Terdzo-TSHA-012

From Rinchen Terdzö
Revision as of 01:41, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

ཟབ་པ་སྐོར་བདུན་ལས། །གཤིན་རྗེ་ཚེ་བདག་ནག་པོའི་སྨིན་བྱེད་མཚམས་སྦྱོར་གྱིས་བརྒྱན་པ་སྟོང་སྲོག་འཁོར་ལོའི་བཅུད་འབེབ་

zab pa skor bdun las/_/gshin rje tshe bdag nag po'i smin byed mtshams sbyor gyis brgyan pa stong srog 'khor lo'i bcud 'beb

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་ ('jam dpal gshin rje tshe bdag nag po)
parent cycle  ཟབ་བདུན་དྲག་སྔགས་ཟབ་པ་གཤིན་རྗེ་ (Zab bdun drag sngags zab pa gshin rje)
Volume 18 (ཚ) / Pages 93-122 / Folios 1a1 to 15b2

[edit]

༄༅། །ཟབ་པ་སྐོར་བདུན་ལས། །གཤིན་རྗེ་ཚེ་བདག་ནག་པོའི་སྨིན་བྱེད་མཚམས་སྦྱོར་གྱིས་བརྒྱན་པ་སྟོང་སྲོག་འཁོར་ལོའི་བཅུད་འབེབ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མཉྫུ་ཤྲཱི་ཀྲོ་དྷཱ་ཡ། སྟོང་སྲོག་གཅིག་ཅར་འཕྲོག་མཛད་མུན་ཆེན་མདོག །འཁོར་འདས་སྒྱུ་མའི་ཕྱག་རྒྱས་ཟིལ་གྱིས་གནོན། །རྒྱལ་ཀུན་ཡེ་ཤེས་རབ་ཁྲོས་ཧེ་རུ་ཀ །འཇིགས་བྱེད་གཤིན་རྗེ་མཐར་མཛད་ཞབས་ལ་འདུད། །ལྗོངས་འདིར་གནུབས་ལུགས་ཡོངས་སུ་གྲགས། །པད་ལུགས་ཁ་ཚང་དོན་འདྲིལ་དཀོན། །གང་དེའི་སྨིན་བྱེད་གཞུང་རྐྱང་ལུགས། །བཀོད་ལ་རྗེས་སུ་གནང་བ་སྩོལ། །དྲག་སྔགས་ཀྱིས་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོ་ལ་གཞུང་རྐྱང་རྩ་བའི་སྨིན་བྱེད། ཟབ་དབང་གུད་དུ་སྦས་པ། ཡང་ཟབ་འཁོར་ལོ་གསུམ་དབང། ཡང་སྙིང་གནམ་ལྕགས་ཞུན་འདྲིལ་གྱི་སྐོར་རྣམས་སུ་སྣང་བ་ལས། འདིར་རྩ་དབང་གཞུང་རྐྱང་ཁོ་ན་བསྐུར་བའི་ཚུལ་བཤད་པ་ལ་གསུམ། སྦྱོར་བ་གཤོམ་དང་སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་དུག་ཁྲག་གིས་བྱུགས་པའི་སྟེང་དཀྱིལ་འཁོར་གཞུང་མཐུན་ཚད་ལྡན་བཀྲམ་པའི་དབུས་སུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་ལྡན་པ་བཞག །མདུན་ནས་ཕྱོགས་བཞིར་མིང་དབང་། དབུ་རྒྱན། རྡོ་རྗེ། དྲིལ་བུ་རྣམས་དང་། དབུས་སུ་གཙོ་འཁོར་ཉེར་བཞིའི་སྐུ་ཙཀ །མཚམས་རྣམས་སུ་ཟླ་བ་བཅུ་གཉིས། ཞག་སོ་གཉིས། སྒོ་བ་བཞི། ཟ་མའི་གཤིན་རྗེ་བདུན་བརྒྱ་ཉི་ཤུ་སྟེ་དྲག་ཤིང་གི་བྱང་བུ་ལ་ཁྲཾ་གྲངས་ཚང་བྲིས་པ་ཚོ་བཞིར་བསྡམས་པ་དང་། དཔལ་དང་དུར་ཁྲོད་ཆས། གཙོ་བོའི་ཕྱག་མཚན་དྲུག་གི་ཙཀ་ལི། སྔགས་བྱང་། གསང་དབང་ཐོད་ཆང་། རིག་ཙཀ །ཚེ་འབྲང་རྣམས་བཀོད། རྒྱབ་ཏུ་སྨན་རཀ་གཏོར་གསུམ། དྲག་པོའི་མཆོད་པ་བསྐོར་བཤམ་དུ་བྱ། སྟེགས་ཟུར་པའམ་མདུན་ལོགས་གང་བདེར། ཟློག་གཏོར་འཁོར་ལོ་བཙུགས་པ། མཚོན་ཆ། མནན་ཆས། མེ་ཧོམ། ཀོང་ཟོར་གྲུ་གསུམ་འཚེ་ཡུངས་སོགས་ཀྱིས་བརྒྱན་པ། སྟོབས་ཆེན་འཁོར་ལོ་དངོས་སམ་དཔེའུ་རིས་རྣམས་བཀོད། གཞན་ཡང་ལས་བུམ། མིག་དར་མེ་ཏོག །ལས་བྱང་ལ་མཁོ་བའི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །འདི་ལ་ཟབ་དབང་གུད་སྦས་རྣམས་སྦྱོར་བའི་ཚེ་དཀྱིལ་འཁོར་དབུས་སུ་བམ་ཆེན་མཐོང་བརྒྱུད་ལྟར་བཞེངས་པ་དང་། པུ་རི་དཀར་ནག །བཀའ་སྲུང་ལས་གཤིན། གཟའ་བདུད་། ཁྲ་ཚ། ཟིན་ཕུང་རྣམས་ཀྱི་གཏོར་མའང་བཀོད་དགོས་པ་དང་། འཁོར་ལོ་དྲུག་གདམས་ལས་འབྱུང་བའི་གཏོར་དབང་སྦྱོར་ན་ཚེ་བདག་རྙིང་ལུགས་ཞལ་གཟིགས་མའམ་ལུགས་འདིའི་ལྷ་གྲངས་གཙོ་བསྡུས་ཀྱི་གཏོར་མ་གང་བདེ་རྒྱབ་ཕྱོགས་སུ་བཀོད་པ་སོགས་རྩ་བ་འདི་སྟེང་དེ་དག་ལྷག་པོར་སྦྱོར་དགོས་སོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། གཏེར་གཞུང་ལས། བདག་ཉིད་དང་མདུན་གྱི་དཀྱིལ་འཁོར༔ བུམ་པའི་ནང༔ ལྷ་སྐུ༔ ཕྱག་རྒྱའི་མཁར༔ བམ་གྱི་སྙིང་གར༔ མཆོད་རྟེན་གྱི་ནང༔ བཞིན་གཅིག་མེ་ལོང་མང་པོའི་ནང་དུ་འཆར་བ་ལྟར་ཕྲིན་ལས་གཅིག་གིས་བསྐྱེད་པར་ནུས་པའམ༔ དེ་ལྟར་མ་ནུས་ཚེ་དེ་རྣམས་ལ་ཕྲིན་ལས་རེ་རེས་བསྐྱེད་པར་བྱས་ཤིང་ཛཔ྄་རྣམས་བཟླ༔ བདག་ཉིད་ཀྱིས་དབང་བླང་ཞིང་ནུས་ལྡན་དུ་བྱ༔ ཞེས་གསུངས་པ་འདི་དོན་ཚེ་བདག་རྙིང་མའི་གཞུང་ལས་ཀྱང་འབྱུང་ཞིང་དཀྱིལ་འཁོར་གྱི་རྣམ་གྲངས་བདུན་པོ་ཏིང་ངེ་འཛིན་ལ་ཤིན་ཏུ་གོམས་ན་མ་གཏོགས་དུས་གཅིག་ཏུ་གསལ་ཐེབས་པ་དཀའ་བས་སོ་སོར་སྒྲུབ་པ་ལེགས་ཀྱང་། དེང་སང་ཐོབ་ཆོས་ཙམ་ལས་རྒྱུད་སྨིན་པའི་དོན་གཉེར་བྱེད་མཁན་དཀོན་པར་སྣང་བས་དེ་ལ་ནི་ཇི་ལྟར་བྱས་ཀྱང་འདྲ་བར་སྣང་ལ། གང་ལྟར་འདོན་ཚིག་གཅིག་གམ་ཡང་བསྐྱར་གང་བྱེད་ཀྱང་བདག་མདུན་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྐྱེད་པ་ལས། བདག་མདུན་དབྱེར་མེད་དུ་བསྐྱེད་པ་རྙིང་མ་སྤྱི་ལྟར་ནི་མི་མཛད་པས་སློབ་དཔོན་གྱི་རྟོགས་གོམས་དང་བསྟུན་དགོས་ཤིང་། འདིར་ནི་འདོན་བྱའི་ཚིག་རིས་ཉུང་བས་བསྐྱར་བལྡབ་ལའང་མི་ལྕོགས་དོགས་པ་མེད་པས་དབང་རྐྱང་འདི་ལ་མཚོན་ན། བདག་བསྐྱེད་ཚར་གཅིག །མདུན་བསྐྱེད་ཚར་གཅིག །བུམ་ཙཀ་སོགས་ལ་ཚར་གཅིག་སྟེ་གསུམ་མམ། མདུན་བུམ་ཙཀ་ལིའི་དཀྱིལ་འཁོར་གསུམ་དུས་གཅིག་གསལ་ཐེབས་པའི་དབང་དུ་བྱས་ནས་ཚར་གཉིས་ཙམ་ནི་གཏང་དགོས། དེའང་ཐོག་མར་ཚིག་བདུན་གསོལ་འདེབས། སྔོན་འགྲོ་དཀར་གཏོར། སྐྱབས་སེམས་ཡན་ལག་བདུན་པ། མཚམས་ལྷའི་ང་རྒྱལ་གྱིས་བགེགས་གཏོར་སྤྱི་ལྟར་བཏང་ལ། ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་ཀྱི་བཀའ་བསྒོ་ནས་བརྩམ་ཏིང་འཛིན་རྣམ་གསུམ་འབྱུང་རིམ་བསྐྱེད་པ་ཡན་སོང་ནས་འདི་ཉིད་ཀྱི་ལས་བྱང་བསྟོད་པའི་བར་བཏང་། བཟླས་དམིགས་གསལ་བཏབ་ལ་ཨ་ཀྲོ་བཅུ་གཅིག་པ་ཅི་ནུས་དང་། སྐུ་གསུང་ཐུགས་བཟླས་ཆ་སྙོམས་ཉུང་ཙམ་རེ། ཨྱཻ་རིང་ཅི་འགྲུབ་བཟླ། སླར་ལས་བྱང་འདི་རང་གི་མངོན་རྟོགས་ནས་བཟླས་པའི་བར་དུ་བསྐྱར། གྲུབ་ནས་གཏོར་འབུལ་དང་མཆོད་བསྟོད་ཕྲིན་ལས་གསོལ་བ་མདོར་བསྡུས་བྱ། སྐབས་འདིར་ཚེ་འབྲང་ལ་དམིགས་ཏེ་ཤོག་དྲིལ་བཅོ་ལྔ་པ་ལྟར་ཚེ་འཛབ་བཟླ་ཞིང་ཚེ་འགུགས་ཀྱང་བྱ། སྒོས་ཀྱི་གཏེར་སྲུང་ལས་གཤིན། གཟའ་བདུད། དྲེགས་པ་སྡེ་ལྔ་སོགས་ལ་གཏོར་མ་ཕུལ། མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་གཏང་། བཤགས་པའི་དབུར་སྒེར་སྐོང་སྦྱར། ལས་བུམ་དུ་ལས་གཤིན་ནམ། སྤྱི་འགྲོ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབ། བདག་འཇུག་ལེན། མི་འགྲུབ་ན་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ཞུའོ། །གཉིས་པ་དངོས་ཀྱི་བྱ་བ་དབང་བསྐུར་བ་ལ། སྣོད་དུ་རུང་བའི་སློབ་མ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་རྣམས་ལ་ཐུན་མོང་མ་ཡིན་པར་གྲགས་པའི་བླ་མེད་ཡོ་ག་གསུམ་གྱི་རྩ་བ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་རྣམས་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་ཁོངས་སུ་འདུ་ཞིང་། དེ་རེ་རེ་ལའང་རྒྱུད་ལུང་མན་ངག་གི་རྣམ་གྲངས། སྒྲུབ་ཐབས་ཀྱི་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང་དེ་ལས་སྐུ་མཆོག་འཇམ་དཔལ་ཁྲོ་བོ་ལྟར་སྒྲུབ་པའི་སྐོར་ཐམས་ཅད་རིགས་ལྔའམ་དེའང་བསྡུ་ན་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་ལྟར་བསྟན་པ་གསུམ་དུའང་འདུ་བ་ལས། གཙོ་བོ་དེ་བཞིན་གཤེགས་པའི་རིགས་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐོར་རྣམས་སྐུའི་རིག་འཛིན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཞབས་ཀྱིས། རྩ་རྒྱུད་ཟླ་གསང་ནག་པོ་དང་སྡིག་པ་སྙིང་འཛིངས་སོགས་ཀྱི་རྒྱུད་དོན་མན་ངག་ཏུ་བསྡེབས་ཏེ་གྲུབ་པའི་རིག་འཛིན་རྣམས་ལ་རིམ་པར་བརྒྱུད། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་བལ་བྲུ་ཤའི་སློབ་དཔོན་རྣམས་ལས་གསན་པའི་བཀའ་གཏེར་གྱི་བཀའ་སྲོལ་རྣམས་ཡོངས་སུ་་གྲགས་ལ། འདིར་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་རས་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་གྲུབ་པའི་རིག་འཛིན་རྣམས་དང་། ཁྱད་པར་རྩ་དུམ་སྙིང་པོ་བསྡུས་པའི་མན་ངག་གནད་དུ་དྲིལ་བའི་གདམས་སྐོར་འདི་རྣམས། སློབ་དཔོན་གཙུག་ལག་དཔལ་དགེ་ལས་གསན་པའི་ཚུལ་བསྟན་ཅིང་གདམས་ཟབ་འགའ་ཞིག་བོད་དུ་ལས་ཅན་རྗེ་འབངས་རྣམས་ལ་བསྩལ་ནས་མ་འོངས་པའི་དོན་དུ་གཏེར་གནས་སོ་སོར་སྦས་པ་ལས། ཐུགས་དམ་ཟབ་པ་སྐོར་བདུན་གྱི་གདམས་ཟབ་རྣམས་ཕྱོགས་གཅིག་ཏུ་དྲིལ་ཏེ་ཆོས་སྐོར་རྩ་བ་ཐམས་ཅད་མདོ་ཁམས་སྐུའི་གསུང་གི་གནས་འོག་མིན་ཀརྨ་དང་། ཡང་ཟབ་གནད་ཀྱི་གདམས་སྐོར་རྣམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་ཟབ་མོའི་གཏེར་རྒྱས་བཏབ་པ། ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ་ཨོ་རྒྱན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི་ནང་ཚན། སྐབས་སུ་བབས་པ་དྲག་སྔགས་ཀྱིས་ཟབ་པ་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོའི་རྩ་བའི་དབང་བསྐུར་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པ་དང་དབང་དངོས་གཉིས་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་འགྲེ་བཅས། ཨོཾ་ཙཀྵུ་རྦནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་པོ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ལ༔ འཇམ་དཔལ་དཀྱིལ་འཁོར་བསྟན་དུ་གསོལ༔ ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སོ་སོ་ཐར་པའི་རྩ་བ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་དགོས་པས་འདུན་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རང་སྣང་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་མ་ལུས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ། བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ དཔའ་བོ་འཇམ་དཔལ་གཤིན་རྗེའི་གཤེད༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ཕ་མར་གྱུར་པའི་སེམས་ཅན་མཐའ་དག་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེ་གཤེད་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོས་ལ་གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་དུ་འཇུག་པ་དང་། སེམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྤྲོས་བྲལ་འོད་གསལ་ཆེན་པོར་དག་པའི་གནས་ལུགས་དྲན་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ འཇམ་དཔལ་གཤིན་རྗེ་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་རང་བཞིན་བསྒོམ༔ གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱོང་བ་དང་། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་གསག་པ་དང་། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་འཇམ་དཔལ་ཧེ་རུ་ཀ༔ མཆོག་གསུམ་མཁའ་འགྲོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ གསུམ། སློབ་དཔོན་གྱིས་དམ་བསྒྲག་པ། ཧོ༔ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ འཇུག་པར་འདོད་པའི་སྐལ་ལྡན་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་དགོས་པས༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་མཐའ་དག་བཀའ་བཞིན་རྗེས་སུ་བསྒྲུབ་སྙམ་པས་འདིའི་རྗེས་ཟློས། ཧོ༔ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ བདག་ཉིད་ཞུགས་པར་གྱུར་ཕྱིན་ཆད༔ གསང་སྔགས་དམ་ཚིག་ཐམས་ཅད་དང༔ དཀྱིལ་འཁོར་བདག་ཉིད་སློབ་དཔོན་མཆོག༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ༔ སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག །བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འཇམ་དཔལ་ཧེ་རུའི་དཀྱིལ་འཁོར་འདིར༔ ཞུགས་ཤིང་དམ་ཚིག་སྲུང་བ་ནི༔ བསྐལ་པ་དུ་མར་རྙེད་མི་འགྱུར༔ དེ་ཕྱིར་སྙིང་ནས་སྤྲོ་བ་སྐྱེད༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ཡི་བཀའ་ལས་འདའ་མི་རུང༔ རྡོ་རྗེ་དམ་ཚིག་ཆུ་འཐུངས་ཤིག༔ ཉམས་ན་འདིས་ནི་སྲེག་པར་བྱེད༔ བསྲུང་ན་དངོས་གྲུབ་འདིས་ཐོབ་བོ༔ བཛྲ་ས་མ་ཡ་ཋ་ཋ་ཋ༔ དེ་རྣམས་ཀྱིས་སྡོམ་པ་དང་དམ་ཚིག་ཕོག་སྟེ་རྒྱུད་རྣམ་པར་དག་པ་གྲུབ་ནས། དངོས་གཞི་དབང་གི་རྩ་བ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་རྡོ་རྗེའི་བྲག་སྟེང་ཆུ་གླང་ཟུང་བཞི་དང་རུ་དྲ་ཕོ་མོ་བསྣོལ་ཅིང་པདྨ་ཉི་མ་བརྩེགས་པའི་གདན་ལ། རིག་པའི་ངོ་བོ་ཨེ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གནོན་ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པའི་མདངས་ཅན། ཞལ་གཡས་དཀར་གཡོན་དམར་དབུས་ནག་ཅིང་སྤྱན་དགུ་བསྒྲད་པ། རབ་ཏུ་ཁྲོས་ཤིང་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རྡོ་རྗེ་རལ་གྲི །གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་དང་བཅས་པས་དགྲ་སཏྭ་ཕྱར་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། ཡུམ་བེ་ཏཱ་ལི་སྨུག་ནག་སྙིང་དང་ཐོད་ཁྲག་འཛིན་པས་འཁྱུད་པའི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་འོག་མིན་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་པའི་ལྷ་ཚོགས་དུས་མཐའི་ཆར་སྤྲིན་གཏིབས་པ་ལྟར་སྤྱན་དྲངས། ཁྱེད་རང་གི་སྒོ་གསུམ་ལ་ཐིམ་ནས་གཉིས་མེད་དུ་གྱུར་པར་མོས་ཤིག །གུ་གུལ་སོགས་འབེབ་པའི་རྫས་བསྲེག །རོལ་མོ་དབྱངས་དང་བཅས་པས་བྱིན་འབེབ་བརྗོད་ལ། སྔགས་མཐར་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཉམས་མེད་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ་བརྗོད། ཚོམ་བུའམ་ཕྱག་རྒྱའི་མཎྜལ་བཀོད་ལ། ཁྱེད་རང་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་ལ་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། ཧོ༔ རང་རིག་ཡེ་ཤེས་ལས་ནི་གཉིས་མེད་པའི༔ སྔོན་ནས་འབྲེལ་བའི་ལྷ་མཆོག་དེ་དག་ལ༔ རིག་པའི་ཡེ་ཤེས་མེ་ཏོག་འདི་འབུལ་གྱིས༔ རང་རིག་ལྷ་དང་མཇལ་ཞིང་དབྱེར་མེད་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཕོ་མོའི་རིགས་ངེས་པས་གསང་མཚན་སྦྱིན་ཅིང་བརྡ་སྤྲད། སྤྱི་ཙམ་དུ། མེ་ཏོག་ལྷག་པའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་དེ་ཉིད་ཀྱིས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧོ༔ བསྐལ་བ་གོང་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་དང་གཉིས་སུ་མེད་པ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པུཥྤེ་གྲྀཧྞཱ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ མ་རིག་འཐིབས་པོས་བསྒྲིབས་པ་ཡི༔ རབ་རིབ་ལིང་ཏོག་འདི་ཉིད་ནི༔ སློབ་དཔོན་ཐབས་མཁས་ཐུགས་རྗེ་ཡིས༔ ཡེ་ཤེས་ཐུར་མས་བསལ་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་གྱི༔ དཀྱིལ་འཁོར་མངོན་སུམ་མཐོང་བྱའི་ཕྱིར༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ མིག་འབྱེད་དེ་བཞིན་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཕྱག་ཤིང་གིས་མཚོན་ཏེ་དཀྱིལ་འཁོར་བསྟན་པ་ནི། ལྟོས་ཤིག་ལེགས་འོང་སྐལ་ལྡན་རྣམས༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་རིགས་མཆོག་དཀྱིལ་འཁོར་འདི༔ མཐོང་བས་ལས་སྒྲིབ་ཀུན་བྱང་འགྱུར༔ མདུན་དུ་དཔལ་ཆེན་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བརྒྱན་ཅིང་། ནང་དུ་འཁོར་ལོ་རྩིབས་བཅུ་གཉིས། དེའི་ལྟེ་བར་གྲུ་གསུམ་མཐིང་ནག་ནང་གླིང་དགུར་གྱུར་པ། ཕྱི་ནང་གི་ལྷ་གནས་སོ་སོར་ཐོད་མཁར་གྲུ་གསུམ་མེ་རླུང་འཁྲུགས་པ། ཕོ་བྲང་ཆེན་པོའི་དབུས་སུ་རྡོ་རྗེ་བྲག་ཆེན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་དང་ལྷ་ཆེན་ཕྱོགས་སྐྱོང་མ་ཧེ་གླང་རྒོད་ཕོ་མོ་པད་ཉི་རྣམས་ཀྱི་གདན་ལ། བཅོམ་ལྡན་འདས་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་བེ་ཏཱ་ལིས་འཁྱུད་པ། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི། གཡོན་དུ་དབྱིངས་ཡུམ་མུ་ཁ་ལེ། སྐུ་ལས་སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་སྤྲོ་བ། ཕོ་བྲང་གླིང་བརྒྱད་ལ་གྱད་ནོན་ཆེན་པོ་ཡབ་ཡུམ་བརྒྱད། ཟླ་གམ་མདུན་མར་སྐུ་སྤྲུལ་ཚེ་བདག་མཐིང་ནག །གཡས་པར་ཐུགས་སྤྲུལ་འཆི་བདག་ནག་པོ། གཡོན་པར་གསུང་སྤྲུལ་སྲོག་བདག་དམར་པོ་རྣམས་སོ་སོའི་ཡུམ་དང་བཅས་པ། འཁོར་ལོའི་རྩིབས་བཅུ་གཉིས་ཀྱི་དབུས་རྩིབས་རྣམས་སུ་གཤེད་ཆེན་ཡབ་ཡུམ་བཞི། གཡས་རྩིབས་རྣམས་སུ་མོན་པ་ཡབ་ཡུམ་བཞི། གཡོན་རྩིབས་རྣམས་སུ་བདུད་པོ་ཡབ་ཡུམ་བཞི། གྲུ་ཆད་བཅུ་གཉིས་ལ་ཟླ་བའི་འཆི་བདག་ཡབ་ཡུམ་བཅུ་གཉིས། དེ་རྒྱབ་འོབས་ཆེན་ཤར་དུ་བདུད་པོ་བརྒྱད། ལྷོ་རུ་གཤིན་རྗེ་བརྒྱད། ནུབ་ཏུ་མ་མོ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་བཅས་ཞག་གི་འཆི་བདག་སོ་གཉིས། སྒོ་བཞིར་དྲེགས་པ་སྡེ་བཞི་ཡུམ་དང་བཅས་པ། ཕྱི་ཁྱམས་དང་མུ་ཁྱུད་ཀྱི་ལྕགས་མཁར་རྣམས་ལ་གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སྟེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ། མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་གདོད་ནས་འཇམ་དཔལ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་སུ་ལྷུན་གྱིས་གྲུབ་པར་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཀྱིལ་འཁོར་བདག་ཉིད་སློབ་དཔོན་ཆེ༔ འདོན་པའི་གཙོ་བོ་བདག་ལ་དགོངས༔ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ༔ བདག་ཉིད་སྨིན་པར་མཛད་དུ་གསོལ༔ གསུམ། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ལ་རྩ་བ་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་བཅས། མཐའ་རྟེན་བཀྲ་ཤིས་ཚེ་དང་དྲག་པོ་མངོན་སྤྱོད་ཀྱི་དབང་རྣམས་སུ་ཡོད་པ་ལས་ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་མེ་ཏོག་འཐོར། མཆོད་པའི་ལྷ་མོ་རྣམས་ཀྱིས་གླུ་གར་དང་བཅས་མཆོད་སྤྲིན་ཐོགས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་ལྔས་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བར་གྱུར། རྣམ་བུམ་སྤྱི་བོར་བཞག །བུམ་ཆུ་འཐོར་འཐུང་བྱས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང༔ དྲག་པོ་ཨེ་ཡི་བུམ་པ་ན༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བར་གྱུར། དབུ་རྒྱན་དར་དཔྱང་བཅས་བཅིངས་ལ། ཧཱུྃ༔ རིན་ཆེན་ཅོད་པན་འོད་འབར་བ༔ ནང་དུ་ཁྲག་འཐུང་རིགས་ལྔ་བཞུགས༔ མཛེས་པའི་ཅོད་པན་པུ་རུ་རུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨ་ཀྲོ་བཅུ་གཅིག་པའི་མཐར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ ཡེ་ཤེས་ཆོས་བདུན་ལྡན་པ་ཡི༔ སངས་རྒྱས་ཀུན་གྱི་རྡོ་རྗེ་སྟེ༔ གསོར་ཞིང་མཛེས་པ་འོད་འབར་བ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྔགས་མཐར། པདྨ་བཛྲ་དྷ་ར་ཧྲཱི༔ དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོར་རྟོག་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུས་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་ཏུ་གཏད་ལ། ཧཱུྃ༔ སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོག་པའི༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ མ་རིག་སད་མཛད་དྲིལ་བུ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྔགས་མཐར། ཀརྨ་ཨ་མོ་གྷ་སིདྡྷི་གྷཎྚི་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །རྣམ་སྣང་གི་ངོ་བོ་མིང་གིས་དབང་བསྐུར་བར་མོས་ཤིག །གསང་མཚན་ཤོག་བྱང་ཡོད་ན་སྦྱིན་ཅིང་རྡོར་དྲིལ་སྤྱི་བོར་དཀྲོལ་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ཕྱོགས་བཅུ་རྣམས་སུ་རབ་གྲགས་པ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྔགས་མཐར། བུདྡྷ་བཻ་རོ་ཙ་ན་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ནཱམ༔ དེས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར་པ་ལ། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་སོགས་ཤིས་བརྗོད་བྱས་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་བུམ་དབང་གི་དངོས་གཞི་སོང་ནས་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་ཐོག་མར། དཀྱིལ་འཁོར་པའི་ལྷ་ཚོགས་གཙོ་འཁོར་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཐིམ་པར་མོས་ཤིག །གཙོ་འཁོར་སོ་སོའི་ཙཀླི་རྣམས་ཀྱིས་རིམ་པར་དབང་བསྐུར་ལ། ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་བཞིའི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ སྲས་མཆོག་ཡ་མ་རཱ་ཙ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ རུས་སྦལ་རྔམས་པ་མི་ཟན་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཤེལ་གྱི་བྱ་ཁྱུང་དཀར་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གཤེད་ཆེན་སེང་གདོང་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གཤེད་ཆེན་སྟག་གདོང་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གཤེད་ཆེན་སྦྲུལ་གདོང་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གཤེད་ཆེན་ཁྱུང་གདོང་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ལས་གཤིན་ཚེ་བདག་ནག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གསུང་སྤྲུལ་སྲོག་བདག་ནག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཐུགས་སྤྲུལ་འཆི་བདག་ནག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཡ་མ་རཱ་ཛ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ མྱོས་བྱེད་དམར་པོ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཨཱརྻ་མེ་རུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ རལ་པ་ཚལ་དགུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ དུང་གི་མོན་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ལྕགས་ཀྱི་མོན་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བསེ་ཡི་མོན་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ གསེར་གྱི་མོན་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ཧེ་ལེ་ཁྱབ་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ ནག་པོ་འཛུམ་མེད་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ སོ་བདར་འཁྲེགས་པ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ རལ་པ་སྤྱིར་བཅིངས་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་ཆེན་པོའི་བཀའ་སྡོད་ཟླ་བའི་འཆི་བདག་བཅུ་གཉིས། ཞག་གི་འཆི་བདག་སོ་གཉིས། སྒོ་སྲུང་དྲེགས་པ་སྡེ་བཞི། ཟ་མ་བདུན་བརྒྱ་ཉི་ཤུའི་གཤིན་རྗེ་ཕོ་མོ་རྣམས་བྲན་དུ་གཏད་ནས་བཀའ་བསྒོས་པའི་ང་རྒྱལ་སྐྱེད་ཅིག །ཁྲམ་ཤིང་བཅུ་གཉིས་པ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ཟླ་བའི་འཆི་བདག་བཅུ་གཉིས་ཀྱིས༔ རྣལ་འབྱོར་འདི་ལ་གྲོགས་མཛོད་ཅིག༔ སརྦ་ཡ་མ་མ་མ་རུ་ལུ་ས་མ་ཡ༔ ཁྲམ་ཤིང་སོ་གཉིས་པ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ཞག་གི་འཆི་བདག་སོ་གཉིས་ཀྱིས༔ རྣལ་འབྱོར་འདི་ལ་གྲོགས་མཛོད་ཅིག༔ སརྦ་ཡ་མ་མ་མ་རུ་ལུ་ས་མ་ཡ༔ ཁྲམ་ཤིང་བཞི་པ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ སྒོ་བཞིའི་དྲེགས་པ་ཡབ་ཡུམ་གྱིས༔ རྣལ་འབྱོར་འདི་ལ་གྲོགས་མཛོད་ཅིག༔ སརྦ་ཡ་མ་མ་མ་རུ་ལུ་ས་མ་ཡ༔ ཁྲམ་ཤིང་བདུན་བརྒྱ་ཉི་ཤུ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ཟ་མའི་གཤིན་རྗེ་ཕོ་མོ་ཡིས༔ རྣལ་འབྱོར་འདི་ལ་གྲོགས་མཛོད་ཅིག༔ སརྦ་ཡ་མ་མ་མ་རུ་ལུ་ས་མ་ཡ༔ དེ་ལྟར་ཁྱེད་རང་དཔལ་ཆེན་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཕྱག་རྒྱ་དང་དབྱེར་མེད་དུ་གྱུར་པ་ལ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་མངའ་གསོལ་བས་འབར་བའི་གཟི་བརྗིད་སྟོབས་སུ་གྱུར་པར་མོས་ཤིག །དཔལ་དང་དུར་ཁྲོད་ཆས་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ ཧེ་རུ་ཀ་དང་གོ་འཕང་མཉམ་པའི་ཕྱིར༔ ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་དང༔ གླང་ཆེན་སྟག་དང་མི་ཡི་ཞིང་ཆེན་གསུམ༔ རཀྟ་ཁྲག་དང་ཐལ་ཆེན་བྱུགས་པའི་མཚོ༔ གཞན་ཡང་སྦྲུལ་དང་རུས་རྒྱན་གཤོག་པ་སོགས༔ བརྒྱན་པས་དཔལ་གྱི་སྐུར་རྫོགས་དབང་བསྐུར་རོ༔ སྙིང་པོ་བརྗོད། དཔལ་ཆེན་ཡེ་ཤེས་འབར་བའི་ཕྱག་མཚན་རྣམས་ཀྱང་གཏད་པས་མཐུ་སྟོབས་ནུས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །གཙོ་བོའི་ཕྱག་མཚན་དྲུག་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ འཁོར་ལོས་ཕ་རོལ་རྒོལ་བ་འཇོམས༔ རྡོ་རྗེ་འབེབ་པ་འབེབ་པ་ཆེ༔ རྡོ་རྗེ་རལ་གྲིས་མ་ལུས་གཅོད༔ རྡོ་རྗེ་བེ་ཅོན་སྟོབས་དང་ལྡན༔ རྡོ་རྗེ་གཏུན་ཤིང་ཐམས་ཅད་འཇོམས༔ རྡོ་རྗེ་དགྲ་སཏྭས་སྐྱེ་ཤི་གཅོད༔ ཕྱག་མཚན་རྣམས་ཀྱི་དབང་བསྐུར་རོ༔ སྔགས་བརྗོད། རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་དུ་པད་ཉི་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་སེར་རལ་པོད་འཛིན་པ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། རྡོ་རྗེའི་ཡས་ཀྱི་སྦུབས་དང་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། རྡོ་རྗེའི་རྭ་རྩེ་ནས་ཞུགས། ལྟེ་བར་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨ་ཀྲོ་བཅུ་གཅིག་པ་ལན་གསུམ་དང་། ཨྱཻ་རིང་ཙམ་བརྗོད། སྤྲོ་ན་སྐུ་གསུང་ཐུགས་སྔགས་ཀྱང་གནས་སོ་སོ་ནས་སྤྲོ་བསྟིམ་བྱས་ལ་རྗེས་ཟློས་བྱར་གཞུག །མཐར་སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རིག་པ་འཛིན་པ་འདི་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མའམ་གཟུགས་བརྙན་ལྟར་སྣང་ཡང་། གདོད་ནས་རང་བཞིན་གྱིས་སྤྲོས་པའི་མཐའ་ལས་འདས་པ་ཀ་དག་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ལ་འདུན་པ་འདི་བཞིན་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ངང༔ རྩ་ཁམས་དགའ་བས་རབ་ཁྱབ་ཅིང༔ རྩ་རླུང་ཐིག་ལེ་རྣམ་དག་པའི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ མ་ཧཱ་སུ་ཁ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་ཁྱེད་རང་ལ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་མཐར་ཕྱིན་པར་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་ཆེན་ལྷ་མོ་འདི་མཆོད་ལས༔ བདེ་ཆེན་ཡེ་ཤེས་མངོན་སུམ་རྟོགས༔ འདི་སྤང་སངས་རྒྱས་ཐོབ་མི་འགྱུར༔ ཐབས་ཀྱི་ལམ་ལ་བརྩོན་པར་གྱིས༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་ཧོཿ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །འདིར་ཐུན་མོང་མ་ཡིན་པའི་སློབ་མ་ལ་ཤོག་དྲིལ་དྲུག་པ་ནས་འབྱུང་བ་ལྟར་བམ་ཆེན་གསང་བའི་དབང་བསྐུར་པས་བཞི་པ་རྒྱས་པར་རྫོགས་པ་ཡིན་ཡང་། དཀྱུས་ཙམ་དུ། རང་གི་རིག་པ་རང་བྱུང་ཟང་ཀ་མ་འདི་ཉིད་དཔལ་ཧེ་རུ་ཀ་ཆོས་ཀྱི་སྐུར་གདོད་ནས་གནས་པའི་དོན་གོ་བར་གྱིས་ལ་གང་ཤར་གྱི་ངོ་བོ་ལ་གཅེར་གྲོལ་གྱི་ངང་དུ་ཞོག་ཅིག །ཨ༔ རིག་པ་གཅེར་མཐོང་ནམ་མཁའ་འདྲ༔ ཉོན་མོངས་ཐམས་ཅད་སྐྱེས་གྲོལ་ཡིན༔ དུག་ལྔ་རང་གྲོལ་ཡེ་ཤེས་ཆེ༔ སེམས་འདི་སྐྱེ་མེད་ཆོས་ཀྱི་སྐུ༔ ཀ་དག་ལྷུན་གྲུབ་རང་གྲོལ་ལོ༔ དྷརྨ་དྷཱ་ཏུ༔ ཞེས་རེ་ཞིག་མཉམ་པར་འཇོག །དེས་ཡང་གསང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་བསྐུར་པ་ཐོབ། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་ཕྲིན་ལས་སྒྲུབ་པའི་དབང་རྣམས་སྦྱིན་པ་ལ། བཀྲ་ཤིས་ཚེའི་དབང་གི་སླད་དུ་འཁོར་འདས་ཀྱི་དྭངས་མ་མི་ཤིགས་པའི་སྲོག་འདུས་པའི་ཚེ་འབྲང་གིས་དབང་བསྐུར་ཞིང་བཅུད་མྱང་བས་འཆི་མེད་རྡོ་རྗེའི་ཚེ་སྲོག་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ མི་ཤིགས་རྡོ་རྗེ་ཚེ་ཡི་བདག༔ ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ཀྱིས༔ འཇིག་རྟེན་ཀུན་གྱི་ཚེ་འཕྲོགས་ཏེ༔ སྙིང་པོ་བུམ་པའི་ནང་དུ་བསྐྱིལ༔ བསྒྲུབ་མཆོག་འདི་ལ་ཚེ་སྩོལ་ཅིག༔ རྡོ་རྗེའི་ཚེ་སྲོག་ཐོབ་པར་ཤོག༔ རྩ་སྔགས་མཐར། ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་ཤོག་དྲིལ་བཅུ་གཅིག་པ་ལྟར་བཀའ་རྫོགས་མཆོད་རྟེན་ཕྱི་ནང་གསང་བའི་དབང་བསྐུར་ལ་དོན་གྱི་ངོ་སྤྲོད་ཐེབས་པར་གདབ། ཟློག་གཏོར་འཁོར་ལོ་བཙུགས་པ་གཏད་ལ། འཇམ་དཔལ་དྲག་པོར་ཁྲོས་པའི་ངོ་བོར་གྱུར་པ་ཟློག་གཏོར་འཁོར་ལོ་བཅས་གཏད་པས་རྐྱེན་ངན་བར་གཅོད་ཕས་རྒོལ་ངན་སྔགས་ཀྱི་སྦྱོར་བ་མཐའ་དག་ཕྱིར་ཟློག་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ ཕས་ཀྱི་དམོད་པ་ཟློག་པའི་ཕྱིར༔ འཇམ་དཔལ་སྦྱོར་བའི་སྟོབས་ཆེན་གྱི༔ ཟློག་གཏོར་འཁོར་ལོ་འདི་གཏད་པས༔ དམོད་ངན་ཟློག་པའི་དབང་ཐོབ་ཤོག༔ ཟློག་པའི་གཤམ་དུ་འབྱུང་བའི་ཟློག་སྔགས་བརྗོད། མཚོན་ཆ་གཏད་ལ། གསོད་བྱེད་རྣོ་དབལ་མཚོན་ཆའི་ཚོགས་བྱིན་པས་ཞིང་བཅུ་ཚང་བའི་དགྲ་བགེགས་ཐམས་ཅད་ཐོགས་མེད་དུ་སྒྲོལ་བའི་ནུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ དྲག་པོ་མི་བཟད་ཧོམ་ཁུང་དུ༔ གདུག་པ་མཚོན་ཆའི་དབལ་རྣམས་ཀྱིས༔ དགྲ་བགེགས་ཐོགས་མེད་བསྒྲལ་ནུས་པའི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཡ་མེ་དོ་རུ་སོགས་ཀྱི་གཤམ་དུ། དགྲ་བགེགས་བྱད་མའི་རྩ་ཁྲག་སྙིང་ལ་རཾ་ཤག་ཡ༔ སྲོག་ལ་བྲིང་ཤག་ཡ༔ ཞེས་བརྗོད། མནན་ཐོད་པུ་རི་ནག་པོ་སོགས་གཏད་ལ། མནན་ཆས་པུ་རི་ནག་པོའི་སྦྱོར་བ་རྣམས་གཏད་པས་དགྲ་བགེགས་དམ་སྲི་དཔུང་དང་བཅས་པ་བརྗིད་པའི་སྟོབས་ཤུགས་ཀྱིས་ལྡང་མེད་དུ་གནོན་པའི་མཐུ་དབང་ཐོབ་པར་མོས་ཤིག །ཧཱུྃ༔ གཡག་རུ་ལྕགས་ཁང་འབར་བ་རུ༔ དགྲ་བགེགས་འཆོར་མེད་བཙུད་ནས་ཀྱང༔ སྟོབས་ཆེན་རི་རབ་ནག་པོ་ཡིས༔ འཕར་མེད་ནོན་པའི་དབང་ཐོབ་ཤོག༔ ཡ་མེ་དོ་རུའི་ཤམ་དུ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་སཏྭམྦྷ་ཡ་ནན་ནན༔ ཅེས་བརྗོད། མེ་ཧོམ་དང་དགང་གཟར་བླུགས་གཏད་ལ། གྲུ་གསུམ་དྲག་པོའི་ཧོམ་དང་དགང་བླུགས་བྱིན་པས་དགྲ་བགེགས་དམ་སྲི་འབྱུང་པོ་སྡེ་རིས་དང་བཅས་པ་འབར་བའི་ཧོམ་ཞལ་དུ་ལྷག་མེད་སྲེག་པའི་ཕྲིན་ལས་ཀྱི་ནུས་པ་ཐོགས་མེད་དུ་ཐོབ་པར་མོས་ཤིག །ཧཱུྃ༔ དྲག་པོ་ཨེ་ཡི་ཐབ་ཁུང་དུ༔ གཟར་བུ་གཉིས་ཀྱི་སྦྱོར་བ་ཡིས༔ དགྲ་བགེགས་རྗེས་མེད་སྲེག་ནུས་པའི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཡ་མེ་དོ་རུའི་ཤམ་དུ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་རྩ་ཁྲག་སྙིང་ལ་རཾ་ཤག་ཡ་ཁ་རཾ་ཁཱ་ཧི༔ ཛྭ་ལ་རཾ༔ ཞེས་བརྗོད། ཟོར་ཀོང་གཏད་ལ། འཕང་བ་ཟོར་གྱི་ཆས་རྣམས་གཏད་པས་ཟློག་མེད་ཟོར་གྱི་ཐོག་མདས་དགྲ་དཔུང་ཐལ་བར་བརླག་ཅིང་བགེགས་དཔུང་རྗེས་མེད་དུ་གཏང་བའི་མངོན་སྤྱོད་དྲག་པོའི་མཐུ་དབང་ཐོབ་པར་མོས་ཤིག །ཧཱུྃ༔ དྲག་པོའི་ཀོང་བུ་ཟུར་གསུམ་དུ༔ སྟོབས་ཆེན་རྫས་ཀྱི་སྦྱོར་བ་བྱས༔ ཐོག་ལྟར་འཕེན་ཞིང་བརླག་ནུས་པའི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཏྲིག་ཁྲོམ་མ་བརྗོད། སྟོབས་ཆེན་འཁོར་ལོ་དངོས་སམ་དཔེའུ་རིས། མ་འཛོམ་ན་བྲི་ཡིག་གཏད་ལ། ནུས་པ་སྐྱེད་པ་ཙཀྲ་རྣམས་ཀྱི་དབང་བསྐུར་བས་སྟོབས་ཆེན་འཁོར་ལོའི་སྦྱོར་བས་ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ་རྨེག་མེད་དུ་འཇོམས་ཤིང་རང་གི་ནུས་སྟོབས་མེ་ལྟར་དུ་འབར་བའི་མཐུ་སྟོབས་ནུས་པའི་རྩལ་དབང་ཐོབ་པར་མོས་ཤིག །ཧཱུྃ༔ སྟོབས་ཆེན་འཁོར་ལོའི་སྦྱོར་བ་ཡིས༔ གཞན་གྱིས་གནོད་པ་བཤིག་པ་དང༔ རང་གི་ནུས་པ་སྐྱེད་པ་ཡི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཨྱཻ་རིང་དང་ཡ་མེ་དོ་རུ་སོགས་བརྗོད། བསྟན་སྲུང་གཅིག་བརྒྱུད་ཀྱི་ཡུལ་ལ་འཁོར་ལོའི་ཞལ་ཤེས་སྐབས་འདིར་བསླབ། འདིར་བཀོད་པ་རྣམས་ནི་སྤྱི་རྒྱུག་ཙམ་བྱས་པ་ཡིན་ལ། བུམ་དབང་སོགས་བསྐུར་བའི་སློབ་བུ་ཐུན་མོང་མ་ཡིན་པ་ལ་ཟློག་པ་སོགས་མངོན་སྤྱོད་ཀྱི་རྗེས་གནང་དྲུག་པོ། གཞུང་དང་འཁོར་ལོ་དྲུག་གདམས་ལྟོ་སྦྱར་བའི་སོ་སོའི་དམིགས་པ་ལག་ལེན་བཅས་བྱ་བ་དང་། སྔགས་རྣམས་ཀྱང་དེ་དག་དང་གནམ་ལྕགས་ཞུན་འདྲིལ་གྱི་དགོངས་པ་ལྟར་སྦྱོར་དགོས་ལ། དོན་གྱི་དབང་ནི་འདིར་བསྟན་ལ་མ་ཚང་བ་མེད་དོ། །དེ་ལྟར་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་རྗེས་གནང་རྫོགས་པར་བྱིན་པས་བསྙེན་སྒྲུབ་ཀྱི་དྲོད་ཚད་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་གྱིས་ཤིག །ཡེ་དྷར་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་གུ་རུ་རིན་པོ་ཆེའི་ཐུགས་དམ་ཟབ་པ་སྐོར་བདུན་ལས་དྲག་སྔགས་ཀྱིས་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོའི་རྩ་བའི་དབང་བཞི་དང་དྲག་པོ་མངོན་སྤྱོད་ཀྱི་རྗེས་གནང་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རཀ་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ། མཇུག་གི་སྤྱི་ཆིངས་ལྟར་ལྷག་མ་གཏང་། བསྐུལ་པ། ཆད་མདོའི་མཉམ་དུ་གཏེར་སྲུང་གཏོར་མ་རྣམས་ཀྱང་ཕུལ། བརྟན་མ་བསྐྱང་། རྟ་བྲོ་བརྡུང་། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་དཀྱིལ་འཁོར་སོགས་རྟེན་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་སུ་བྱའོ། །ཟབ་བདུན་གྱི་དབང་བསྐུར་དཀྱུས་གཅིག་ཏུ་སྒྲུབ་པ་ལྟ་བུ་སྟ་གོན་གཞན་སྔོན་དུ་སོང་ན་དེ་ཀས་འཐུས་ཤིང་། འདི་ཁོ་ན་སྒེར་དུ་བྱེད་པའི་སྐབས་ནི་སྒྱུ་འཕྲུལ་ལྕགས་བྱང་མ་ལས་འབྱུང་བའི་སྟ་གོན་རྣམས་ཀྱང་དགོས་པས་དེའི་ལག་ལེན་ནི་སྤྱི་དང་མཐུན་ནོ། །ཐུན་མོང་མ་ཡིན་པའི་དབང་རྫོགས་བྱ་བའི་ཡུལ་ལ་ནི། དྲག་པོའི་རྗེས་གནང་རྣམས་གྲུབ་མ་ཐག་པར་གཟའ་བདུད། ཁྲ་ཟིན་གཉིས། ལས་གཤིན། དྲེགས་པ་སྡེ་ལྔ་རྣམས་ཀྱི་བཀའ་གཏད་སྦྲེལ་བ་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་ཡིན་ནོ། །དུས་དགྲའི་དབང་པོའི་ཡེ་ཤེས་ཕྱག་རྒྱའི་དབྱིངས། །མངོན་པར་བྱང་ཆུབ་བདུད་བཞི་རྩད་ནས་བཅོམ། །འཇམ་དཔལ་དཔའ་བོའི་མཁྱེན་རབ་མཛོད་ཀྱི་སྒོ །ལུས་ཅན་སྣང་བའི་དཔལ་དུ་འབྱེད་ནུས་ཤོག །ཟབ་ཆོས་འདི་ཉིད་རང་ལ་བཀའ་བབས་ལུང་བྱང་ལྟར་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གདམས་པ། རྒྱུད་བཤད་ལག་ལེན་དམར་ཁྲིད། ཆིག་བརྒྱུད་གནད་གདམས་རྫོགས་པར་བསྩལ་ནས་ཉེར་མཁོའི་ཡིག་ཆ་སྤེལ་བར་རྗེས་སུ་གནང་ཡང་། གཏེར་ཆོས་ཤིན་ཏུ་ཟབ་ཅིང་གཉན་པའི་དབང་གིས་འཚུབས་སློང་ཡང་ནས་ཡང་དུ་བྱུང་བས་བཤོལ་བར་བྱས་ཀྱང་། འདི་ཙམ་ཞིག་རིན་པོ་ཆེ་གཏེར་གྱི་མཛོད་དུ་མེད་ཀ་མེད་དུ་གྱུར་པའི་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).