Terdzo-PHA-010

From Rinchen Terdzö
Revision as of 14:51, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
(diff) ← Older revision | Latest revision (diff) | Newer revision → (diff)

རྡོ་རྗེ་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་སྨིན་བྱེད་བགེགས་དཔུང་འཇོམས་པའི་ཐོག་ཟེར་

rdo rje gro lod gsang sgrub gdug pa kun 'dul gyi smin byed bgegs dpung 'joms pa'i thog zer

by  ཀརྨ་བཀྲ་ཤིས་ཆོས་འཕེལ་ (Karma Tashi Chophel)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་ (Gro lod gsang sgrub gdug pa kun 'dul)
Volume 14 (ཕ) / Pages 157-176 / Folios 1a1 to 10b4

[edit]

༄༅། །རྡོ་རྗེ་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་སྨིན་བྱེད་བགེགས་དཔུང་འཇོམས་པའི་ཐོག་ཟེར་ཞེས་བྱ་བ་བཞུགས་སོ། ། རིགས་འདུས་བླ་མ་དྲག་པོ་རྩལ། །འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དང་། །ཐ་དད་མ་དམིགས་བླ་མ་ལ། །འདུད་དོ་བཀས་གནང་བྱིན་གྱིས་རློབས། །འདིར་རྗེ་བླ་མའི་ཟབ་གཏེར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གསང་བ་ཧཱུྃ་གི་སྒྲུབ་ཐབས་གདུག་པ་ཀུན་འདུལ་གྱི་སྨིན་བྱེད་ཟབ་མོ་བགྱིད་པ་ལ་གསུམ། སྦྱོར། དངོས། རྗེས་སོ། །དང་པོ་ནི། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོར་གནས་དབེན་པར་དཀྱིལ་འཁོར་ཆོས་འབྱུང་གི་ལྟེ་བར་ཧཱུྃ་ཡིག་དམར་པོས་མཚན་པ། མུ་ཁྱུད་མེ་རིས་བསྐོར་བའི་དབུས་སུ་འཕྲུལ་སྟེགས་ཁར་གསང་བའི་བྱིན་རླབས་རྟེན་མར་མེ་སྡོང་བུ་ལྔ་པ་དང་། གཡས་སུ་རྣམ་བུམ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དམར་པོས་སྤྲས་པ་དང་། རྒྱབ་ཏུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཅན། གཡོན་དུ་གྲོ་ལོད་དང་གུ་རུ་ཞི་བའི་སྐུ་ཙཀ་དང་བགྲང་ཕྲེང་། གཞན་ཡང་དུར་ཁྲོད་ཆས་བརྒྱད། ཕྱག་མཚན་རྡོ་རྗེ་རྩེ་དགུ་དང་། གནམ་ལྕགས་ཀྱི་ཕུར་པ་དང། ལྕགས་སྡིག་གི་ཙཀླི་བཅས་གང་བདེར་བཀོད། མདུན་དུ་མཆོད་པ་རྣམ་ལྔ་ཕྲེང་ཚར་དུ་བཤམ་མོ། །ལོགས་གང་བདེར་ཚོགས་ཀྱི་ཡོ་བྱད། སྔོན་གཏོར། སློབ་དཔོན་གྱི་མདུན་ཆས་དམ་ཆུ་སོགས་ཉེ་བར་བསྡོག་གོ །དེ་ནས་ཐོག་མར་ཚིག་བདུན་གསོལ་འདེབས་སོགས་དང་། སྐྱབས་སེམས་ནས་བཟུང་། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་དང་ལྡན་པས། ལས་གཞུང་ཕྲིན་ལས་ལྟར་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅི་ལྟར་རིགས་པ་གྲུབ་ཀྱི་བར་བཏང་བས་བདག་མདུན་དབྱེར་མེད་པའི་ཏིང་ངེ་འཛིན་གསལ་བཏབ། རྣམ་བུམ་དང་ལས་བུམ་སྤྱི་ལྟར་སྒྲུབ། གྲུབ་ནས་བདག་ཉིད་འཇུག་པ་རྒྱས་བསྡུས་ཅི་རིགས་དང་གནང་བ་ནོད་པར་བྱའོ། །འདི་ལ་རྒྱས་པར་བྱེད་ན་བླ་སྒྲུབ་རྩ་བ་ཚིག་བདུན་པའི་ཕྲིན་ལས་པདྨའི་སྡོང་པོ་དང་སྦྱར་དགོས་པས་བཤམས་བཀོད་སྐབས་མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ་དང། ཆུ་གཉིས་ཉེར་སྤྱོད་བཅས་ཕྲེང་ཚར་རམ་བསྐོར་བཤམས་གང་བདེར་བཤམས་ལ། ཆོ་གའི་སྐབས་རང་གཞུང་གི་སྐྱབས་སེམས་འཕྲོས་ཚིག་བདུན་ཕྲིན་ལས་ལྟར་བགེགས་བསྐྲད་སོགས་སྔོན་འགྲོ་རྣམས་དང་། དངོས་གཞི་རང་གཞུང་ལྟར་ལྷ་བསྐྱེད་རྗེས། གནས་གསུམ་བྱིན་རླབས་དང་དབང་བསྐུར་ཚིག་བདུན་སྤྱི་ལྟར་ལས་ཁ་བསྒྱུར་མི་དགོས་པས་བསྟོད་པ་ཡན་བཏང། ཛཔ྄་བསྐུལ་ཤློཀ་བཏང་ལ་རང་གཞུང་ལྟར་བསྙེན་སྒྲུབ་ལས་གསུམ་རྒྱས་པར་བཏང་ཞིང་སོ་སོར་ཧཱུྃ་བཟླས་ཅི་འགྲུབ་བཏང་ལ་བདག་མདུན་བུམ་པ་གཏོར་མ་རྣམས་ལེགས་པར་སྒྲུབ། རྣམ་བུམ་བསྐྱེད་བཟླས་དམིགས་ཕྱེད་པའི་ཆེད་དུ་ཟུར་དུ་བྱས་ན་རྣམ་པ་གསལ་བས་སྤྱི་ལྟར་བྱ། མཐར་སྟོང་ཚིག་གི་མཆོད་བསྟོད་དང་། ལས་བུམ་རྟ་མགྲིན་ལྟ་བུ་གང་རུང་གིས་བྱིན་གྱིས་བརླབས། སྲུང་མའི་གཏོར་ཆོག་སྤྱི་འགྲེ་གང་དགོས་དང་། ཚོགས་དབང་གི་སྔ་ཕྱི་གང་བདེར་དང་དབང་ལེན་བཅས་བྱའོ། །སྤྱིར་གྲོ་ལོད་ཐམས་ཅད་རྣལ་འབྱོར་དབང་རབ་ཀྱི་དགོངས་པ་དང་བསྟུན་པ་མང་ཞིང་འདི་ཡང་དེ་ལྟར་བཞུགས་པས་གཞུང་ལྟར་ལས་ཡན་ལག་རྒྱས་པ་མ་བྱས་ཀྱང་གང་ཡང་མི་དགོས་ཀྱང་། རྣལ་འབྱོར་པའི་ཁམས་དབང་དང་བསྟུན་དགོས་པ་ལས་སྤྲོས་མེད་ཁོ་ནས་འོ་བརྒྱལ་ཆུང་བ་ཙམ་ལས་དགོས་དོན་གྲུབ་པ་དཀའ་བར་སྣང་ངོ། །གཉིས་པ་ནི། དམ་ལྡན་གྱི་སློབ་མ་གསུམ་ལས་མི་མང་བར་ཁྲུས་ནས་དབྱུང་། ཚིག་བདུན་བླ་སྒྲུབ་ཀྱི་ཕྲིན་ལས་པདྨའི་སྡོང་པོ་ལྟར་བགེགས་བསྐྲད་ལ་བགེགས་གཏོར་དོར། བསྲུང་མཚམས་བཅད་ལ་མཎྜལ་བཀྱེ་བསྡུ་གྲུབ་ནས། སེམས་བསྐྱེད་གསལ་གདབ་ལ། དེ་ལ་གང་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་རྣམ་པ་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་ཡིན། དེ་ལའང་གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བའི་འགྱུར་སྔ་ཕྱིའི་དབང་ལས་གསང་སྔགས་གསར་རྙིང་གཉིས་ལས་སྔ་འགྱུར་རྙིང་མ་སྟེ། དེ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པ་ལས་གཏེར་མའི་ཕྱོགས་སུ་གཏོགས་པ་ལགས་ཤིང་། དེ་ལའང་རྩ་གསུམ་ཆོས་སྲུང་དང་བཅས་པའི་རྒྱུད་ལུང་མན་ངག་ཇི་སྙེད་ཅིག་བྱུང་བ་ལས། འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་མན་ངག །དེ་ལའང་ཞི་དྲག་གཉིས་ལས། འདིར་ཡང་གསང་དྲག་པོ་འཆོལ་བའི་སྐུར་སྣང་བས་མི་སྲུན་ཞི་བས་གཞོམ་དུ་མི་བཏུབ་པ་ལ་གང་འདུལ་དེར་སྣང་གི་རོལ་པ་ཟབ་གཉན་མཐུ་སྟོབས་ཀྱི་གཟི་བརྗིད་ཆེས་ཁྱད་པར་དུ་འཕགས་པ་ཅན་གྱི་སྒྲུབ་ཐབས་ཏེ། དེ་ཡང་རྒྱལ་བ་སྲས་དང་བཅས་པའི་མི་ཟད་རྒྱན་འཁོར་གཅིག་ཏུ་བསྡུས་པའི་རང་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད། ནམ་མཁའ་དང་མཉམ་པའི་གདུལ་བྱ་རིས་སུ་མ་ཆད་པ་སོ་སོའི་ཁམས་དབང་དང་མཐུན་པར་གང་འདུལ་དེར་སྟོན་གྱི་སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི་རོལ་པ་ཚད་མེད་པས་སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་པ་ཁྱབ་པ་ལས། གདོང་དམར་བོད་ཀྱི་ཡུལ་ན་རྡོ་རྗེའི་སྐུའི་བཀོད་པ་བསྟན་ཅིང་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་སྣང་བས་བསྐལ་པའི་བར་དུ་འཁྱུད་པ་ལས། རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གུ་རུ་ཉིད་ཀྱི་ཕྱི་ནང་གསང་བའི་སྒྲུབ་སྐོར་མཐའ་ཡས་པ་ཞིག་བསྩལ་ནས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་གཏམས་པ་སྤྲུལ་པའི་སྐྱེས་བུ་སྨོན་ལམ་གྱི་མཐུ་གྲུབ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་རྒྱ་བཀྲོལ་ཏེ་བསྟན་འགྲོའི་གསོས་སྨན་མཆོག་ཏུ་གྲུབ་པ་ཉི་ཟླ་ལྟར་གསལ་ཞིང་། འདིར་དེ་དག་ལས་ཁྱད་པར་དུ་འཕགས་པ་སྙིགས་དུས་ཀྱི་དམ་འགོང་གདུག་པ་ཅན་གསར་བྱུང་གི་གཉེན་པོར་ཆེད་དུ་དགོངས་པ་བླ་མ་རྡོ་རྗེ་གྲོ་ལོད་གསང་སྒྲུབ་སྟེ། གཞུང་ལས། རྣལ་འབྱོར་སྒྲུབ་པོའི་སྲོག་གི་གོ༔ བར་ཆད་ལོག་འདྲེན་སྐྱོབ་པའི་རྫོང༔ སྙིགས་དུས་དམ་འགོང་གདུག་པ་ཅན༔ འདུལ་བའི་གཉེན་པོ་ཟླ་མེད་པ༔ དྲག་པོ་འཆོལ་བའི་གསང་སྒྲུབ་བསྟན༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་དུ༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་རྡོ་རྗེའི་བཀས་བསྔགས་པའི་དོན་ལས་མི་འདའ་བའི་བྱིན་རླབས་ཀྱི་གཟི་བརྗིད་འབར་བ་འདི་ཉིད། གཞུང་ལས། བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱིས༔ རང་གི་སྒྲུབ་ཐབས་གྲངས་མེད་བརྩམས༔ ཀུན་གྱི་ཡང་ཟབ་སྙིང་ཁྲག་ཐིག༔ བརྩེ་བས་བཻ་རོ་ཉིད་ལ་གདམས༔ གསང་འཛིན་མཁའ་འགྲོས་གཏེར་དུ་སྦོས༔ མ་འོངས་དྲག་སྤྱོད་རྩུབ་འགྱུར་དུས༔ ལྷ་མིན་ཀླ་ཀློ་འཇུག་པའི་ལྟས༔ ནག་ཕྱོགས་བདུད་རིགས་ཤུགས་བརྡོལ་ཚེ༔ འཕྲད་ཆོག་གཉེན་པོ་བླ་ན་མེད༔ རྡོ་རྗེ་ཕ་ལམ་གོ་དང་མཚུངས༔ ལོ་ཙཱ་ཆེན་པོའི་སྨོན་ལམ་མཐུས༔ སྤྲུལ་པ་ཞིག་གིས་སྣང་བར་བྱེད༔ རང་གཞན་མང་པོའི་དོན་དུ་འགྱུར༔ ཞེས་ཆོས་འདིའི་ཆེ་བ། འདོན་པའི་དུས་རྟགས། འདོན་བྱེད་བཅས་ལུང་བསྟན་པ་ལྟར་སྣང་མཛད་ལོ་ཙཱ་བའི་ཡེ་ཤེས་སྒྱུ་མའི་རང་མདངས། གཏེར་འབྱིན་མཁས་གྲུབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས། སྔོན་ཨོ་རྒྱན་ཆེན་པོ་ཉིད་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ཏེ་དམ་སྲི་གདུག་པ་ཅན་བཏུལ་པའི་གནས་སྟག་ཚང་མིང་ཅན་བཅུ་གསུམ་ལས། མདོ་ཁམས་འབྲི་རྫ་ཟལ་མོ་སྒང་གི་ཆར་ཤོད་ཆེན་བཞིའི་ཡ་གྱལ་སྨད་ཤོད་རོང་མེ་དཀར་མོ་སྟག་ཚང་གི་བསམ་འགྲུབ་ཀེའུ་ཚང་ན་ཟབ་མོའི་གཏེར་དུ་སྦས་པ་ཉིད་གནས་དུས་ཀྱི་རྟེན་འབྲེལ་ཟབ་མོས་སྐབས་དབྱེ་བ་ན་གསང་གཏེར་གྱི་དངོས་གྲུབ་ཏུ་བཞེས་ཏེ་ཐུགས་ཉམས་སུ་བསྟར། སླར་རིག་འཛིན་མཁའ་འགྲོས་བཀའི་རྒྱ་བཀྲོལ་བ་ན་སྐལ་ལྡན་མཆོག་གི་འདུས་པ་ཐོག་མཐའ་བར་གསུམ་རྣམས་ལ་རིམ་པར་བསྟན་ཅིང་སྨིན་གྲོལ་གདམས་པ་ཟབ་མོས་རྗེས་སུ་བཟུང་ཞིང་། དེ་ནས་རྒྱ་ཆེར་སྤེལ་བར་མཛད་པ་དེ་ལྟ་བུའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་པས། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་འབུལ་དུ་གཞུག །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ བླ་མ་རྡོ་རྗེ་གྲོ་ལོད་དགོངས༔ གསང་ཆེན་འབར་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་དབྱེར་མེད་པའི་བླ་མ་རྡོ་རྗེ་གྲོ་ལོད་ཕྱོགས་དུས་ཀྱི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ ཕྱོགས་དུས་རྒྱལ་བ་འདུས་པའི་སྐུ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ལ༔ གུས་པས་སྐྱབས་མཆི་གསོལ་བ་འདེབས༔ བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ༔ ལན་གསུམ། ནམ་མཁའ་དང་མཉམ་པའི་མར་གྱུར་རིགས་དྲུག་གི་སེམས་ཅན་ཐམས་ཅད་མ་ཧཱ་གུ་རུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་དྲག་པོའི་དཀྱིལ་འཁོར་དུ་ཞུགས་ནས་རྒྱུད་སྨིན་ཅིང་གྲོལ་བྱེད་ཀྱི་ལམ་བསྒོམ་པར་བགྱིའོ་སྙམ་པའི་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། གཟུང་འཛིན་བདུད་བགེགས་ཚར་གཅོད་ཕྱིར༔ ཁྲག་འཐུང་ཁྲོ་རྒྱལ་མཆོག་བསྒྲུབས་ནས༔ འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་ན༔ ལམ་མཆོག་བགྲོད་པར་བྱིན་གྱིས་རློབས༔ ལན་གསུམ། གསག་སྦྱང་སྤེལ་གསུམ་གྱི་སྙིང་པོ་བསྡུས་པ་ཡན་ལག་བཅུ་པ་ཁྱད་པར་བའི་ཏིང་ངེ་འཛིན་ཀུན་རྫོབ་དམིགས་པའི་རྣམ་པ་སོ་སོ་སྤྱི་དང་མཐུན་པ་དང་། དོན་དམ་རང་བྱུང་རང་གསལ་ཡེ་ཤེས་ཆེན་པོའི་དགོངས་ཀློང་དུ་མཉམ་པར་བཞག་པ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས། ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པའི་ཧེ་རུ་ཀ༔ འཁོར་འདས་དབྱེར་མེད་འཆོལ་བ་ཆེ༔ མ་འཁྲུལ་གདོད་མའི་དབྱིངས་ནས་གཤེགས༔ ལྷ་སྐུ་ཐིག་ལེའི་ཕྱག་རྒྱར་བཞེངས༔ ཆོས་ཉིད་རང་སྒྲ་ཧཱུྃ་དབྱངས་སྒྲོགས༔ དབྱིངས་རིག་འདུ་འབྲལ་མེད་པར་བཞུགས༔ ཡིད་དཔྱོད་བྲལ་བར་མངོན་སུམ་འདུད༔ འདོད་ཡོན་མ་སྤངས་ཆོས་ཉིད་རྒྱན༔ འོད་ལྔར་ལྷུན་གྱིས་གྲུབ་པས་མཆོད༔ དབྱིབས་དང་རྒྱན་བཀོད་ཚད་བཟུང་མེད༔ གཏིང་གསལ་ལྷུན་རྫོགས་ཆེན་པོར་བསྟོད༔ འཁྲུལ་རྟོག་མ་བྱུང་མ་སྐྱེས་པས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བར་བཤགས༔ རིག་རྩལ་ཐོག་འབེབ་ཐུགས་དམ་བསྐུལ༔ འཁོར་བའི་འཁྲུལ་འཁོར་གཏིང་ནས་ཟློག༔ གཞི་སྣང་འཁྲུལ་པ་རྩད་ནས་ཆོད༔ ཡེ་ཤེས་རང་ས་ཟིན་པར་མཛོད༔ ལན་གསུམ་མམ་གཅིག །རྡོ་རྗེའི་ཐ་ཚིག་བསྒྲགས་ཤིང་དམ་ཚིག་གི་བདུད་རྩིའི་ཆུ་ནན་བྱིན་པར་མོས་ཤིག །ཧཱུྃ༔ འདའ་དཀའ་རྡོ་རྗེའི་སྲོག་གི་ཆུ༔ འདི་ཐུངས་དམ་ཚིག་གཉེན་པོ་སྲུངས༔ སྲོག་ལ་བབ་ཀྱང་མི་འདའ་བར༔ རྩ་བ་ཡན་ལག་བརྟུལ་ཞུགས་ཟུངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ ཞེས་དུང་ཆུ་སྦྱིན། རྡོ་རྗེ་སྤྱི་བོར་བཞག་ཅིང་། གསང་བ་ཟབ་མོའི་དམ་ཚིག་གཉེན་པོ་ཚུལ་བཞིན་དུ་བསྲུང་བའི་བློས་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ན་ར་ཀན༔ དེ་ནས་དབང་གི་གཞི་བཀོད་ཅིང་ཡེ་ཤེས་ཆེན་པོའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་བླ་མ་དྲག་པོའི་སྐུ་འདི་ལྟར་དུ་སྒོམས་ཤིག །ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་སྣང་ཆོས་རྣམས་ཀ་ནས་དག༔ རང་བཞིན་རྫོགས་པ་ཆེན་པོའི་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ འོད་གསལ་རང་སྣང་ཀུན་ཏུ་ཁྱབ༔ མཁའ་ལ་ཉི་བཞིན་ཡེ་ནས་གདལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་རིག་ཟུང་འཇུག་གདོད་མའི་གཤིས༔ མ་བཅོས་ཡེ་ཤེས་ཐིག་ལེར་ཤར༔ རྒྱུ་ཡིས་མ་བསྐྱེད་ལྷུན་གྱིས་གྲུབ༔ རྐྱེན་གྱིས་མི་འཇིག་རྡོ་རྗེའི་སྐུ༔ མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ འཆོལ་བའི་ཆས་ཅན་ཁྲོ་བོའི་རྒྱལ༔ སྨུག་ནག་བསྐལ་པའི་མེ་ལྟར་འབར༔ ཆོས་ཉིད་མི་འགྱུར་བདེ་ཆེན་མདངས༔ ཁྲོ་གཏུམ་གར་དགུའི་ཉམས་དང་ལྡན༔ དུར་ཁྲོད་ཆས་བརྒྱན་ཆོས་གོས་གསོལ༔ རྡོ་རྗེ་རྩེ་དགུས་སྟེང་གདོན་འཇོམས༔ ཧཱུྃ་དགུ་རཾ་དགུའི་ཚྭ་ཚྭ་འཕྲོ༔ གནམ་ལྕགས་ཕུར་པ་བགེགས་ལ་གཟིར༔ སྡིགས་མཛུབ་ལྕགས་སྡིག་མགོ་དགུ་འགྱེད༔ སྟག་མོ་གྲུས་མའི་སྟེང་ན་འགྱིང༔ སྡེར་མོས་རྒྱལ་བསེན་སྙིང་ལ་གཟིར༔ སྤྱི་གཙུག་ཁྱུང་ཆེན་དམར་ནག་ལས༔ རིགས་ལྔའི་བྱ་ཁྱུང་གྲངས་མེད་སྤྲོ༔ གནས་གསུམ་རིགས་གསུམ་ཁྲོས་པའི་ལྷ༔ ལྟེ་གསང་དབྱིངས་ཕྱུག་མེ་དབལ་དང༔ དཔྲལ་མགྲིན་ལ་སོགས་སྐུ་ཡི་གནས༔ ཁྲོ་བཅུ་ཁྲ་ཐབས་གོ་ཆས་གཏམས༔ སྤྲུལ་པའི་ཁྲོ་བོས་གནམ་ས་གང༔ ཡང་སྤྲུལ་ཁྱུང་སྡིག་འཇིག་རྟེན་གཡོ༔ མེ་རི་མེ་དཔུང་འུར་ཆེམ་ཀློང༔ འབར་བའི་གཟི་བརྗིད་བཟོད་པར་དཀའ༔ འཁོར་འདས་ཞིང་ཀུན་མངའ་མཛད་པའི༔ ཆེ་བཙན་འགྲན་ཟླ་བྲལ་བར་གྱུར༔ དེ་ལྟར་གསལ་བ་དང་ཁྱབ་བདག་མ་ཧཱ་གུ་རུ་དྲག་པོ་འཆོལ་བའི་ལྷ་ཚོགས་ལ་མོས་གུས་གདུང་ཤུགས་དྲག་པོས་བསྐུལ་བའི་རྐྱེན་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་དང་། ཁྱད་པར་རྔ་ཡབ་པདྨ་འོད་ལངྐ་དཔལ་གྱི་ཕོ་བྲང་ནས་དཀོན་མཆོག་རྩ་གསུམ་མ་ལུས་པ་ཐམས་ཅད་གུ་རུ་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱིན་ཐིབས་ཀྱིས་བྱོན་ནས། རང་གི་སྒོ་གསུམ་ལ་ཐིམ་པས་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ། བླ་མ་དྲག་པོའི་སྐུ་དང་ཡེ་ཤེས་སུ་ལམ་སྟེ་གྱུར་པའི་མོས་པ་བརྟན་པོ་མཛོད་ཅིག །ཌཱ་དྲིལ་སྦྱར་སྤོས་སོགས་བྱིན་འབེབ་ཀྱི་གནད་ཚང་བས་དབྱངས་དང་བཅས། ཧཱུྃ་ཧཱུྃ་ཧཱུྃ༔ བདག་གི་བླ་མ་བདུད་འདུལ་དྲག་པོ་རྩལ༔ ད་ལྟ་རྔ་ཡབ་པདྨ་འོད་ན་བཞུགས༔ ཐུགས་རྗེས་བོད་ཁམས་འགྲོ་ལ་རྩེ་གཅིག་དགོངས༔ གདུལ་དཀའ་འདུལ་བའི་ཕྲིན་ལས་རྒྱུན་ཆད་མེད༔ བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔ ཉམ་ཐག་བདག་ནི་ཕ་ཡིས་མ་གཟིགས་སམ༔ སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ་༔ ལས་ངན་བདག་འདྲ་ཐུགས་རྗེས་མི་བཟུང་ངམ༔ ཕྲིན་ལས་དབྲི་བཀོལ་དགོངས་པས་བཏང་སྙོམས་ན༔ ཐུགས་དམ་ཞལ་བཞེས་ཐ་ཚིག་ཇི་ལྟར་འགྱུར༔ ཕ་གཅིག་འབོད་དོ་བུ་ལ་བརྩེ་བས་དགོངས༔ ཉིད་ལས་སྐྱབས་གཞན་མེད་པའི་གདུང་ཡུས་ཀྱིས༔ སྙིང་ནས་མཆི་མ་འཁྲུགས་བཞིན་གསོལ་འདེབས་ན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ༔ མྱུར་བ་ཉིད་དུ་ཐུགས་རྗེའི་རྩལ་ཤུགས་སྐྱེད༔ འཁྲུལ་རྟོག་ཉོན་མོངས་དབྱིངས་སུ་ཞི་བ་དང༔ ཚེ་དབང་ཡེ་ཤེས་རིག་རྩལ་རྒྱས་པར་མཛོད༔ ལུས་ལ་བདེ་དྲོད་འབར་བའི་བྱིན་ཕོབ་ཅིག༔ ངག་ལ་བདེན་ཚིག་འགྲུབ་པའི་བྱིན་ཕོབ་ཅིག༔ སེམས་ལ་རྟོགས་པ་འཆར་བའི་བྱིན་ཕོབ་ཅིག༔ རང་སྣང་དབང་དུ་འདུ་བའི་བྱིན་ཕོབ་ཅིག༔ གཞན་སྣང་ཟིལ་གྱིས་གནོན་པའི་བྱིན་ཕོབ་ཅིག༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བྱིན་ཕོབ་ཅིག༔ ཧཱུྃ་ཡིག་སུམ་སྒྲིལ་གྱི་མཇུག་ཏུ། བཛྲ་ཨཱ་ཝེ་ཤ་ཡ་བཏགས་པ་ཡང་ཡང་བཟླས་ཤིང་བྱིན་དབབ། དེ་ལྟར་ཡེ་ཤེས་དབབ་ཅིང་བསྟིམས་པས་སྒོ་གསུམ་ལྷའི་ཕྱག་རྒྱར་གསལ་བར་གྱུར། ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་འགོད། དེ་ནས་དབང་བསྐུར་བ་དངོས་ལ་ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བླ་མ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་གསལ་བའི་སྐུའི་ཆ་ལས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་ཁྲོ་ཆུ་ཁོལ་མ་ལྟ་བུའི་རྒྱུན་བྱུང་། ཁྱེད་རང་ལྷར་གསལ་བའི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་བག་ཆགས་མ་ལུས་པ་བསལ། ཁྱད་པར་སྒོ་གསུམ་ལ་གནོད་པའི་སྟེང་འོག་བར་གསུམ་གྱི་གདོན་རིགས་ཕ་རོལ་གྱི་བྱད་རྦོད་སོགས་མི་དང་མི་མིན་གྱིས་གནོད་ཅིང་འཚེ་བ་ཐམས་ཅད་རྩ་སྦུར་ལ་མེ་ལྕེ་དྲག་པོས་རེག་པ་ལྟར་ལྷག་མེད་དུ་བཅོམ། བླ་མ་རྡོ་རྗེ་གྲོ་ལོད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཁྲོ་བོའི་རྒྱལ༔ བུམ་པའི་བདུད་རྩིར་འོད་དུ་འཁྱིལ༔ དབང་བསྐུར་རྟོག་སྒྲིབ་བག་ཆགས་སྦྱངས༔ ལྷ་དང་དབྱེར་མེད་སྨིན་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་ངག་ཏུ་བླུད། དེ་ནས་སྐུའི་དབང་གི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་དཔྲལ་བ་ནས་རང་འདྲ་བའི་སྐུ་གསལ་ལ་དོད་པ་ཞིག་ཆད་དེ་རང་གི་སྤྱི་བོར་ཐིམ་པས་ལུས་ལ་གནོད་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ། བླ་མ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་མོས་ཤིག །དྲག་པོའི་སྐུ་རྟེན་སྤྱི་བོར་བཞག །ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ སྟོབས་བཅུའི་རྩལ་འཆང་བདུད་ལས་རྒྱལ༔ འབར་བ་ཆེན་པོ་སྐུ་ཡི་དབང༔ སྐལ་ལྡན་ལུས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསུང་གི་དབང་བསྐུར་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་མགྲིན་པ་ནས་གསུང་གི་ངོ་བོ་ཡི་གེ་ཧཱུྃ་དམར་པོའི་ཕྲེང་བ་ལུ་གུ་རྒྱུད་དུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་ལ་གནོད་པའི་ནད་གདོན་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག །བླ་མ་དྲག་པོའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་ཡིག་དང་བགྲང་ཕྲེང་མགྲིན་པར་བཞག །ཧཱུྃ༔ རྡོ་རྗེའི་གསུང་མཆོག་དཔལ་དང་ལྡན༔ མཚོན་ཆ་ཆེན་པོ་སྡུག་བསྔལ་གཅོད༔ ཆོས་ཉིད་རང་སྒྲ་གསུང་གི་དབང༔ སྐལ་ལྡན་ངག་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཐུགས་ཀྱི་དབང་གི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་བླ་མ་གུ་རུ་ཞི་བ་གསལ་ལ་དོད་པ་ཡེ་ཤེས་ལྔའི་རང་འོད་ཅན་ཚོན་གང་བ་ཞིག་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་རྟོག་སྒྲིབ་བག་ཆགས་མ་ལུས་པ་སངས་ཀྱིས་དག །བླ་མ་གུ་རུ་རིན་པོ་ཆེའི་ཐུགས་བདེ་ཆེན་འོད་གསལ་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད་ཅིག །བླ་མ་ཞི་བའི་སྐུ་ཙཀ་སྙིང་གར་བཞག །ཧཱུྃ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ འོད་ལྔའི་མདངས་ལྡན་སྙིང་ལ་ཐིམ༔ བདེ་ཆེན་འོད་གསལ་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡོན་ཏན་གྱི་དབང་གི་དོན་དུ་དཔལ་གྱི་ཆས་བརྒྱད་ཀྱིས་མངའ་གསོལ་བས་སྒོ་གསུམ་ཆ་སྙོམས་ཀྱིས་བསགས་པའི་སྒྲིབ་པ་དག་ནས་ཟིལ་གནོན་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་མ་ཧཱ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ཀྱི་གང་འདུལ་དེར་སྟོན་སྤང་དང་རྟོགས་པའི་་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་པར་མོས་ཤིག །ཆས་བརྒྱད་བཀོན་ལ། ཧཱུྃ༔ ཚོགས་བརྒྱད་རྣམ་དག་དུར་ཁྲོད་ཆས༔ ཐེག་དགུའི་རྩལ་རྫོགས་གར་གྱི་ཉམས༔ གང་འདུལ་དེར་སྟོན་ཡོན་ཏན་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ནས་ཕྲིན་ལས་ཀྱི་དབང་གི་དོན་དུ་བླ་མ་དྲག་པོའི་ཕྱག་མཚན་རྣམས་གཏད་པས་བྱ་བྱེད་ལས་གསུམ་གྱི་སྒྲིབ་པ་རྣམས་དག་ནས་གང་འདུལ་ཕྲིན་ལས་རྣམ་བཞིའི་འཁོར་ལོས་བསྒྱུར་པས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ་ལ་དབང་འབྱོར་བའི་མཐུ་ཐོབ་པར་མོས་ཤིག །ཕྱག་མཚན་ལག་གཡོན་དུ་གཏད་ལ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་རྩེ་དགུ་འབར༔ ཕུར་བུས་སྲིད་གསུམ་ཐལ་བར་འབྱིན༔ བགེགས་འདུལ་ལྕགས་སྡིག་ཕྲིན་ལས་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀརྨ་ཨ་བྷི་ཥཉྩ་ཧྲཱི༔ དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གཏོར་མ་གུ་རུ་རྡོ་རྗེ་གྲོ་ལོད་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་ཡེ་ཤེས་ཀྱི་གཟི་བརྗིད་དཔལ་དུ་འབར་ཞིང་། སྤྲུལ་པ་དང་ཡང་སྤྲུལ་གྱི་ཕོ་ཉ་གནམ་ས་བར་སྣང་ཁྱབ་པར་བྱོན། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྡིག་སྒྲིབ་བར་ཆད་ནད་གདོན་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། སྐུ་གསུང་ཐུགས་ཀྱི་གསང་བ་དང་དབྱེར་མེད་པར་གྱུར་པའི་མོས་པ་བརྟན་པོ་མཛོད་ཅིག །དཔལ་གཏོར་སྐུ་ཙཀ་བཅས་གནས་གསུམ་དུ་བཞག་ཅིང་། ཧཱུྃ༔ དུར་ཁྲོད་འབར་བའི་ཕོ་བྲང་དུ༔ དཔལ་ཆེན་ཁྲོ་བོའི་ཕྱག་རྒྱ་རྫོགས༔ ཡེ་ཤེས་གཟི་བརྗིད་འཁོར་འདས་ཁྱབ༔ སྤྲུལ་པའི་ཆོ་འཕྲུལ་གནམ་ས་གང༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་དབང༔ ལུས་ངག་ཡིད་ལ་བསྐུར་བ་ཡིས༔ སྡིག་སྒྲིབ་ནད་གདོན་ཀུན་ཞི་ཞིང༔ རྡོ་རྗེ་གསུམ་དང་དབྱེར་མེད་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ སླར་ཡང་མཆོག་ཏུ་གསང་བའི་བྱིན་རླབས་ཁྱད་པར་བ་བགྱི་བ་ལ་དམིགས་པ་འདི་ལྟར་དུ་གསལ་ཐོབ། ཞུན་ཆེན་གྱི་མར་མེ་སྤར་ལ་དེ་ལ་དམིགས་ཏེ། སྐད་ཅིག་གཏུམ་ཆེན་ཁྲོ་བོའི་རྒྱལ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ༔ རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཁྲིགས༔ དམ་ཅན་ཆོས་སྐྱོང་ཐོག་སེར་འབེབ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ནམ་མཁའ་གང་བའི་ཆོ་འཕྲུལ་བཅས༔ བསྒྲུབ་བྱའི་སྤྱི་བོའི་གཙུག་ཏུ་བྱོན༔ མེ་ལྔ་འབར་བ་གནས་ལྔར་ཞུགས༔ རྒྱུ་འབྲས་དུག་ལྔའི་བག་ཆགས་བསྲེགས༔ སྐུ་ལྔ་ཡེ་ཤེས་རྩལ་རྫོགས་བསམ༔ ཞེས་བསྒོམས་ལ། མར་མེ་ལག་ཏུ་ཐོགས་ཤིང་གདངས་སྙན་པ་དང་སྦྱར་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ ཆོས་སྐུ་མཐའ་ཡས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔ ལོངས་སྐུ་གར་དབང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ སྤྲུལ་སྐུ་ཐོད་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ རྡོ་རྗེ་གྲོ་ལོད་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་མེ་ལྕེ་འོད་རབ་གསལ༔ དམར་ནག་མེ་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ རྩ་གསུམ་ལྷ་ཚོགས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ལངྐ་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཕུང་འཁྱིལ་བ་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་བཞེངས༔ བདུད་འདུལ་འཁོར་ཚོགས་བཅས་ཏེ་གཤེགས༔ གདུང་བས་བསྐུལ་ལོ་ཐུགས་རྗེ་སྐྱེད༔ དད་པས་འབོད་དོ་མྱུར་དུ་བྱོན༔ བརྩེ་བས་དགོངས་ཤིག་དྲག་པོ་རྩལ༔ ཐུགས་དམ་མ་བསྙེལ་གྲོ་བོ་ལོད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ རྟོག་སྒྲིབ་ཡེ་ཤེས་མེ་ཡིས་བསྲེགས༔ ནད་གདོན་ཐུགས་རྗེའི་རླུང་གིས་གཏོར༔ བར་ཆད་འབྱུང་པོ་ཐལ་བར་རློགས༔ ཉོན་མོངས་དུག་ལྔ་དབྱིངས་སུ་སྟིམས༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཕུང་ལྔའི་སྒྲིབ་བྲལ་ལྷ་རུ་སྨིན༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་ཡིག་གསུམ་ལྔ་བདུན་སྦྲེལ་གྱི་དབྱངས་བཅས་བསྒྲུབ་བྱའི་གནས་ལྔར་བཞག་ལ་མཐར་ཌཱ་དྲིལ་བྱ། ལྷ་ཚོགས་རྣམས་འོད་ཀྱི་ཕུང་པོར་ཞུ་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་རྩ་བའི་དབང་རྣམས་སོང་ནས་དེ་དག་ཐམས་ཅད་ཀྱི་གྲུབ་མཐའ་རང་བྱུང་ཡེ་ཤེས་ཆེན་པོ་ལམ་དུ་ལྷོང་དགོས་པས་ངོ་སྤྲོད་ཟབ་མོས་དགོངས་པའི་གདིང་གདོད་མའི་དབྱིངས་སུ་བསྐྱལ་ཏེ་ལ་བཟླ་བ་ལགས་པས་ཚིག་འདིའི་དོན་རྗེས་སུ་རྟོགས་ནས་མཉམ་པར་འཇོག་པར་ཞུ། སློབ་དཔོན་གྱིས་དགོངས་པའི་དྲོད་སློབ་མ་ལ་གཏོད་པའི་ལྟ་གདིང་བསྐྱེད་ལ། སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཐམས་ཅད་ཀྱང༔ ཀུན་བཟང་དགོངས་པའི་ངང་དུ་གཅིག༔ ཡེ་སྟོང་འོད་གསལ་ཆེན་པོར་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཐམས་ཅད་རིག་པའི་རྩལ༔ རང་རིག་དུས་གསུམ་འགྱུར་བ་མེད༔ མ་བྱས་མ་བཅོས་བབ་ལས་བྱུང༔ སངས་རྒྱས་སྐུ་གསུམ་གཤིས་ལ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་གྲོལ་དབྱིངས་སུ་བསྐྱར་གཞི་མེད༔ ཅོག་གཞག་ཆེན་པོ་བློ་དང་བྲལ༔ གཏད་མེད་ངང་དུ་བྱར་མེད་པ༔ ཟང་ཐལ་རྗེན་པར་འུབ་ཆུབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་ཀུན་གཞི་སྤྲོས་ལས་འདས༔ མངོན་སུམ་ལམ་བྱེད་ཐེག་པའི་རྩེ༔ འབྲས་བུ་གཞི་ལ་རྫོགས་པ་ཡི༔ ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་མཉམ་པར་བཞག །དེ་ནས། ཧོ༔ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོས་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་བར་ཆད་སོལ༔ གང་བསམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བཀྲ་ཤིས་ཅི་ལྟར་རིགས་པ་བརྗོད། དེས་བླ་མ་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ཟབ་མོའི་སྨིན་བྱེད་ཡོངས་སུ་རྫོགས་པ་ལགས་ཤིང་། གཞུང་ལས། སྨིན་བྱེད་ཀུན་གྱི་ཡང་ཟབ་གནད༔ འབྲེལ་ཚད་རྐྱེན་ངན་བར་ཆད་ཞི༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ མཐར་ཐུག་གུ་རུས་རྗེས་འཛིན་འགྱུར༔ ཞེས་གསུངས་པའི་ཕན་ཡོན་དེ་ལྡན་གྱི་དབང་བསྐུར་ལེགས་པར་ཐོབ་པས་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། སྐུ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་དང་ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་གྲུབ་ནས་སློབ་མ་གྱེས། གསུམ་པ་རྗེས་ནི། སློབ་དཔོན་གྱིས་སྔོན་དུ་མ་སོང་ན་ཚིག་བདུན་བླ་སྒྲུབ་ཀྱི་ཕྲིན་ལས་པདྨའི་སྡོང་པོ་ལྟར་ཚོགས་བྱིན་རླབས་ནས་ལྷག་མའི་བར་དང་། སྲུང་མའི་གཏོར་འབུལ་དང་། བསྐུལ་ཆད་བརྟན་རྟ་བྲོ། གཏང་རག་གི་མཆོད་བསྟོད་དང་། ཛཔ྄་ཀྱི་རྗེས་ན་ཡོད་པའི་དངོས་གྲུབ་བསྐུལ་བའི་ཚིག་བརྗོད་ལ་བུམ་པ་སོགས་ལས་དངོས་གྲུབ་བླང་། ནོངས་བཤགས། གཤེགས་བསྟིམ་རྟེན་ཡོད་མེད་དང་བསྟུན་ལ་དེ་ལྟར་བྱ། རང་གཞུང་ལྟར་དགོངས་པ་ལ་བཟླ་དང་། བསྔོ་སྨོན་ཤིས་བརྗོད་བཅས་གཞུང་དང་ཕྲིན་ལས་ཕན་ཚུན་བསྡེབས་ཏེ་མཐར་དབྱུང་བར་བྱའོ། །བསྡུ་ན་དབང་གྲུབ་པའི་རྗེས་སུ་སྔགས་ཙམ་གྱིས་མཆོད། མ་བཅོས་སྤྲོས་བྲལ་མའམ་བསྟོད་པར་འོས་པ་ལྟ་བུས་བསྟོད་ལ་ཡིག་བརྒྱས་ནོངས་པ་བཤགས། བདག་མདུན་དབྱེར་མེད་ལ་དམིགས་ཏེ་བསྡུ་ལྡང་ནི། གཞུང་ལྟར། སྣང་བ་ལྷ་ལ་སོགས་ཀྱིས་དགོངས་པ་གསལ་བཏབ་ལ་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ཡང་གསང་བླ་མའི་ཧཱུྃ་སྒྲུབ་གྱི། །སྨིན་བྱེད་མཚམས་སྦྱོར་བྲིས་འདི་ལ། །འགལ་འཁྲུལ་བླ་མ་མཁའ་འགྲོར་བཤགས། །དགེ་བས་པདྨས་རྗེས་འཛིན་ཤོག །ཅེས་པ་འདི་དྲན་པས་སྙིང་གི་གདུང་སེལ་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ཀྱི་ཞལ་སྔ་ནས་ཟབ་ཆོས་འདིའི་སྨིན་གྲོལ་ལེགས་པར་ཐོབ་པ་ཀརྨ་བཀྲ་ཤིས་ཆོས་འཕེལ་པས་བླ་མའི་ཕྱག་བཞེས་ལྟར་སྟན་ཐོག་གཅིག་ཏུ་དཔལ་སྤུངས་ཀྱི་ཆོས་གྲར་བྲིས་པ་ལ། སླད་ནས་རྡོ་རྗེ་འཆང་འཇམ་མགོན་བླ་མའི་ཟབ་གཏེར་ཡོད་རིགས་གཏེར་མཛོད་དུ་བཞུགས་སུ་གསོལ་བའི་ཚེ་ཁ་སྐོང་ཅུང་ཟད་བཅས་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱིས་ཞིབ་ཏུ་བྲིས་པ་དགེ་ལེགས་འཕེལ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).