Terdzo-NI-023

From Rinchen Terdzö
Revision as of 08:07, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
(diff) ← Older revision | Latest revision (diff) | Newer revision → (diff)

ལས་བཞིའི་སྦྱིན་སྲེག་སྤྱི་ལ་ཉེ་བར་མཁོ་བའི་ལག་ལེན་གསལ་བྱེད་བློ་གྲོས་འོད་ཀྱི་སྣང་བ་

las bzhi'i sbyin sreg spyi la nye bar mkho ba'i lag len gsal byed blo gros 'od kyi snang ba

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 42 (ནི) / Pages 245-292 / Folios 1a1 to 24b4

[edit]

༄༅། །ལས་བཞིའི་སྦྱིན་སྲེག་སྤྱི་ལ་ཉེ་བར་མཁོ་བའི་ལག་ལེན་གསལ་བྱེད་བློ་གྲོས་འོད་ཀྱི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། ཡེ་ཤེས་མེ་ལྕེས་སྒྲིབ་གཉིས་བུད་ཤིང་སྲེག །གྲུབ་གཉིས་སྣང་བའི་དཔལ་སྟེར་རྩ་གསུམ་ལྷ། །སྙིང་དབུས་བཀོད་ནས་བློ་དམན་ངལ་སེལ་ཕྱིར། །སྲེག་བླུགས་ཀུན་ལ་འཇུག་པ་ཅུང་ཟད་བརྗོད། །ལས་ཐམས་ཅད་མྱུར་དུ་སྒྲུབ་ཅིང་འདོད་པའི་འབྲས་བུ་ཐོགས་པ་མེད་པར་འབྱིན་པར་བྱེད་པ་སྦྱིན་སྲེག་གི་ཆོ་ག་འདི་ཉིད་དགེ་བའི་བྱ་བ་གང་ལའང་ཐོག་མཐའ་བར་གསུམ་གར་གཅེས་ཏེ། བར་དུ་གཅོད་པའི་བདུད་བགེགས་མི་མ་ཡིན་བསལ་བ་དང་། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ། སྒྲུབ་པ་བྱེད་པ་སོགས་ཀྱི་ས་གཉན་འདུལ་བ། ཡུལ་ཕྱོགས་བྱིན་ཆགས་པའི་སླད་དུ་ཞི་བ་དང་དྲག་པོའི་སྲེག་བླུགས་ཐོག་མར་བྱ་དགོས་པ་དང་། སྒྲུབ་པའི་བོགས་འབྱིན་ཅིང་བསོད་ནམས་ཀྱི་ཚོགས་སྤེལ་བ་དང་། རྒྱུན་གྱི་ཉམས་ཆག་སྐོང་བ། རབ་གནས་ཀྱི་ལྷ་ལ་མངའ་དབུལ་བ་སོགས་ཀྱི་ཕྱིར་ཞི་རྒྱས་ཀྱི་སྲེག་བླུགས་བར་དུ་བྱ་བ་དང་། སྔགས་ཀྱི་ལྷག་ཆད་སྐོང་བས་མཚོན་སྐུ་གསུང་ཐུགས་ཀྱི་དམ་འགལ་སྦྱོང་བ་དང་། སྒྲུབ་པ་གང་ཡིན་པའི་ལས་བཞི་མཆོག་གི་ནུས་པ་མྱུར་དུ་འབྱིན་ཅིང་དངོས་གྲུབ་ཐོབ་པའི་ཕྱིར་ལས་དང་མཐུན་པའི་སྲེག་བླུགས་མཐའ་མར་བྱ་བ་དང་། སྡིག་པ་སྦྱོང་བའི་ཞི་བའི་སྦྱིན་སྲེག་ནི་ཐོག་མཐའ་བར་གསུམ་དུ་གཅེས་པ་སྟེ། མདོར་ན་གསང་སྔགས་ཀྱི་བྱ་བ་དང་འབྲེལ་བའི་ལས་རིམ་ཀུན་ལ། སྣ་སེལ། མཇུག་སྡུད། རྣོ་སོ། ངར་འདོགས། རྒྱབ་རྟེན། ཁ་སྐོང་དུ་འགྱུར་བ་ལ་སོགས་པའི་དགོས་པ་ཕན་ཡོན་ཚད་མེད་པ་ཡོད་པས་གསར་རྙིང་གི་རྒྱུད་ལུང་མན་ངག་ཀུན་ལས་ཆེ་ཐང་དུ་བསྔགས་པ་ཡིན་ནོ། །དེ་ལྟ་བུའི་སྲེག་བླུགས་ཀྱི་བྱ་བ་དེའང་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུའི་ཡ་གྱལ་གཅིག་ཡིན་པས། ཏིང་འཛིན་ཆོ་ག་ལག་ལེན་རྣམས་ཚུལ་བཞིན་ཤེས་པར་བྱས་ནས་གཞུང་མཐུན་ཚད་ལྡན་བགྱིས་ན་ཇི་སྐད་བཤད་པའི་ཕན་ཡོན་འབྱུང་བ་ལ་ཐེ་ཚོམ་མེད་ཅིང་། ཏིང་ངེ་འཛིན་དང་མི་ལྡན་ཞིང་ལག་ལེན་རྣམ་དབྱེ་ཕྱོགས་ཙམ་མི་ཤེས་བཞིན་དུ་སྦྱིན་སྲེག་གི་ལད་མོ་བྱེད་པ་ནི་རྫས་ཆུད་གསོན་པ་ཙམ་དུ་མ་ཟད་བྱེད་པ་པོ་ལ་ཉེས་ལྟུང་དང་། གོང་གི་ཕན་ཡོན་རྣམས་ལས་ལྡོག་པའི་ཉེས་པ་འབྱུང་བས་ཤིན་ཏུ་གཟབ་ཅིང་། གསང་སྔགས་ཀྱི་ལྟ་སྤྱོད་གཉན་པོ་ལ་ཚོད་ཡོད་མི་བྱ་བ་ཅི་ནས་གལ་ཆེའོ། །སྦྱིན་སྲེག་ཇི་ལྟར་བྱ་བའང་དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་ཀྱི་སྲེག་བླུགས་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་མེ་ལྕེས། གཉིས་འཛིན་མཚན་རྟོག་གི་བུད་ཤིང་བསྲེགས་ཏེ་རང་བཞིན་གྱིས་འོད་གསལ་བར་སྒྲུབ་པ་དང་། དབང་པོ་འབྲིང་གིས་ནང་དང་གསང་བའི་སྲེག་བླུགས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་པ། ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བས་ལྟེ་བའི་མེ་གསོས་ཏེ་དྭངས་མའི་བདུད་རྩིས་ལུས་ཀྱི་ལྷ་ཐམས་ཅད་ཚིམས་པ་དང་། ཡབ་ཡུམ་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་འབར་ཞུའི་སྲེག་བླུགས་ལས་སྐྱེས་པའི་འཛག་མེད་བདེ་བ་ཆེན་པོའི་བཅུད་ཀྱིས་ཕུང་ཁམས་སྐྱེ་མཆེད་རང་བྱུང་གི་ལྷ་མཉེས་པ་དང་། དབང་པོ་ཐ་མས་ཕྱིའི་སྲེག་བླུགས་ཆོ་ག་ལྟར་སྒྲུབ་པ་སྟེ། ལས་དང་པོ་པས་ཐོག་མར་ཕྱི་དང་ནང་གི་སྦྱིན་སྲེག་ཚུལ་བཞིན་བྱས་པས་ལྷག་པའི་ལྷ་མཉེས་པའི་བྱིན་རླབས་ཀྱི་མཐུས་གསང་བའི་སྲེག་བླུགས་ནུས་པར་འགྱུར་ལ། དེས་མཆོག་གི་སྦྱིན་སྲེག་འབད་མེད་དུ་འགྲུབ་པར་འགྱུར་བས་དང་པོར་གལ་ཆེ་བ་ཕྱི་རྫས་ལ་བརྟེན་པའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་་་རྙིང་མ་བཀའ་མའི་ལུགས་འདིར་མ་སྨྲོས། གཏེར་མ་སྤྱི་འགྲོའི་ལག་ལེན་ལྟར་འཆད་པ།ལ། སྤྱི་ལ་དགོས་པའི་སྔོན་འགྲོ །ལས་སོ་སོའི་ལག་ལེན། ཐུན་མོང་དུ་གཅེས་པའི་མན་ངག །སྤང་བླང་གི་དམ་ཚིག་བཤད་པའོ། །དང་པོ་ནི། ཕྲིན་ལས་སོ་སོ་བསྒྲུབ་པར་འོས་པའི་ས་གཞི་རྒྱུད་ནས་གསུངས་པ་ལྟར་ལེགས་པར་བརྟགས་ལ། ཕྱི་རྫས་ནང་སྔགས་གསང་བ་ཏིང་འཛིན་ལས་དང་བྱ་བས་སྦྱང་། རྫས་དང་དམིགས་པ་ཚིག་གིས་གཟུང་། མནན་པ་དང་ཕུར་གདབ་ཀྱིས་བསྲུང་། སའི་ལྷ་མོ་ལྷག་པར་གནས་ཤིང་ཞལ་ནས་གསུངས་པའི་ཚིགས་སུ་གཅད་པས་ཤིས་པར་བྱ་བ་སོགས་ལག་ཏུ་བླང་བའི་ཚུལ་བཀའ་དགོངས་ཀྱིས་མཚོན་པའི་གཞུང་ཆེན་རྣམས་ལས་ཤེས་པར་བྱ། མདོར་བསྡུས་པ་ནི། སྦྱིན་སྲེག་གང་དུ་བྱ་བའི་གཞི་དེར་དཀར་གཏོར་གསེར་སྐྱེམས་ཕྱི་མཆོད་རྣམས་བཤམ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་གཏོར་བྱིན་བརླབས། ས་བདག་གནས་བདག་ཡུལ་བདག་རྣམས་ལ་སྔགས་དང་ཚིགས་སུ་གཅད་པས་བསྔོས་པས་གནང་བ་བྱིན་ཏེ་རང་གནས་སུ་གཤེགས་པར་བསམ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ས་ལ་བཞག་སྟེ། བདག་བསྐྱེད་ལྷའི་སྙིང་པོ་བརྒྱ་རྩ་བརྒྱད། ཨོཾ་ཨཱཿཧཱུྃ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཀུན་རྫོབ་དང་། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་དུ་མོས་ལ་དོན་དམ་གྱི་སྦྱོང་བ་བྱས་པ་ཙམ་གྱིས་འཐུས་སོ།། ༈ །།གཉིས་པ་ལས་སོ་སོའི་ལག་ལེན་ལ་ལྔ། ཞི་རྒྱས་དབང་དྲག་མཆོག་གམ་ལས་བཞི་ཀུན་འདུས་སོ། །དང་པོ་སྡིག་སྒྲིབ་ནད་གདོན་བར་གཅོད་སོགས་ཞི་བར་བྱེད་པའི་སྦྱིན་སྲེག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་རྣམ་གྲངས་བཅུ་ཡོད་པ་ལས། དང་པོ་གང་དུ་བྱ་བའི་གནས་ནི། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་ཕྱོགས། མ་འབྲེལ་ན་དགེ་འདུན་གྱི་གཙུག་ལག་ཁང་། རྟེན་གསུམ་ཁྱད་པར་ཅན་བཞུགས་པ་སོགས་བཀྲ་ཤིས་ཤིང་བྱིན་ཆགས་པའོ། །གཉིས་པ་དུས་ནི། རྒྱུད་ལས་དགུན་ཟླ་འབྲིང་པོར་གསུངས་པ་ནི་ཁྱིམ་དང་བསྟུན་པ་ཡིན་ལ། སྤྱིར་ནི་ར་བ་བཞིའི་ཚེས་གཅིག་སོགས་ཀྱི་སྔ་དྲོའམ་སྲོད་ཀྱི་ཆ་ལའོ། །གསུམ་པ་ཕྱོགས་ནི། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་དང་མ་འབྲེལ་ན་འབྱུང་བའི་ཤར་དུ་སློབ་དཔོན་ཉིད་ཞལ་ཕྱོགས་དགོས་པས་དེ་དང་ཞལ་སྤྲོད་དུ་འོང་བའི་ཐབ་བཅའ་བ་སོགས་བྱའོ། །བཞི་པ་མེ་ཐབ་ནི། སྔར་སྦྱོང་བས་དག་པར་བྱས་པའི་གཞི་དེར་བརྩིག་ཐབ་བརྐོས་ཐབ་བྲིས་ཐབ་གསུམ་གང་རུང་བྱ་དགོས་པ་ལས་དེང་སང་སྔ་མ་གཉིས་ལག་ལེན་བྱེད་པ་ཆེར་མེད་པས་བྲིས་ཐབ་ལྟར་ན། ས་དཀར་པོ་ལ་སྟེགས་བུ་གྲུ་བཞི་པ་དཔངས་སོར་བཞི་རྒྱར་མཐོ་བཞི་ཤིན་ཏུ་འཇམ་པ་བྱ། ས་རང་བཞིན་གྱིས་དཀར་བ་མེད་ན་ས་ཚོན་དཀར་པོས་བྱུགས་ཏེ་ཐམས་ཅད་དཀར་པོར་བྱ། དེ་སྟེང་ཐབ་ཀྱི་རི་མོ་ཚོན་སེལ་དམར་ནག་སོགས་མིན་ཞིང་མདོག་མི་ཟློས་པ་དཀར་སེར་ལྟ་བུས་གཅད་དགོས་པ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱ། སྟེགས་བུའི་སྟེང་ཚངས་ཟུར་གྱི་ཐིག་གདབ། དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ནི་ཐབ་ཁུང་དངོས་ཡིན་ལ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་རེ་སྟེ་ཟླུམ་སྐོར་གསུམ་གྱི་དབུས་སུ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་རྩེ་ལྔ་སོར་བརྒྱད་པ་མགོ་ཤར་དུ་བསྟན་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲི། ཕྱི་རོལ་ཁྲུ་ཕྱེད་ཀྱི་སར་བ་བྱུང་ལྔ་དང་འོ་མ་ཙནྡན་དཀར་པོ་དང་སྤོས་དཀར་ལ་སོགས་པས་བྱུག །བ་ལུ་ལ་སོགས་པའི་མེ་ཏོག་དཀར་པོ་གཅལ་དུ་དགྲམ་མོ། །ལྔ་པ་བུད་ཤིང་ནི། དུ་བ་མེད་པའི་མེ་དགོས་པས་འབྲོག་དགོན་གྱི་བ་ལང་གི་ལྕི་བ་སྐམ་པོའམ། བལ་བུ་དང་གླང་མས་ཀྱང་རུང་སྟེ་འོ་མ་ཅན་ནམ་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའི་སྐམ་པོ་རང་བྱུང་ཟླུམ་པོ་ཉིད་ཐབ་ལས་ཅུང་ཟད་ཐུང་བའམ་མཉམ་པ། དཔངས་སུ་ཐབ་ཁུང་གི་ཚད་དང་མཉམ་པའམ་ཁང་པའི་དཔངས་དང་བསྟུན་པ་ཟླུམ་པོར་བརྩིགས་པའི་ནང་དུ་འབར་སླ་བའི་མེ་ཚང་དང་ལྡན་པར་བྱ། ཐབ་དང་སློབ་དཔོན་གྱི་བར་དུ་མེ་ལྷའི་རྗེས་སུ་འབྲང་བའི་འབྱུང་པོའི་བར་ཆད་བསྲུང་བའི་ཆེད་དུ་མེ་ཡོལ་རྡོ་ལེབ་ལྟ་བུའི་ངོས་སུ་གངས་རི་ཆུ་མཚོ་བཾ་ཡིག་དཀར་པོ་བྲིས་པ་བསླངས་ཏེ་བཞག །གལ་ཏེ་མེ་ཡོལ་མ་འཛོམ་ན་འཇིག་རྟེན་པའི་མེ་ལྷ་སྤྱན་དྲངས་ཟིན་མ་ཐག་ལས་སྔགས་དང་ལས་ཆུས་བགེགས་སྐྲོད་པར་བཤད། རྙིང་ལུགས་ཁ་ཅིག་ཏུ་ཐབ་ཀྱི་དབུས་སམ་ཤར་ལྷོའི་ཟུར་དུ་མདའ་དར་དཀར་པོ་བཙུགས་ཤིང་མེ་ལྷ་སྤྱན་འདྲེན་སྐབས་སུ་གཡབ་པའང་སྣང་བ་མེ་དར་གཡབ་ཅེས་པའི་ཚིག་ཟིན་ཅན་ལ་ངེས་པར་དགོས་ཤིང་། སྨིན་ལུགས་ཕྱག་ལེན་དུ་ཐབ་ཀྱི་ཟུར་བཞིར་མདའ་བཞི་བཙུགས་ཤིང་སྲད་བུ་དཀར་པོས་བསྣོལ་མར་བྲན་པ་ལ་བརྟེན་པའི་རས་སམ་དར་དཀར་གྲུ་བཞི་བླ་བྲེ་ལྟར་ཕུབ་པ་དང་། ལས་བཞི་ཀར་མེ་དར་དམར་པོ་ཤར་ལྷོར་གཟུག་པར་སྣང་ངོ་། །དགོངས་འདུས་ལུགས་སོགས་ལ་ཐོག་མར་བགེགས་བསྐྲད་དྲག་པོའི་སྲེག་བླུགས་དགོས་པས། དྲག་ཐབ་ཆུང་ངུ་རྡོ་ལེབ་ལྟ་བུར་ཟུར་དུ་བརྩིགས་པ་ལ་མེར་སྦར་ཅིང་ཡུངས་ཐུན་སོགས་འབུལ་ནས་མེ་ཐབ་ཀྱི་ཟུར་དུ་འཇོག་པ་ཡིན་ནོ། །དྲུག་པ་རྫས་ལ་མཆོད་རྫས་དང་བསྲེག་རྫས་གཉིས། དང་པོ་ལའང་གཞུང་ཆེན་པོ་རྣམས་ལས་ཕྱི་ཆུ་གསུམ་ཉེར་སྤྱོད། ནང་འབྲུ་སྨན་རིན་ཆེན་དཀར་མངར་རྣམས་ལས་མཐུན། གསང་བ་ལས་སོ་སོར་བསྔགས་པའི་རྫས་སྦྱོར། ཟུར་དུ་གབ་པའི་མན་ངག་གི་མཆོད་རྫས་སོགས་རྒྱས་པར་བཤད་ཀྱང་སྤྱི་ལ་འགྲོ་བའི་ཕྱག་ལེན་ལྟར་ན། སློབ་དཔོན་གྱི་གཡོན་ངོས་སྟེགས་བུ་ཁེབས་དཀར་པོས་གཡོགས་པའི་སྟེང་དུ་འཇིག་རྟེན་པ་མེ་ལྷ་དང་། འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་ལྷའི་མཆོད་གཏོར་འབྲུ་དཀར་པོའི་ཕྱེ་མ་ལ་དཀར་གསུམ་དང་རིན་ཆེན་དཀར་པོའི་ཕྱེ་བསྲེས་པའི་ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས། དེའི་གཡས་གཡོན་དུ་སྨན་རཀ་གི་སྣོད། མདུན་དུ་གཟེད་ཞལ་གཉིས་སམ་གསུམ་སྤོས་ཀྱིས་བདུག་ནས་བཀོད་པའི་གཅིག་གི་ནང་དུ་མཆོད་ཡོན་གྱི་རྫས་ཐུན་མོང་བ་དྲི་དང་ཏིལ་དཀར་མེ་ཏོག་འབྲས་ཡོས་ཀུ་ཤ་རྣམས་བླུགས། གཅིག་ལ་ཤུན་པ་ལྔའི་ཕྱེ་མ་ཡོད་ན་བཏབ། བྱ་མ་བུམ་དུ་ཁྱད་པར་གྱི་རྫས་འོ་མ་མེ་ཏོག་དཀར་པོ་ཙན་དཀར་སྤོས་དཀར་སོགས་དྲི་དཀར་པོ་དང་སྦྱར་བའི་ཆུས་བཀང་བ་ཉེ་ལོགས་སུ་བཞག །མེ་ཏོག་དཀར་པོ། སྤོས་ཤིང་དཀར་པོ། དཀར་གསུམ་གྱིས་མཚོན་པའི་ཉེར་སྤྱོད་ལྔ་པོ་ཕྲེང་ཚར་དུ་བཀོད། འདིའང་ཆ་གཉིས་འཛོམས་ན་སྟབས་བདེ། དེ་དག་གི་སྣོད་རྣམས་དངུལ་དུང་ཉ་ཕྱིས་སོགས་ཁ་དོག་དཀར་ཅིང་དབྱིབས་ཟླུམ་པོ་ཁོ་ནར་བཤམ། བཅུད་ཐམས་ཅད་ཀྱང་རང་བྱུང་མ་འཛོམ་ན་འོ་མ་སོགས་ཀྱིས་དཀར་པོར་བསྒྱུར། ཚོགས་ཕུད་དམ་ཚོགས་མཆོད་ཡོད་ན་འདིར་བཤམ། ལས་བུམ་མམ་བསང་ཆུའི་སྣོད་ཀུ་ཤའི་འཐོར་གཡབ་དང་བཅས་པའང་བཞག་གོ །གཉིས་པ་བསྲེག་རྫས་ནི། གཞུང་ཆེ་ཆུང་དང་མཐུན་པའི་གྲངས་མང་ཉུང་དང་རྫས་ཀྱི་དངོས་པོ་ཅུང་ཟད་འདྲ་མིན་མང་ཡང་། གཙོ་བོར་སྡོམ་འབྱུང་ལས་རྣམ་གྲངས་བཅུ་བཞིར་གསུངས་པ་ལས། ཡམ་ཤིང་བུད་ཤིང་གཅིག །འོ་ཞོ་སྦྲང་རྩི་ཞོ་ཟན་རྣམས་གཅིག་ཏུ་བྱས་པའི་རྫས་ཆེན་བཅུ་བཞིའམ། ཡུངས་དཀར་ཕྲི་ནས་བཅུ་གཅིག་པོ་ཡོངས་སུ་གྲགས་པ་སྟེ། ཡམ་ཤིང་མར་ཁུ་ཏིལ་ཡུངས་དཀར། །ཞོ་ཟན་འབྲས་དང་སོ་བ་ནས། །གྲོ་སྲན་དཱུརྦ་ཀུ་ཤ་འོ། །དེ་ལས་མར་དཀར་བཞུས་པའི་ཁུ་བ་གཡས་ངོས་སུ་ཟངས་དཀར་ལྟ་བུའི་སྣོད་དུ་ཅི་བདེར་བཞག །གཞན་རྣམས་ཀྱང་སློབ་དཔོན་གྱི་གཡས་ཕྱོགས་སུ་སྟེགས་དཀར་པོ་ལ་སོ་སོའི་གཞུང་གི་གོ་རིམ་ལྟར་བསྒྲིག་སྟེ། ཡམ་ཤིང་ཞི་བ་ལ། སོར་བཞིའམ་བཅུ་གཉིས་སུ་བཤད་པ་སོགས་ལས་བཞི་པོར་སྐྱེད་སྡུད་ཀྱིས་ཚད་འདྲ་མིན་མང་ཡང་སྐབས་འདིར་ཡོངས་གྲགས་དང་བསྟུན་ན། ཡམ་ཤིང་བདུད་རྩི་འོ་མ་ཅན་དངོས་ཨུ་དུམྦ་ར་སོགས་མི་རྙེད་པས་བ་ལུ་དང་ལྕང་དཀར་ལྟ་བུའི་བཟང་ཤིང་དཀར་པོའི་རྩེ་མོའི་ཆ་ལས་བྱུང་བ་དྲང་ཞིང་མ་གྲུམ་པ་མཛུབ་གང་བའི་ཚད་ཅན། དཀར་གསུམ་དང་དྲིས་བྱུགས་ཤིང་རྩེ་མོ་འོ་མ་དང་རྩ་བ་མར་ཁུར་ཉུགས་པ། ཏིལ་དཀར་པོ་བྱེད་པ་ནི་ཞི་བའི་ལས་སྤྱིའི་དབང་དུ་མཛད་པ་སྟེ། སྡིག་པ་སྦྱོང་བ་ལ་ཆེད་དུ་བྱེད་སྐབས་ཏིལ་ནག་པོས་ཆོག །ཞོ་ཟན་ཕྱེ་འཕུར་བྱེད་པའང་སྣང་མོད་དཀར་གསུམ་གྱིས་སྦྲུས་པའི་ཟན། འབྲས་མ་གྲུག་པ། སོ་བ་གྲྭ་མ་མེད་པ། སྲན་མ་མཱ་ཥའམ་མ་རྙེད་ན་བོད་སྲན་དཀར་པོ། གྲོ་ནས་ཀྱང་དཀར་པོ་ཤུན་པ་མེད་པ། དཱུརྦ་དང་འབྲུ་མར་གྱིས་བྱུགས་པའི་ཀུ་ཤ་མ་ཉམས་པ་དགོས་སོ། །འབྲུ་སོགས་བཤམ་པའི་སྣོད་མཆོད་རྫས་དང་མཚུངས་ལ། ཐམས་ཅད་ཀྱང་འདས་མ་འདས་ལ་ཚར་ཉིས་རིམ་དུ་བཤམ། གྲངས་མང་དུ་གསོག་པའི་རྫས་སྤུངས་དགོས་ན་བཤད་མ་ཐག་པའི་བསྲེག་རྫས་རྣམས་དང་དུག་རིགས་མ་ཡིན་པའི་མེ་ཏོག་སྨན་སྣ་རིན་ཆེན་ཟས་སྣ་ཤིང་ཏོག་སོགས་ཁ་དོག་དཀར་ཞིང་འཇམ་ལ་རོ་མངར་བ་ཇི་ཙམ་ཚོགས་པ་བསྲེས་ལ་སྣོད་གཅིག་ཏུ་བཞག །གོས་ཟུང་དར་རས་དཀར་པོ། སོ་རྩི། རྒྱན་འབུལ་དགོས་པ་ལ་དུང་ཤེལ་གང་རུང་རས་སྐུད་དཀར་པོ་ལ་བརྒྱུས་པ། ཀུ་ཤ་སྔོ་ལྗང་ཟུང་དུ་བསྡེབས་པ་མ་ཉམས་ཤིང་ཧ་ཅང་རིང་བ་མ་ཡིན་པ་ཚན་ལྔའམ་བཀྲམ་པའི་སྐབས་འདང་ངེས་སུ་བསྡོག་གོ །བདུན་པ་དགང་བླུགས་ནི། ཁ་དོག་མཚན་མ་ཐབ་དང་འདྲ། །ཅེས་བཤད་པས་དངུལ་ལམ་ཏོང་སོགས་ལས་བྱས་པ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ་རྡོ་རྗེའམ་འཁོར་ལོས་མཚན་པ་སྟེ་ཚད་སོགས་འདྲ་མིན་མང་བས་གཞན་ལས་ཤེས་པར་བྱའོ། །བརྒྱད་པ་མེ་ནི། དགེ་འདུན་རུང་ཁང་སོགས་གཙུག་ལག་ཁང་། བྲམ་ཟེའི་གནས་དང་འབྲེལ་བ་ནས་བླངས་པ་དང་གཙུབ་ཤིང་ལས་བྱུང་བ། སྦོར་བྱེད་དགེ་སློང་ཁྲིམས་ལྡན་ནམ་ཁྱེའུ་གཙང་མ། མེ་ལྡེ་དཀར་པོ། རླུང་གཡབ་བྱ་རྒོད་ཀྱི་གཤོག་པའམ་རས་དཀར་ལ་རཾ་དཀར་པོ་བྲིས་པ། ཕྱོགས་ཤར་ནས་སྦར་བར་གསུངས་ཀྱང་ལས་བཞི་ཀར་ཤར་ལྷོ་ནས་སྦོར་བའང་སྣང་ངོ་། །དགུ་པ་སློབ་དཔོན་གྱི་ཆས་རྒྱན་ནི། ཁྲུས་བྱས་ཏེ་ལུས་ལ་དྲི་ཞིམ་པོས་བྱུག །གོས་དཀར་པོ་བགོ །དར་དཀར་རམ་མེ་ཏོག་དཀར་པོའི་ཐོད་དང་གཙུག་ཏོར་བཅིང་། དུང་ཤེལ་སོགས་ཀྱི་ཕྲེང་བས་བརྒྱན། ཙནྡན་དཀར་པོ་དང་འོ་མ་སྦྱར་བའི་ལྡེ་གུས་གནས་གསུམ་དུ་ཐིག་ལེ་བྱས་ཏེ་འབྲུ་གསུམ་གྱི་རྒྱས་གདབ། གདན་ཡང་དཀར་པོ་བཏིང་། ལས་རྡོར་སོགས་ཀྱང་དཀར་པོའི་ཆས་ཞུགས་མཚོན་བྱེད་ཡོད་ན་ལེགས་སོ། །བཅུ་པ་འདུག་སྟངས་ནི། རྡོ་རྗེའི་འདུག་སྟངས་ཞེས་པ་རྡོ་རྗེ་སྐྱིལ་ཀྲུང་ངམ། བྱིན་པ་གཡོན་གྱིས་གཡས་པ་མནན་ཏེ་པུས་མོ་གཉིས་སྨད་པ་པདྨའི་སྟབས་ཀྱིས་དཀྱིལ་འཁོར་རམ་འབྱུང་བའི་ཤར་ལ་ཁ་ཕྱོགས་ཏེ། ཐབ་ཁུང་དང་ཁ་སྤྲོད་དུ་ཞི་དེས་འཇམ་པའི་སྤྱོད་པས་འཁོད་པའི་མདུན་སྟེགས་སུ་རྡོར་དྲིལ་གྱི་བར་དུ་དགང་བླུགས་ཁ་སྦྱར་བ་དང་། ཌཱ་མ་རུ། ནང་མཆོད། མེ་ཏོག །ཡུངས་ཐུན་སོགས་ཀྱང་བཀོད་དོ། །བཅུ་གཅིག་པ་བསམ་པ་ལ། འདུན་པའི་སེམས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་གཞིར་བྱས་ནས། སྟངས་ཀྱི་སེམས་སྡིག་སྒྲིབ་ནད་གདོན་བར་གཅོད་ཞི་བར་བྱའོ་སྙམ་པའི་འདུན་པ་དང་མ་བྲལ་བར་བྱའོ།། །།གཉིས་པ་སྦྱིན་སྲེག་དངོས་ལ་བཞི། སྔོན་དུ་བྱ་བ། འཇིག་རྟེན་པ་མཆོད་པ། འཇིག་རྟེན་ལས་འདས་པ་མཆོད་པ། མེ་ལྷ་ལ་གཏོང་རག་འབུལ་ཞིང་གཤེགས་པའོ། །དང་པོ་ལའང་ལྔ་ཡོད་པའི་ཐོག་མར་བདག་བསྐྱེད་ནི། དཀྱིལ་འཁོར་སྒྲུབ་མཆོད། རབ་གནས། དབང་བསྐུར་སོགས་དང་འབྲེལ་བ་ལ་སོ་སོའི་སྐབས་ཐོབ་ལྟར་བྱ་དགོས་པས་བདག་བསྐྱེད་གྲུབ་ཟིན། དེ་དག་དང་མ་འབྲེལ་བའི་སྦྱིན་སྲེག་སྒེར་ཐུབ་བྱེད་སྐབས་ཡི་དམ་གང་ཡིན་པའི་བདག་བསྐྱེད་བཟླས་པའི་མཐར་ཐུག་པའི་བར་བྱས་ནས་རྣལ་འབྱོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས། ལས་བུམ་དུ་པདྨའི་རིགས་ལ་རྟ་མགྲིན་ལྟ་བུ་སོ་སོའི་ལས་ཀྱི་ལྷའམ། སྤྱི་ཙམ་དུ་བགེགས་བསལ་བ་ལ་བསྔགས་པ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་བྱ་བའམ། ལས་བུམ་མེད་ན་གཡོན་དུ་བཀོད་པའི་བསང་ཆུ་ལས་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་རྡོར་དྲིལ་གཟུང་བ་ནི། ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་པ་གཡས་གཡོན་དུ་ཉི་མ་དང་ཟླ་བ་བསམ་ལ་རྣམ་ལྔ་བསྐོར་ཏེ། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཞེས་བརྟན་པར་མོས་ལ་སྔགས་སོ་སོས་རྡོར་དྲིལ་བཟུང་ཞིང་འཁྱུད་རྒྱ་བྱས་ལ་དམ་ཚིག་གསུམ་དྲན་པར་བྱ། འདི་ནས་བརྩམ་ཆོ་གའི་བྱ་བ་རྫོགས་ཀྱི་བར་དུ། ལུས་ལྷར་གསལ་བ། ངག་གཏམ་གྱི་སྨྲ་བ་གཅད་པ། ཡིད་ཏིང་འཛིན་སྒོམ་པ། ལག་རྡོར་དྲིལ་གཟུང་བ་རྣམས་དང་མ་བྲལ་བ་བྱ་དགོས་སོ། །གསུམ་པ་རྫས་བརླབ་པ་ནི། བསང་ཆུའི་སྣོད་ལས་ཀུ་ཤའི་འཐོར་གཡབ་ཀྱིས་ཆུ་བླངས་ལ། ལས་སྔགས་བཟླ་ཞིང་རང་གི་གཡོན་ནས་གཡས་སྐོར་དུ་ཐབ་དང་བསྲེག་རྫས་རང་དང་དགང་བླུགས་ཐམས་ཅད་ལ་བསང་གཏོར་བྱས་ལ་མཆོད་རྫས་རྣམས་སྦྱངས་ཤིང་བསྐྱེད་དེ་བྱིན་གྱིས་བརླབས། དེ་ནས་བསྲེག་རྫས་རྣམས་བདུད་རྩི་ལྔས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བཀྲུ་ཞིང་སྦྱོང་བ་དང་བྱིན་གྱིས་རླབས་པའི་དམིགས་པ་བྱས་ལ་རྫས་སྔགས་ཐམས་ཅད་ལན་གསུམ་གསུམ་བརྗོད། བཞི་པ་མེ་སྦར་བ་ནི། གོང་སྨྲོས་ལས་མཐུན་གྱི་མེ་ཡི་གེ་གསུམ་གྱིས་སྣོད་དུ་བཞག་ལ། ལས་སྔགས་ཀྱིས་ཞུན་མར་གྱི་མེ་སྦར་ནས་འབར་བ་ན་ལས་སྔགས་བརྗོད་ཅིང་བསང་ཆུས་གཡས་སྐོར་དུ་ལན་གསུམ་བསང་གཏོར་བྱས་ལ། ཐབ་ཏུ་གཙང་ཞིང་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པས་དུ་བ་མེད་པར་གཞུག་ཅིང་རླུང་གཡབ་ཀྱིས་གཡབ། འབར་བ་ན་རིགས་ཀྱི་སྙིང་པོ་དང་ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་མེ་གསོ། ལྔ་པ་ཀུ་ཤ་བཀྲམ་པ་ནི། སྔགས་དང་ཚིགས་གཅད་བརྗོད་པ་དང་བསྟུན། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་ཐོག་མ་རྩེ་མོ་ཐབ་ཀྱི་ཤར་དུ་བསྟན། དེ་ནས་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པ་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་མེའི་བྱ་བས་ལྷ་མཉེས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་དྲུག་གི །དང་པོ་ཐབ་དང་ལྷ་བསྐྱེད་པ་ནི། ཐབ་ཁུང་དཀར་པོ་ཟླུམ་པོ་བྲིས་པ་ལྟ་བུའི་མཚན་ཉིད་རྫོགས་པའི་ནང་དུ་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་འོད་ཟེར་དང་བཅས་པ་བསྐྱེད། གཉིས་པ་ཡེ་ཤེས་པ་བསྟིམ་པ་ནི། རང་དང་མེ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ལྷོ་ནས་བསྒོམས་པ་ལྟ་བུ་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་ཚིགས་གཅད་དང་སྔགས་བརྗོད་པས་བཀུག །ཐབ་ཀྱི་མེ་མཚམས་སུ་ཀུ་ཤའི་གདན་ལ་བཞུགས་པར་བསམ་ལ། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། སྔགས་རྒྱ་བཞིས་དགུག་གཞུག་བཅིངས་ཏེ་དབང་དུ་བྱ། གསུམ་པ་མཆོད་བསྟོད་ནི། ཆུ་བཞི་དང་གསུམ་དང་གཉིས་རྣམས་དཀྱིལ་འཁོར་གང་ཡིན་པ་དེའི་ལུགས་དང་བསྟུན་ཏེ། འབུལ་ཚུལ་ཕྱག་རྒྱ་རྣམས་སྤྱི་འགྲོ་ལྟར་བྱ་བ་དང་། མེ་ཏོག་སོགས་ཉེར་སྤྱོད་ལྔ་རེ་རེ་བཞིན་འབུལ་ལ་བསྟོད་པས་བསྟོད། བཞི་པ་དམ་ཚིག་བསྒྲག་པ་ནི། ལག་གཡས་མི་འཇིགས་པ་དང་། གཡོན་ཁུ་ཚུར་དཀུར་བརྟེན་པའི་དམ་རྒྱ་བསྟན་ལ། སྔགས་ལན་གསུམ་བརྗོད་པས་མེ་ལྷ་རང་གི་དམ་ཚིག་ལ་གནས་པར་བསམ། ལྔ་པ་རྫས་འབུལ་བའི་ཐོག་མར་བྱོན་སྐྱེམས་སམ་སྲེག་བླུགས་འབུལ་བ་ནི། ལག་གཡོན་བྱང་ཆུབ་མཆོག་གི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་དང་། གཡས་པ་ཁུ་ཚུར་དེ་ཉིད་ཐུར་དུ་སྦུབས་པས་བླུགས་གཟར་མར་གྱིས་གང་བ་གྱེན་དུ་བསྟན་པ་བཟུང་ལ། མེ་ལྷ་འཛུམ་པ་དང་བཅས་པས་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། དགང་བླུགས་དང་སྲེག་བླུགས་སྔགས་ཚར་རེ་དང་སྤྲད་པའི་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་། དེ་ནས་བླུགས་གཟར་ཁ་སྦུབས་ཏེ་དགང་གཟར་དང་སྤྲད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་མེ་ལྷའི་སྔགས་ཀྱིས་ཐབ་ཏུ་འབུལ་ཅིང་འདོད་གསོལ་བྱ་བ་ལན་གསུམ་བསྐྱར། འདི་དང་རྒྱས་པ་དབང་བཅས་ལ་དགང་བླུགས་པུས་མོ་ལས་ཕྱིར་མི་འདའ་བ་དང་གཡས་སྐོར་གྱིས་བྱ་བ་མཚུངས་སོ། །སྐབས་འདིར་འོག་ནས་བཤད་པ་ལྟར་མེ་པྲ་བརྟགས་ཏེ་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བའི་སྲེག་བླུགས་བདུན་འབུལ། སླར་ཡང་ལས་སྔགས་ཀྱིས་བསང་གཏོར་བྱས་ནས་མེ་ལྷའི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་སོགས་ཅི་འབྱོར་པ་འབུལ་ལོ། །དེ་ནས་རྫས་རྣམས་ཀྱི་ཐོག་མ་ཡམ་ཤིང་ནས་བརྩམ་སོ་སོའི་གཞུང་དང་མཐུན་པའི་གོ་རིམ་མ་འཆོལ་བར་འབུལ་ཏེ། དེའང་གང་དུ་འབུལ་བ་ནི། ཁུ་བའི་རྫས་རྣམས་ནི་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་བདུག་སྤོས་སོགས་ནི་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་ཞབས་བསིལ་ཏིལ་སོགས་ཕྱག་དང་། དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། མར་མེ་དང་མཆོད་ཡོན་རྣམས་མདུན་དུ་དབུལ་བར་བྱའོ། །འབུལ་ཚུལ་ནི། ཡམ་ཤིང་དཱུརྦ་ཀུ་ཤ་རྣམས་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པ་ལྟར་འབུལ་ཞིང་། མར་ཁུ་དང་འབྲུ་སོགས་གཟུང་དུ་མི་རུང་བ་རྣམས་བླུགས་གཟར་གྱིས་དབུལ་ལོ། །འབུལ་སྔགས་སོ་སོའི་གཤམ་དུ་ཞི་བའི་སྤེལ་ཚིག་སྦྱར་ཏེ། དཔེར་ན་ཡམ་ཤིང་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མཚོན་ནོ། །དེ་ལ་ཡམ་ཤིང་དང་མར་ནི་མེད་དུ་མི་རུང་བའི་རྫས་ཡིན་ལ། གཞན་རྣམས་གྲངས་མཚུངས་པར་མ་ངེས་ཏེ་ལས་གང་གཙོ་བོར་སྒྲུབ་པའི་རྫས་དེ་ལྷག་པར་འབུལ་དགོས་པའི་ཕྱིར། སྡིག་པ་སྦྱོང་བ་ལ་ཏིལ་གཅིག་པུའི་སྦྱིན་སྲེག་གསུངས་པ་སོགས་ཤེས་པར་བྱའོ། །དྲུག་པ་ལས་བཅོལ་བ་ནི། རྫས་རྣམས་རྫོགས་པ་ན་སླར་ཡང་བསང་གཏོར་དང་ཞབས་བསིལ་ཙམ་མམ། ཉེར་སྤྱོད་ལྔ་ཚང་བ་འབུལ་ཅིང་བསྟོད། ཞི་བའི་ཕྲིན་བཅོལ་རྒྱས་པར་བྱས་ལ་ཐབ་ཏུ་ཡུངས་དཀར་འཐོར། སྔགས་དང་སེ་གོལ་གསུམ་གཏོགས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། འདི་ལ་ལུགས་གསུམ་སྟེ། མེ་ལྷ་མེར་ཤེས་པ་ནི་བཤད་མ་ཐག་པ་ལྟར་དང་། མེ་ལྷ་གཞལ་ཡས་ཁང་དུ་ཤེས་པ་ནི་མེ་ལྷའི་ལྟོ་བ་རབ་ཏུ་ཡངས་པར་གྱུར་པའི་ནང་དུ་དཀྱིལ་འཁོར་པ་བསྐྱེད་པ་དང་། མེ་ལྷ་ཕྱག་ཚང་པར་ཤེས་པ་ནི་ཕྲིན་བཅོལ་གྲུབ་ནས་མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་འཁོད་དེ། སྤྲུལ་པ་དུ་མ་དང་བཅས་པས་དཀྱིལ་འཁོར་པ་ལ་སྲེག་བླུགས་འབུལ་བའི་གྲོགས་བྱེད་པར་བསམ་པ་སྟེ་གཞུང་སོ་སོ་ལས་དམིགས་སུ་བཤད་ན་དེ་ལྟར་བྱའོ། །གསུམ་པ་ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་ཅིང་ལྷག་ཆད་ཁ་སྐོང་བའི་ཕྱིར་བསྒྲུབ་བྱའི་ལྷ་ལ་སྲེག་བླུགས་འབུལ་བ་ལ་བདུན། དང་པོ་མཆོད་མགྲོན་བསྐྱེད་ཅིང་བསྟིམ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་མདངས་རྒྱུའི་ས་བོན་སྣང་བ་སྒྱུ་མ་ལྟ་བུར་གསལ་བ་ལས། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད། དེའང་བླ་མ་དགོངས་འདུས་ལས་ཞི་བའི་སྐབས་གཙོ་འཁོར་ཐམས་ཅད་དཀར་ཞིང་འཛུམ་པ་ཟླ་བའི་མདངས་ཅན་དུ་བསྒོམ་པས་མཚོན་ལས་མཐུན་གྱི་མདོག་ཅན་གསུངས་པ་ལྟར་རམ། སྤྱི་ཁྱབ་ཏུ་གཙོ་འཁོར་ཐམས་ཅད་མངོན་རྟོགས་རང་གཞུང་ལྟར་ལས། ཁྱད་པར་ལྷ་ཐམས་ཅད་ལས་ཟླ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམ་པ་སོགས་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་རབ་གནས་སོགས་དང་འབྲེལ་བ་ལ་ནི་ཐབ་ཀྱི་མེའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། དེ་ནས་སྤོས་དང་རོལ་མོར་བཅས་པས་སྤྱན་འདྲེན་གྱི་ཆོ་ག་བྱ་ཞིང་། ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་རམ་རབ་གནས་ཀྱི་ལྷའི་དྲུང་དུ་སོང་ལ། ལྷ་སོ་སོའི་སྔགས་ཀྱི་མཐར། བཛྲ་ས་མ་ཡ་ཛཿ བཏགས་པ་བརྗོད་ཅིང་ཚོམ་བུ་མེ་ཏོག་གིས་མཚོན་པའི་སྒོ་ནས་བཀུར་སྟི་བཅས་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ། དེས་སྔགས་བརྗོད་ཅིང་། ཚོམ་བུའམ་མེ་ཏོག་ལས་ཅུང་ཟད་ཐབ་ཏུ་རིམ་པ་བཞིན་དོར་ལ་སོ་སོའི་གདན་ལ་བཞུགས་པར་བསྒོམ་ཞིང་གསལ་བཏབ་སྟེ་མཆོད་སྦྱིན་བྱ། ཚོམ་བུ་ལྷག་མ་སྟེགས་བུར་བཀོད་དོ། །གཉིས་པ་མཆོད་བསྟོད་ནི། ཆུ་བཞིའམ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པ་བསྟོད་པ་དང་བཅས་པ་སོ་སོའི་ཆོ་གའི་ངེས་པ་ཇི་ལྟ་བ་བཞིན་བྱའོ། །འདི་སྐབས་ཕྱི་མཆོད་དངོས་སུ་འབུལ་དགོས་ཤིང་དགོངས་འདུས་ལས་ཕྱི་མཆོད་རྣམས་མེ་འབར་བའི་ནང་དུ་མི་འབུལ་བར་ཐོ་ཕྱིར་དབུལ་བར་གསུངས་སོ། །གསུམ་པ་བསྲེག་རྫས་འབུལ་བ་ནི། ཐོག་མར་དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ། ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། སྙིང་པོ་ལན་བདུན་དང་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་། རྩ་སྔགས་ལ་སྤེལ་ཚིག་སྦྱར་བ་ལན་གཅིག་གིས་ཐབ་ཏུ་འབུལ་བ་བཅས་ཚར་གསུམ་གྱིས་དགང་བླུགས་འབུལ། མཐར་གསོལ་བ་བཏབ་པས་ཕྲིན་ལས་མཛད་པར་ཞལ་གྱིས་འཆེས་པར་བསམ་མོ། །དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ནི། རྒྱས་པར་ལྷ་སྔགས་རྫས་སྔགས་སྤེལ་ཚིག་བཅས་སྦྲེལ་བས་འབུལ་བ་ལ་གྲངས་གཟུང་། འབྲིང་དུ་ལྷ་སྔགས་རྫས་སྔགས་གཉིས་ཀྱིས་འབུལ་ཅིང་སྤེལ་ཚིག་བདུན་ཚན་རེའམ་ཐོག་མཐའ་གཉིས་སུ་ཚར་རེ་སྦྱར། བསྡུ་ན་ཐོག་མར་ལྷ་སྔགས་ཚར་གཅིག་བརྗོད། རྫས་སྔགས་ཁོ་ན་ལ་གྲངས་གཟུང་། མཐར་སྤེལ་ཚིག་ཚར་གཅིག་སྦྱར་ཏེ་གཙོ་བོ་ལ་ཉེར་གཅིག་ནས་བརྒྱ་རྩ་ལ་སོགས་པའི་བར་དང་། འཁོར་རྣམས་ལ་ནི་བདུན་ནམ་གསུམ་ལ་སོགས་པ་ཅི་འབྱོར་པ་རང་སྔགས་སྤེལ་ཚིག་ཅན་གྱིས་དབུལ་ལོ། །དེའང་བསྙེན་སྒྲུབ་ལས་གསུམ་སོ་སོའི་སྐབས་དེ་དང་དེའི་ཁ་སྐོང་གི་སྦྱིན་སྲེག་བྱེད་ན་སོ་སོའི་བཟླ་བྱའི་ལྷ་སྔགས་དེ་དང་སྦྲེལ་དགོས་ཤིང་། བསྙེན་པ་ཁོ་ནའི་ཁ་སྐོང་བྱེད་ན་བཟླས་པ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་གི་སྲེག་བླུགས་འབུལ་དགོས་པས། དཔེར་ན་བསྙེན་བཟླས་བྱེ་བ་ལ་སྦྱིན་སྲེག་འབུམ་ཐེར་གཅིག །བསྙེན་བཟླས་འབུམ་ཕྲག་ལ་སྦྱིན་སྲེག་ཁྲི་གཅིག་བྱ་བས་མཚོན་ནོ། །འདི་སྐབས་ལྷག་ཆད་ཁ་སྐོང་གཙོ་ཆེ་བས་རྫས་སྔགས་གཉིས་ཀ་ཏིལ་ཁོ་ན་ལ་གྲངས་གཟུང་བ་དང་། ཡང་བསྲེག་རྫས་ཐམས་ཅད་བསྲེས་ནས་སྤོམ་རྫས་སུ་བྱས་པ་དང་མར་ཁུ་ཡམ་ཤིང་གཙོ་བོར་འབུལ་ཅིང་ལྷ་སྔགས་མཐར་འབྲུ་གསུམ་སྦྱར་བ་ལ་གྲངས་གཟུང་བ་སོགས་ཕྱག་ལེན་མི་མཚུངས་པ་འགའ་ཞིག་སྣང་ངོ་། །བཞི་པ་རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས། ཟླ་བ་དཀར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་དང་། འགའ་ཞིག་ཏུ་སྐབས་འདིར་ཐུགས་རྒྱུད་བསྐུལ་བའི་བཟླས་པ་བྱ་བར་བཤད་པའང་ཡོད་པས། དེའི་ཚེ་ལྷ་རྣམས་ལས་འོད་ཟེར་དཀར་པོ་ཟླ་ཟེར་བདུད་རྩིའི་རང་བཞིན་དཔག་ཏུ་མེད་པ་འཕྲོས་པས་བདག་གཞན་བསྲུང་བྱ་ཀུན་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་གཅོད་ཐམས་ཅད་མུན་པ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བསྒོམ་མོ། །ལྔ་པ་གཏང་རག་ནི། སླར་ཡང་དགང་བླུགས་སྔར་བཞིན་ཕུལ་ནས་ལས་སྔགས་ཀྱིས་མཆོད་ཡོན་ཕུལ། བསང་གཏོར་དང་ཞབས་བསིལ་བྱས་ལ། གོས་གསར་པ། རིན་པོ་ཆེའི་རྒྱན། རྡོ་ཐལ་མེད་པའི་སོ་རྩི་རྣམས་སོ་སོའི་སྔགས་ཀྱིས་འབུལ། ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས་ཕྱག་བྱས་ཏེ་མཆོད་ཡོན་འབུལ་ལོ། །དྲུག་པ་བཟོད་གསོལ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་བས་ཆོ་གའི་ཉེས་པ་ཞི་བའི་ཕྱིར་ཚིགས་གཅད་ལྷུག་གང་རུང་གིས་བཟོད་པར་གསོལ་ནས་ནད་གདོན་ཞི་བ་སོགས་མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་བསྐང་ངོ་། །བདུན་པ་གཤེགས་སུ་གསོལ་བ་ནི། ཚིགས་གཅད་དང་། ཨོཾ་ཨཱཿཧཱུྃ་གི་བར་དུ་རང་སྔགས་བཅུག་པའི་མཐར་བཛྲ་མུཿ ཞེས་བརྗོད་པས་དཀྱིལ་འཁོར་པའི་ལྷ་ཚོགས་རང་བཞིན་གྱི་གནས་སུ་གཤེགས་པར་མོས། སྒྲུབ་དཀྱིལ་དང་འབྲེལ་ན་སྔར་གྱི་ཚོམ་བུ་ལ་བསྟིམས་ཏེ་དེ་ཉིད་སླར་དཀྱིལ་འཁོར་གྱི་མདུན་དུསྤྱན་དྲངས་ཏེ་སྔགས་ལ། བཛྲ་ས་མ་ཡ་སཏྭཾ། བཏགས་པས་བསྟིམ། དམ་ཚིག་པ་བསྡུ་བའི་སྔགས་རྒྱས་དབུགས་རྔུབས་པ་དང་ལྷན་ཅིག་བདག་ལ་བསྡུའོ། །བཞི་པ་ལས་གྲུབ་པའི་གཏང་རག་ཏུ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་ལྔ། དང་པོ་ལྷར་གསལ་གདབ་པ་ནི། ལས་སྔགས་བརྗོད་ཅིང་བསང་ཆུས་ཐབ་ལ་བསང་གཏོར་བྱ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་པས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ་འབར་བ་ན་དེ་ཉིད་སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་འཁོར་དང་བཅས་པར་གསལ་བར་བསྒོམ། སྔར་ཕྱག་ཚང་བར་བྱས་ན་སླར་ཐབ་ཀྱི་དབུས་སུ་འཁོད་པར་མོས། གཉིས་པ་མཆོད་བསྟོད་ནི། བསྲེག་བླུགས་དང་དགང་བླུགས་གྲངས་བཅས་སྔར་ལྟར་འབུལ། མེ་ཏོག་སོགས་ཀྱིས་མཆོད་དེ་བསང་གཏོར་དང་ཞབས་བསིལ་བྱ། གོས་ཟུང་དང་རྒྱན་ཕྲེང་སོ་རྩི་འབུལ། བསྲེག་རྫས་ལྷག་མ་རྣམས་སྔར་བཞིན་བསྲེགས་ནས། དྲིལ་བུ་དཀྲོལ་ཞིང་བསྟོད་པས་བསྟོད། གསུམ་པ་གཏོར་འབུལ་ནི། གཏོར་མ་དགང་གཟར་དུ་བཞག །བསང་ཆུས་བྲན་ཏེ་བདུད་རྩིར་བརླབས་ལ་ཨ་ཀཱ་རོས་ཐབ་ཏུ་འབུལ་བ་དང་ཆབས་ཅིག་ཕྲིན་བཅོལ་སྤྱི་ལྟར་བྱ། བཞི་པ་བཟོད་གསོལ་ནི། ཆོ་གའི་ནོངས་པ་རྣམས་བཟོད་པར་གསོལ་ཏེ་འདོད་པའི་དོན་ཞུ། ཡིག་བརྒྱ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་། ལྔ་པ་གཤེགས་སུ་གསོལ་བ་ནི། སྔར་སྤྱན་འདྲེན་པའི་ཕྱག་རྒྱ་རྣ་བའི་དྲུང་ནས་ཕྱིར་བསྐྱེད་ལ་ཚིགས་གཅད་དང་། ཨོཾ་མུཿཞེས་པས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། དང་པོ་སྐབས་འགའ་ཞིག་ལ་མེད་དུ་མི་རུང་བ་ཙཱ་རུའི་བཟའ་བ་སྒྲུབ་ན། སྦྱིན་སྲེག་རྫོགས་པའི་མཐར་མེ་དེ་ཉིད་དུ་འོ་ཐུག་བསྒྲུབ་སྟེ། འོ་མ་དང་འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་དཀར་པོའི་ཕྲེང་བ་བཅིངས་པའི་ནང་དུ་དགང་བླུགས་ཀྱི་གཟར་བུས་བླུགས་ལ། མཉྫི་ལ་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཨོཾ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ན་པྲྀ་ཎཱ་ནེ་སྭཱ་ཧཱ། ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ། ཐོག་མར་དཀྱིལ་འཁོར་པ་ལ་འབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པོར་བཅས་པས་ལོངས་སྤྱད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་པས་ཤིན་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་དུ་འགྱུར་རོ། །གཉིས་པ་བསྔོ་སྨོན་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་། བྱེ་བྲག་གནས་སྐབས་མཐར་ཐུག་གི་གེགས་དང་བར་གཅོད་ཞི་བའི་སྨོན་ལམ་རྒྱས་པར་གདབ་ལ་མེ་ཏོག་འཐོར་ཅིང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །སྐབས་འདིར་ཕུར་པའི་རིགས་སོགས་ལ་ལས་མི་ལྡོག་པའི་ཕྱིར་བྲོ་བརྡུང་ཡང་འབྱུང་། གསུམ་པ་ལས་ཀྱི་རྗེས་བསྡུ་བ་ནི། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དེ་ཉིད་ལོང་ཡོད་ན་དཀྲུག་པ་དང་། འགོམ་པ་དང་། བདལ་བར་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་བཅིལ་ལ་ཐལ་བ་རྣམས་བུམ་པར་བླུགས་ནས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་ཞི་བའི་སྲེག་བླུགས་རྒྱས་པར་བཤད་པ་འདིས། རྒྱས་པ་དང་། དབང་། མཆོག་གི་སྦྱིན་སྲེག་རྣམས་འགྲེས་སུ་ཤེས་པར་བྱ་ཞིང་སོ་སོའི་ཁྱད་པར་རིམ་པར་སྨྲོས་པར་འགྱུར་བ་དང་། དྲག་པོ་ལ་འདི་ལས་གོ་ལྡོག་པའི་ཚུལ་གྱིས་སོ།། ༈ །།གཉིས་པ་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཡེ་ཤེས་རྒྱས་པར་བྱེད་པའི་སྦྱིན་སྲེག་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ལ། གནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སམ། ཆོས་རྗེ་དང་སྡེ་དཔོན་གྱི་གནས་སོགས་ཚེ་བསོད་དབང་ཐང་དར་རྒྱས་སུ་གྱུར་པར། དུས་ར་བ་བཞིའི་བཅོ་ལྔ་དང་དྲོས་ཆེན་ནས་ཉིན་ཕྱེད་ཚུན་ཆད། ཕྱོགས་དཀྱིལ་འཁོར་རམ་འབྱུང་བའི་བྱང་དུ་སློབ་དཔོན་ཞལ་ཕྱོགས་པར་བྱ། མེ་ཐབ་སེར་པོ་ལ་སྟེགས་བུ་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སོར་བཅུ་གཉིས་པའི་སྟེང་དུ། གཞི་དང་མི་ཟློས་པའི་ཚོན་སེར་པོས་ཐབ་ཁུང་ཁྲུ་ཕྱེད་དམ་མཐོ་དོ། མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་རེ་སྟེ་གསུམ་ཀའང་གྲུ་བཞིར་བཅད་པའི་ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བར་རིན་པོ་ཆེ་སེར་པོ་སོར་དྲུག་པས་མཚན་པ། ཁ་ཁྱེར་ལ་ནོར་བུའི་ཕྲེང་བ་དང་ཟུར་བཞིར་རིན་པོ་ཆེ་འབར་བས་མཚན་པ་བདུད་རྩི་ལྔ་དང་དྲི་སེར་པོའི་ཆབ་ཀྱིས་ཕྱི་རོལ་བྱུགས་ལ་མེ་ཏོག་སེར་པོ་གཅལ་དུ་དགྲམ། བུད་ཤིང་ཙནྡན་དཀར་པོ་དང་སྟག་པ་ཁམ་བུ་ཤུག་པ་སོགས་ཚེར་མ་མེད་ཅིང་འབྲས་བུ་ཅན་ཟུར་བཞི་ཁྲུ་གང་པ་གྲུ་བཞིར་བརྩིག །མེ་ཡོལ་སོགས་ཀྱི་བཀོད་པ་ཞི་བ་ལྟར་ལ། མདའ་དར་རམ་མེ་གཡབ་སེར་པོ། མཆོད་རྫས་ཕྱི་ནང་གསང་གསུམ་ཁྱད་པར་བཅས་དགོངས་འདུས་སོགས་ལ་དགོས་ཤིང་། སྤྱི་འགྲོར་སྟེགས་ཁེབས་སེར་པོའི་སྟེང་དུ་འདས་མ་འདས་ཀྱི་མཆོད་གཏོར་གཉིས་འབྲུ་ཕྱེ་ལ་མངར་གསུམ་རིན་པོ་ཆེ་སེར་པོའི་ཕྱེ་བསྲེས་པའི་གྲུ་བཞི་བརྗིད་པ་སེར་པོ། མཆོད་ཡོན་ཁྱད་པར་གྱི་རྫས་ཞོ་མེ་ཏོག་དང་དྲི་སེར་པོ་སྦྱར། མཆོད་རྫས་ཀྱི་ཁ་དོག་ཐམས་ཅད་རང་བཞིན་ནམ་བཅོས་པས་སེར་པོར་བྱས་པ་དང་། སྣོད་རྣམས་གསེར་སོགས་སེར་པོས་གྲུ་བཞིར་བཅོས་པའི་ནང་དུ་བཤམ། བསྲེག་རྫས་རྩི་མར་གྱི་ཁུ་བ། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ལ་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བ་ཁྲུ་གང་བ། བདུད་རྩི་ལྔ་དང་ཆང་གིས་བྱུགས་ཤིང་རྩེ་མོ་ཞོ་དང་རྩ་བ་མར་ཁུ་དང་སྦྲང་རྩི་ལ་ཉུགས་པ། འབྱོར་ན་ལོ་མ་འབྲས་བུ་དང་བཅས་པ་དགོས་ལ། གཞན་རྣམས་ཞི་བ་དང་འདྲ་བ་ལས། མངར་གསུམ་སྦྱར་བའི་ཞོ་ཟན། དཱུརྦ་སོགས་རྒྱས་པའི་རྫས་རྣམས་གོང་དུ་དགོད། རྫས་སྤུངས་སུའང་རོ་མངར་བསྐ་ཁ་དོག་སེར་པོའི་རིགས་གཙོར་བསྐྱེད། གོས་ཟུང་སེར་པོ། རྒྱན་འབུལ་སྐུད་པ་སེར་པོ་ལ་བརྒྱུས་པའི་གསེར་ཐིག་གམ་སྤོས་ཤེལ་སོགས་བསྡོག །དགང་བླུགས་ཟངས་གསེར་ལྟ་བུ་ལ་བཅོས་པའི་སེར་པོ་གྲུ་བཞི་རིན་པོ་ཆེས་མཚན་པ། མེ་རྒྱལ་པོའི་ཕོ་བྲང་ཚོང་དཔོན་སོགས་བསོད་ནམས་སྙན་གྲགས་ཅན་ཕྱུག་པོའི་ཁྱིམ་ལས་བླངས་པ་དང་ནོར་བུ་ལས་བྱུང་བ། སྦོར་བྱེད་རྒྱལ་རིགས་དང་ཁྱེའུ་ཕོ་མོ་གཞོན་མཛེས། མེ་ལྡེ་སེར་པོ། རླུང་གཡབ་ངང་པའི་གཤོག་པའམ་རས་སེར་ལ་རཾ་སེར་པོ་བྲིས་པ། ཕྱོགས་བྱང་ངམ་ཤར་ལྷོ། སློབ་དཔོན་གྱི་ཆས་རྒྱན་ནི། ཁྲུས་དང་དྲིས་བྱུགས་ལ་གོས་སེར་པོ་གྱོན། དར་སེར་དང་ནོར་བུའི་ཐོད་དང་གཙུག་ཏོར་བཅིང་། གསེར་སྤུག་སྦུར་ལེན་སོགས་ཕྲེང་བ་སེར་པོས་བརྒྱན། ཆང་དང་ཨ་མྲྀཏ་སྦྱར་བའི་ལྡེ་གུས་གནས་གསུམ་རྒྱས་གདབ། གདན་སེར་པོ་ལ་བཟང་པོའི་སྟབས་སམ་རོལ་པའི་འདུག་སྟངས་ཀྱིས་ཁ་བྱང་དུ་ཕྱོགས་ཤིང་བརྗིད་ལ་ལྷུན་བག་ཆགས་པས། ལེགས་ཚོགས་རྒྱས་ཤིང་སྤེལ་བ་དང་དགའ་སྤྲོའི་བསམ་པས་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་བྱང་དུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་བྱང་བསྟན་གྱིས་གཡོག་གོ །ཐབ་དང་ལྷ་བསྐྱེད་ཀྱི་ཚེ། ཐབ་ཁུང་སེར་པོ་གྲུ་བཞིའི་ནང་མེ་ལྷ་སེར་པོ་བརྗིད་ཅིང་སྒེག་པ་བསྐྱེད། དགང་བླུགས་གཟུང་ཚུལ་ནི། ལག་པ་གཉིས་ཁུ་ཚུར་བྱས་ལ་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་དང་། སྤེལ་ཚིག་ནི་ཆེ་གེའི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་ལྟ་བུ། བསྲེག་རྫས་ནི་ཁྱད་པར་གྱི་རྫས་རྣམས་སྔོན་དུ་རིམ་པར་འབུལ་ཞིང་། ཡམ་ཤིང་སྔགས་མཐར། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱོར་བས་འགྲེ། འདས་པའི་མེ་ལྷའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སྒེག་ཅིང་ལྷུན་བརྗིད་ཆགས་པ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ་མོ། །མཆོད་སྲེག་གི་རྫས་འབུལ་བ་སྤེལ་ཚིག་དང་བཅས་པ་འཇིག་རྟེན་པའི་སྐབས་བཞིན་ནོ། །འདིར་ཡང་ཚེ་སྤེལ་བ་གཙོ་བོར་བྱེད་ན་དཱུརྦ་ལ་འབུམ་ཕྲག་ལ་སོགས་པའི་གྲངས་གཟུང་བས་མཚོན་ཏེ་སྐབས་དང་སྦྱར། ལས་འཆོལ་བའི་ཚེ། སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས། ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་པ་དང་། བཟླས་པ་བྱེད་ན། དེའི་ཚེ་ལྷ་རྣམས་ལས་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་བདུད་རྩིའི་རང་བཞིན་གྱིས་ཕྱི་ནང་ཐམས་ཅད་དུ་ཁྱབ་པས་བདག་དང་བསྲུང་བྱའི་ཚེ་བསོད་དབང་ཐང་སྤང་རྟོགས་ཡོན་ཏན་ཐམས་ཅད་དར་ཞིང་རྒྱས་པར་བསྒོམ། རྗེས་ཙཱ་རུའི་བཟའ་བ་ནི་རབ་གནས་སྐབས་ལྟ་བུ་ལ་ངེས་པར་གལ་ཆེ་བས་མ་བསྒྲུབ་ཐབས་མེད་ཅིང་གཞན་ལ་སྐབས་དང་བསྟུན་པས་ཆོག །སྦྱིན་སྲེག་གི་མེའི་བྱ་བ་ཞི་བ་དང་མཚུངས་ཤིང་ཐལ་སོལ་ཟས་གོས་སྨན་དང་རིན་ཆེན་གྱི་རྫས་སྣ་ཅི་འབྱོར་དང་བཅས་ཏེ་མཛོད་དུ་བཞག་པའམ་རི་བོ་འཕན་བཟང་མཐོན་པོའི་རྩེར་བསྐྱལ་ལོ།། ༈ །།གསུམ་པ་ཁམས་གསུམ་དང་བསྒྲུབ་བྱ་དབང་དུ་བྱེད་པའི་སྦྱིན་སྲེག་ལའང་གསུམ། སྦྱོར་དངོས་རྗེས་སོ། །སྦྱོར་བ་ལ། གནས་ནི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སམ་ཚོང་ཁང་སོགས་ཁྲོམ་ཆེན་པོ་འདུ་བའི་ས་དང་སྨད་འཚོང་མ་སྡོད་པའི་གནས། དུས་འབྲིང་པོ་བཞིའམ་ཉི་ཤུའམ་ཉེར་གཉིས་ལ་ཕྱེད་ཡོལ་ནས་དགོང་མོའི་བར། ཕྱོགས་དཀྱིལ་འཁོར་རམ་འབྱུང་བའི་ནུབ་ཏུ་སློབ་དཔོན་ཞལ་ཕྱོགས་པར་བྱ། མེ་ཐབ་དམར་པོ་ལ་སྟེགས་བུ་ཟླ་གམ་རྒྱ་དཔངས་ཞི་བ་ལྟར་ལ། ཐབ་མུ་རན་ཁ་ཁྱེར་བཅས་པའང་ཟླ་གམ་སུམ་རིམ་ཚད་དེ་མཚུངས། ཐབ་དབུས་སུ་པདྨ་དམར་པོ་འདབ་བརྒྱད་པའི་ལྟེ་བར་སོར་དྲུག་པའི་ལྕགས་ཀྱུ་དམར་པོས་མཚན་པ། ཁ་ཁྱེར་ལ་པདྨའི་ཕྲེང་བ་དང་ཟུར་བཞིར་ལྕགས་ཀྱུས་མཚན་པ། ཕྱི་རོལ་ཕྱེད་དུ་ཙནྡན་དམར་པོ་སིནྡྷུ་ར་རྒྱ་མཚལ་སྦྲང་རྩི་བུ་རམ་ཆང་དང་སྦྱར་བས་བྱུགས་ལ་མེ་ཏོག་དམར་པོ་དགྲམ། བུད་ཤིང་ཙནྡན་ནམ་ཤུག་པ་དམར་པོ་མཛོ་མོ་ཤིང་སྐྱུར་པོའི་ཤིང་མེ་ཏོག་འབྲས་བུ་དམར་ཞིང་ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པ་ཕྱེད་གཤག་ཟླ་གམ་གྱི་དབྱིབས་ཅན་ཟླ་གམ་དུ་བརྩིག །མེ་ཡོལ་དང་གཡས་གཡོན་བཀོད་ཚུལ་སོགས་ཞི་བ་ལྟར་ལ་མེ་དར་རམ་མེ་གུར་དམར་པོ། མཆོད་རྫས་ཁྱད་པར་བ་སོ་སོའི་གཞུང་གསལ་ལྟར་ལ་སྤྱི་འགྲོར་སྟེགས་ཁེབས་དམར་པོའི་སྟེང་དུ་འདས་མ་འདས་ཀྱི་མཆོད་གཏོར་གཉིས་འབྲུ་ཕྱེ་ལ་ཆང་དང་བུ་རམ་རིན་ཆེན་དམར་པོའི་ཕྱེ་བསྲེས་པའི་ཟླ་གམ་དམར་པོ། མཆོད་ཡོན་ཁྱད་པར་གྱི་རྫས་སྐྱུར་པོའི་རིགས་དང་མེ་ཏོག་དྲི་དམར་པོ་སྦྱར། མཆོད་རྫས་ཐམས་ཅད་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ། སྣོད་རྣམས་ཟངས་སོགས་དམར་པོས་ཟླ་གམ་དུ་བཅོས་པ་ལ་བཤམ། བསྲེག་རྫས་སྟར་ག་སོགས་ཤིང་འབྲས་ལས་བྱུང་བའམ་ཏིལ་མར་ཁུ་བ། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ལ་ཡལ་གའི་ཆ་ལས་བྱུང་བ་ཆང་དང་མཚལ་ཞུན་གྱིས་བྱུགས་ཤིང་རྩེ་མོ་བུ་རམ་དང་རྩ་བ་ཞུན་མར་དང་སིནྡྷུ་ར་ལ་ཉུགས་པ། གཞན་སྔ་མ་རྣམས་དང་འདྲ་བ་ལས་ཁྱད་པར་རྫས་ཆང་དང་གླུམ་མཚལ་དང་སིནྡྷུ་ར། ཨུཏྤལ་དང་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། པདྨ་རཀྟའམ་ཟླ་མཚན། བུད་མེད་གྲགས་པ་ཅན་གྱི་ལག་ནས་བྱུང་བའི་བཟའ་བཏུང་ལན་ཚྭ། སྐྱུར་པོའི་རིགས་རྣམས་གཙོར་བསྐྱེད། གོས་ཟུང་དར་དམར། རྒྱན་འབུལ་སྐུད་པ་དམར་པོ་ལ་བྱེ་རུ་པདྨ་རཱ་ག་ལྟ་བུ་བརྒྱུས་པ། དགང་བླུགས་ཟངས་ལས་བྱས་པའི་ཟླ་གམ་དམར་པོ་པདྨས་མཚན་པ། མེ་རྗེའུ་རིགས་སམ་རོལ་མོ་མཁན་སྨད་འཚོང་མ་ཚོང་འདུས་ཆེན་པོས་བུས་པ། སྦོར་བྱེད་རྗེའུ་རིགས་དང་བུད་མེད་འཕྱོན་མ། མེ་ལྡེ་དམར་པོ། རླུང་གཡབ་རྨ་བྱའི་སྒྲོ་མདོངས་སམ་དར་དམར་ལ་རཾ་དམར་པོ་བྲིས་པ། ཕྱོགས་ནུབ་བམ་ཤར་ལྷོ། སློབ་དཔོན་གྱི་ཆས་རྒྱན་ཡང་། ཁྲུས་དང་དྲིས་བྱུགས་ལ་གོས་དམར་པོ་གྱོན། དར་དམར་དང་པདྨའི་ཅོད་པན་བཅིང་། བྱེ་རུ་སོགས་ཕྲེང་བ་དམར་པོས་བརྒྱན། བུ་རམ་དང་སིནྡྷུ་རའི་ཐིག་ལེས་གནས་གསུམ་རྒྱས་གདབ། གདན་དམར་པོ་ལ་པདྨའི་འདུག་སྟངས་སམ་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་ཏེ་དགའ་ཞིང་འཛུམ་པའི་ཉམས་དང་། རྗེས་སུ་ཆགས་པའི་སེམས་ཀྱིས་འགྲོ་བ་རྣམས་དབང་དུ་བྱ་བའི་འདུན་པས་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་ནུབ་ཏུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་ནུབ་བསྟན་གྱིས་གཡོགས། ཐབ་ཁུང་དམར་པོ་ཟླ་གམ་གྱི་ནང་མེ་ལྷ་དམར་པོ་ཆགས་ཤིང་འཛུམ་པ་ཅན་བསྐྱེད། དགང་བླུགས་ལག་གཉིས་ཁུ་ཚུར་མཐེབ་མཛུབ་བམ་སྲིན་མཐེབ་སྤྲད་པ་པདྨའི་ཕྱག་རྒྱ་དང་། སྤེལ་ཚིག་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་རྣམས་དང་། ཁྱད་པར་ཁམས་གསུམ་གྱི་མི་ནོར་ཟས་གསུམ་ཐམས་ཅད་བདག་གམ་ཆེ་གེ་མོའི་དབང་དུ་གྱུར་ཅིག་པ་ཤང་ཀུ་རུ་ཧོཿ ཞེས་པ་ལྟ་བུ། བསྲེག་རྫས་གཞན་ལའང་རྒྱས་པས་རིགས་འགྲེར་སྦྱར། འདས་པའི་མེ་ལྷ་མཆོད་པའི་སྐབས་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་དགྱེས་ཤིང་ཆགས་པའི་ཉམས་ཅན་ལས་པདྨ་རཱ་ག་ལྟ་བུའི་འོད་ཟེར་གྱིས་ཁམས་གསུམ་བརྟན་གཡོ་ཀུན་ལ་ཁྱབ་པས་དབང་དུ་བྱེད་པའི་ཕྲིན་ལས་མཛད་པར་བསམ། གཞན་སྔ་མ་དང་འདྲ། ཁྱད་པར་གྱི་རྫས་ལ་གྲངས་གཟུང་ན། ལྷ་སྔགས་ཀྱི་མཐར་སྤེལ་ཚིག་དགང་བླུགས་ལྟར་སྦྱར་བས་འབུལ། ལས་བཅོལ་དང་བཟླས་པའི་སྐབས་སུ། ལྷ་རྣམས་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་ཐུན་མཚམས་སམ་འཆར་ཁའི་ཟེར་ཐག་ལྟ་བུ་འཁོར་འདས་ཐམས་ཅད་ལ་ཁྱབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་པར་བསྒོམ། བསྒྲུབ་བྱ་དམིགས་བསལ་ཡོད་ན་དེ་ཉིད་ཤིན་ཏུ་ཆགས་ཤིང་གུས་པས་བརྟན་པ་དང་བྲལ་ཏེ་རང་དབང་མེད་པར་དབང་དུ་འདུས་པར་བསྒོམ། རྗེས་སྦྱིན་སྲེག་གྲུབ་པའི་མེ་སྔ་མ་གཉིས་དང་མཚུངས་ལ། ཐལ་སོལ་རྣམས་མེ་ཏོག་དམར་པོ་སིནྡྷུ་ར་དང་སྦྱར་ལ་རི་མཐོན་པོའི་རྩེ་ནས་རོལ་མོ་དང་བཅས་རླུང་ལ་ཕྱར་ཏེ་གཏང་ངོ་།། ༈ །།བཞི་པ་དགྲ་བགེགས་ཚར་གཅོད་པར་བྱེད་པ་དྲག་པོའི་སྦྱིན་སྲེག་ལ་སྤྱི་དང་ཁྱད་པར་གཉིས་སུ་ཡོད་པ་ལས། སྤྱི་ལྟར་ན་གོང་གི་ལས་འཇམ་པོ་གསུམ་ཁ་བསྒྱུར་བ་སྟེ། སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ། གནས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་དུར་ཁྲོད་གཡུལ་འགྱེད་ཕུང་ཤུལ་ལ་སོགས་པ། དུས་ཐ་ཆུང་བཞིའི་ཉེར་དགུའི་མུན་རུབ་དང་སྲོད་འཁོར། ཕྱོགས་ལྷོར་སློབ་དཔོན་ཞལ་ཕྱོགས་པའི་ཆས་བསྒྲིག །མེ་ཐབ་ས་ནག་པོ་ལ་སྟེགས་བུ་གྲུ་གསུམ་རྒྱ་དཔངས་ཇི་ལྟར་འོས་པ་ལ། ཐབ་མུ་རན་ཁ་ཁྱེར་སུམ་རིམ་གྱི་ཐབ་དབུས་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་མཐིང་ནག་གིས་མཚན་པ་ཁ་ཁྱེར་དང་ཟུར་བཞིར་རལ་གྲི་ལ་སོགས་པའི་མཚོན་ཆ། དུག་ཁྲག་སྣ་ཚོགས་པའི་བྱུག་པ་དང་མེ་ཏོག་ནག་པོ་དུག་རིགས་ལས་བྱུང་བ་དགྲམ། བུད་ཤིང་ཚེར་ནག་སྐྱེར་པ་སྟར་བུ་སོགས་ཚེར་མ་ཅན་དང་དུག་ཤིང་དྲི་མི་ཞིམ་པ་ཟུར་གསུམ་དུ་གཤགས་པས་གྲུ་གསུམ་དུ་བརྩིག །མེ་ཡོལ་གོང་མཚུངས་ལ་མེ་དར་དང་མེ་གུར་ནག་པོ་དབུབ། མཆོད་རྫས་རྣམས་སློབ་དཔོན་གྱི་གཡས་ངོས་སུ་བཤམ་སྟེ་སྟེགས་ཁེབས་ནག་པོའི་སྟེང་འདས་མ་འདས་ཀྱི་གཏོར་མ་གཉིས་འབྲུ་ནག་གི་ཕྱེ་ལ་དུག་ཁྲག་ལྕགས་ཕྱེ་བསྲེས་པའི་ཟུར་གསུམ་དམར་ནག །ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དུག་དང་དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་ཞལ་ཟས་སོགས་དང་། གཡོན་ངོས་སུ་བསྲེག་རྫས་སྣུམ་ནག་དང་ཞུན་ཆེན་བསྲེས་པ། ཡམ་ཤིང་རྒྱུ་བུད་ཤིང་ལྟར་ལ་ཚད་སོར་བཅུ་གཉིས་པའམ་བཞི་པ་རྩེ་མོ་རྣོན་པོར་ཁྲག་དང་ལན་ཚྭ། རྩ་བ་རོ་ཐལ་དང་ཞུན་ནམ་ཚིལ་ཆེན་དུ་ཉུགས་ཤིང་དུག་ཆུས་ཀུན་ལ་བྱུགས་པ། ཏིལ་དང་སྲན་མ་སོགས་ནག་པོ། ཟས་མཆོག་སྣུམ་ནག་ཞུན་ཆེན་ཁྲག་གིས་སྦྲུས་པ། དཱུརྦ་ཀུ་ཤ་རྣམས་དུམ་བུར་གཏུབས་པ། མཆོད་བསྲེག་ཐམས་ཅད་ཀྱང་མདོག་ནག་ལ་སྣོད་ཐོད་ཚལ་ལམ་ལྕགས་སྣོད་ཟུར་གསུམ་དུ་བཤམ། དུག་ཁྲག་གིས་བྲན། ལིངྒ་ཡོད་ན་དུམ་བུར་གཏུབས་པ་དང་ཤ་ཁྲག་ཚིལ་རུས་གཙོར་བྱས་པའི་རྫས་སྤུངས་སྦྱར། གོས་ཟུང་དར་ནག །རྒྱན་འབུལ་ཐོད་རུས་ཚལ་བུ། དགང་བླུགས་ཟུར་གསུམ་རལ་གྲིའམ་རྡོ་རྗེ་རྭ་གདེངས་པས་མཚན་པ་ལྕགས་ལས་བྱས་པ། མེ་གདོལ་པ་དང་ཤན་པའི་ཁྱིམ་ལས་བྱུང་བ། སྦོར་བྱེད་གདོལ་པའི་རིགས་དང་དམེ་པོའམ་ཤན་པ། མེ་ལྡེ་ནག་པོ། རླུང་གཡབ་བྱ་རོག་གཤོག་པའམ་རས་ནག་ལ་རཾ་བྲིས་པ། ཕྱོགས་ལྷོའམ་ཤར་ལྷོ་ནས་སྦར། སློབ་དཔོན་དུག་ཁྲག་གིས་བྱུགས་ལ་ཞྭ་གོས་ནག་པོ་ཐོད་ཕྲེང་ངམ་རཀྴའི་ཕྲེང་བས་བརྒྱན་ཅིང་དུག་ཁྲག་རོ་སོལ་སྦྱར་བའི་ལྡེ་གུས་གནས་གསུམ་རྒྱས་གདབ། གདན་ཞིང་ལྤགས་སམ་གྲུ་གསུམ་ནག་པོ་ལ་ས་གའི་སྟབས་སམ་རྐང་པ་གཡོན་གྱིས་གཡས་མནན་པའི་སྤུས་བསླང་གིས། ཁ་ལྷོར་ཕྱོགས་ཏེ་ཁྲོ་གཉེར་སྡང་མིག་དང་བཅས་པས་ཁྲོ་གཏུམ་རྔམས་པའི་སེམས་ཀྱིས་དགྲ་བགེགས་སྒྲོལ་བར་བསམ་ལ་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་ལྷོ་རུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་ལྷོར་བསྟན་གྱིས་གཡོགས། ཐབ་ཁུང་ནག་པོ་གྲུ་གསུམ་གྱི་ནང་མེ་ལྷ་ནག་པོ་ཤིན་ཏུ་ཁྲོ་ཞིང་གཏུམ་པར་བསྐྱེད། ལག་པ་གཉིས་ཁུ་ཚུར་ལ་མཐེ་བོང་དང་མཛུབ་ཆུང་རྩེ་སྤྲད་པའི་གཡས་པས་དགང་གཟར་དང་གཡོན་པས་བླུག་གཟར་བཟུང་ལ་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་སྐོར་དུ་བྱས་ཏེ་འབུལ་བ་ཐམས་ཅད་ལ་འགྲེ །སྤེལ་ཚིག་ནི། བསྟན་དང་འགྲོ་བ་རྣམས་ལ་བསམ་སྦྱོར་ངན་པས་འཚེ་ཞིང་བར་དུ་གཅོད་པའི་དགྲ་བགེགས་དམ་སྲི་འབྱུང་པོ་སྡོང་ཟླ་རྒྱབ་རྟེན་དང་བཅས་པ་མཱ་ར་ཡ་ཕཊ། ལྟ་བུ་སྦྱར། བསྲེག་རྫས་གཞན་ལ། དགྲ་བགེགས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊ། སོགས་སྦྱོར། འདས་པའི་མེ་ལྷ་མཆོད་པའི་སྐབས། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཁྲོས་འཁྲུགས་རྔམས་ཤིང་དུས་མཐའི་མེ་ལྟར་འབར་བ་ལས་ཚ་ཞིང་རྩུབ་པའི་འོད་ཟེར་ལྗང་ནག་འཕྲོས་པས་ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་པར་བསམ། ལས་བཅོལ་བའི་ཚེ། ལྷ་རྣམས་ལས་ཁྲོ་ཆུང་མེ་ཕུང་མཚོན་ཆའི་ཆར་ཐོག་སེར་ལྟ་བུ་དྲག་ཏུ་བབས་པས་ཡིད་ལ་བརྣགས་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མིང་ཡང་མེད་པར་སྐད་ཅིག་གིས་བརླགས་ནས་ཚར་བཅད་པར་བསམ། མེ་ཐུན་བརྡེག་འོས་པ་ལའང་སྐབས་འདིར་བྱ་ཞིང་དམིགས་པ་བཤད་མ་ཐག་པ་ལྟར་དང་། གདོན་དྲག་པོ་སོགས་ལ་ལིངྒ་བར་སྣང་ལ་བརྒྱངས་ཏེ་འཕྲུལ་མེས་བསྲེག་པའང་སྐབས་འདིར་བྱས་པའི་རྗེས་སུ་དཀྱིལ་འཁོར་པའི། རྗེས་རིམ་ལ་འཇུག །མེ་སྦྱིན་སྲེག་གྲུབ་མ་ཐག་པར་ཁྲག་ཆུས་བསད་པའི་ཐལ་བ་མཆོད་རྟེན་གྱི་འོག་གམ་ལམ་རྒྱ་གྲམ་དུ་མནན་ལ་བྲོ་ཡི་རྒྱས་གདབ་བོ། ཁྱད་པར་གཤེད་སྐོར་སོགས་ནས་བཤད་པའི་དྲག་པོའི་སྦྱིན་སྲེག་གདབ་ཁ་དང་འབྲེལ་པར་མངོན་སྤྱོད་གནད་ཀྱི་རྫས་བདུན་འབུལ་བའི་སྲེག་བླུགས་ཁྱད་པར་བ་ནི། སྤྱིའི་བྱ་བ་ཕལ་ཆེར་བཤད་མ་ཐག་པ་ལྟར་ལ། བསྲེག་རྫས་མར་ཁུ་ཡམ་ཤིང་གཉིས་དང་རྫས་བདུན་ཁོ་ན་ལ་བྱ་བ་སྟེ་གསལ་བྱེད་ཀྱི་ལག་ལེན་སྨིན་གླིང་གཤིན་རྗེ་དྲེགས་འཇོམས་དང་ཆོས་གླིང་ཡབ་སྲས་ཀྱི་གུར་དྲག་དང་ཕུར་པའི་ཡིག་ཆ་སོགས་ལས་ཤེས་པར་བྱ་བ་གལ་ཆེའོ།། ༈ །།ལྔ་པ་ལས་བཞི་ཀུན་འདུས་སམ་ལྷུན་གྲུབ་མཆོག་གི་སྦྱིན་སྲེག་ནི། ཕྱོགས་བཞིར་ལས་བཞི། དབུས་སུ་ཀུན་འདུས་ཀྱི་མེ་ཐབ་བཅས་ཏེ་མཆོད་བསྲེག་རྫས་རྣམས་སོ་སོར་བཤམ། སློབ་དཔོན་གྱིས་ཀུན་འདུས་འདོན་ཆའི་ཁོངས་གཅིག་གིས་དམིགས་པ་སོ་སོར་བྱ། ལས་སློབ་ལྔས་རྫས་རྣམས་སོ་སོར་འབུལ་བའི་ལུགས་ཤིག་ཡོད་པར་སྣང་བ་གཏེར་མའི་ཕྱོགས་ལས་བཤད་ཁུངས་ཀྱང་གསལ་བར་འདུག་མོད། ཕྱག་ལེན་ཏིང་འཛིན་ཅུང་ཟད་དཀའ་བས་དེང་སང་བྱེད་པ་ཉུང་ལ། གལ་ཏེ་སྤྲོ་ན་འདིར་བསྟན་ལྔ་པོ་དཀྱུས་གཅིག་ཏུ་ལག་ཏུ་བླངས་པས་ཆོག་ལ། ཐབ་དང་རྫས་སོགས་གཅིག་ཏུ་སྡུད་པའི་ལུགས་འདི་སྟབས་བདེ་བར་སྣང་བས་དེ་ལྟར་ན། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། གནས་དཀྱིལ་འཁོར་གྱི་མདུན་ནམ། བྱ་བ་གང་ཡང་ལམ་དུ་སོང་ཞིང་ཕུན་སུམ་ཚོགས་པའི་ས་ཕྱོགས། དུས་ཉ་སྟོང་བརྒྱད་གསུམ་གྱི་ཉིན་མཚན་ཇི་ལྟར་རིགས་པ། ཕྱོགས་དཀྱིལ་འཁོར་གྱི་མདུན་ནམ་འབྱུང་བ་དགྲ་གཤེད་མེད་ཅིང་ཉམས་དགའ་བ་ལ་སློབ་དཔོན་ཞལ་ཕྱོགས། མེ་ཐབ་སྣ་ཚོགས་མདོག་ཅན་གྱི་ས་ལ་སྟེགས་བུ་གྲུ་བཞིའམ་ཟུར་བཞི་ལོགས་བརྒྱད་རྒྱ་དཔངས་ཇི་ལྟར་འོས་པའི་དབུས་སུ། ལྷ་གང་ཡིན་པའི་དཀྱིལ་འཁོར་རམ་གདན་གྱི་མཚོན་བྱེད་པདྨ་སོགས་བྲིས་པའི་ལྟེ་བར་རིགས་ལྔའི་ཕྱག་མཚན་ནམ་ས་བོན་ཙམ་བྲིས་པའི་ཕྱི་རོལ་དུ་རིམ་བཞིན། ཟླ་གམ་དམར་པོ། ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། གྲུ་གསུམ་ནག་པོ་རྣམས་ཀྱི་རྒྱབ་ཏུ་རྡོར་རྭ་མེ་རིས་བསྐོར། བུད་ཤིང་ཡང་རྒྱུ་སོ་སོ་ལ་ཐབ་དང་མཐུན་པར་ཕྱི་ནང་རིམ་པར་དབྱིབས་སོ་སོར་བརྩིགས་པའམ་ཐམས་ཅད་བསྲེས་ལ་ཟུར་བཞི་ལོགས་བརྒྱད་དུ་བརྩིག །མེ་དར་དང་མེ་གུར་ཁྲ་བོ། མཆོད་རྫས་བསྲེག་རྫས་ཐམས་ཅད་ལས་བཞི་ཀ་མཐུན་པར་སོ་སོར་བཤམས་ནས་འབུལ་བའམ། ལས་འཇམ་པོ་གསུམ་ཕྱོགས་སུ་བསྲེ། དྲག་པོ་ལ་ཟུར་དུ་བཤམ། གཏོར་མ་ལས་བཞི་སྣོད་གཅིག་ཏུ་སྦམ། གཞན་ཡང་དར་གོས་འབྲུ་སྣ་རིན་ཆེན་ཟས་སྣ་སོགས་གང་འཛོམ་གསག །ཁ་དོག་ཀྱང་སྣ་ཚོགས་པར་བསྒྱུར། དགང་བླུགས་ལས་བཞི་ལྷུན་གྲུབ་ཀྱི་དབྱིབས་ཅན། མེ་སོགས་ཀྱང་བཞི་ཀ་ཚང་བའམ་ཞི་བ་ལྟ་བུ་སྤྱི་འགྲོ་གཙོར་གཟུང་། སློབ་དཔོན་རྒྱན་གོས་མེ་ཐོད་རྣམས་ཁྲ་བོ། ཕྲེང་བ་རིན་པོ་ཆེ་སྣ་ཚོགས་པ། ཐིག་ལེའི་རྒྱས་གདབ་གདན་བཅས་དེ་མཚུངས་བྱ། འདུག་སྟངས་ཅི་བདེའི་ངང་བསམ་པ་སྐབས་བསྟུན་བསྒྱུར། དངོས་གཞི་ལ། ཀུ་ཤ་ཞི་བ་ལྟར་བཀྲམ་པས་འཐུས་ཤིང་ཐབ་སྟེང་དུ་རྩེ་མོ་ཕྱོགས་བཞི་ཀར་བསྟན་པས་གཡོགས། ཐབ་ཁུང་ཕྲིན་ལས་བཞི་དང་མཐུན་པའི་སྣ་ཚོགས་དབྱིབས་ཅན་མེ་ལྕེ་འོད་ལྔ་འབར་བའི་ནང་མེ་ལྷའང་ཉམས་དང་ཁ་དོག་སྣ་ཚོགས་སུ་འཆར་བའི་གཟི་བརྗིད་ཅན་དུ་བསྐྱེད། དགང་བླུགས་གུང་མཐེབ་སྤྲད་པས་པུས་མོའི་ནང་ནས་གཡས་སྐོར་དང་ཕྱི་ནས་གཡོན་སྐོར་ཚུལ་བྱས་ལ་འབུལ། སྤེལ་ཚིག་ལས་བཞི་གོང་སྨྲོས་རྣམས་ལྷན་ཅིག་བརྗོད་པའམ། བསྡུ་ན། འགལ་རྐྱེན་བར་ཆད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཐུན་རྐྱེན་ལེགས་ཚོགས་པུཥྚིཾ་ཀུ་རུ་ཨོཾ། རླུང་སེམས་སྣང་བ་ཝ་ཤང་ཀུ་རུ་ཧོཿ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཕཊ། ལྟ་བུ་སྦྱར། ཡམ་ཤིང་སོགས་སོ་སོའི་རྫས་སྔགས་ཁོ་ན་ལ་སྤེལ་ཚིག་འདི་ལྟར་སྦྱར་ལ་འབུལ། འདས་པའི་མེ་ལྷ་མཆོད་པའི་སྐབས། ལྷ་ཐམས་ཅད་ཉམས་དང་ཁ་དོག་སྣ་ཚོགས་པ་འཇའ་ཚོན་ལྟ་བུའི་འོད་ཟེར་དང་རེག་བྱ་ཅིའང་འཆར་བས་ཕྲིན་ལས་བཞི་པོ་དུས་གཅིག་ལ་སྒྲུབ་པར་མོས། ལས་བཅོལ་ལའང་དེ་ཀས་འགྲེ །རྗེས་སྲེག་བླུགས་གྲུབ་པའི་མེ་ཆ་བཞིའི་ཚོད་དུ་བྱས་པའི་ཆ་གསུམ་ཞི་རྒྱས་དབང་གསུམ་སོ་སོའི་ལུགས་དང་བསྟུན། ཆ་གཅིག་དུག་ཁྲག་གི་ཆུས་བསད་ལ་མནན་པ་བཅས་དྲག་པོ་ལྟར་བྱ་དགོས་སོ། །འདིའི་འདོན་ཆའང་ཆོས་གླིང་ཟབ་ལམ་དང་། གནམ་ཆོས་སོགས་ཀྱི་གསུང་ལས་སྒེར་ཐུབ་དམིགས་བསལ་འབྱུང་བ་ཉིད་ཤེས་པ་གལ་ཆེའོ།། ༈ །།གསུམ་པ་དེ་དག་ཀུན་ལ་ཐུན་མོང་དུ་གཅེས་པའི་མན་ངག་གཏེར་ཁ་རྣམས་ལས་མང་དུ་འབྱུང་ཡང་ཐམས་ཅད་སྡུད་པར་མི་ནུས་ལ། ཉེ་བར་མཁོ་བ་སྲེག་བྱེད་མེའི་ཙཀྲ་ནི། ཞི་བ་ལ་དར་རམ་ཤོག་བུ་དཀར་པོ་ལ་འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ཧཱུྃ། དེ་མཐར་སརྦ་པཱ་པཾ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་རྒྱབ་མུ་ཁྱུད་ལ། བདག་སྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་དང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །དེ་རྒྱབ་རྩིབས་བཞིར་བཅད་པ་ལ་མདུན་ནས་བརྩམ་སྟེ། བཛྲ་ ས་ ཏྭ་ དྷྲྀཀ྄ །རྩིབས་མཆན་བཞིར། ཧ་ རི་ ནི་ ས། དེ་རྒྱབ་མུ་ཁྱུད་ལ་རྟེན་སྙིང་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོའི་སོགས་སྤེལ་ཚིག་གོང་གསལ་ལྟར་ཐམས་ཅད་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲི། ཞི་བའི་བསྲེག་རྫས་ཏིལ་ཡུངས་གྲོ་ནས་སྲན་མ་རྣམས་ལྟེ་བར་བཞག་ལ་བལྟབས་ཤིང་དར་དཀར་པོས་དྲིལ། རྡོ་ལེབ་ཁ་སྦྱར་ལྟ་བུའི་བར་དུ་བཅུག་ལ་མེ་ཐབ་ཀྱི་འོག་ཏུ་གཞུག་པས་ཞི་བའི་ལས་ཐམས་ཅད་བརྩམ་པ་ཙམ་གྱིས་འགྲུབ་བོ། །དེས་འགྲེས་ཏེ་རྒྱས་པ་ལ། དར་ཤོག་སེར་པོ་ལ་མུ་ཁྱུད་བསྐོར་བའི་ལྟེ་བར་ཏྲཱཾ་མཐར། ཨཱ་ཡུཿཔུཎྱེ་པུཥྚིཾ་ཀུ་རུ་ཡེ་ཨོཾ། མུ་ཁྱུད་ལ། བདག་སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་སྔགས་ཀྱི་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག །རྩིབས་བཞི་ལ། སྭཱ་ རཏ་ ན་ དྷྲིཀ྄ །རྩིབས་མཆན་སྔར་ལྟར། མུ་ཁྱུད་ཕྱི་མར་ཡེ་དྷར་དང་། ཨོཾ་རཏྣ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོའི་སོགས་སྤེལ་ཚིག་སྔར་ལྟར་བྲི། རྒྱས་པའི་བསྲེག་རྫས་དཱུརྦ་འབྲས་ཟས་མཆོག་སོགས་བཞག་ལ་དར་སེར་པོས་དྲིལ་བ་ཐབ་འོག་ཏུ་བཅུག་པས་རྒྱས་པའི་ལས་གང་འདོད་འགྲུབ་བོ། །དབང་ལ་དར་ཤོག་དམར་པོ་ལ་མུ་ཁྱུད་བསྐོར་བའི་ལྟེ་བར་ཧྲཱིཿམཐར། སརྦ་ཏྲི་ལོ་ཀ་ཀཱ་མ་བ་ཤང་ཀུ་རུ་ཡེ་ཧོཿ མུ་ཁྱུད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་རྒུ་སྔགས་ཀྱི་ཡོན་ཏན་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །རྩིབས་བཞི་ལ། ཨཱཾཿ ཨ་ རོ་ ལིཀ྄ །རྩིབས་མཆན་སྔར་བཞིན། མུ་ཁྱུད་རྒྱབ་མར་ཡེ་དྷར་དང་། ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་རྒུ་སྔགས་ཀྱི་ཡོན་ཏན་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །དབང་གི་ཁྱད་པར་རྫས་མེ་ཏོག་དམར་པོ། པདྨ་རཀྟའམ་ཟླ་མཚན། སིནྡྷུ་ར། ལན་ཚྭ་སོགས་དང་ལྷན་ཅིག་དར་དམར་པོས་དྲིལ་བ་ཐབ་འོག་ཏུ་བཞག་པས་དབང་གི་ལས་ཐོགས་མེད་དུ་འགྲུབ་བོ། །དྲག་པོ་ལ། དར་ཤོག་མཐིང་ནག་ལ་མུ་ཁྱུད་གོང་ལྟར་བསྐོར་བའི་ལྟེ་བར་ཨཱཿམཐར་སརྦ་ཤ་ཏྲཱུཾ་བིགྷྣཱན་བི་ནཱ་ཡ་ཀ་མཱ་ར་ཡ་ཕཊ། མུ་ཁྱུད་ལ། བདག་སྒྲུབ་པ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་དམ་སྲི་འབྱུང་པོ་ལོག་པར་འདྲེན་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཅིག །རྩིབས་བཞི་ལ། ཧཱ་ པྲ་ ཛྙཱ་ དྷྲིཀ྄ །རྩིབས་མཆན་འདྲ། མུ་ཁྱུད་མཐའ་མར་ཡེ་དྷར་དང་། ཨོཾ་ཀརྨ་ཌཱ་ཀཱི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོ་ལ་སོགས་སྤེལ་ཚིག་སྦྱར། ཐུན་རྫས་དུག་ཁྲག་སོགས་དྲག་པོའི་ཁྱད་པར་གྱི་རྫས་རྣམས་བཏུམས་ལ་དར་ནག་པོས་དྲིལ་ཏེ་ཐབ་འོག་ཏུ་སྦས་པས་དྲག་པོའི་ཕྲིན་ལས་རྩོལ་མེད་དུ་འགྲུབ་པར་བཤད་དོ། །འདི་ལའང་བླ་མ་དགོངས་འདུས་གཙོར་གྱུར་ལས་རྒྱས་བསྡུས་དང་ཟུར་འདྲ་མིན་འགའ་ཞིག་འབྱུང་ཡང་གཏེར་ཁ་ཁ་ཤས་ཞལ་མཐུན་ཅིང་ཕྱག་ལེན་བདེ་བ་འདི་ཀ་ཉིད་དོ། །ནག་རྩིས་ལས་སྤར་ཁ་དྭ་ལིར་ཧོམ་མི་སྦར་བ་དང་། སྨེ་བ་ལྔ་སེར་གནས་པའི་ཕྱོགས་སུ་གདོང་བསྟན་མི་རུང་བར་བཤད་པ་སོགས་ལུགས་དེ་གཙོར་བྱེད་པ་རྣམས་ཀྱིས་ཤིན་ཏུ་འཛེམ་པར་སྣང་མོད། འཕགས་ཡུལ་གྱི་རྡོ་རྗེ་སློབ་དཔོན་རྣམས་ལ་མ་གྲགས་པས་བོད་དུའང་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་གསུང་སྒྲོས་དང་ཕྱག་ལེན་དུ་མི་འབྱུང་བས་དགག་བྱ་ཆུང་ཡང་། གཏེར་མའི་རྩིས་སྐོར་ལས་ཀྱང་ཕྱོགས་མཚོན་འབྱུང་བར་སྣང་བའི་ཕྱིར་ཞེན་རྟོག་བློས་མ་ཐོངས་ན། དྭ་ལིར་བསླེབས་པས་རོ་སྲེག་དང་མེ་ཞགས་འཕེན་པ་ལྟ་བུའི་ཧོམ་ཆེན་སྤང་། སྦྱིན་སྲེག་དཀྱུས་ཙམ་ལ་ཉེས་པ་མི་འབྱུང་། ལྔ་སེར་གནས་ཕྱོགས་སུ་གདོང་བསྟན་དགོས་ན་ཟན་ནམ་ས་ལ་སྟག་གི་མགོ་བཅོས་པ་ལ་སྐྱེར་ཚེར་ཁྲུ་གང་པ་བཙུགས་ཏེ་བཞག་ན་སྒྲིབ་ཤིང་དུ་འགྱུར་ལ། ཡང་འཇག་མའི་ཆུན་པོ་སོར་བཞི་པ་ལ། ཨོཾ་ཙི་ལི་མི་ལི་པིང་ཀང་ཙེ་སྭཱ་ཧཱ། ཞེས་ལན་གྲངས་མང་དུ་བཏབ་པ་རྣ་ལྟག་གཡོན་དུ་བཞག་ན་ལྔ་སེར་སོགས་ཀྱི་ཉེས་པ་སེལ་བ་གཏེར་གཞུང་ཁུངས་ལྡན་ལས་འབྱུང་བ་སྟབས་བདེ་བས་ལག་ལེན་དུ་བྱའོ། །དགང་བླུགས་ལས་སོ་སོ་དང་མཐུན་པ་མ་འབྱོར་ན། དེང་སང་བཟོ་རྒྱུན་འདིས་ལས་བཞི་ཀ་ལ་རུང་བར་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པ་ལྟར་གསར་རྙིང་སྤྱིའི་ཕྱག་ལེན་མཛད་པའི་དགང་གཟར་དང་བླུགས་གཟར་གྱི་ཚད་དབྱིབས་ནི། དགང་གཟར་གྱི་མགོ་བོ་སོར་བཞི་པ་གྲུ་བཞི། འོག་གི་མཐིལ་དུ་པད་འདབ་བརྒྱད་ཡོད་པའི་འདབ་མ་མཐིལ་ནས་ལོགས་སུ་ལངས་པའི་རྩེ་མཆུའི་ནང་གི་ངོས་ཐུག་སླེབ་པ། དེ་ནས་ཕྱིར་སོར་གཅིག་བསྐྱེད་པའི་མཆུ་ཅན་གྱི་རྩེ་མོའི་ངོས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་རྭ་ནས་མར་ཁུ་འབབ་པའི་བུ་ག་གཏོད་ཅིང་། ནང་གི་པདྨའི་ལྟེ་བར་སོར་གཅིག་བརྐོས་པ་ལས་རྡོ་རྗེ་རྩེ་ལྔ་གྱེན་དུ་ལངས་པ། མཆུའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ད་ལྟའི་བཟོ་རྒྱུན་རྣམས་ལ་དཀྱིལ་དུ་ལས་བཞིའི་མཚན་མ་བྱས་པའང་མང་ངོ་། །བླུགས་གཟར་མགོ་བོ་སོར་གཉིས་པ། ཟབས་སུ་སོར་གཅིག་པ། དབྱིབས་པད་འདབ་བམ་བ་ལང་གི་མིག་ལྟ་བུ། ལྟེ་བར་རྡོ་རྗེས་མཚན་པ། གཉིས་ཀའི་ཡུ་བ་ཁྲུ་གང་བ། སྦོམ་ཕྲ་ཆངས་པར་གཟུང་བདེ་བར་བྱས་པའི་ཡར་སྣེར་རྡོ་རྗེ་དང་ནོར་བུ་གཉིས་ཀའམ་གང་རུང་ཆུ་སྲིན་གྱི་ཁ་ནས་ཐོན་པ་དང་། མར་སྣེར་རྡོ་རྗེས་མཚན་པར་བྱེད་དོ། །གལ་ཏེ་དགང་བླུགས་མ་འབྱོར་ན་གཟར་བུ་གཉིས་ལ་དེར་དམིགས་ཏེ་བྱིན་གྱིས་བརླབ་པའམ། གཡོན་གྱི་སོར་མོ་ལྔ་སྦྱར་བས་དགང་གཟར་དང་། གཡས་ཀྱི་སོར་མོ་གསུམ་སྦྱར་བས་བླུགས་གཟར་བྱེད་པའང་བཤད་དོ། །མེ་པྲ་བརྟག་པ་ནི། སྤྱིར་མེ་སྦར་བ་ནས་ཆོ་ག་མ་རྫོགས་ཀྱི་བར་ཐོག་མཐའ་བར་གསུམ་བརྟག་པར་གསུངས་ཀྱང་རགས་པར་བྱོན་སྐྱེམས་དགང་བླུགས་འབུལ་བའི་སྐབས་གཙོ་ཆེ་བས་བརྟག་སྟེ། སྤྱིར་ལས་འཇམ་པོ་གསུམ་ལ་མེའི་མདངས་གསལ་ཞིང་མཛེས་པ། སྒྲ་སྙན་ལ་དྲི་ཞིམ་པ། དུད་པ་མེད་ཅིང་འབར་སླ་བ། དྲག་པོ་དེ་ལས་གོ་ལྡོག་པར་དགོས་ཤིང་། བྱེ་བྲག་ཏུ། ཞི་བའི་མེ་དཀར་ཞིང་འཇམ་ལ་མེ་ལྕེ་རྩེ་མོ་གཅིག་པ་དྲང་པོར་འབར་བ། མེ་རོ་མེད་ཅིང་མེ་འུར་དཀར་ཐུལ་ཡལ་བ། རྒྱས་པའི་མེ་གསེར་རམ་ཉི་མའི་མདངས་ཅན་གྲུ་བཞི་བརྗིད་པའི་རྩེ་མོ་རིན་པོ་ཆེ་འབར་བའམ་རྒྱལ་མཚན་ལྟ་བུ། ནག་རོ་མེད་ཅིང་མེ་སིལ་འབྲུའི་ཕུང་པོ་སྤུངས་པ་ལྟ་བུ། དབང་གི་མེ་དམར་ཞིང་དྭངས་ལ་མེ་ལྕེ་ལྕགས་ཀྱུའམ་གློག་ཞགས་ལྟ་བུ་ཕྱོགས་སུ་གཡོ་ཞིང་འཁྱིལ་བ། དྲག་པོའི་མེ་དམར་ནག་དང་ཁམ་ནག་མེ་ལྕེ་མཚོན་ཆ་ལྟར་དུམ་བུར་ཆད་ཅིང་མེ་སྟག་ཚྭ་ཚྭ་འཕྲོ་བ། ལས་བཞི་པོ་སོ་སོ་དང་མཐུན་པའི་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྣང་བ་རྣམས་དང་། ལས་བཞི་ཀུན་འདུས་ལ་མེ་ཁ་དོག་དང་མཚན་ཉིད་སྣ་ཚོགས་པར་སྣང་ཞིང་མེ་ལྕེ་རྣོ་ལ་ཕྱོགས་ཕྱོགས་འགྲོ་བ་རྣམས་བཟང་བར་བཤད། ངན་པའི་རྟགས་མེ་ལ་བཀྲག་མདངས་མེད་ཅིང་འོད་སྣུམ་མ་ཆགས་ན་ལྷ་མ་འགྲུབ་པའི་རྟགས་ཡིན་པས་བསྙེན་སྒྲུབ་བསྐྱར་ནས་འབད། དུད་པ་སྤྲིན་ནག་འཁྲིགས་པ་འདྲ་ན་རྐྱེན་ངན་འབྱུང་བས་ཟློག་པ་ལ་འབད། དུད་པ་ཤིན་ཏུ་ཚན་ཆེ་ན་གྲིབ་ཤས་ཆེ་བས་གྲིབ་སེལ་བྱ། མེ་འབར་དཀའ་ན་ལས་མི་འགྲུབ་པས་སྒྲུབ་པ་བསྐྱར་བའམ་ལས་ཀྱི་རྣོ་སོ་གདགས། མེ་ལྕེ་དུམ་བུར་ཆད་ན་ཚེ་ལ་གནོད་པས་འཆི་སླུ་དང་ཚེ་སྒྲུབ་བྱ། མདོག་ནག་ལ་རྩུབ་ན་དགྲ་ངོ་ཡིན་པས་དགྲ་ཟློག་བྱ། དུད་འགྲོ་མི་སྡུག་པའི་མགོ་འདྲ་བ་བྱུང་ན་མི་ཁས་གནོད་པས་ཟློག་གཟུངས་ལ་འབད། མེའི་མདོག་མི་སྡུག་པ་བྱུང་ན་ཡུལ་ཁམས་མི་བདེ་བས་སྤྱི་རིམ་བསྒྲུབ། དྲི་མི་ཞིམ་པ་བྱུང་ན་ནད་ཡམས་འབྱུང་བས་རིམས་སྲུང་དང་ཡམས་ཟློག་ལ་འབད། ཡར་ཞིང་ཚག་ན་ཕུགས་སུ་འགོང་པོ་ཞུགས་པས་གདོན་ཕུད་དང་བགེགས་བསྐྲད་བྱ། སྒྲ་མི་སྙན་པ་གྲགས་ན་ཤུལ་དུ་མི་ཤིས་པ་འབྱུང་བས་སྒྲུབ་ཆེན་ནམ་བཀྲ་ཤིས་བརྩེགས་པའི་མདོ་བཀླག །ལྗོན་ཤིང་གི་ཡལ་ག་བྲེག་པ་འདྲ་བ་བྱུང་ན་འཁོར་དང་ལོངས་སྤྱོད་མི་འདུ་བས་ཟང་ཟིང་སྤང་དག་བྱ་བའམ་ཚོགས་གསོག་ཅི་འགྲུབ་དགོས་པར་བཤད། གཞན་ཡང་སྐབས་དེར་སྒྲུབ་པ་པོ་རྣམས་ཁམས་སྙོག །དྭངས་མི་སྤྲོ། ཁྲོ་ཞིང་འཚིག་ན་དམ་སེལ་དང་ཉམས་གྲིབ་ཡོད་པའི་ལྟས་ཡིན་པས་དམ་སྐོང་དོང་སྤྲུགས་བྱ་དགོས་པར་གསུངས། དེ་ལྟར་ལྟས་ཞིབ་ཏུ་བརྟགས་ལ་རྣལ་འབྱོར་པ་རབ་ཀྱིས་དགག་སྒྲུབ་མེད་པར་ལྟ་བའི་ངང་དུ་སྐྱེལ། འབྲིང་གིས་སྒོམ་པའི་གསལ་སྣང་གི་ཟིལ་གྱིས་མནན། ཐ་མས་བཟང་ན་ལྷ་སྔགས་ལ་ཡིད་ཆེས་ཀྱི་དད་པ་སྐྱེད། ངན་ན་སོ་སོའི་གཉེན་པོ་ལ་བརྩོན། འཕྲལ་རྐྱེན་གདོན་གྱིས་ངན་པར་སྟོན་པའང་སྲིད་པས་དེ་ལ་མེ་ལྷར་བསང་གཏོར་ཕུལ་ཞིང་ལས་སྔགས་དང་ལས་ཆུས་བསངས་པས་སེལ་ལ། སླར་ཡང་དགང་བླུགས་གྲངས་བཞིན་འབུལ། ངན་པའི་ལྟས་ཕལ་ཆེར་དྲག་པོའི་སྐབས་སུ་སྐྱོན་མེད་དོ། །སྲེག་བླུགས་ཀྱི་ལས་སྦྱོར་སོ་སོ་དགོས་པའི་སྐབས་དང་བསྟུན་ནས་སྦྱོར་བའི་ཚུལ་ཡང་གལ་ཆེ་བས་ཤེས་པར་བྱ་སྟེ། ཞི་བ་ལ་མཚམས་མེད་སོགས་ཀྱི་ཉེས་བྱས་འཇོམས་པ། སྡིག་སྒྲིབ། དམ་ཚིག་ཉམས་ཆག །ནད། གདོན། མི་ཁ་གླེང་གཞི་སོགས་མི་ཤིས་པ། བྱད་ཁ་རྦོད་གཏོང་། གྲིབ་དང་མི་གཙང་བ། མི་མཐུན་པའི་ཕྱོགས་ཞི་བ་རྣམས་དང་། རྒྱས་པ་ལ་ཟས་ནོར་འདུ་བ་སྤྱི། ཚེ། བསོད་ནམས། དཔལ་འབྱོར། བློ་གྲོས། སྟོབས་རྩལ། ཡོན་ཏན། དངོས་གྲུབ་རྒྱས་པ་སོགས་དང་། དབང་ལ་བྱང་བུ་བཞི་པ། འདོད་པ་སོ་སོ་དབང་དུ་བྱེད་པའི་ཐབས་རྣམས་དང་། དྲག་པོ་ལ་ཟོར་གྱི་ལས། སྲུང་ཟློག་གསད་དབྱེ་བསྐྲད་མནན་སོ་སོར་བསྒྲུབ་པའི་རྫས་སྔགས་ཏིང་འཛིན་གྱི་འཕྲུལ་འཁོར་རྣམས་ནི་གཏེར་རྙིང་གི་གཞུང་ཆེན་རྣམས་ལས་གུད་དུ་བཀོལ་ཏེ་རྩ་གསུམ་གང་ཡིན་ལ་སྦྱར་བར་བྱ། སྤྱི་ཙམ་དུ་ལས་དང་མཐུན་པའི་ཁ་དོག་ཅན་གྱི་སྲུང་སྐུད་རྡོ་རྗེའི་མདུད་པ་བཏབ་པ་སྦྱིན་སྲེག་གི་དུད་པ་ཕོག་སར་བཞག །ལྷ་སྔགས་ཤམ་དུ་སོ་སོའི་སྤེལ་ཚིག་བཏགས་པས་བསྔགས་ཤིང་མེ་ལྕེ་ལའང་རེག་པ་བསྲུང་བྱའི་མགུལ་ལམ། སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་པས། དཀར་པོས་ནད་གདོན་འཇིགས་བརྒྱད་དུས་མ་ཡིན་པའི་འཆི་བ་ཞི་ཞིང་སྲུང་བ་སོགས་ལས་དང་མཐུན་པའི་དངོས་གྲུབ་འཐོབ་པར་འགྱུར་ལ། ཆོས་སྐྱོང་གི་རྟེན་དང་བླ་རྡོ་སོགས་སྦྱིན་སྲེག་གི་དུད་པས་བདུག་ན་ཉམས་གྲིབ་སེལ་ཅིང་ནུས་པ་ཆེ་བར་གྱུར། ནད་པ་གདོན་ཅན་ལ་མེ་ཐུན་རྡེག་ན། དཀྱིལ་འཁོར་པའི་བསྲེག་རྫས་རྗེས་འབྲེལ་བཅས་ཕུལ་ནས་གཏང་རག་མ་བྱས་པའི་གོང་དེར། ཞི་བ་ལ་ལྷ་རྣམས་ལས་འོད་ཟེར་མེ་ལྕེ་དཀར་པོའི་ཕྲེང་བ་འཕྲོས། བསྒྲུབ་བྱའི་ལུས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པ་ལ་ཉི་མས་རེག་པ་ལྟར་སངས་ཀྱིས་བསྲེགས་ཏེ་མེ་ཕུང་དཀར་པོ་འབར་བར་བསམ་ལ་ལྷ་སྔགས་དང་། གཞན་ཡང་བྱད་ཁ་ལ་རྡོ་རྗེ་གཙུག་ཏོར་གྱིས་མཚོན་ཞི་སྔགས་ཇི་ལྟར་འོས་པ་དང་སྤེལ་ཚིག་བརྗོད་བཞིན་པས་མེ་ཐུན་རྡེག །མཐར་དམིགས་མེད་དུ་བཞག །དྲག་པོ་ལ། ལྷ་རྣམས་རབ་ཏུ་ཁྲོས་པ་ལས་དུས་མཐའི་མེ་ལྟ་བུའི་མེ་རླུང་འཚུབས་མ་མཚོན་ཆའི་ཆར་དང་བཅས་པ་འཕྲོས་པས། བསྒྲུབ་བྱའི་སྒོ་གསུམ་ལ་གནོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་སྡོང་ཟླ་སྣ་འདྲེན་རྒྱབ་རྟེན་དང་བཅས་པ་སྐད་ཅིག་གིས་རྗེས་ཤུལ་ཙམ་ཡང་མེད་པར་རྡུལ་དུ་བརླགས་པར་བསམ་ལ་དྲག་སྔགས་གང་ཤེས་བརྗོད། རྗེས་སྙིང་རྗེ་བསྒོམ་ཞིང་སྟོང་ཉིད་ངང་ལ་བཞག །ཞི་དྲག་གི་སྦྱིན་སྲེག་སྐབས་མེ་ལྷ་གཤེགས་ཟིན་རྗེས་མེ་རོའི་སྟེང་དུ་སྦྱིན་བདག་སོགས་དོ་གལ་ཅན་ཕར་མཆོང་ཚུར་མཆོང་ལན་གསུམ་བྱེད་དུ་བཅུག་པས་བགེགས་ཀྱི་གནོད་པ་ལས་གྲོལ། སྤྱིའི་ཕྱག་ལེན་དུ་བསྲེག་རྫས་ལྷག་མེད་དུ་འབུལ་བ་ཡིན་ཡང་། བླ་མ་དགོངས་འདུས་ལས་སྲེག་བླུགས་ལ་མི་དགྱེས་ཤིང་མི་དབང་བ་དང་། གློ་བུར་དུ་ལྷགས་པའི་མགྲོན་ལ་བསྲེག་རྫས་ལྷག་རོལ་འགའ་ཞིག་ཐབ་དང་། འགའ་ཞིག་ཐབ་ཀྱི་ཕྱི་རོལ་ལ་སོགས་པར་འཐོར་ཏེ། ཨུཙྪིཥྚའི་སྔགས་ཀྱིས་བསྔོ་དགོས་པ་གནད་གདམས་ལས་གསུངས་སོ། །རྗེས་ཀྱི་མེ་རོའང་ལས་འཇམ་པོ་གསུམ་ལ་ནག་རོ་ཆུང་ཞིང་འབར་བ་དང་ཡལ་སླ་བ། ཞི་བ་ལ་མེ་འུར་དཀར་ཐུལ་ཡལ་བ། རྒྱས་པར་འབྲུའི་ཕུང་པོ་ལྟ་བུ། དབང་ལ་དམར་མདངས་དང་མེ་སྟག་ཡོད་པ། དྲག་པོ་ལ་གོང་གི་ངན་པའི་ལྟས་སུ་བཤད་པ་ཕལ་ཆེར་ཡང་ལེགས་པར་གཟུང་དགོས་པ་དང་། ལས་བཞི་ཀར་གང་ལ་བྱ་བ་དེ་དང་མཐུན་པའི་རྒྱབ་སྐྱོར་རྗེས་སུ་གཟུངས་སྔགས་སྒྲོག་ཅིང་སྨོན་ལམ་ནན་ཏན་འདེབས་པ་གལ་ཆེ་བར་གསུངས་ཏེ། དམ་ཚིག་ཉམས་ཆག་ཞི་བའི་སྲེག་བླུགས་ཀྱི་རྗེས་སུ། ཡིག་བརྒྱ་མང་དུ་བཟླ་ཞིང་དེའི་བུམ་ཆུས་ཁྲུས་བྱ་བ་དང་། ཉམས་ཆག་ཐམས་ཅད་ད་ལྟ་ཉིད་དུ་ཞི་བའི་སྨོན་ལམ་མང་དུ་གདབ་དགོས་པས་མཚོན་ཏེ་རིགས་པས་འཕྲུལ་ཤེས་པར་བྱ། གང་ལའང་རྗེས་སུ་བཀྲ་ཤིས་པའི་ཚིགས་གཅད་རྒྱ་ཆེར་བརྗོད་པ་གནད་དུ་ཆེ་བར་གསུངས་སོ།། ༈ །།བཞི་པ་སྤང་བླང་གི་དམ་ཚིག་ནི། རྡོ་རྗེ་ཐེག་པའི་སྒོར་ཞུགས་ཕྱིན་ཆད་དམ་ཚིག་ལ་གནས་པ་ཁོ་ན་གལ་ཆེ་བ་གཞིར་བཞག །སྐབས་འདིའི་དམིགས་བསལ་དུའང་། སྦྱིན་སྲེག་གི་དབུ་ཚུགས་ནས་མཇུག་མ་རྫོགས་ཀྱི་བར་དུ་ལུས་ཀྱི་བྱ་བྱེད་རྣམ་གཡེང་། ངག་གི་སྨྲ་བརྗོད། སེམས་ཀྱི་འཁྲུལ་རྟོག་ལེ་ལོ་སྐད་ཅིག་ཀྱང་མི་བྱ། ཐབ་དང་རྫས་བཀོད་ཟིན་ནས་མ་གྲུབ་བར་དུ་རང་གར་མི་བོར། མེ་སྦར་ནས་གཤེགས་གསོལ་མ་བྱས་ཀྱི་བར་དུ་ཐབ་དང་མེ་ལ་སློབ་དཔོན་དང་ལས་རྡོར་མ་གཏོགས་གཞན་གྱིས་མི་རེག །མེ་ཚང་དཀྲུགས་བརྡལ་མི་བྱ། ཕུ་མི་གདབ། མཆོད་རྫས་དང་བསྲེག་རྫས་རྣམས་ཀྱང་གཞུང་མཐུན་གཙང་ཞིང་དག་པ། འབག་བཙོག་སེར་སྣ་རློམས་སེམས་སོགས་ཀྱི་དྲི་མས་མ་གོས་པ། དམེ་མུག་ནལ་སོགས་གྲིབ་ཅན་དང་དམ་ཚིག་མི་གཙང་བའི་ལག་ནས་བྱུང་བ་མ་ཡིན་པ། ཡམ་ཤིང་གས་འཁྱོགས་ཅན་དང་མར་ཁུ་འབག་སྙིགས་སོགས་དེས་ཆོག་བྱུང་རྒྱལ་མ་ཡིན་པ་གཟབ་སྟེ་བྱ་དགོས་པ་དང་། སྔར་བཤད་པ་ལྟར་ལས་བཞི་སོ་སོའི་འདུག་སྟངས་ཕྱག་རྒྱ་འདུན་སེམས་ལ་སོགས་པ་ནོར་མེད་ཚུལ་བཞིན་དུ་བསྒྲུབ་པ་ལས་བབ་ཅོལ་ཅུང་ཟད་ཀྱང་མི་བྱ་བ་དམ་ཚིག་ཡིན་པས། རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་པ་རྣམས་ཀྱིས་ཁ་ལྟ་རྒྱབ་ཁུར་གྱིས་ཟོམ་ཟོམ་མི་མཛད་པ་གལ་ཆེ་བར་སྣང་ངོ་། །ཕྱི་ནང་གསང་བའི་རྟོག་འཁྲུལ་བསྲེག་བྱ་ཀུན། །བདེ་ཆེན་ཡེ་ཤེས་སྲེག་བླུགས་སྦྱོར་བ་ཡིས། །རྣམ་དག་འོད་གསལ་དབྱིངས་སུ་ཞི་བ་ལས། །འགྲོ་ཁམས་ཇི་སྲིད་ཐུགས་རྗེའི་སྣང་བདལ་ཤོག །འདིའང་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་པའི་རྩ་གསུམ་སྒྲུབ་ཐབས་ནོར་བུ་དབྱིག་གི་སྙིང་པོ་སྤྱིའི་ཕྲིན་ལས་ཀྱི་དགོས་འདོད་ཉེ་བར་འཇོ་བའི་ཆ་རྐྱེན་དུ་དམིགས་ཏེ། རྒྱལ་དབང་པདྨ་ཐོད་ཕྲེང་གི་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ལུང་འདྲེན་བཤད་ཡམ་བོར་ནས། ལག་ལེན་སིལ་བུ་བསྟར་བའི་ཉུང་གསལ་གོ་བདེའི་ཚུལ་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).