Terdzo-OM-011
བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒྲུབ་ཐབས་དང་བྱིན་རླབས་ཐུགས་རྗེའི་དབང་བསྐུར་
by གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་ (Thugs sgrub rdo rje drag po rtsal)
parent cycle སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 129-136 / Folios 1a1 to 4b4
Tibetan Text
ཨཱོྃ་སྭསྟི། མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་པས། །བདུད་སྡེ་ལྷ་མིན་དཔུང་ཚོགས་རྣམས། །མཐར་བྱེད་ལྷ་དབང་དྲག་པོ་རྩལ། །བཏུད་ནས་དེ་སྒྲུབ་སྙིང་པོར་སྤེལ། །འདིར་རྡོ་རྗེ་དྲག་པོ་རྩལ་གྱི་སྒྲུབ་ཐབས་དང་འབྲེལ་བར་བྱིན་རླབས་ཐུགས་རྗེའི་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། མཎྜལ་སྒོ་རྫོགས་ལྟེ་བ་པད་འདབ་ཅན་རྡུལ་ཚོན་གྱིས་བྲིས་པའམ་མེ་ཏོག་གི་ཚོམ་བུ་བཀོད་པས་ཀྱང་རུང་སྟེ། དེའི་དབུས་སུ་མཉྫི་ལ་སོགས་པའི་སྟེགས་ལ། དཔལ་གཏོར་ལས་བཞི་ལྷུན་གྲུབ་མ་བྲིས་སྐུ་བཙུགས་པ་དང་། ཧཱུྃ་ཡིག་སྔོན་པོ་དང་། ཧཱུྃ་ཡིག་ཁ་དོག་ལྔ་ལྡན། མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་ཅན་དང་། ཕྱི་ནང་གི་མཆོད་པ་དང་བཅས་པ་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མི་འབྲལ་རྩེ་གཅིག་བྱིན་རློབས་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཞེས་དང་། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་པས་སེམས་བསྐྱེད། ཕྱི་ནང་གི་མཆོད་པ་རྣམས་སྤྱི་ལྟར་བྱིན་གྱིས་བརླབས་ལ། དངོས་གཞི་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧཱུྃ། །དེ་ལས་ཧཱུྃ་འཕྲོས་འབྱུང་ལྔ་རིམ་བརྩེགས་སྟེང་། །ཧཱུྃ་ལས་རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་གདན༔ སྲིན་པོ་རུ་དྲ་བརྫིས་པའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ༔ སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས༔ མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་བརྒྱན༔ དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུར་ལྡན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་བཞུགས༔ ཞེས་པའམ། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས། སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ་སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ། གསུང་རྔམ་པའི་ང་རོ་སྒྲོག་པ། ཐུགས་དྲག་པོའི་ངར་དང་ལྡན་པ། འགྱིང་བག་དང་རོལ་པའི་སྟང་སྟབས་སུ་བཞུགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ། གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་སྦྲུལ་གྱི་གདུ་བུས་བརྒྱན་པ། ཁྲོ་གཏུམ་བརྗིད་པའི་གར་དགུ་དང་ལྡན་པ། སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ། ཚེམས་གངས་རི་གཏམས་པ་ལྟར་བཞད་པ། ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ། ཞལ་ནས་ཧཱུྃ་གི་སྒྲ་སྒྲོག་པ། ཟ་འོག་གི་བེར་སྨུག་གསོལ་བ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་གཉིས་སྟངས་སྟབས་སུ་བགྲད་དེ། ཉི་ཟླའི་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་ཅིང་། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར། ཅེས་པས་གསལ་བཏབ་ལ་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་མའི་མཐར། ཧཱུྃ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ༔ སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད༔ མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ རྡོ་རྗེ་ཕག་མོ་ཡུམ་དང་རོལ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཞེས་པས་སྤྱན་དྲངས། ཕྱི་ནང་གི་མཆོད་པ་སྨན་རཀ་གཏོར་མར་བཅས་པ་རིགས་མཐུན་གྱི་ཆོ་ག་གང་འོས་ལྟར་མཆོད། ཧཱུྃ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབས༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བསྙེན་པ་སུམ་བརྒྱ་ཉེར་གཅིག་གིས༔ དབང་གི་བྱིན་རླབས་ནུས་པ་བསྐྱེད༔ ཅེས་པ་བཞིན་ཧཱུྃ་ཛཔ྄་སུམ་འབྲེལ་སུམ་བརྒྱ་ཉེར་གཅིག་གིས་མཐའ་རྟེན་པ་བཟླ་ཞིང་། ཚོགས་མཆོད་དང་གཏེར་སྲུང་མཆོད་པའང་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། སྒྲུབ་ཚུལ་གཏོར་མ་ལྷར་བསྐྱེད་པ་ཉིད་ལས་ཏིང་ངེ་འཛིན་གྱི་དབང་ལེན་པ་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ནི། ཁྲུས་བྱ། བགེགས་བསྐྲད། ཆོས་བཤད་ཅི་རིགས་པ་ལས། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་རྐེད་ནས་མཛོད་ལྔའི་ཟབ་གཏེར་སྤྱན་དྲངས་པ་ལས། ལྷོ་གསེར་མཛོད་ནས་བྱོན་པ་གུ་རུ་དྲག་པོ་མཐིང་གའི་སྒྲུབ་སྐོར་དང་འབྲེལ་བ་ཡིན་ལ། དེ་ལ་ཡང་སྨིན་ལམ་དབང་གི་རིམ་པ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་འདིར་ནི་བསྡུས་པ་བྱིན་རླབས་ཐུགས་རྗེའི་དབང་བསྐུར་བ་ཞེས་བྱ་བ་དེ་ཡིན། དེ་ལ་སློབ་དཔོན་གྱིས་བགྱིད་འོས་རྣམས་ལེགས་པར་གྲུབ་ཅིང་། སློབ་མའི་བྱ་བ་ནི་རྩ་བར། མཎྜལ་འབུལ་ཞིང་གསོལ་བ་བཏབ༔ ཅེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ་ཏེ། ཀྱེ་མ༔ མ་ཧཱ་གུ་རུ་སྤྲུལ་པའི་སྐུ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ཆེན་པོ་འགྲོ་བའི་དོན༔ གདུལ་བྱ་རྒྱས་པར་མཛད་དུ་གསོལ༔ བདག་འདྲ་དད་པའི་སློབ་བུ་རྣམས༔ ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ་ནས་མེ་ཏོག་ཕུལ། མ་ཧཱ་གུ་རུའི་ནུས་པའི་དབང༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ སྙིགས་མའི་སེམས་ཅན་དུག་ལྔ་རགས༔ དེ་ཡི་དབང་གྱུར་ངན་སོང་ལྟུང༔ རྐྱེན་དང་བར་ཆད་བྱེད་པ་ཡིས༔ དམ་ཚིག་ཉམས་ན་གཉིས་ཀ་བརླག༔ ལུས་སྲོག་བྲལ་ལ་ཐུག་གྱུར་ཀྱང༔ དམ་ཚིག་བསྲུང་ན་དབང་བསྐུར་སྦྱིན༔ ཞེས་གནང་བ་བྱིན། སྐྱབས་སེམས་དང་ཡན་ལག་བདུན་པ་བྱ། ཡེ་ཤེས་དབབ་པའི་ཕྱིར། སློབ་མ་སྟོང་པར་སྦྱང་། སྟོང་པའི་ངང་ལས་སློབ་དཔོན་གྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སློབ་མ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་གོང་ལྟར་བསྐྱེད། གནས་གསུམ་དུ་འབྲུ་གསུམ་གསལ་བའི་འོད་ཟེར་དང་། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་ནས་བླ་མ་རྡོ་རྗེ་དྲག་པོ་རྩལ་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་སྤྱན་དྲངས་ཏེ་ཐིམ་པར་མོས་ཤིག །སྔོན་བསྐལ་མ་དང་། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་ཀྱི་མཐར་སྔགས་དང་སྤོས་རོལ། ཏིཥྛ་བཛྲས་བརྟན་པར་བྱས་ལ། དབང་དངོས་ནི། དེ་ལྟར་ཡེ་ཤེས་ཕབ་པའི་རྐྱེན་གྱིས་ལྷ་སྐུར་གསལ་བ་དེ་ལ་སྐུ་རྟེན་སྤྱི་བོར་བཞག་པ་གཉིས་མེད་དུ་བསྟིམས་པས་ལྷའི་གསལ་སྣང་ང་རྒྱལ་བསྐྱེད་ལ། ཨཱོྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ གཟི་བརྗིད་འོད་འཕྲོ་མཚན་དང་དཔེ་བྱད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བག་ཆགས་ལུས་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་མཐུ་དབང་བྱིན་རླབས་ཐོབ་པར་བསམ། ཧཱུྃ་ཡིག་མགྲིན་པར་བཞག་སྟེ། ཨཱ༔ སྒྲ་ཡི་སྙིང་པོ་ཀུན་འདུས་ཡི་གེ་ཧཱུྃ༔ དྲག་ལ་ངར་ལྡན་གདངས་ཆེན་སྒྲ་ཡི་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆལ་པ་ངག་གི་ཉེས་པ་སྦྱང་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ངག་གི་སྡིག་སྒྲིབ་དག །གསུང་གི་མཐུ་དབང་བྱིན་རླབས་ཐོབ་པར་བསམ་མོ། །མེ་ལོང་སྙིང་གར་བཞག་སྟེ། ཧཱུྃ༔ བདེ་གཤེགས་མ་ལུས་ཐུགས་ཀྱི་སྙིང་པོ་ནི༔ མ་བཅོས་རང་བྱུང་གསལ་འཚེར་སྐྱོན་དང་བྲལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁྲུལ་པ་ཡིད་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་མཐུ་དབང་བྱིན་རླབས་ཐོབ་པར་བསམ་མོ། །གཏོར་མ་ལྟེ་བར་བཞག་སྟེ། སྭཱ༔ འདོད་པའི་ཡོན་ཏན་རབ་རྫོགས་རིན་པོ་ཆེ༔ དགོས་པ་ཀུན་འབྱུང་བླ་མ་མཆོད་པའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཛིན་བྱེད་ཞེན་སྣང་ཉེས་པ་སྦྱང་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་སྒོ་གསུམ་ཉེས་སྤྱོད་ཀྱི་སྡིག་སྒྲིབ་དག །ཡོན་ཏན་གྱི་མཐུ་དབང་བྱིན་རླབས་ཐོབ་པར་བསམ་མོ། །ཧཱུྃ་ལྔ་ཡན་ལག་ལྔར་བཞག་སྟེ། ཧཱ༔ རྒྱལ་བའི་མཛད་པ་ཕྲིན་ལས་སྟོབས་ཆེན་མཛད༔ ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་སྟོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐུགས་རྗེའི་གདུལ་བྱ་ཕྱོགས་བཅུར་རྒྱས་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་སྒོ་གསུམ་བྱ་སྤྱོད་ཀྱི་སྒྲིབ་པ་དག །ཕྲིན་ལས་ཀྱི་མཐུ་དབང་བྱིན་རླབས་ཐོབ་པར་བསམ་མོ། །སྐབས་འདིར་གཏོར་དབང་བྱེད་ན། གཏོར་མ་ལྷར་གསལ་བའི་གནས་གསུམ་གྱི་འོད་ཟེར་སློབ་མ་ལ་སྤྲོས་ཏེ་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་མོས་སུ་བཅུག་སྟེ། བརྒྱུད་པའི་བཤར་འདེབས་ཀྱི་མཐར། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཕྱི་ནང་གསང་བའི་འགལ་རྐྱེན་བར་གཅོད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་འཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་པའི་མཐར་མ་ཧཱ་གུ་རུ་དང་། བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་སོགས་སྤྱི་འགྲོའི་མཐར། ཀཱ་ཡ་སིདྡྷི་ཨཱོྃ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་སྦྱར་ཏེ་འདོད་གསོལ་སྔགས་དང་བཅས་པས་དབང་བསྐུར། ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཏུ་སྦྱིན། དམ་ཚིག་སྤྱི་དང་ཁྱད་པར་རྩ་བའི་དམ་ཚིག་གསུམ། ཡར་ངོ་མར་ངོའི་ཚེས་བཅུའི་མཆོད་པ་འཛིན་པར་བསྒྲག་ཤིང་ཁས་བླང་། མཎྜལ་རྗེས་ཆོག་སོགས་སྤྱི་ལྟར་བྱའོ། །འ༵གྱུར་བ་མ་ངེས་ལ་སོགས་སར། །ཐོགས་མེ༵ད་རིམ་གཤེགས་རྡོ༵་རྗེ༵་འཆང་། །དྲག་སྒྲུབ་མཐིང་གའི་སྒྲུབ་པའི་ཐབས། །བྱང་གཏེར་གདམས་པའི་སྙིང་པོ་འོ། །བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་བསྐུར་དུ་གྲགས་པའི་ལེའུ་ཚན་ནོ།། །།
Footnotes
Other Information
- RTZ Volume 61
- Gter bdag gling pa 'gyur med rdo rje
- Rin chen gter mdzod
- Rin chen gter mdzod Shechen Edition
- Thugs sgrub rdo rje drag po rtsal
- Sgrub thabs 'dod 'jo'i bum bzang
- Rig 'dzin rgod kyi ldem 'phru can
- Tibetan Texts
- Tibetan Publications
- Pad+ma 'byung gnas
- Gu ru rdo rje drag po rtsal
- Revelations - gter ma
- Sadhanas - Evocation Ritual - sgrub thabs
- Empowerment Rituals - dbang cho ga
- Mahayoga
- RTZ-Volume-61