང་། དེ་ལྟར་བགྱི་བ་ལ་ཐོག་མར་རྗེས་གནང་ཐོབ་དགོས་པས་འདིར་སྟོབས་ལྡན་དྲེགས་པ་བཅོ་བརྒྱད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་དབུལ་བ་ཞུ། ཞེས་མཎྜལ་དབུལ་གཞུག །བླ་མ་དང་གཉིས་སུ་མེད་པའི་རྟ་མཆོག་དབང་གི་རྒྱལ་པོའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་རྣམས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། ཁྱེད་རྣམས་ཐུགས་རྗེས་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་ཅིང་བསྐྱབ་མཛད་གསོལ། །ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ལ་གནས་སྐབས་ཐར་ལམ་སྒྲུབ་པའི་གེགས་སུ་གྱུར་པ་ཐམས་ཅད་ཚར་བཅད་ཅིང་མཐར་ཐུག་ཡིད་ཅན་མཐའ་དག་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་གྱི་གོ་འཕང་འཐོབ་པར་བྱས་ནས། བདག་ལ་གནོད་པར་བྱེད་ཅིང་འཚེ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ལོག་རྟོག་བཅོམ་སྟེ་བདེ་གཤེགས་ཀྱི་ས་ལ་དགོད་པར་བྱའོ། །ལན་གསུམ། ཚོགས་ཀྱི་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། པདྨ་དབང་ཆེན་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དགེ་བ་ཀུན་ལ་རྗེས་ཡི་རང༔ བདག་ལ་གཉིས་མེད་བྱིན་རླབས་གསོལ༔ ལན་གསུམ། རང་རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་གསལ་རྫོགས་སུ་བཞུགས་པ་ལ་མོས་གུས་བྱས་པས་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་བཀྲུས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བསམ་ལ་ཡི་གེ་བརྒྱ་པ་ལྷན་ཅིག་གསུང་བར་ཞུ། ཡིག་བརྒྱ་གསུམ་མམ་བདུན་བརྗོད། སྤྱི་བོའི་རྡོར་སེམས་འོད་དུ་ཞུ་ནས་རང་རང་ལ་ཐིམ་པར་མོས་ཤིག །དེ་ནས་ཆོས་ཐམས་ཅད་ཀྱི་སྲོག་རྩ་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དམ་ཚིག་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་འདུལ་བ་ནས་གསུངས་པའི་རིགས་ལྔའི་སྡོམ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པས་མཚོན། རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །སོགས་རྩ་དབང་ནང་གསལ་ལྟར་ལན་གསུམ་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་མཆོག་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། པྲ་ཏཱིཙྪ་ཧོ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་དུ་གཞུག་ལ་མེ་ཏོག་རེ་ཞིག་ཚགས་བྱའོ། །མིག་དར་གྱིས་མཚོན་ཏེ་མ་རིག་པའི་བག་ཆགས་ཀྱི་སྒྲིབ་གཡོགས་བསལ་བར་མོས་ཤིག །བཛྲ་པ་ཤྱ་ཧོ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བར་མོས་ཤིག །ཅེས་མིག་དར་བསལ་ལ་མཐོང་བ་བསྟན། དེས་རྗེས་གནང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་ཐོག་མར་གཉེན་པོ་སྟོབས་ཀྱི་ལྷ་འདི་བཞིན་དུ་གསལ་འདེབས་པ་ཞུ། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་གྱད་ཆེན་པོའི་འདོར་ཐབས་སུ་བགྲད་པ། སྐུ་དང་རྩ་ཞལ་དམར་སྨུག་གཡས་དཀར་གཡོན་དམར་ཞིང་མདངས་འོད་འཚེར་བ། ཕྱག་གཡས་གསུམ་གྱིས་རྡོ་རྗེའི་ཐོ་བ་གདེངས་ཤིང་གཡོན་གསུམ་སྡིགས་མཛུབ་སྒྲེང་བའི་རྩེ་ལས་བསྐལ་མེ་འབར་བ། རལ་པ་ཁམ་ནག་སྲིད་རྩེར་སྒྲེང་བའི་གསེབས་ནས་རྟ་མགོ་ལྗང་གུ་རྟ་སྐད་དྲག་ཏུ་འཚེར་བ་གསུམ་ཕྱུང་པའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་བྱ་ཁྱུང་དཀར་དམར་མཐིང་གསུམ་རྔམ་བརྗིད་དུ་ལྡིང་བ། སྤྱན་དགུ་ཉི་ཟླ་ལྟར་འཁྱིལ་ཞིང་སྨ་ར་སྨིན་མ་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་འོད་འཕྲོ་བ། དུར་ཁྲོད་རུས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་གཏུམ་ཞིང་རྔམ་ལ་འཇིགས་པའི་བདག་ཉིད་ཅན་གྱི་པང་དུ་ཡུམ་པདྨ་གཟི་ལྡན་མ་དམར་མོ་འཁོར་ལོ་དང་ཐོད་ཁྲག་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་དང་མཉམ་པར་སྦྱོར་བ། ཁམས་གསུམ་གྱི་དྲེགས་པ་ཅན་མཐའ་དག་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་ཆེ་བཙན་ཆེན་པོར་གྱུར་པར་སྒོམས་ཤིག །སློབ་དཔོན་ཡང་ཁྱེད་རང་རྣམས་ཀྱིས་བསྒོམས་པ་དང་འདྲ་བའི་དཔལ་རྟ་མགྲིན་དབང་ཆེན་ལུས་ཀྱི་ལྷ་རྣམས་དང་བཅས་པར་གསལ་བ་ལ་མོས་གུས་བྱས་པས། རྡོ་རྗེ་བདུད་རྩི་བུམ་པའི་ཆུ་རྒྱུན་གྱིས་ཁྱེད་རང་གི་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བར་སྒོམས་ཤིག །ཧཱུྃ༔ ཟླ་གམ་དབང་གི་དཀྱིལ་འཁོར་དུ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་མཆོག་འདི༔ རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་རྣམ་བུམ་མགོར་བཞག་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་དུག་ལྔ་རྣམ་པར་དག་ནས་ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས་ཤིག །དབུ་རྒྱན་དང་དར་དཔྱང་མེ་ཏོག་བཅས་མགོར་བཞག་ལ། རིག་པའི་དོན་ལྡན་མེ་ཏོག་བརྒྱུས། །ཆོས་ཉིད་དར་གྱི་རྒྱན་བཏགས་ཏེ། །ཆེ་བའི་ཡོན་ཏན་རྫོགས་པའི་དབང་། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །དེ་ལྟར་དབུ་རྒྱན་དང་མེ་ཏོག་ཅོད་པན་སྤྱི་བོར་བཅིངས་པས་བདེ་གཤེགས་རིགས་ལྔའི་སྐུ་ཐོབ་པར་མོས་ཤིག །སྐུ་རྟེན་དཔལ་ཆེན་བུདྡྷ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱོད་རང་གི་དཔྲལ་བར་ཐིམ་པར་མོས་ཤིག །དཔལ་ཆེན་ཙཀླི་དཔྲལ་བར་བཞག་སྟེ། ཟླ་གམ་དབང་གི་དཀྱིལ་འཁོར་ནས། །གཏི་མུག་རྣམ་པར་དག་པ་ཡི། །དཔལ་ཆེན་སྐུ་ཡི་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་དང་རྩ་སྔགས་བརྗོད། སྔགས་བྱང་མགྲིན་པར་གཟུང་ལ། སྔགས་བྱང་པདྨ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱོད་རང་གི་མགྲིན་པར་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་ནས། །འདོད་ཆགས་རྣམ་པར་དག་པ་ཡི། །དཔལ་ཆེན་གསུང་གི་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྩ་སྔགས་བརྗོད། དཔལ་གཏོར་སྙིང་གར་བཀོད་དེ། དཔལ་གྱི་གཏོར་མ་བཛྲ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས། །ཟླ་གམ་དབང་གི་དཀྱིལ་འཁོར་འདིར། །ཞེ་སྡང་རྣམ་པར་དག་པ་ཡི། །དཔལ་ཆེན་ཐུགས་ཀྱི་དབང་མཆོག་འདི། །རྒྱལ་བ་སྲས་པོ་ཁྱོད་ལ་བསྐུར། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྩ་སྔགས་བརྗོད། རྭ་སྲུང་ལྟེ་བར་བཞག་ལ། རྭ་སྲུང་རྫས་རྒོད་རཏྣ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་ལྟེ་བར་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ང་རྒྱལ་རྣམ་པར་དག་པ་ཡི། །དཔལ་ཆེན་ཡོན་ཏན་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །གུ་ཎ་ཨ་བྷི་ཥིཉྩ་སྭཱ། རྩ་སྔགས་བརྗོད། རྫས་རྒོད་སློབ་མའི་ལུས་ལ་འཐོར། ཤུ་ཐོར་སོགས་ཡོད་ན་བྱུག་གོ །ཕུར་པ་གསང་གནས་སུ་གཏུགས་ལ། ཕུར་བུ་ཀརྨ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་གསང་གནས་སུ་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ཕྲག་དོག་རྣམ་པར་དག་པ་ཡི། །དཔལ་ཆེན་ཕྲིན་ལས་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཀརྨ་ཨ་བྷི་ཥིཉྩ་ཧཱ། རྩ་སྔགས་བརྗོད། ཕུར་པ་སྟེང་འོག་ཕྱོགས་མཚམས་སུ་འདྲིལ་ཞིང་རྡེག་ཚུལ་བྱར་གཞུག་གོ །དེ་ནས་དྲེགས་པའི་ཙཀླི་རྣམས་དང་གདབ་ཕུར་སློབ་དཔོན་གྱི་མདུན་དུ་བཞག །གཏོར་ཆུང་དང་ཤ་དུམ་རེ་རེ་བཞིན་བཤམས་པ་ནང་མཆོད་ཀྱིས་བྲན་ལ། དེ་ནས་དྲེགས་པ་ཅན་བཅོ་བརྒྱད་དམ་ལ་བཏགས་ཤིང་བཀའི་སྲུང་མར་གཏད་པའི་རྗེས་གནང་བྱ་བ་ཡིན་པས། སློབ་དཔོན་དང་ཁྱེད་རང་གཉིས་ཀ་དཔལ་ཆེན་པོ་རྟ་མཆོག་ཧེ་རུ་ཀའི་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་རྩེ་གཅིག་ཏུ་གནས་པའི་མདུན་དུ། ཡ་ལས་གཤིན་རྗེ་སྔོན་པོ་དབྱུག་ཏོ་ཐོད་ཁྲག་འཛིན་ཅིང་སྙིང་གར་སྲོག་ཡིག་ཡ་སྔོན་པོས་མཚན་པར་གྱུར། ཕུར་པ་བླངས་ལ། ཕུར་པའི་སྟོད་དཔལ་ཆེན་པོའི་སྐུ་ལ་སྨད་ལྕགས་ཕུར་ཟུར་གསུམ་པ་མགར་གྱི་སོལ་མལ་ནས་ཕྱུང་པ་ལྟ་བུར་གྱུར་པ་དེ་འདྲིལ་བས་ཁོའི་སྲོག་ཐོབ་པར་གྱུར། ཅེས་བསམ་ལ་ཕུར་པ་འདྲིལ་ཞིང་རྩ་སྔགས་ཤམ་དུ། ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཡ་མ་ཡ། ཏྲིག་ནན། ཡ་མ་ཡ། ཧུར་ཐུམ་ཛ། ཡ་མ་ཡ། མཱ་ར་ཡ། ཡ་མ་ཡ། རྩ་སྦུར་སྲོག་ནན་སྙིང་གཟིར། བྲེང་ཤག་ཡཾ་རྦད། ཅེས་དམ་ལ་བཏགས། ཨོཾ་ཨཱ་ཧཱུྃ། གསུམ་གྱིས་གཏོར་མ་བྱིན་བརླབ། ཡ་མ་ཡ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་དེ་ཉིད་གཏོར་ཆེན་དུ་བླུག །གཤིན་རྗེའི་གཟུགས་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་གཤིན་རྗེ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །དེས་ཕྱིན་ཆད་ཐམས་ཅད་ལ་འགྲེས་སྦྱར་ཤེས་པར་བྱ་སྟེ། མདུན་དུ་མ་ལས་མ་མོ་དམར་ནག་རལ་པ་ཅན་གྲི་གུག་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་མ་དམར་ནག་གིས་མཚན་པར་གྱུར། ཕུར་བུའི་འདྲིལ་ཞིང་དམ་བཞག་དང་གཏོར་འབུལ་རྣམས་གོང་དང་འདྲ་བ་ལས་སོ་སོའི་སྲོག་སྔགས་བརྗེ་དགོས་པས། ཡ་མ་ཡ་ཞེས་པའི་ཚབ་ཏུ་འདིར། མ་མ་རུ་ལུ། ཞེས་སྦྱར། མ་མོའི་ཙཀླི་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་མ་མོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཨ་ལས་ལྷའི་དེད་དཔོན་དཀར་པོ་རྡོ་རྗེ་དར་མདུང་འཛིན་པའི་སྙིང་གར་སྲོག་ཡིག་ཨ་དཀར་པོས་མཚན་པར་གྱུར། སྔགས། དེ་བ་ཨ་སྦྱར་ལ་དམ་བཞག་གཏོར་འབུལ་བྱ། ལྷའི་ཙཀླི་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་ལྷ་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་དུ་ལས་མུ་སྟེགས་དབང་ཕྱུག་ཆེན་པོ་ཐལ་སྐྱ་གཡས་རྩེ་གསུམ་གཡོན་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་དུ་ཐལ་སྐྱས་མཚན་པར་གྱུར། སྔགས། ཏིརྟི་ཀ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་མུ་སྟེགས་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཀྵ་ལས་གནོད་སྦྱིན་སེར་པོ་གཡས་དར་མདུང་གཡོན་ནེའུ་ལེ་འཛིན་པའི་སྙིང་གར་སྲོག་ཡིག་ཀྵ་སེར་པོས་མཚན་པར་གྱུར། སྔགས། ཡཀྵ་ཀྵ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་གནོད་སྦྱིན་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཙ་ལས་རྒྱལ་པོ་དམར་པོ་སག་ཞུ་གྱོན་པ་གྲི་མདུང་འཛིན་པའི་སྙིང་གར་སྲོག་ཡིག་ཙ་དམར་པོས་མཚན་པར་གྱུར། །སྔགས། རཱ་ཙ་ཙ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ༔ དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་རྒྱལ་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་ཛ་ལས་སྲོག་བདག་དམར་པོ་གཡས་གྲི་གུག་གཡོན་ཞགས་པ་འཛིན་པའི་སྙིང་གར་སྲོག་ཡིག་ཛ་དམར་པོས་མཚན་པར་གྱུར། སྔགས། ཤུ་ལ་ཛ་སྦྱར་བས་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་སྲོག་བདག་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་འགོང་པོ་ཁུ་ལེ་ལག་དགུ་ལྗང་ནག་ལག་དགུས་རལ་གྲི་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་ལྗང་ནག་གིས་མཚན་པར་གྱུར། སྔགས། ཧཾ་ཤཾ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་འགོང་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ར་ལས་སྲིན་པོ་དུད་ཁ་གཡས་རལ་གྲི་གཡོན་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་ར་ནག་པོས་མཚན་པར་གྱུར། སྔགས། རཀྵ་ར་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་སྲིན་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཧ་ལས་བདུད་ནག་པོ་གཡས་ལག་པ་བསྒྲད་ཅིང་གཡོན་རླིད་བུ་འཛིན་པའི་སྙིང་གར་སྲོག་ཡིག་ཧ་ནག་པོས་མཚན་པར་གྱུར། སྔགས། རུ་ཏྲ་ཧ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བདུད་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་དགེ་བསྙེན་དུད་ཀ་སཏྭ་གྲི་དང་རའི་རྒྱལ་མཚན་འཛིན་པ་ར་སྐྱེས་ལ་ཞོན་པའི་སྙིང་གར་སྲོག་ཡིག་ཏྲི་དུད་ཀས་མཚན་པར་གྱུར། སྔགས། བཛྲ་སཱ་དྷུ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དགེ་བསྙེན་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་རུ་ལས་དམ་སྲི་དཀར་པོ་བནྡྷེའི་གཟུགས་ཅན་སྙིང་ཕྲེང་འཁོར་ལོ་འཛིན་པའི་སྙིང་གར་རུ་དཀར་པོས་མཚན་པར་གྱུར། སྔགས། རུ་ཏྲ་རུ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དམ་སྲི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་ར་ལས་གཟའ་བདུད་ནག་པོ་མགོ་བོ་དགུ་པ་བྱ་རོག་མགོ་དང་བཅུ། གཡས་ཆུ་སྲིན་གྱི་རྒྱལ་མཚན། གཡོན་རའི་མདའ་གཞུ་འཛིན་པའི་སྙིང་གར་སྲོག་ཡིག་ར་ནག་པོས་མཚན་པར་གྱུར། སྔགས། བིཥྞུ་ར་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་གཟའ་བདུད་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་པ་ལས་དམུ་བདུད་སྨུག་ནག་དམུ་ཞྭ་གྱོན་པ་དམུ་བཤོས་ལག་ཏུ་བཟུང་བའི་སྙིང་གར་སྲོག་ཡིག་པ་སྨུག་ནག་གིས་མཚན་པར་གྱུར། སྔགས། མུན་མུན་པ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དམུ་བདུད་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་བགེགས་ཀྱི་རྒྱལ་པོ་སྔོ་སྐྱ་རྩེ་གསུམ་ལ་ཕུག་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་སྔོ་སྐྱས་མཚན་པར་གྱུར། སྔགས། བི་ནཱ་ཡ་ཀ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བགེགས་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཛ་ལས་བཙན་དམར་པོ་རལ་གྲི་མདུང་དར་འཛིན་པའི་སྙིང་གར་སྲོག་ཡིག་ཛ་དམར་པོས་མཚན་པར་གྱུར། སྔགས། ཨ་བྷི་ཤུ་ལ་ཛ་སྦྱར་ལ་དམ་བཞག་དང་གཏོར་མ་འབུལ། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བཙན་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་ཐེའུ་རང་དཀར་པོ་བེར་ཀ་དང་རླིད་བུ་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་དཀར་པོས་མཚན་པར་གྱུར། སྔགས། ཏྲི་དུ་ནན་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་ཐེའུ་རང་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཕུཿལས་ཀླུ་བདུད་ནག་པོ་སྦྲུལ་ཞགས་ནད་རྐྱལ་འཛིན་པའི་སྙིང་གར་སྲོག་ཡིག་ཕུཿནག་པོས་མཚན་པར་གྱུར། སྔགས། ནཱ་ག་ར་ཙ་ཕུཿསྦྱར་ལ་དམ་བཞག་གཏོར་འབུལ་བྱ། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་ཀླུ་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །དེ་ལྟར་དྲེགས་པ་བཅོ་བརྒྱད་རེ་རེ་བཞིན་དམ་ལ་བཞག་ཅིང་གཏོར་མ་སྦྱིན་ཏེ་བྲན་དུ་གཏད་པས་ཁྱོད་རང་རྣམས་ལ་གུས་པ་ཆེན་པོས་ཅི་བགྱིའི་བཀའ་ནོད་པར་ཞལ་གྱིས་བཞེས་པར་མོས་ཤིག །དེས་ནི་དྲེགས་པ་ཅན་རྣམས་ཀྱི་སྲོག་ལ་དབང་ཐོབ་ཅིང་དྲེགས་བྱེད་མཐའ་དག་དབང་དུ་འདུ་བར་འགྱུར་བ་ཡིན་པས། དམ་ཚིག་ཏུ་ལྟ་བ་ཆོས་ཉིད་ཀྱི་གདིང་། སྒོམ་པ་ཡི་དམ་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་དྲེགས་པ་རྣམས་ཀྱི་བླ་རྡོ་གཏར་བཟུང་བ་དང་། རྟག་ཏུ་མཆོད་བསྟོད་གསོལ་ཁ་ལ་བརྩོན་ཅིང་རང་དོན་དང་གལ་ཆུང་ལ་རྦད་བསྐུལ་གྱིས་ལས་ལ་མི་བསྐུལ་བ་སོགས་སྤང་བླང་གི་གནད་དང་ལྡན་པར་བྱ་དགོས་སོ། །ཞེས་གདམས་ལ་ཤིས་པ་བརྗོད། དམ་ཚིག་བསྒྲག་བཟུང་། གཏང་རག་སོགས་སྤྱི་ལྟར་བྱ། རྗེས་གཏོར་ཆེན་དྲེགས་པ་རྣམས་ལ་རང་སྔགས་ཁཱ་ཧི་བཅས་ཀྱིས་འབུལ། མཆོད་པ་དང་བསྟོད་བསྐུལ་ཅི་རིགས་པ་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་རྩ་དབང་དུ་བཤད་པ་ལྟར་བྱས་པས་གྲུབ་བོ། །དྲེགས་ཅན་མཐའ་དག་དབང་དུ་འདུས། །འགལ་བྱེད་དམ་ཉམས་ཆམ་ལ་ཕབ། །བསྟན་པའི་དབུ་འཕང་དགུང་དུ་བསྟོད། །གསུམ་པོ་འདི་ནི་མཉམ་དུ་ཤོག །ཅེས་པ་འདིའང་ཟབ་ཆོས་འདི་ཉིད་འཕེལ་ཞིང་རྒྱས་པའི་སྒོར་འགྱུར་བའི་ལྷག་པའི་བསམ་པས་གཏེར་གཞུང་གི་དགོངས་པ་དང་བླ་མའི་ཕྱག་བཞེས་ཇི་ལྟར་བར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).